༄༅།།བོད་ལུགས་གསོ་རིག་ལས་རིམས་སྲུང་གི་ཐབས་ཤེས་འགའ་ཕྱོགས་བསྡུས་སུ་བཀོད་པ་ཕ་ཟོག་གཡང་གི་གཏེར་ཁ་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:ཚེ་རིག་བྱམས་བརྩེ་བོད་སྤོས་ཚད་ཡོད་སྤྱི་གཉེར་ཁང་།
དུས་ཚོད།:2020-02-11
ཀློག་གྲངས།:
༄༅།།བོད་ལུགས་གསོ་རིག་ལས་རིམས་སྲུང་གི་ཐབས་ཤེས་འགའ་ཕྱོགས་བསྡུས་སུ་བཀོད་པ་ཕ་ཟོག་གཡང་གི་གཏེར་ཁ་ཞེས་བྱ་བ་བཞུགས་སོ།།
ཧྲོང་བོ་ཚེ་བརྟན་རྒྱལ།
ཧྲོང་བོ་ཚེ་བརྟན་རྒྱལ།
འགོ་བརྗོད།
དེ་ཡང་འགོས་ནད་གཉན་རིམས་ཡམས་ནད་འདི་གནའ་ནས་ད་ལྟའི་བར་དུ་འགྲོ་བ་མིའི་ལུས་སྲོག་བདེ་ཐང་ལ་གནོད་འཚེ་ཆེ་བའི་ཤིན་ཏུ་མ་རུང་གདུག་པ་ཅན་གྱི་ན་ཚ་ཞིག་ཡིན་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། རྒྱལ་ཁབ་སོ་སོའི་ཆེས་མཐོའི་མི་དམངས་སྲིད་གཞུང་དང་འཕྲོད་བསྟེན་པུའུ་རིམ་པ་ནས་བཟུང་འདི་ལ་དོ་སྣང་དང་དོགས་འཛེམས། སྔོན་འགོག་བཅས་ཀྱི་བྱ་བ་གཙིགས་ཆེན་དུ་བཟུང་དང་འཛིན་བཞིན་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པ་དང་། སྤྱིར་རིམས་ནད་འདི་ལ་རིགས་ཤིན་ཏུ་མང་ཞིང་རྙོག་འཛིང་ཆེ་བས་ངོས་འཛིན་བྱེད་དཀའ་བ་དང་། ཁྱད་པར་དུ་སྔོན་བྱུང་མ་མྱོང་བ་དང་དེ་སྔ་སྲོག་ཆགས་དུད་འགྲོ་དང་འདབ་ཆགས་ཆུར་གནས་རིགས་ལ་