logo

༄༅།།འབྲི་ཀླུང་སྟོད་ཀྱི་གནས་རི་ཁུ་བྱུག་རི་བཙན་སྐོར་ལ་རགས་ཙམ་དཔྱད་པ། 

རྩོམ་པ་པོ།:གླིང་ཚང་ཐུབ་བསྟན་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-30 ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་འདིའི་ནང་ཕ་ཡུལ་ཤུལ་གཉན་ཆེན་སྡེ་བཞིའི་ཡ་གྱལ་ཤར་འབྲི་རྒྱལ་ཁུ་བྱུག་རི་བཙན་དང་སུམ་པའི་རྒྱལ་ཕྲན་ནང་གསེས་སུ་སུམ་པ་འབྲི་རྒྱལ་ཟེར་བ་ཡོད་དེ།འབྲི་རྒྱལ་ཁུ་བྱུག་རི་བཙན་དང་སུམ་པ་འབྲི་རྒྱལ་བར་ལ་འབྲེལ་བ་ངེས་ཅན་ཡོད་པ་དང་། སུམ་པ་འབྲི་རྒྱལ་གྱི་མངའ་ཁོངས་སུ་འབྲི་རྒྱལ་རོང་གི་རྒྱལ་ཕྲན་ཞེས་པ་ནི་ཕ་ཡུལ་ཤུལ་གྱི་ས་ཆ་འདི་ཡིན་ཚུལ་སྐོར་གླེང་ཡོད། 
བརྡ་ཆད་གཙོ་བོ། འབྲི་རྒྱལ་ཁུ་བྱུག་རི་བཙན། འབྲི་རྒྱལ་རོང་། སུམ་པའི་འབྲི་རྒྱལ། ཕ་ཡུལ་ཤུལ། 
རུས་མཛོད་སྣ་ཚོགས་པ་པད་མ་དཀར་པོའི་སྐྱེད་ཚལ། ཞེས་པ་ལས།“གནའ་བོའི་རྗེ་གཉའ་ཁྲི་་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་།དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར”ཞེས་སུམ་པ་ནི་སྒ་འབྲུ་དབྲ་སྟོང་དབལ་ཟླ་ཞེས་བོད་ཀྱི་རུས་ཆེན་དྲུག་ལས་སྟོང་དང་འབྲི་ཡི་རིགས་རྒྱུད་ལས་མཆེད་པར་བསྟན། དེ་ཡང་ཕ་ཡུལ་ཤུལ་གྱི་མི་ཕུགས་སུམ་པ་འབྲི་ལ་ཐུག་ཅིང་ཨ་ལྕགས་འབྲུ་ལ་བུ་དགུ་དང་། འབྲུ་རྭ་ཅོ་ཅན་ལ་བཅོ་བརྒྱད། མི་འགྱུར་ཐར་བའི་གནས་བརྒྱད་སོགས་མང་དུ་གྱེས། དེ་བས་སུམ་པ་འབྲི་ཡི་རྒྱལ་ཕྲན་གྱི་རིགས་རྒྱུད་ཡན་ལག་གཅིག་ནི་ཕ་ཡུལ་ཤུལ་གྱི་སྡེ་བ་འདི་ཡིན་པར་ཡིད་རྟོན་བྱེད་ཆོག་ཆོག་ཅིག་ཡིན་སྙམ། འོན་ཀྱང་དེའི་སྐོར་གྱི་ལོ་རྒྱུས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་ཏེ། ཡང་སྒོས་སུ་དེང་དུས་འབྲི་སྟོད་དམ་ཕ་ཡུལ་ཤུལ་གྱི་མངའ་འོག་གི་ས་གནས་ཀྱི་ལོ་རྒྱུས་རི་བོང་གི་རྭ་ཅོ་ལྟ་བུར་གྱུར་པས།  ཤེས་རྨོངས་ཁོ་བོས་དེ་དག་གི་གྲོལ་སའི་ཁུངས་རེ་རེ་བཞིན་འཚོལ་དགོས་ན་ཉིན་མོའི་སྐར་མ་ལྟ་བུར་གྱུར་འདུག  འོན་ཀྱང་གནའ་བོའི་ལོ་རྒྱུས་ཡིག་རྙིང་ཐར་ཐོར་ལ་གཞིགས་ན་མི་ལོ་སྟོང་ཕྲག་མང་པོ་འགོར་ཟིན་པའི་སུམ་པ་འབྲི་ཡི་རྒྱལ་ཕྲན་གྱི་ལོ་རྒྱུས་ཤུལ་རྗེས་འགའ་གནའ་བོའི་ཡིག་ཚང་ཁྲོད་དང་ཕ་ཡུལ་ཤུལ་གྱི་དངོས་མིན་ཤུལ་བཞག་གི་ས་མིང་གྲགས་ཅན།  སྲིད་པ་རྒན་པོའི་ངག་རྒྱུན་སོགས་ཀྱི་བར་ལ་གཞི་མཐུན་ས་མང་པོ་ཞིག་འཚོལ་རྒྱུ་འདུག་པས་ཁོ་བོས་ད་རེས་གོ་སྐབས་འདི་བཙལ་ཏེ་ཁ་བྱང་ལ་འབྲི་ཀླུང་སྟོད་ཀྱི་གནས་རི་གྲགས་ཅན་འབྲི་རྒྱལ་ཁུ་བྱུག་རི་བཙན་སུམ་པའི་མངའ་ཁོངས་ཡིན་མིན་སྐོར་རགས་ཙམ་གླེང་ན་གཡག་མགོར་ཁུ་ཚུར་བསྣུན་པའི་དཔེ་ལྟར་འགྲོ་སྲིད་ཀྱང་། གླེང་སློང་པའི་ཆེད་ཅུང་ཟད་གླེང་བར་བྱའོ། །
གཅིག  འབྲི་ཡི་རིགས་རུས་མཆེད་ཁུངས་སྐོར་བཤད་པ།
དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་གནའ་རྫས་ཞིབ་འཇུག་པ་མང་པོས་མདོ་དབུས་མཐོ་སྒང་གི་ཡུལ་འདི་ལ་ལོ་ངོ་ཁྲི་ཕྲག་ཡར་སྔོན་ནས་བཟུང་འགྲོ་བ་མི་བྱུང་ཞིང་།ལྷག་པར་དུ་མིའི་རིགས་ཀྱི་འཕེལ་འགྱུར་ཁྲོད་ནས་རུས་ཞེས་པའི་ཐ་སྙད་དེ་དག་རུས་རྒྱུད་སོ་སོའི་མིང་དུ་གྲུབ་ཅིང་ཚོ་ཤོག་ཕན་ཚུན་བར་ལ་གཅིག་འགྱུར་དང་མཐུན་སྒྲིལ་གྱི་ནུས་པ་གལ་ཆེན་ཐོན་ཡོད།དེ་བས་ལོ་ངོ་ཁྲི་སྟོང་སྔོན་ལ་གནའ་མིའི་མེས་པོ་དེ་ཚོས་ངལ་རྩོལ་དང་འཐབ་འཁྲུག གཉེན་སྒྲིག གནས་སྤོས། འགྱུར་ལྡོག་ཁྲོད་ནས་བོད་གངས་ཅན་ལྗོངས་ལ་གནམ་གྱིས་བཀབ་ལྟ་བུའི་རུས་མིང་འབོར་ཆེན་ཞིག་བྱུང་། དམངས་ཁྲོད་ཀྱི་ངག་རྒྱུན་ལའང་།“ང་དང་ཁྱོད་མ་གཏོགས་རུས་མིང་དུ་མ་ཐོགས་པ་གཅིག་ཀྱང་མེད།”ཅེས་གྲགས་ཤིང་། རུས་མིང་བྱུང་ཚུལ་ནམ་མཁའི་སྐར་མ་ལྟར་གྲངས་མང་པས་དབྱེ་འབྱེད་བྱེད་ཐབས་བྲལ་མོད། གཙང་ཆེན་འབྲི་ཆུ་སྔོན་པོའི་སྟོད་ལ་ཆགས་པའི་འབྲི་ཡི་རིགས་རྒྱུད་ཀྱང་ལོ་ངོ་ཁྲི་ཕྲག་གི་ཡར་སྔོན་ནས་གོས་སུ་ཤིང་ལོ་གྱོན་ཞིང་། ཟས་སུ་མ་རྨོས་ལོ་ཏོག་ཟོས་ནས་བོད་རང་ས་རང་ཡུལ་ནས་སྐྱེ་འཕེལ་བྱུང་།  དེའི་སྐོར་དགེ་རྒན་དབང་གྲགས་ཀྱིས་བརྩམས་པའི་སྒ་སྐྱ་ལོའི་ཡུལ་མིང་གི་འཕོ་འགྱུར་ལ་དཔྱད་པའི་གཏམ་མཁས་པའི་མགུལ་རྒྱན་ཞེས་པའི་དེབ་དེ་ལས།“ཁ་བ་རི་བོའི་ལྗོངས་འདི་ནི་འགྲོ་བ་མིའི་རིགས་བྱུང་བའི་གནས་གཙོ་བོ་ཞིག་ཡིན་པ་དང་། དེ་ལས་འཕྲོས་ཏེ་སྨར་ཆུང་གཞུང་དང་ཨ་ཆེན་བྱང་ཐང་བཅས་ནས་གསར་དུ་རྙེད་པའི་གནའ་རྫས་ལ་ཞིབ་འཇུག་པས་ཡུལ་ཤུལ་མི་ཞེས་ཐ་སྙད་གསར་བ་བཏགས་པའི་རིག་རྫས་དེ་ཡིས་བྱང་ཨ་ཆེན་གངས་རིའི་ཚུར་ནང་། ནུབ་གདང་ལ་རི་བོའི་མར་ཕྱོགས། འབྲི་ཆུ་སྔོན་མོའི་ཆུ་མགོའི་ཁོར་ཡུག་ཏུ་མི་ལོ་ཆིག་ཁྲི་སྔོན་དུ་མི་ཡི་བསྟན་པ་ཚུགས་ཤིང་དར་རྒྱས་སུ་སོང་བ་རེད་ཅེས་བདེན་དཔང་བྱེད”ཅེས་བསྐལ་བ་ཁྲི་ཕྲག་མང་པོའི་ཡར་སྔོན་ལ་བོད་གདོད་མའི་སྤྱི་ཚོགས་དར་བ་དང་བསྟུན་ནས་ཡུལ་ཤུལ་མི་ཞེས་པའི་རུས་རྒྱུད་ཀྱི་ཚོ་བ་ཆེན་པོ་ཞིག་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་པར་གདོན་མི་ཟའོ། ། དེས་ན་གསེར་ལྡན་འབྲི་ཆུ་སྔོན་མོའི་སྟོད་ལ་ཆགས་པའི་ཕ་ཡུལ་ཤུལ་གྱི་ཡུལ་སྡེ་འདིའི་མིང་གི་མཆེད་ཁུངས་ནི་ལྡོང་གི་ཤུལ་ཡིན་པས་ཡུལ་ཤུལ་ཞེས་མིང་བཏགས་པར་གསལ། དེ་ཡང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག་ལས། ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ནི། སྨན་ཤུལ། ཡུལ་ཤུལ། བདུད་ཤུལ། རག་ཤུལ། ཕན་ཤུལ། དབལ་ཤུལ། ཆོས་ཤུལ། བན་ཤུལ། མགོན་ཤུལ། ཕྱག་ཤུལ། དཔལ་ཤུལ། ཆུ་ཤུལ། རི་ཤུལ། ཉན་ཤུལ། ཁྱི་ཤུལ། ལོ་ཤུལ། འགོ་ཤུལ། ཡབ་ཤུལ། རྟ་ཤུལ་རྣམས་ཡིན་ལ། རུས་མིང་དེ་དག་མདོ་སྨད་ཀྱི་ཡུལ་གྲུ་རྣམས་སུ་དེང་དུས་ཀྱང་ལ་ལ་ནི་ཡུལ་མིང་དུ་འབོད་ལ། ལ་ལ་ནི་དུད་ཚང་གི་མིང་དུ་འབོད་ཀྱིན་ཡོད། ཅེས་ཡུལ་མིང་ལྡོང་ལས་མཆེད་པ་གསལ་བོར་འཁོད་པ་ལྟར་ཡུལ་ཤུལ་ལམ་ཕ་ཡུལ་ཤུལ་ཞེས་པ་སོགས་གོང་གི་ཕ་ཞེས་པའི་སྒྲ་ཞིག་མི་འདྲ་བ་མ་གཏོགས། རྩ་བ་ནས་བཤད་ན་ཤུལ་ཆེན་བཅོ་བརྒྱད་དང་དགོངས་པ་གཅིག་ཏུ་མཐུན་འདུག་སྟེ། དེ་ཡང་ཡུལ་ཤུལ་མིའི་ཁ་སྐད་ནང་དུ་རྒྱུན་དུ་ཕ་ཞེས་པའི་ཐ་སྙད་འདི་བརྩེ་དུང་ཟབ་པའི་མཚོན་བྱེད་ཅིག་ཡིན་པས། དཔེར་ན། འབྲོག་པ་ལ་ཕ་འབྲོག་པ་དང་། དགོན་པ་ལ་ཕ་དགོན། བླ་མ་ལའང་ཕ་བླ་མ་ཞེས་ནམ་རྒྱུན་འབོད་སྲོལ་དགའ། དེས་ན་ཕ་ཡུལ་ཤུལ་ཞེས་པའི་ཕ་ཡིག་འདི་སྟེས་དབང་གིས་ཡུལ་མིང་ལ་ཐོགས་སོང་བའི་གནས་ཚུལ་དང་རང་གི་མངའ་སྡེ་ལ་གཅེས་དྲག་པས་ཕ་ཞེས་བཏགས་པའི་ལོ་རྒྱུས་ཤིག་རེད་འདུག
ང་ཚོ་ཚང་མས་ཤེས་གསལ་ལྟར་དུ། སུམ་པ་འབྲི་ཡི་རུས་ཁུངས་ནི་བོད་ཀྱི་རུས་ཆེན་བཞི་ལས་ཨ་ལྕགས་འབྲུ་ཞེས་པ་འདི་ཡིན་ལ། སྟོང་དང་འབྲུ་གཉིས་མིང་གཅིག་གི་རྣམ་གྲངས་ཡིན། བོད་ཀྱི་གནའ་རབས་ལོ་རྒྱུས་ལས། སྟོང་ནི་ཡིད་སྒམ་ཞིང་ལྟོ་ཡངས་པ་དང་བཟའ་བཏུང་ལ་དགའ་བ་ཞིག་ཡིན་པར་གསུངས། ད་རུང་འགྲམ་པ་སྟོང་ངེ་བ་ཞིག་འདུག་པར་མིང་ལ་སྟོང་ཞེས་བཏགས་པ་དང་། འབྲུ་བྱས་པ་ཅན་སོགས་རུས་ཚན་ཅི་རིགས་དབྱེ་སྲོལ་འདུག སྤྱིར་བོད་ཀྱི་རིགས་རུས་ལ་འགྱུར་ལྡོག་དང་འཕོ་འགྱུར་མང་པོ་ཡོད་པ། དཔེར་ན་ཕ་ཡུལ་ཤུལ་གྱི་ཡུལ་འདི་སྔོན་ཆད་བོད་བཙན་པོའི་སྐབས་སུ་ཡུལ་གྱི་རུས་མིང་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ཀྱི་གྲལ་ཏུ་གཏོགས་ཤིང་། ཡུལ་དེའི་མངའ་རིས་སུམ་པ་འབྲི་ཡི་རྒྱལ་ཕྲན་གྱི་མངའ་ཁོངས་སུ་འདེད་སྲོལ་ཞིག་མཆིས། དེ་བས་ཡུལ་གྱི་རུས་མིང་ལྡོང་གི་ཁོངས་སུ་ཡིན་ནའང་། ཡུལ་དེ་སུམ་པ་འབྲི་རྒྱལ་མིན་པའི་གནས་ལུགས་མེད་དེ།  ཕ་ཡུལ་ཤུལ་མངའ་ཁོངས་སུ་གཏོགས་པའི་གནས་རི་འབྲི་རྒྱལ་ཁུ་བྱུག་རི་བཙན་དང་འབྲི་རྒྱལ་རོང་གི་ས་མིང་འདི་ཁོ་ནས་ཀྱང་བདེན་དཔང་བྱེད་ཟུབ་པར་སྙམ།  མཁས་དབང་རྒྱལ་མོ་འབྲུག་པས་བརྩམས་པའི་རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ལས་བསྟན་པ་ལྟར་ན། “སུམ་པའི་རྒྱལ་ཁམས་དངོས་ནི་མདོ་ཁམས་ཆེ་ཆུང་བྱ་བ་སྟེ་ཁམས་སྟོད་དང་བར་ཁམས་ཕྱོགས་ཀྱི་ས་ཆ་འདི་དག་ལ་གོ་དགོས་ཏེ། གཙོ་བོ་དེང་སང་གི་བོད་ལྗོངས་ཆབ་མདོ་ས་ཁུལ་དང་།  ནག་ཆུ་ས་ཁུལ། མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་དང་མཚོ་བྱང་ཁུལ་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་དང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་གྱི་ནུབ་རྒྱུད་གཙོས་པའི་ཡུལ་རྣམས་ཏེ་མདོར་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས་རྒྱལ་མོ་རྔུལ་ཆུའི་རྒྱུད་གཡས་གཡོན་དང་། ཟླ་ཆུའམ་རྫ་ཆུའི་རྒྱུད་གཡས་གཡོན་ཁ་ཚང་དང་། འབྲི་ཆུའི་ནུབ་རྒྱུད་ཀྱི་ཡུལ་ཁམས་རྣམས་ཡིན་ལ། ཡང་འཇང་ཞབས་ཏེ་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དང་མངའ་རིས་ཤར་རྒྱུད་ཀྱི་ས་ཆ་ཁ་ཤས་ཀྱང་སྐབས་དེར་སུམ་པའི་མངའ་འོག་ཡིན་པ་ནི་དོན་ལ་གནས་པར་སེམས།”ཞེས་མཚོ་སྔོན་ཡུལ་ཤུལ་དང་འབྲི་ཆུའི་ནུབ་རྒྱུད་ཀྱི་ཡུལ་ཁམས་འདི་སུམ་པའི་མངའ་རིས་སུ་གཏོགས་པ་སྨོས་མི་དགོས་ལ། ཡུལ་མིང་འབྲི་སྟོད་ཅེས་འབོད་པ་ལ་སུམ་པ་འབྲི་ཡི་མཆེད་ཁུངས་དང་མི་འགལ་བར་སྙམ། ལྷག་པར་དུ་འབྲི་ཡི་རིགས་རུས་ཀྱི་ཁམས་ནི་ཆུ་དང་། བླ་རྟགས་ནི་གཡག་ཡིན་པས། འབྲི་ཆུ་ཞེས་མིང་ཐོགས་ཚུལ་སྐོར་ལའང་དེ་དག་དང་འབྲེལ་བ་ངེས་ཅན་འདུག་སྙམ། དེའི་སྐོར་མགོ་ལོག་རུས་མཛོད་ལས།   “རྒྱ་རྩིས་ཀྱི་གཞུང་དེ་དག་བྱུང་ཚུན་ཆད་དུ་གང་ལྟར་ཡང་བོད་ཀྱི་རུས་ཆེན་ལྔ་བོ་རེ། སྒ་ཤིང་ཁམས། སྒོ་མེ་ཁམས། ལྡོང་ས་ཁམས། སྦྲ་ལྕགས་ཁམས།འབྲི་ཆུ་ཁམས་རྣམས་སུ་བརྩི་བ་དེ་བྱུང་ལ། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན། རྩིས་གཞུང་དེ་འགྱུར་བ་ནས་བཟུང་སྟེ། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། ལྡོང་ནི་ས་ཁམས་ཤ་བར་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ།འབྲི་ནི་ཆུ་ཁམས་གཡག་ལ་བླ”ཞེས་གསུངས་སོ། །  
དེ་ཡང་སྲིད་པ་ས་ལ་ཆགས། བསྐལ་བ་བདེ་ལ་འཁོད་དུས་སུམ་པ་ནི་སྤུར་རྒྱལ་བཙན་པོ་་མ་ཚུགས་པའི་ཡར་སྔོན་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་ཆ་འདིར་དབང་བསྒྱུར་བའི་རྒྱལ་ཕྲན་ཞིག་ཡིན་པར་སྣང་།  སུམ་པའི་རྒྱལ་ཕྲན་ཡན་ལག་ཏུ་གྲུབ་པའི་ཕ་ཡུལ་ཤུལ་གྱི་ཡུལ་སྡེ་འདིའི་རུས་ཁུངས་ཀྱང་གོང་དུ་བཤད་པ་ལྟར་འབྲུ་ཡིན་ལ།  སུམ་པའི་ལོ་རྒྱུས་སྲིད་པའི་མཛོ་རྭ་སྨུག་ཆུང་ལས། “སུམ་པ་རྒྱལ་ཕྲན་གྱི་ཡུལ་འདིར་མིའི་རིགས་ཇི་ལྟར་དར་ཚུལ་ནི་གོང་དུ་སྟོད་ལྷ་རབས་སྐབས་སུ་དྲངས་པ་ལྟར། སྲིད་པ་ཐོག་མར་སྒོ་ང་ལས་གྲོལ་བའི་འདོད་པ་ལྟར་ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཡི་རིགས་རྒྱུད་ལ། ཕྱྭ་རབ་སྟག་ཆ་ཡལ་ཡོལ་གྱི་སྲས་སུ། སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་ཏེ། ཡབ་བླ་བདལ་དྲུག་དང་། ཕྱྭ་ལྷ་བྲམ་ཆེན། རྒྱ་ལྷ་འབྲོང་ནམ། འོ་དེ་གུང་རྒྱལ་དང་བཞི། གཅེན་ཡབ་བླ་བདལ་དྲུག་དང་དམུ་བཙུན་གྲི་སྨན་བཤོས་པའི་སྲས་སུ་ལྕམ་སྲིང་བརྒྱད་འཁྲུངས་པ་ནི་རོང་རོང་རྩོལ་པོ་དང་། ཁྲི་རྒ་སྟག་གཟིགས། ཐན་ཚོ་ཟོ་འབྲང་ངོ་། ཁྲི་བར་བདུན་ཚིགས། ལྷེ་རྗེ་གུང་རྩན། ལྷེ་ཐོག་རྩན། ལྷེ་རྗེ་ཟིན་གདགས། ཐང་ང་ལྷ་མོ་དང་བརྒྱད་འཁྲུངས་པ་ལས། སྲས་གཉིས་པ་ཁྲི་རྒ་སྟག་གཟིགས་དང་གླང་བཟའ་ཁྲི་མར་བཤོས་པའི “ སྲས་མཆེད་ལྔ་སུམ་པའི་ལྷར་གྱེས་ཏེ། འུ་རལ། ཅུང་ཟད། ཨ་གད། ཨི་གད། ད་ཀྱང་ངོ་། ”ཞེས་སྟོད་ལྷ་རབས་སྐབས་སུ་སུམ་པའི་མེས་པོའི་ལྷ་རིགས་ལས་མི་རྒྱུད་ཇི་ལྟར་བྱུང་བ་དང་། སུམ་པའི་ཡུལ་གྱི་ལྷ་ཞེས་དབང་བསྒྱུར་མཁན་ཐོག་མ་དེ་དག་ཡིན་པ་བསྟན་ཡོད།”ཞེས་འབྲི་ཡི་རུས་རྒྱུད་ནི་བོན་པོའི་བཞེད་ཚུལ་ལྟར་འབྲུ་རྗེ་ལྷ་དབང་ཐོད་དཀར་གྱི་རིགས་རྒྱུད་དང་ཆེས་ཐོག་མའི་མེས་པོ་ཁྲི་རྒ་སྟག་གཟིགས་དང་གླང་བཟའ་ཁྲི་མར་བཤོས་པའི་སྲས་མཆེད་ལྔ་ལས་འཕེལ་རྒྱས་བྱུང་བའི་རིགས་རྒྱུད་དེ་ནི་སུམ་པ་འབྲུ་ཡི་་མི་རྒྱུད་འགོ་ཁུངས་དང་པོ་ཡིན་ཚུལ་བསྟན་འདུག 
སུམ་པ་ནང་གསེས་སུ་རྒྱལ་ཕྲན་ཡན་ལག་འགའ་གྱེས་ཡོད་ཚུལ་བསྟན་ཡོད་ལ། རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ལས། “སུམ་པའི་ནང་གསེས་སུ་ད་དུང་ཤང་སུམ་པ་དང་མཛོ་སུམ་པ། སུམ་པ་ལྕགས་རྒྱལ། སུམ་པ་འབྲི་རྒྱལ་ཟེར་བ་ཡོད་དེ། སུམ་པ་འབྲི་ཡི་རྒྱལ་པོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ”ཅེས་དང་། ད་ལྟའི་ཕ་ཡུལ་ཤུལ་འདིར་སུམ་པ་ཞེས་པའི་ཡུལ་མིང་རུས་ལ་ཐོགས་པའི་དུད་ཚང་མང་པོ་ཞིག་གནས་མུས་སུ་ཡོད།དེའི་སྐོར། རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ལས། “སུམ་པ་ཞེས་པའི་མིང་འདི་ནི་ཐོག་མར་བོད་པའི་རིགས་རུས་ཀྱི་མིང་དང་དེ་ནས་ཡུལ་ཁམས་དང་རྒྱལ་ཕྲན་གྱི་མིང་དུ་ཆཊ་པ་དང་། རིམ་གྱིས་ཕྱིར་ས་མིང་དང་ཡུལ་མིང་དུ་གྱུར་པ་ལས་སླར་ཡང་དེ་མིང་རུས་སུ་སོང་བ་སོགས་ཅི་རིགས་ཤིག་འབྱུང་བ་དང”ཞེས་སུམ་པ་ནི་གནའ་བོ་བོད་ཀྱི་རིགས་རུས་རྙིང་པ་ཞིག་ཡིན་ལ། ཕ་ཡུལ་ཤུལ་གྱི་ཡུལ་མི་རྣམས་ཀྱི་ཁ་སྐད་དུ་སུམ་པ་ཞེས་རུས་འདི་ནམ་རྒྱུན་སུམ་པའི་ཞེས་འབོད་ལ། དོན་དངོས་ལ་གཞིགས་ནའང་སུམ་པ་ཞེས་པའི་རུས་འདི་ཉིད་རེད་འདུག དེས་ན་ཡུལ་འདི་སྔོན་ཆད་སུམ་པ་འབྲི་ཡི་མངའ་ཁོངས་སུ་གཏོགས་མྱོང་བ་ཤེས་ཏེ། འབྲི་རྒྱལ་རོང་དང་འབྲེལ་བའི་ས་མིང་ཁོ་ནས་ཀྱང་བདེན་དཔང་བྱེད་ཐུབ་པར་སྙམ།གཞན་ད་རུང་ཡུལ་ཤུལ་གྱི་ཡུལ་ལ་ས་ཆུ་རི་གསུམ་ལ་འབྲི་ཞེས་ཐོགས་པའི་མིང་ཇི་སྙེད་ཡོད་ལ། དཔེར་ན་ཡུལ་འདི་ནས་འབབ་བཞིན་པའི་ཆུ་ཀླུང་ཆེན་པོ་དེའི་མིང་ལ་འབྲི་ཆུ་ཞེས་གསོལ་ལ། འབྲི་ཆུའི་མིང་ཐོགས་ཚུལ་སྐོར་བོད་ལྗོངས་མདོ་ཁམས་སྒ་ལྡན་སྐྱུར་གསུམ་གྱི་བྱུང་ཚུལ་ཉུང་བསྡུས་གཏམ་གྱི་ས་བོན་ཞེས་པ་ལས། “སྒ་པ་ཡོངས་གྲགས་ཀྱི་གནའ་གཏམ་ལ། སྔོན་གྱི་དུས་སུ། ཡུ་ཤུལ་སྟོད་ཀྱི་ཡག་ར་ཟེར་བའི་ས་ཆ་ན། བྲག་འབྲིའི་སྣ་བུག་འདྲ་བ་གཉིས་ནས། ཇོ་བོ་དབང་ཆེན་ཀུན་གྲགས་ཀྱི་རྫུ་འཕྲུལ་གྱིས་ཆུ་ཞིག་བཏོན། ཆུ་དེ་ལ་གསེར་གྱི་བྱེ་མ་འདེབས་བཞིན་ཁྲིད་ནས་བྱོན་པ་ལ། གསེར་ལྡན་འབྲི་ཆུ་ཞེས་པའི་མིང་ཐོགས”ཞེས་གསུངས་པ་ལྟར་ཡག་ར་ནི་ཕ་ཡུལ་ཤུལ་གྱི་མངའ་ཁོངས་སུ་གཏོགས་པའི་ཚོ་བ་ཞིག་གི་མིང་ཡིན་ཞིང་།དེང་དུས་ཟོ་སྐྱ་ཡས་མས་ཀྱི་ས་ཆ་འདི་ཡིན།དེས་ན་གསེར་ལྡན་འབྲི་ཆུ་སྔོན་མོའི་མིང་ཐོགས་ཚུལ་ཡང་བོད་མི་བུ་གདོང་དྲུག་གི་ཡ་གྱལ་ཨ་ཐང་འབྲུ་ཡི་རུས་མིང་དེ་ཕར་རི་དང་ཆུ་སོགས་མིང་ལ་ཐོགས་སོང་བར་སྙམ་པའི་ལོ་རྒྱུས་ཀྱང་འདུག
རུས་འབྲུ་དང་འབྲེལ་བའི་ས་མིང་འགའ་མདོར་ཙམ་གླེང་ན། འབྲོང་བུའི་གངས་སྐྱབས་ཀྱིས་བརྩམས་པའི་འབྲི་ཀླུང་སྟོད་ཀྱི་ས་མིང་ངོ་སྤྲོད་ལས། དགོན་སར་ཡུལ་ལ། “འབྲི་གུ་གཞུང”དང་། འདམ་ལྗོངས་ཡུལ་ལ།“འབྲི་ཆག་ཆེས་ཁ ”སྟག་སེང་ཡུལ་ལ། “སྟོད་རྩེའི་འབྲི་སྐུང་ཆུ་ལྷོག”བྲག་གུ་དར་བུམ་ཡུལ་ལ།“འབྲི་རྒོད་འོག་མ་དང་། འབྲི་རྒོད་རི་རིང་།འབྲི་རྒོད་རི་ཐུང་། འབྲི་རྒོད་དགོ་རིལ། འབྲི་རྒོད་གོང་མ། འབྲི་རྒོད་བར་མ། འབྲི་རྒོད་ནས་ཕུང་གཡུ་རྩེ། འབྲི་རྒོད་རག་རིལ། འབྲི་རྒོད་ཁྲ་ཡུ། འབྲི་རྒོད་ཤྭ་བ་ངང་ཆེན ”ཟོ་སྐྱ་སྨུག་ཆུ་ལ། “འབྲི་ཡག་སུམ་མདོ་དང་། འབྲི་སློག་ཆེན། འབྲི་རུང་སུལ ”ཟོ་སྐྱ་འདམ་ཆུ་ལ“འབྲི་རྒན་འགག་རུང་དང་། སྨུག་གི་འབྲི་རྒན་ཀླུ་མཆོད། འབྲི་རྒན་ཤྭ་བ་ངོ་ཡག འབྲི་རྒན་ཤར་ཆེན། འབྲི་རྒན་ཤར་ཆུང་། འབྲི་རྒན་ཤར་ཡགའབྲི་རྒན་བྱེ་ལུང་རིང་མོ། འབྲི་རྒན་བྱེ་རོ་རྒྱ་ཡུ། འབྲི་རྒན་ཆུ་མགོ་དམར་ཞར། འབྲི་རྒན་མཐའ་དམར་ཁྲིག འབྲི་རྒན་ཁྲ་རུག་དེའུ་རུག་དེའུ་རུག་པ་ཟི་ཐང”ཞེས་འབྲི་ཡི་རུས་མྱིང་ས་དང་ཆུ། རི་སོགས་ལ་ཐོགས་པ་ཤིན་ཏུ་མང་། ཕ་ཡུལ་ཤུལ་མངའ་འོག་གི་རུ་ཁག་འགའ་ལའང་འབྲི་ཞེས་ཐོགས་ཡོད་དེ། འབྲི་ཆུ་ཤང་གི་མངའ་འོག་ཏུ་འབྲི་སྐྱ་ཞེས་པའི་རུ་ཁག་གཅིག་དང་། བྲག་གུ་ཤང་ལའང་འབྲི་སུལ་རུ་ཁག་ཅེས་པ་ཞིག་ཀྱང་ཡོད།ད་དུང་མཛོ་འབྲི་ཕུག་པ་རྒྱ་ར་ཞེས་པའི་བྲག་ཁུང་ཆེན་པོ་ཡོད་ལ། སྔོན་ཞིག་ལ་ཕུག་པ་དེའི་ནང་དུ་ཤིང་ཏ་ལའི་ལོ་མའི་སྟེང་ལ་བྲིས་པའི་ཡིག་རྙིང་ཕོན་ཆེན་ཞིག་རྙེད་ཡོད་རབས་ཐོས། ཕྱིས་སུ་གང་ཡོད་མ་ཤེས། སྤྱིར་བཏང་མིང་དེ་དག་རང་བྱུང་ཁམས་ཀྱི་མིང་ཙམ་མ་གཏོགས་ཐུགས་སྣང་མཛད་པའི་ཀུན་སློང་མི་དགོས་མོད། ཡིན་ནའང་།  བློ་ཞིབ་མོར་ཕབས་དུས་ས་མིང་དེ་དག་འབྲི་ཞེས་ཐོགས་པའི་རྒྱུ་དང་རྐྱེན་ཅི་ཞིག་ཡིན་ད་དུང་རྟོགས་མ་སོང་།དེའི་སྐོར་ལ་འབྱུང་འགྱུར་ཞིབ་འཇུག་གི་གོ་སྐབས་འདྲ་རག་ན་ཁོ་བོས་ད་དུང་མུ་མཐུད་དུ་དཔྱད་འཚོལ་བྱ་རྒྱུ་ཡིན།
ཡང་ལ་ལས་ཡུལ་འདི་བསྐལ་བ་མང་པོའི་ཡར་སྔོན་ལ་ཞང་ཞུང་རྒྱལ་ཕྲན་གྱི་མངའ་འོག་ཏུ་ཡིན་ཚུལ་ཡང་བསྟན་ཡོད་དེ། དེ་ཡང་མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད། ཅེས་པ་ལས། “ ཞང་ཞུང་སྒོ་པ་ནི་ཉེར་སྣང་ལས་སྨད་ཀྱི་ཤེ་ལེ་རྒྱ་སྐར་ཞེས། ཁྱུང་པོ་རི་རྩེ་དྲུག་ཡིན་ལ། སུམ་པ་གླང་གི་གྱིམ་ཤོད་ཀྱང་ཟེར། ཁྱུང་པོའི་ཁོག་ཏུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། བློ་ལྡན་གྱི་གདན་ས་བྱ་ཟེར་སོགས་ཁྱུང་པོ་སྟེང་ཆེན་སོགས་དགོན་སྡེ་མང་། ནང་གསེས་ཚོ་བ་སོ་དགུ་དང་། བྱང་ཕྱོགས་ཀྱི་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་ལ། ཡང་ཁྱུང་པོ་དཀར་ནག་སེར་གསུམ་ནས་བྱང་ཕྱོགས་ཀྱི་རྒྱ་སྡེ་ལ་ཐུག་པའི་བར་གྱི་མངའ་ཁོངས་རྣམས་ཞང་ཞུང་སྒོ་པའི་ཁོངས་སུ་གཏོགས་པར་བསྟན་ཡོད ”ཅེས་བྱང་ཕྱོགས་ཀྱི་རྒྱ་སྡེ་ཉེར་ལྔའམ་ད་ལྟའི་སྒ་སྐྱེ་རྒུ་ཁུལ་མངའ་ཁོངས་སུ་ཡོད་པའི་འབྲི་སྟོད་དང་ཆུ་དམར་ལེབ། རྫ་སྟོད། ནང་ཆེན། ཁྲི་འདུ། སྐྱེ་རྒུ་རྫོང་སོགས་རྒྱ་སྡེ་ཉེར་ལྔའི་སྡེ་རུ་ཚུད་པ་དང་། གནའ་བོ་ཞང་ཞུང་གི་སྒོ་ཕུག་བར་གསུམ་ངོས་འཛིན་ཚུལ་སྐོར་ལས་ཡུལ་ཤུལ་ས་ཆ་འདི་སྒོ་པའི་ཁོངས་སུ་གཏོགས་ཞེས་གསུངས། དེ་དག་ལའང་ཞིབ་འཇུག་བྱ་དགོས་པའི་གནད་དོན་འགའ་ཡོད་དེ། དཔེར་ན་ཞང་ཞུང་ཞེས་པའི་ཡུལ་འདི་ནི་བོན་པོ་རིག་གནས་ཀྱི་མཁར་རྫོང་མཐུག་པའི་ཡུལ་ཞིག་ཡིན་ལ། ལོ་རྒྱུས་སྟེང་ཆེས་མིང་དུ་གྲགས་པའི་གཡུང་དྲུང་བོན་གྱི་རིག་གནས་སྲོལ་བཏོད་པ་པོ་སྟོན་པ་གཤེན་རབ་མཆོག་ཀྱང་ཡུལ་ཞང་ཞུང་ནས་སྐུ་འཁྲུངས། སྐབས་དེར་བོན་ཆོས་ཀྱི་རིག་གནས་འདི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཤིན་ཏུ་དར་ཁྱབ་ཆེ་ལ།  མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་དང་། དམའ་སུམ་པ་གླང་གི་གྱིམ་ཤོད་སོགས་བོན་རྣམས་རབ་ཏུ་དར། ཕ་ཡུལ་ཤུལ་རྒྱལ་ཁམས་ལའང་བོན་གྱི་རིག་གནས་ དང་དད་མོས་གྱ་ནོམ་ཞིག་དར་ཡོད་པ་གདོན་མི་ཟའོ། ཡུལ་ཤུལ་ཁུ་བྱུག་རི་བཙན་གྱི་མཐའ་སྐོར་དུ་ཆགས་པའི་ཁམས་འབྲི་ཀླུང་སྟོད་ཀྱི་གནའ་དགོན་སྒྱོགས་རོང་དགོན་པ་འདི་སྔོན་ཆད་བོན་པོའི་དགོན་པ་ཞིག་ཡིན་ལ། ངག་རྒྱུན་དུ་་རྒྱལ་རོང་དགོན་ཞེས་ཀྱང་འབོད་སྲོལ་མཆིས། རྒྱུ་མཚན་ནི་དགོན་པ་འདི་འབྲི་རྒྱལ་རོང་ལ་ཆགས་པའི་དགོན་པ་ཐོག་མ་ཡིན་པས་རྒྱལ་ཕྲན་གྱི་མིང་དེ་ཕར་དགོན་པར་ཐོགས་སོང་ཚུལ་བཤད། གང་ལྟར་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཆགས་སྔ་བ་སྒྱོགས་རོང་དགོན་པ། གྲགས་སྔ་བ་གཡུ་འབྲུག་སྔོན་མོ་ཞེས་རླུང་རྟ་གྲགས་ཤིང་དགོན་པ་འདི་བོན་པོའི་དགོན་པ་ཡིན་པའི་སྒྲུབ་བྱེད་ནི་དུས་འགྱུར་རྗེས་སུ་མ་ཊིའི་རྡོ་བརྐོས་མང་པོ་མཐོང་རྒྱུ་ཡོད་པ་དང་། དགོན་པའི་མཚན་གཞན་ལ་ཇོ་གདན་དགོན་ཞེས་འབོད་ཅིང་། སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་ཞིག་ཡོད་པས་ཇོ་ནི་བོན་གྱི་སྟོན་པ་ཡིན་ཚུལ་ཡང་མཆིས། གཤེན་སྐུ་དེ་རྒན་རྒོན་འགའ་ཡིས་བཤད་ཚུལ་ལྟར་ན་དུས་འགྱུར་རྗེས་ནས་ཀྱང་དགོན་པར་བཞུགས་ཡོད་ཟེར།འོན་ཀྱང་། ད་ལྟ་མངོན་སུམ་དུ་མཇལ་རྒྱུ་མེད། དེས་ན་གཤེན་རབ་ཀྱི་གདན་ས་ཡིན་པས་མིང་ལ་ཇོ་ལྡན་དགོན་ཐོགས་ཞེས་པའི་ཤོད་སྲོལ་འདིའང་ཞིབ་འཇུག་བྱ་དགོས་པ་གང་མང་ཡོད་པ་སྙམ། མདོར་ན་སུམ་པ་འབྲི་ཡི་རིགས་རུས་ལས་མཆེད་པའི་འབྲི་རྒྱལ་རོང་དང་ཕ་ཡུལ་ཤུལ་གྱི་ཡུལ་འདི་བསྐལ་བ་མང་པོའི་ཡར་སྔོན་ལ་ཞང་ཞུང་དང་སུམ་པ་སོགས་ཀྱིས་རྒྱལ་ཕྲན་བསྟུད་མར་མང་པོ་ཞིག་དབང་བསྒྱུར་བྱས་ཡོད་ས་རེད།  
གཉིས། སུམ་པའི་རྒྱལ་ཕྲན་གྱི་དར་ཚུལ་བཤད་པ།
སུམ་པ་ཞེས་པ་འདི་བོད་རྒྱལ་གཉའ་ཁྲི་བཙན་པོ་ཡར་སྔོན་ནས་བཟུང་།  མདོ་སྟོད་ཀྱི་ས་ཆ་འདིར་དབང་བསྒྱུར་བའི་རྒྱལ་ཕྲན་ཆེན་པོ་ཞིག་ཡིན་ལ། སྔར་སྟོད་མངའ་རིས་ནི་ཞང་ཞུང་གི་ཡུལ་ཁམས་དང་། བར་དབུས་གཙང་ནི་སྤུར་རྒྱལ་ཀྱི་ཡུལ་ཁམས། སྨད་མདོ་ཁམས་ནི་སུམ་པ་ཡུལ་ཁམས་ཞེས་བོད་ཡུལ་གྱི་ལྗོངས་སུ་རྒྱལ་ཁམས་སྟོབས་ཆེ་ཞིང་ཡུལ་རྒྱ་ཆེ་བའི་རྒྱལ་ཁམས་ཆེན་མོ་ཞིག་ཡིན་ཚུལ་གསལ། དེ་བས་སུམ་པ་ནི་མདོ་ཁམས་ཀྱི་ས་ཆ་ཡོངས་རྫོགས་དང་དེའི་མངའ་རིས་སུ་གཏོགས་པས་མ་ཚད། སྲིད་འཛིན་ས་ཁུལ་གྱི་སྤྱི་མིང་ལ་སུམ་པ་ཞེས་འབོད་པའོ།། དེང་དུས་དབང་དུ་བྱས་ན་ལྷ་སའི་ནག་ཆུ་དང་ཆབ་མདོ། མཚོ་སྔོན་གྱི་སྐྱེ་རྒུ་དང་མཚོ་བྱང་ས་ཁུལ། སི་ཁྲོན་གྱི་དཀར་མཛེས། ཡུན་ནན་བདེ་ཆེན། མངའ་རིས་ཀྱི་ས་ཆ་ཁག་གཅིག་སོགས་སུམ་པའི་མངའ་འོག་གི་རྒྱལ་ཁམས་ཡིན་པར་བཤད། སྐབས་དེར་འབྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་པ་ནི་སུམ་པ་རྒྱལ་ཕྲན་གྱི་རྗེ་བོ་ཐོག་མ་དེ་ཡིན་སྙམ། དེ་ཡང་དབུ་ནག་མིའུ་འདྲ་ཆགས་ལས། “འགྲུ་རྗེ་ལྷ་དབང་ཐོད་དཀར་ལ། ། བུ་དགུ་ཡོད་པ་ཆུ་དྲལ་ཤོ །། གནའ་མ་ཕྱ་ཟ་བསུས་བཞེས་པ་ལ། ། གནམ་ཐིས་དཀར་པོ་དང་། ས་ཐེམ་གྲོ་བོ་གཉིས་བསྲིད། ད་ཁྲི་ཟི་འགྲུའི་གདུང་རྒྱུད་ལ། ཨ་ལྕག་འགྲུ་ལ་ཆེ་དྲུག་ཡོད ། ཆེ་དྲུག་ཕག་ན་བཙུན་དྲུག་ཡོད། འགྲུ་རྭ་ཅོ་ཅན་ལ་བཅོ་བརྒྱད་ཡོད། བྷོ་རྗེ་དཀར་པོའི་གདུང་རྒྱུད་ཡིན། བྷེ་ཇིར་མང་ཐང་པོས་རྒྱལ་ས་བཟུང་། དེ་གདན་ས་མི་ལ་མ་ཤོར་བ། ”ཞེས་གསལ་བ་ལྟར། འབྲུ་རྗེ་ལྷ་དབང་གི་བུ་དགུ་ཆུ་ནང་གི་གྲུ་གཟིངས་ཞིག་ནས་ཆུ་གྲིར་ཤི་བ་གསུངས་ཡོད། དེའི་རྗེས་ཡང་གནའ་མ་ཕྱྭ་བཟའ་བསུས་པས་དེར་བུ་གཉིས་འཁྲུངས་པ་དང་། བུ་ཆེ་བ་གནམ་ཐེལ་དཀར་པོས་སུམ་པའི་རྒྱལ་སྲིད་བཟུང་ཞིང་།  འབྲུ་ལ་ཆེ་དྲུག་དང་བཙུན་དྲུག་རྭ་ཅོ་ཅན་བཅོ་བརྒྱད། བྷོ་རྗེ་དཀར་པོའི་རིགས་རྒྱུད་སོགས་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་ས་ཆེན་གྱི་ཐང་དུ་འབྲུ་རྗེ་རྒྱལ་པོའི་རྒྱད་སྲིད་ལོ་ངོ་མང་པོ་སྐྱོང་བ་བསྟན་ཡོད། དེ་དང་མཉམ་དུ་བུ་ཆུང་བ་ས་ཐེལ་ཁྲ་བོ་ལས་གདུང་རྒྱུད་མང་པོ་མཆེད་ཡོད་པས། དབུ་ནག་མིའུ་འདྲ་ཆགས་ལས། “ས་ཐེལ་ཁྲ་བོའི་རྒྱུད་པ་ལ། ཤར་ན་གྷར་དང་རང་པོ་གཉིས། སྒ་དང་ཀྱུ་ར་གཉིས་དང་བཞི། ཡང“ སྟོད་ན་ཅུར་དང་རི་ཐོ་གཉིས། བར་ན་རང་པོ་དོ་ཁོང་གཉིས། སྨད་ན་བྲག་ཤི་དང་ཉག་བྲེ་གཉིས། དེ་འགྲུ་བཙུན་པོ་ནང་གི་ཡང་བཙུན་ཡིན། ”ཞེས་ས་ཐེལ་ཁྲ་བོའི་རིགས་རྒྱུད་ལས་མཆེད་པའི་རོང་པོ་དང་། ཀྱུ་ར། སེ་རུ། དོ་ཁོང་བཅས་ནི་བཙན་པོའི་སྐབས་ལ་མདོ་ཁམས་ཀྱི་རྒྱལ་ཕྲན་སོ་སོའི་རྗེ་བོ་དེ་དག་གི་མིང་ཡིན་ལ། ཆེས་ཐོག་མའི་སུམ་པ་རྒྱལ་ཕྲན་གྱི་མིང་ཡིན་པ་གསལ་ལོ ། ། ཡིག་རྙིང་ནང་དུ་རྒྱལ་ཕྲན་དེ་དག་གཅིག་འགྱུར་གྱི་མིང་ལ་གལ་བ་བཅུ་གཉིས་པ་དང་བཅུ་གསུམ་པ་སོགས་བཤད་ཡོད། དེང་དུས་ཡུལ་འབྲི་སྟོད་ནས་མིང་དེ་དག་དུད་ཚང་ཁག་གི་རུས་མིང་ལ་ཐོགས་པར་གྲགས། དཔེར་ན་རོང་པོ་ཚང་དང་། དོ་ཁོང་རིགས་རྒྱུད་ཅེས་ཟོ་སྐྱ་དང་བྲག་གུ་སྡེ་བ་སོགས་གང་སར་ཁྱབ་ཡོད།
བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་རྗེས་ནས་བྲན་གཡོག་ལམ་ལུགས་ཀྱི་འགོ་ཚུགས་པའི་དུས་དང་ཡིན་ལ། འདི་ནས་ལོ་ངོ་མང་ཁྲི་སྟོང་མང་པོའི་ཡར་སྔོན་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབུ་བརྙེས་པའི་དུས་བསྟུན་ནས་སུམ་པའང་སྐབས་དེར་གཅིག་འགྱུར་གྱི་རྒྱལ་ཕྲན་ཆེན་པོ་ཞིག་གྲུབ་ཡོད་སྙམ་པ་དང་། དེ་ཡང་ཏུང་ཧོང་ཡིག་ཆ་ལས།“ ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ།རྗེ་འབལ་ལྗྀ་མང་རུ་ཏི། བློན་པོ་རླང་དང་ཀམ་གཉྀས ”ཞེས་གཉའ་ཁྲི་བཙན་པོ་མངའ་བདག་མ་མཛད་པའི་ཡར་སྔོན་ལ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་ཡོངས་གྲགས་ནང་དུ་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུ་ཞེས་པ་ནང་དུ་སུམ་པའང་དེའི་གྲལ་དུ་བཀོད་འདུག སྐབས་དེར་སུམ་ཡུལ་གྱི་བློན་གྱི་འགན་དེ་རུས་རླང་དང་ཀམ་གཉིས་ཀྱིས་བཟུང་སྟེ་སྲིད་དབང་སྲ་བརྟན་མཛད་ཡོད་པ་གསལ་བོ་ཤེས་པ་མ་ཟད། སུམ་པ་ནི་མ་མཐའ་རུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ནས་བཟུང་བོད་མདོ་ཁམས་ཀྱི་ས་ཆུ་རུ་འཚོ་བཞེས་བྱས་པར་ཧ་གོ་ཐུབ། 
ནགས་ཤོད་དང་ཤོད་ཅེས་པའི་ས་མིང་འདི་ནི་ཁམས་གྱི་ས་ཆ་གཞན་གང་དུ་མེད་པའི་མིང་ཞིག་ཡིན་ལ། དཔེར་ན་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཅེས་དང་། མདོ་སྟོད་ལུང་ཆེན་བཅོ་བརྒྱད་སོགས་ཅི་རིགས་འབོད་སྲོལ་ཡོད། ཤོད་ཅེས་པའི་མིང་འདི་ཕལ་ཆེར་དུས་རབས་དགུ་པ་དང་བཅུ་པ་ཡས་མས་ནས་བྱུང་བའི་མིང་ཞིག་ཡིན་སྙམ། ཏུང་ཧོང་ཡིག་རྙིང་ལས།“སླ་ཤོད་ཀྱི་སྣིག”དང་། ལི་ཡུལ་ནས་རྙེད་པའི་ཁྲམ་བྱང་ལས། “བྱན་པོ་ནག་ཤོད་ཀྱི་སྡེ”ཞེས་སླ་ཤོད་དང་ནགས་ཤོད་ནི་ཆེས་ཐོག་མར་ཡིག་ངོས་སུ་འཁོད་པའི་ཤོད་མིང་སྐོར་ཡིན་ཚུལ་སྣང་། མིང་འདི་སུམ་པ་དང་འབྲེལ་བ་ཤིན་ཏུ་ཟབ་པའི་ས་མིང་ཞིག་རེད། ཆོས་འབྱུང་མཁས་པའི་དགའ་སྟོན་བཅས་སུ།“ བོད་ཡུལ་རུ་ལྔར་ཕྱེ་ཚུལ་བརྗོད་སྐབས་སུམ་པའི་རུ་ནི། ཤར་གཉེ་ཡུལ་བྲེ་ནག ནུབ་སྤེལ་ཞབས་སྡིངས་པོ་ཆེ། བྱང་ནགས་ཤོད་གཟི་འཕྲང་། ལྷོ་རྨི་སྟི་ཆུ་ནག དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ ”ཞེས་སུམ་པའི་ཕྱོགས་བཞིའི་ཡུལ་ཁ་ཆ་ཚང་ངོ་སྤྲོད་གནང་འདུག དེའི་ནང་དུ་ནམ་རྒྱུན་སུམ་པར་ཤོད་ཅེས་པའི་ཡུལ་དང་ས་མིང་མང་པོ་བཀོད་འདུག དཔེར་ན་ནགས་ཤོད་སྟོང་བུ་ཆུང་ནི་དེང་དུས་འབྲི་རུ་རྫོང་གི་ཕྱོགས་འདི་དང་རྒྱ་ཤོད་སྟག་པ་ཚལ་ཞེས་པ་ནི་འབྲི་རུ་རྫོང་གི་གཡང་ཤོད་ཤང་གསའ་མདའ་བོན་དགོན་ཕྱོགས་འདི་རྒྱ་ཤོད་སྟག་པ་ཚལ་ལམ་སུམ་པ་རུའི་ལྟེ་གནས་ཞེས་མཁས་པ་མང་པོས་གཅིག་མཐུན་དུ་ཁས་ལེན་གྱིན་འདུག ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་།“ རྩེ་མཐོན་ཕོ་མཐོན་གཉིས།རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ།”ཞེས་སུམ་པའི་མངའ་ཁོངས་ལས་ཤོད་ལ་སྟོང་སྡེ་བཅུ་གཅིག་ཡོད་ལ། དེང་དུས་ཤོད་ཀྱི་ས་མིང་ངོ་ཟིན་པ་ནགས་ཤོད་ལྟ་བུ་རེ་ཟུང་ལས་མེད། འོན་ཀྱང་། ཞིབ་ཅིང་ཕྲ་བའི་སྒོ་ནས་ཞིབ་འཇུག་བྱེད་དུས་དེང་དུས་འབྲི་སྟོད་རྫོང་རྒྱ་རྒྱའི་ཕོ་བྲང་གྲོང་རྡལ་གྱི་ས་ཆར་རྒྱ་ཤོད་སྐེ་ཞེས་ཐོགས་པའི་སྤང་གཞོངས་ཆེན་པོ་ཞིག་ཡོད་ལ། ཤོད་གྲགས་ཅན་དེ་སུམ་པའི་སྟོང་སྡེ་བཅུ་གཅིག་གི་ནང་གསེས་གཅིག་ཡིན་ཞེས་མཐའ་གཅིག་ཏུ་སྨྲ་བའི་སྤོབས་པ་འཁུམས་ནའང་།དཀར་ནག་གི་དབྱེ་བ་འབྱེད་པའམ། ཐག་ནག་གི་མདུད་པ་བཀྲོལ་བྱེད་ཅིག་དགོས་པས་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་ངེས་རེད། དེ་དང་ཕ་ཡུལ་ཤུལ་གྱི་ས་ཁུལ་ལ་ཤོད་མིང་ཐོགས་པའི་ས་འགའ་ཡོད་དེ། རྒྱ་ཤོད་ཨོ་གོང་མ་དང་། རྒྱ་ཤོད་ཨོ་བར་མ།རྒྱ་ཤོད་ཨོ་འོག་མ། རྒྱ་ཤོད་བླ་རུས་སྐེ། རྒྱ་ཤོད་ལུང་ནག་ནང་། རྒྱ་ཤོད་རྐྱང་སིལ། རྒྱ་ཤོད་སྐོམ་ལུང་གོང་འོག་བར་གསུམ། རྒྱ་ཤོད་སྟོང་དངུལ་ཟམ་ཆེན། རྒྱ་ཤོད་སྟོང་ངུ་ཆུ་སོགས་འབྲི་རྒྱལ་ཁུ་བྱུག་རི་བཙན་ཕར་ཚུར་གྱི་ས་དང་ཆུའི་མིང་ལ་རྒྱ་ཤོད་ཅེས་ཐོགས་པ་ཤིན་ཏུ་མང་ངོ། ། རྒྱ་ཤོད་ཅེས་མིང་འཁོད་པའི་ལོ་རྒྱུས་ཡིག་ཆ་ནི་སུམ་པའི་ཆོས་འབྱུང་དང་། རླངས་ཀྱི་པོད་ཏི་བསེ་རུ། མཁར་ནག་ཆོས་འབྱུང་སོགས་ཡིན་ལ། རླངས་ཀྱི་པོད་ཏི་བསེ་རུ་ལས། “དཀར་ཤོད་དང་། རེ་ཤོད། ནག་ཤོད། སོག་ཤོད། རྒྱ་ཤོད། རྔུ་ཤོད། སྐེ་ཤོད། རྟ་ཤོད། གྱིམ་ཤོད། འཛའ་ཤོད། ཟེ་ཤོད། ཀྲེ་ཤོད”སོགས་ལ་རྒྱ་ཤོད་ཅེས་པའི་མིང་འདི་བསྟན་འདུག
སུམ་པ་འབྲི་རྒྱལ་གྱི་ཡུལ་ཁམས་གཙོ་བོ་ནི་གཙང་ཆེན་འབྲི་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཡོད་པའི་རོང་ཁུལ་གྱི་ས་ཆ་དེ་དག་ཡིན་ལ། ས་ཆ་དེ་དག་འབྲི་སྟོད་ས་ཆའི་ཟོ་སྐྱ་དང་བྲག་གུ་བསྡུར་ན་གནམ་གཤིས་ཡག་ཅིང་ཚ་དྲོད་ངེས་ཅན་ཡོད་པའི་རོང་ས་ལྟ་བུ་ཞིག་ཆགས་ཡོད། ཡུལ་དེ་ལ“ཤུག་པ་དང་། གླང་མ།འདྲ་ག སྐྱེར་ཤིང་སོགས་ཤིང་སྣ་རིགས་བཅུ་ཕྲག་དགུ་ལས་བརྒལ་བའི་ནགས་ཀློང་ཆེན་པོ་གཅིག་པུ་ཡིན། ” ཞེསའབྲི་ཆུའི་ཆུ་འགོའི་སྒ་སྐྱ་ལོའི་འབྲོག་པའི་རི་ཆུ་རིག་གནས། ཞེས་པ་ལས་གསལ། སྔོན་གྱི་ཚེར་གནས་དེ་རུ་གཞིས་ཆགས་པའི་ཡུལ་མི་འགའ་ཡིས་གནའ་བོ་ཞིང་རྨོ་བྱེད་ཀྱི་གཉའ་ཤིང་མང་པོ་ཞིག་ས་འོག་ནས་རྙེད་ཡོད་ཚུལ་ཐོས། འབྲི་ཆུའི་འགྲམ་རྒྱུད་དུ་གནས་པའི་རོང་ཁུལ་གྱི་ས་ཆ་དག་ནི་འབྲི་རྒྱལ་སུམ་པའི་ཡུལ་ཁམས་ཡིན་ཚུལ་སྔོན་གྱི་མཁས་པ་མང་པོས་གསུངས་ཡོད་ལ། རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ལས།“ སུམ་པ་འགྲུ་རྒྱལ་ལམ་འབྲི་སུམ་པ་ཞེས་པ་འབྲི་ཆུའི་འབབ་རྒྱུན་རོང་ཁུལ་སྒ་དང་འདན་མ་ཕྱོགས་ཀྱང་སྔར་སུམ་པའི་ཡུལ་ཁམས་ཡིན་པས་ན། ཡུལ་དེར་དེའི་སྐོར་གྱི་ལོ་རྒྱུས་དང་རིག་གནས་མང་པོ་ཡོད་པས་ཀྲུང་གོའི་ལོ་རྒྱུས་ཆེན་མོ་སོགས་སུ་སུམ་པ་དེང་གི་ཡུལ་ཤུལ་ཕྱོགས་ཡིན་པར་སྨྲས་པ་ལྟ་བུས་མཚོན་ནོ།།”ཞེས་སུམ་པ་འབྲི་ཡི་རྒྱལ་པོ་ལས་མཆེད་པའི་འབྲི་རྒྱལ་རོང་གི་རྒྱལ་ཕྲན་འདི་ནི་གཙང་ཆེན་འབྲི་ཆུའི་ཁུག་སོ་དང་པོ་ གྲགས་པའི་ཡུལ་འདི་ལ་གཞིས་ཆགས་ཤིང་ །ཡུལ་འདིའི་ལོ་རྒྱུས་དང་རིག་གནས་ཐམས་ཅད་གཙང་ཆེན་འབྲི་ཆུ་སྔོན་མོ་རླབས་རྒྱུན་དང་འགྲོགས་ཏེ་འཛམ་གླིང་ལོ་རྒྱུས་ཀྱི་ཤོག་ལྷེབ་ ངོས་སུ་སྐར་མ་སྨིན་དྲུག་བཞིན་འོད་ལམ་ལམ་དུ་འཚེར་བཞིན་ཡོད། གཉའ་ཁྲི་བཙན་པོའི་སྐབས་ལ་སུམ་པའི་རྒྱལ་ཕྲན་འདི་ཁྱོན་ཡོངས་ནས་གཅིག་འགྱུར་མཛད་མ་ཐུབ་པས་སུམ་པའི་ཡུལ་བྱེ་བྲག་པ་ཞིག་བཏུལ་བའི་གནས་ཚུལ་སྔོན་གྱི་ལོ་རྒྱུས་ཁག་བསྟན་འདུག ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ མཚན་དུ་གཉའ་ཁྲི་བཙན་་པོ་ཞེས་བྱུང་གྲགས།། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད།། སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ ། ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། ། ”ཞེས་བཀོད་པའི་ལོ་རྒྱུས་དེ་དང་སུམ་པའི་བྱེ་བྲག་ཡུལ་ཚེ་བ་ཡིན་པ་ལས། ཆོས་སྲིད་དང་རིག་གནས། ལོ་རྒྱུས། ས་ཁོངས། མི་འབོར་སོགས་གནམ་གྱིས་ས་བཀབ་ལྟ་བུའི་སུམ་པའི་རྒྱལ་ཕྲན་ཡོངས་རྫོགས་མ་ཡིན་ཞེས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་མང་པོ་བཤད་མོད། གཉའ་ཁྲི་བཙན་པོའི་སྐབས་ལ་རྒྱལ་ཕྲན་བཅུ་གཉིས་དབང་དུ་བསྡུས་སྐབས་ཤང་སུམ་པ་ཞེས་པ་སུམ་པའི་རྒྱལ་ཕྲན་་བྱེ་བྲག་གཅིག་དབང་དུ་བསྒྱུར་བ་ཡིན་ཀྱང་། བར་སྐབས་སུམ་པའི་རྒྱལ་ཕྲན་དེ་དག་བཙན་པོའི་རྒྱལ་སྲིད་འོག་ནས་རང་ཚུགས་ཀྱིས་ཁེང་ལོག་བྱས་ཏེ་གྱེས་སོང་།  ཕྱིས་སུ་སུམ་པ་དེ་སྲོང་བཙན་སྐབས་ལ་མྱང་མང་པོ་རྗེ་ཞང་སྣང་གིས་དམག་རྒྱག་མ་དགོས་པར།  ཐབས་ཤེས་གཉིས་ཀྱིས་བོད་བཙན་པོའི་མངའ་ཁོངས་སུ་དངོས་སུ་བཀུག་པའི་ལོ་རྒྱུས་གཤམ་གྱི་ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་གསལ་པོར་བཀོད་ཡོད་དེ།“བཙན་པོ་སྲོང་བཙན་སྒམ་པོ་འི་རིང་ལ། ཡབ་འབངས་ནྀ་འཁུ། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉི་དགས་པོ།རྐོང་པོ། མྱང་པོ་ཀུན་ཀྱང་ལོག འུང་གྀ་འོག་ཏུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐའ་དག་དམགིས་གདབ་མྭི་དགོས་པར།ལུག་རྟུག་གིས་སྒྱུ་སྟེ།  ལྕེ་འྀ་ཐོར་ཐོ་ལ་བརྗོད་ནས། ཁྱིམ་གྲངས་མ་ཤོར་པར་ཡོངས་ཀྱིས་འདངས་རྣལ་མར་བཀུག་གོ ། ”ཞེས་  དུས་རབས་བདུན་པའི་སྐབས་དང་ཕྱི་ལོ་ ༦༡༧ དུས་སུ་སུམ་པ་འདི་ད་གཟོད་བོད་བཙན་པོའི་མངའ་ཁོངས་སུ་འབངས་རྣལ་མར་གྱུར་པ་གསལ་ལོ། ། སྤྱི་ལོར༧༥༥ལོར་སུམ་པ་ཞེས་པའི་རྒྱལ་ཕྲན་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མེད་པར་བཏང་བ་དང་། མཚམས་དེ་ནས་བཟུང་སུམ་པ་རྒྱལ་པོའི་ཁྱིམ་རྒྱུད་དང་རྒྱལ་ཕྲན་དེ་མཇུག་སྒྲིལ་བ་རེད།
གསུམ། འབྲི་རྒྱལ་ཁུ་བྱུག་རི་བཙན་དང་སུམ་པའི་རྒྱལ་ཕྲན་བར་གྱི་འབྲེལ་བ་བཤད་པ།
འབྲི་རྒྱལ་ཁུ་བྱུག་རི་བཙན་གྲགས་པའི་གནས་རི་གྲགས་ཅན་འདི་བེ་ཧུའི་རོང་མ་ཚང་གི་རྒྱབ་རི་ཡིན་ལ།དེང་དུས་སུ་འབྲི་སྟོད་རྫོང་དགོན་སར་ཞང་སྙི་ཆེན་སྡེ་བའི་མངའ་ཁོངས་སུ་ཡོད། རི་ལ་ཁུ་བྱུག་ཅེས་མིང་བཏགས་དོན་ནི་ཕལ་ཆེར་བོན་པོའི་རིག་གནས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་སྙམ། བོན་པོའི་ཡིག་ཚང་ནང་དུ་གནའ་སྔ་མོར་ཁུ་བྱུག་ཅེས་པ་ནི་ལྷ་དང་མི་བར་གྱི་་གསེར་ཟམ་སྦྲེལ་མཁན་ཞིག་དང་།  ལྷ་ཐམས་ཅད་མི་ཡུལ་དུ་སྤྱན་འདྲེན་མཁན་ཡང་ཁུ་བྱུག་ཡིན་པ་དང་། བོད་མིའི་རིགས་རུས་མཆེད་ཚུལ་སྐོར་ནས་སྲིད་པའི་སྒོང་ང་ལྔ་ལས་འགྲོ་བ་མིའི་རིགས་གྲོལ་ཚུལ་བཤད། དེའི་སྒོང་ང་ལས་ཐོག་མར་གཡུ་སྒོང་ནང་ནས་ཁུ་བྱུག་བྱུང་ཞེས་བྲིས་ཡོད་པས། རང་གི་བསམ་ཚུལ་ལྟར་ན་བོན་པོ་རྣམས་ཀྱིས་ཁུ་བྱུག་ནི་འགྲོ་བ་མིའི་རིགས་རུས་ཀྱི་མེས་པོ་དང་། མིའི་བསྟན་པ་དར་དུ་བཅུག་མཁན་ཡང་ཁུ་བྱུག་ཡིན་ཚུལ་འདོད།དེས་ན་ཁུ་བྱུག་རི་ཞེས་པའི་མིང་འདི་རང་ག་བ་ཞིག་མིན་ཚུལ་གསལ། དེའི་སྐོར་མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས་པའི་ཁུ་བྱུག་སྔོན་མོ་ཞེས་པའི་དེབ་དེ་ལས། “འོད་དེ་གུང་རྒྱལ་ལགས། མ་དང་ཡུམ་གི་མཚན། སྨན་དག་བཙུན་མོ་ལགས། དེ་གཉིས་བཤོས་པའི་སྲས། སྒོང་ང་ལྔ་རུ་སྲིད། མཆོང་སྒོང་སྨུག་པོ་དང་། དུང་སྒོང་དཀར་པོ། གཡུ་སྒོང་སྔོན་མོ་དང་། ཟང་སྒོང་དམར་པོ། ལྕགས་སྒོང་ནག་པོ་དེ་དང་ལྔ་རུ་བྱུང་། མཆོང་སྒོང་བསྡོལ་པའི་ནང་ཤེད་ནས། བྱ་མ་བྱིའུ་འདབ་གཤོག་ཅན། གནམ་ལྕགས་དབལ་མི་མཆུ་སྡེར་ཅན། སྒམ་ཕ་བང་ཡེར་ཟུག་ལགས།དུང་སྒོ་ནས་ཀྲུང་ཀྲུང་བྱུང་། གཡུ་སྒོང་ནང་ནས་ཁུ་བྱུག་བྱུང་། ”ཞེས་དང་། ཡང“ལྷ་བཙུན་ལག་སྐོས་གྱིས་ཞལ་ན་རེ། ཁྱེད་ཡི་ཚན་ཅན་གྱིས་བྱ་ལྔ་ཡིས། ལྷ་དང་མིའི་འཕྲིན་པ་གྱིས།མི་རུ་ལྷ་རྣམས་སྤྱན་འདྲེན་མཛོད། ”ཅེས་དེ་སྐད་གསུངས་པ་དང་། ཡང“ཁུ་བྱུག་སྔོན་མོས་གསུང་གཡང་སྒྲག ། ལྷའི་སྙན་དུ་འདོད་དགུ་ཐོས། ”ཞེས་ཁུ་བྱུག་ནི་བོན་པོ་དང་འབྲེལ་བའི་རིག་གནས་སྣང་ཚུལ་ཁྱད་པར་ཅན་ཞིག་ཡིན་སྣང་འཆར། ལྷག་པར་དུ་གནས་རི་དེ་སྔོན་གྱི་ཚེར་ནང་བསྟན་མ་དར་གོང་བོན་པོའི་རི་ཁྲོད་པ་མང་པོའི་འདུ་གནས་དང་སྒྲུབ་པ་ཉམས་ལེན་མཛད་ས་ཡིན་ལ། ད་ལྟའི་ཤེས་གསལ་ལྟར་ཁུ་བྱུག་རི་ལ་སྒྲུབ་ཕུབ་བཅུ་ཕྲག་ལྷག་ཡོད་ཚུལ་གསལ། དབེན་གནས་ཡ་མཚན་ཅན་དེ་ངག་རྒྱུན་དུ་ཁུ་བྱུག་དགའ་ཚལ་གླིང་ཞེས་འབོད། དེའི་སྐོར་འབྲི་ཆུའི་ཆུ་འགོའི་སྒ་སྐྱ་ལོའི་འབྲོག་པའི་རི་ཆུ་རིག་གནས་རྒྱ་ཆེར་བཤད་པ་དེབ་ཐེར་སྲིད་པའི་མེ་ལོང་ཞེས་པ་ལས། “དེ་དུས་གནས་འདི་ལ་ཁུ་བྱུག་དགའ་ཚལ་གླིང་ཞེས་པའི་དབེན་གནས་དགོན་སྡེ་ཞིག་ཀྱང་ཡོད་པ་སྒྱོགས་དུང་དགོན་པའི་ལོ་རྒྱུས་ལས་གསལ། སྒྱོགས་དུང་དགོན་པ་འདི་སྔར་ནང་བསྟན་མ་དར་གོང་དུ་བོན་དགོན་ཡིན་པ་དང་། དགོན་གནས་ཆགས་ས་ཁུ་བྱུག་རི་བཙུན་ཡིན་པར་བཤད། གནས་དེར་ད་ལྟའང་བོན་ལུགས་ཀྱི་མ་ཊི་མི་ཡེ་སོགས་རྡོ་ལ་བརྐོས་པ་མཐོང་རྒྱུ་ཡོད། དེ་དུས་དུས་གང་ཞིག་གི་མཚམས་ནས་སྒྱོགས་འབྲིང་ཁོག་ཏུ་གནས་སྤོས་ནས་མཁར་ཕུགས་བསམ་གཏན་གླིང་ཞེས་པའི་སྒྲུབ་དགོན་ཞིག་ཆགས། ”ཞེས་དང་།“བོན་བསྟན་མདོ་ཁམས་ཕྱོགས་སུ་དར་རྒྱས་བྱུང་སྐབས་བོན་པོའི་མཁས་པ་འགའ་ཤས་འབྲི་རྒྱལ་ཁུ་བྱུག་རི་ལ་སོགས་ལ་མཚམས་བཞུགས་ནས་སྒྲུབ་པ་སྙིང་བོར་མཛད་ཅིང་མཐའ་འཁོར་འབྲོག་སྡེ་དག་ལ་བོན་ཆོས་དང་བཅས་པ་བོད་བཙན་པོའི་རྒྱལ་ས་ནས་འཁྱེར་བའི་བོན་སྒྲུང་ལྡེའུ་གསུམ་གྱིས་མཚོན་པའི་རིག་པའི་ཤེས་བྱ་སྐོར་གདུལ་བྱའི་ཁམས་དང་མོས་པ་ལ་ལྟོས་ཏེ་ཐར་ཐོར་དུ་ཁྲིད་པ་དང་གཏམ་གླེང་བྱས་པས། རྒྱལ་བོའི་ཁབ་ལས་ཐག་ཤིན་ཏུ་རིང་བའི་མཐའ་འཁོབ་ཀྱི་བྱང་འབྲོག་དག་གིས་ཡ་མཚན་དང་དད་མོས་ཀྱིས་རིམ་བཞིན་བོན་ཤེས་པ་ཅན་དེ་དག་གཙུག་ཏུ་བཀུར་ནས་བོན་ཆོས་སྒྲུབ་པའི་དད་ལྡན་ཇེ་མང་དུ་སོང་། དེ་ལ་བརྟེན་ནས་འབྲི་མོ་གདོང་ཟོར་ཕྱོགས་བཅས་ལ་མཚམས་ཁང་རེ་ཟུང་བཞེངས་ཤིང་གདུལ་མང་ཙམ་འདུས། རིམ་གྱིས་རྒྱ་ཆེ་རུ་སོང་ནས་བོན་པོའི་མཚམས་ཁང་དེ་དག་མི་མང་འདུ་བའི་གླིང་ག་ཞིག་ཏུ་གྱུར། གནའ་ཤུལ་དེ་ལས་ད་ལྟའང་མ་ཊི་མུ་ཡེ་སོགས་བོན་ལུགས་ཀྱི་རྡོ་བརྐོས་ཕོན་ཆེན་མཐོང་རྒྱུ་ཡོད། ”ཞེས་གསལ་པོར་བྲིས་པས་ཁུ་བྱུག་རི་འདི་བོན་པོའི་རི་ཁྲོད་པ་མང་པོའི་འདུ་གནས་དང་ཡིན་པ་མ་ཟད་སུམ་པ་འབྲི་རྒྱལ་ལས་གྱེས་པའི་ཡན་ལག་གི་རྒྱལ་ཕྲན་ཞིག དེང་དུས་འབྲི་རྒྱལ་ཁུ་བྱུག་རི་བཙན་འབོད་པའི་གནས་རི་འདིའི་ཕར་ཚུར་ལ་གཞིས་ཆགས་མྱོང་བ་བདེན་དཔང་བྱ་ཐུབ།  འབྲི་ཞེས་པའི་མིང་འདི་ཐོག་མར་བོད་ཀྱི་རིགས་རུས་ཀྱི་མིང་དང་དེ་ནས་འབྲི་རྒྱལ་ཞེས་ཐོགས་པ་ནས་བཟུང་ཡུལ་ཁམས་དང་རྒྱལ་ཕྲན་གྱི་མིང་དུ་ཆགས་པ་དང་རིམ་གྱིས་ཕྱིར་རི་མིང་དང་ས་མིང་དུ་འཕོ་འགྱུར་ཅི་རིགས་ཤིག་འབྱུང་། ད་ལྟའི་ཕ་ཡུལ་ཤུལ་མངའ་ཁོངས་སུ་གཏོགས་པའི་འབྲི་རྒྱལ་རོང་གི་ས་ཆའམ་འབྲི་རྒྱལ་ཁུ་བྱུག་རི་བཙན་གྱི་ཉིན་ངོས་སུ་འབྲི་ཡི་རྒྱལ་པོའི་མཁར་ཤུལ་ཞིག་ཡོད་ལ། བཅིངས་གྲོལ་ཡར་སྔོན་དུ་རི་ཁྲོད་པ་འགའ་མཚམས་ཁང་ཚུལ་དུ་བཞུགས་མྱོང་། དཔེར་ན་རླངས་ཀྱི་པོ་ཏི་བསེ་རུ་ཞེས་པ་ལས། “རླངས་སྲས་རྒོད་ལྡིང་གིས། ལྷ་རུ་ལྷ་རྒོད་མདུང་རྩེ་མཆོད་ནས། འབྲུ་རྒྱལ་རོང་པ་ལ་དམག་དྲངས་པས། བང་རིམ་སུམ་བརྩེགས་དེ་ཆམ་ལ་ཕབ། དེའི་དཔའ་རྟགས་སུ། རོང་པོ་དབང་ལྡན་དེ་བསད། རོང་གི་བླ་གཡུ་དེ་ཐོབ། རལ་གྲི་ཟི་ཆེན་དེ་ཐོབ་ནས། འབྲུ་རྒྱལ་རོང་པོ་འདུལ་མི་ཡང་ལྷ་རིགས་རླངས་ཡིན། ”ཞེས་རླངས་སྲས་རྒོད་ལྡིང་ནི་དམུ་ཟ་ངང་མོའི་སྲས་སུ་འཁྲུངས་ཤིང་། ཁོང་ནི་བོད་བཙན་པོའི་སྐབས་སུ་སུམ་ཡུལ་གྱི་སྟོང་དཔོན་གལ་ཆེན་ཞིག་ཡིན་ཚུལ་གསལ། ལྷག་པར་དུ་བཙན་པོའི་སྐབས་ལ་ཁམས་འབྲི་ཀླུང་སྟོད་ཀྱི་ས་ཆར་འབྲི་དང་རླངས་ཀྱི་དཔོན་རིགས་མང་ལ། ཕྱིས་སུ་ཡུལ་འདི་ལྷ་རིགས་རླངས་ཀྱིས་མངའ་དབང་བསྡུས་ཡོད་ཚུལ་ཤེས་ཐུབ། ལྷ་རུ་ལྷ་རྒོད་མདུང་རྩེ་ནི་དེང་དུས་འབྲི་སྟོད་རྫོང་འབྲི་ཆུ་ཞང་རྒྱམ་ཆེན་སྡེ་བའི་མངའ་ཁོངས་སུ་ཡོད་ཅིང་། སྔོན་ཆད་ཤག་ཤུལ་བེ་ཅང་ཚང་གི་རྒྱབ་རི་ཡིན་སྲོལ་འདུག དཔེར་ན་དམངས་ཁྲོད་ལས་བུ་དཔའ་བོ་དཔའ་རྩལ་རྒོད་རྒྱུ་དེ། རྒྱམ་གྱི་ལྷ་རྒོད་མདུང་རྩེ་མཆོག་ཅེས་པའི་ངག་རྒྱུན་ཡང་འདུག ལྷག་པར་དུ་འདིའི་ནང་གི་རོང་པོ་དབང་ལྡན་ཞེས་པའི་རོང་པོ་ནི་ཨ་ལྕགས་འབྲུ་ཡི་རུས་རྒྱུད་ལས་མཆེད་པའི་རུསམཚོ་ཆེ་ཤོས་འགའ་ཡིན་ལ། རྒྱ་བོད་ཡིག་ཚང་ཆེན་མོ་ལས། “ཁྲི་ཟམ་འབྲུའི་ཆེ་དྲུག་དེ། ཤར་ན་ཀྱི་དང་རོང་པོ་གཉིས། ལྷོ་ན་བྷེ་དང་རི་ཐོ་གཉིས། སྨད་ན་འབྲོམ་དང་ང་ཀྲོ་གཉིས། ”ཞེས་པ་ལྟར་རོང་པོ་ནི་འབྲུ་ལས་མཆེད་པའི་ཆེ་དྲུག་རུས་ཚོ་དྲུག་གི་ཡ་གྱལ་གཅིག་ཡིན་ཚུལ་གསལ་ལ། རོང་པོ་དང་སྐྱུ་ར། སེ་རུ་སོགས་ནི་འབྲི་རྗེ་ལྷ་བུ་ཐོད་དཀར་གྱི་བུ་ཆུང་བ། ས་ཐེལ་ཁྲ་བོའི་གདུང་རྒྱུད་ལས་གྲོལ་པའི་སུམ་པའི་རྒྱལ་ཕྲན་ཆེ་ཤོས་འགའ་ཡི་མིང་ཡིན་ཞིང་། ཕྱིས་སུ་རྒྱལ་ཕྲན་གྱི་མིང་དེ་དག་མིའི་རུས་མིང་དང་ཚོ་བ་བར་གྱི་རུས་མིང་དུ་འགྱུར། དེང་སང་འབྲི་སྟོད་ཡུལ་ལ་རོང་པོ་ཞེས་ཐོགས་པའི་ཁྱིམ་རྒྱུད་ཀྱི་རུས་མིང་འབོར་ཆེན་ཞིག་ཡོད། གང་ལྟར་རླངས་ཀྱི་པོ་ཏི་བསེ་རུ་ནང་གི་འབྲུ་རོང་པོའམ། ལྷ་རྒོད་མདུང་རྩེ་བཅས་ཀྱི་ས་མིང་དེ་དག་དེང་སང་འབྲི་སྟོད་རྫོང་གི་ཡུལ་ན་རེ་རེ་བཞིན་མིག་ལ་མཇལ་རྒྱུ་དང་མཛུབ་མོ་མཛུབ་རྒྱུ་ཡོད།  དེས་ན་འབྲི་རྒྱལ་རོང་འདི་སུམ་པ་ནང་ཚན་ལས་གྱེས་པའི་རྒྱལ་ཕྲན་ཞིག་གི་མིང་ཡིན་ལ། དཔེར་ན་སུམ་པ་འབྲི་ཡི་རྒྱལ་པོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ཞེས་པའི་སུམ་པའི་ཡན་ལག་གི་རྒྱལ་ཕྲན་དང་། འབྲི་རྒྱལ་རོང་གི་རྒྱལ་ཕྲན་འདི་ཞིབ་ཏུ་དཔྱད་ན་འབྲི་སྟོད་ས་ཁུལ་འདི་ཡིན་པས། དེའི་སྐོར་ལོ་རྒྱུས་ཀྱི་རྫོང་མཐུག་པོ་ཞིག་ཡིན་པར་གོར་མ་ཆག ལྷག་པར་དུ་ཡུལ་འདི་འབྲི་ཆུ་ཆུ་འགོ་སྟོད་ལ་ཆགས་པའི་ཡུལ་ཞིག་ཡིན་པས། ཡུལ་འདིའི་སྔར་ནས་མིང་གཞན་ལ་འབྲི་སྟོད་གསོལ་ཞིང་། མི་ལོ་ཉིས་བརྒྱའི་ཡར་སྔོན་ནས་འབྲུག་ཁམས་སྤྲུལ་གྱི་གསུང་རྩོམ་ནང་དུ་འབྲི་སྟོད་ཉ་མཚོའི་ས་ཆ་དང་འབྲུག་མོའི་ཕ་ཡུལ་ཞེས་གཏན་ལ་ཕབས་འདུག དེའི་སྐོར་ལྷོ་བསྟན་འཛིན་ཉི་མས་བརྩམས་པའི་མདོ་ཁམས་དགེ་འབྲོང་ལོ་རྒྱུས་དེབ་ཐེར་ལྕི་ཟླའི་ཟེགས་མ་ཞེས་པ་ལས། “དགེ་རྒྱལ་ནག་ཚང་དཔོན་སྲས་མཁས་དབང་ཁམས་སྤྲུལ་ཆོས་ཀྱི་ཉི་མའི་རང་རྣམ་ལས་ཇི་ལྟར་གསུངས་པ་ཉིད་མ་བཅོས་སོར་བཞག་ཏུ་འགོད་ན། དེ་ཡང་བོད་ཀྱི་རུས་ཆེན། དབྲ་འབྲུ་ལྡོང་གསུམ་སྒ་དང་བཞི། ནུ་བོ་དབལ་ཟླ་གཉིས་དང་དྲུག་ལས། ལྡོང་གི་མི་རྒྱུད་ལས་རྨ་ཡུལ་གྱི་ས་ཡི་ཆ། བེ་རི་དམར་དུ་གྲགས་པར་སྡོད་གནས་ཆགས་པས་བེ་རི་དང་། དེ་ལས་ཧར་ལྡོང་ཚོ་བརྒྱད་དུ་གྱེས་པའི་ནང་ནས་སྡོད་གནས་རིམ་གྱིས་འཕོས་ཏེ། ཇ་པ་རྒྱལ་གྱི་དུས་སུ་འབྲི་སྟོད་ཉ་མཚོའི་ས་ཆ། ཟལ་དཀར་ཆོས་ཀྱི་རྒྱ་མཚོ། ཕུ་དྲུག་འོ་མའི་རྒྱ་མཚོ། འབྲི་གུ་གསེར་གྱི་རྒྱ་མཚོ་སྟེ་རྒྱ་མཚོ་རྣམ་གསུམ་གྱི་ཁར་ཆགས་པས་ཉ་མཚོ་དང་། ཇ་པ་རྒྱལ་དེ་ཡི་སྲས་ནམ་མཁའ་རྒྱལ་དང་། མཁའ་འགྲོ་རྒྱལ་གཉིས་ལས་མཁའ་འགྲོ་རྒྱལ་དེ་གཞི་བདག་ཨ་མྱེ་ཁུ་རྒན་གྭ་པའི་སྲས་སུ་གྲགས། སྨིན་མ་དཀར་པོ་ཡོད་པས་ནམ་མཁའ་རྫི་དཀར་ཟེར། ”ཞེས་གསུངས་པ་དང་། ཡང་ཁམས་སྤྲུལ་མཆོག་གི་རང་རྣམ་རང་ཚུགས་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ་ཞེས་པ་ལས། “སྔོན་གླིང་རྗེ་གེ་སར་གྱིས་ཇ་མ་སྐྱ་ལོ་འབྲུག་མོའི་འཁྲུངས་ཡུལ་བྱང་ནེ་ཆགས་ཕུ་དྲུགཨ་མྱེ་སྟག་རས་རི་བཀྲ། རྒྱ་རྗེ་དཀར་པོ། གསེར་མཚོ་གཡུ་མཚོ་སོགས་མིག་གི་ལྟད་མོར་བགྱིས། འབྲི་ཆུར་རྒྱམ་ཆེན་གྲུ་ནས་ཐོན་བིས་དུར་གསེར་ཁར་ཕྱིན། ”ཞེས་ཡུལ་འབྲི་སྟོད་ནི་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཕ་ཁྱིམ་ཡིན་ཚུལ་གསུངས་འདུག འབྲི་དང་འབྲི་ཆུ་ཞེས་བཏགས་དོན་ནི་གནའ་བོའི་སུམ་པའི་སྐབས་ཀྱི་རུས་རྙིང་ཞིག་ཡིན་ལ། ཕྱིས་སུ་རི་དང་ས་མིང་། ཆུ་སོགས་འཕོ་འགྱུར་ཅི་རིགས་ཤིག་མཆིས། དེས་ན་གནའ་བོ་སུམ་པའི་ནང་གསེས་སུ་གྱུར་པའི་འབྲི་རིགས་རྒྱུད་ཟམ་མ་ཆད་པར་གནའ་བོའི་དུས་ནས་ཕ་ཡུལ་ཤུལ་ས་ཆར་གཞིས་ཆགས་པའི་རུས་རྒྱུད། སུམ་པ་འབྲི་རྒྱལ་ལས་གྱེས་པའི་ཡན་ལག་གི་རྒྱལ་ཕྲན་ཞིག དེང་དུས་འབྲི་རྒྱལ་ཁུ་བྱུག་རི་བཙན་འབོད་པའི་གནས་རི་འདིའི་ཕར་ཚུར་ལ་གཞིས་ཆགས་མྱོང་བ་བདེན་དཔང་བྱ་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
༡གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་བརྩམས་པའི་མགོ་ལོག་རུས་མཛོད་ཅེས་པ་༡༩༩༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༨པར་གསལ། 
༢ གླིང་གེ་སར་རིག་གནས་ཞིབ་འཇུག་ལས་སྒ་སྐྱ་ལོའི་རིག་གནས་བཤད་པ་ཞེས་པ་༢༠༡༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༡༨༤པར་གསལ།
༣ ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག་ཅེས་པ་༢༠༡༣ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༩པར་གསལ།
༤ རྒྱལ་མོ་འབྲུག་པས་བརྩམས་པའི་རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ཞེས་པ་༢༠༡༦ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༢༢༤དང་༢༡༩དང་༢༢༠པར་གསལ།
༥གཅུང་བསྟན་བཟང་གིས་བརྩམས་པའི་སུམ་པའི་ལོ་རྒྱུས་སྲིད་པའི་མཛོ་རྭ་སྨུག་ཆུང་ཞེས་པ་༢༠༡༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༦༩པར་གསལ། 
༦ ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པ་༢༠༡༥ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༨༡པར་གསལ།
༧ དབུ་ནག་མིའུ་འདྲ་ཆགས། ཁུ་བྱུག་སྔོན་མོ་སྒྲ་དབྱངས་ཞེས་པ་༢༠༡༧ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས༢༢༧པར་གསལ།
༨ གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་ཞེས་པ་༢༠༡༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས༤པར་གསལ།
 ༩ དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་པ་༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༡༨༨པར་གསལ། 
༡༠ ཏྰ་སི་བྱང་ཆུབ་རྒྱལ་མཚན་གྱིས་བརྩམས་པའི་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ཞེས་པ་༢༠༡༣ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༣༢ནས༡༠༤ པར་གསལ། 
༡༡ འབྲི་ཆུའི་ཆུ་འགོའི་སྒ་སྐྱ་ལོའི་འབྲོག་པའི་རི་ཆུ་རིག་གནས་རྒྱ་ཆེར་བཤད་པ་དེབ་ཐེར་སྲིད་པའི་མེ་ལོང་ཞེས་པ་༢༠༡༧ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༡༦༥པར་གསལ།
༡༢  དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ཞེས་པ་༡༩༨༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༡༤པར་གསལ། 
༡༣ ལྷོ་བསྟན་འཛིན་ཉི་མས་བརྩམས་པའི་མདོ་ཁམས་དགེ་འབྲོང་ལོ་རྒྱུས་དེབ་ཐེར་ལྕི་ཟླའི་ཟེགས་མ་ཞེས་པ་༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་༢༣༢པར་གསལ། 
ཟུར་བལྟའི་དཔྱད་གཞི།
༡ སྒ་ཐག་ལུང་སྡེ་གཞུང་སྤྲུལ་སྐུས་བརྩམས་པའི་མདོ་ཁམས་སྒ་ལྡན་སྐྱུར་གསུམ་གྱི་ལོ་རྒྱུས་མདོར་བསྡུས།
༢ འབྲོང་བུ་གངས་སྐྱབས་ཀྱིས་བརྩམས་པའི་འབྲི་ཀླུང་སྟོད་ཀྱི་ས་མིང་།
༣ འབྲུག་ཁམས་སྤྲུལ་མཆོག་གིས་བརྩམས་པའི་རང་ཚུགས་ལྷུག་པར་སྨྲས་པ་མ་བཅོས་གཉུག་མའི་རང་གྲོལ།
འབྲེལ་ཡོད་འོས་སྦྱོར།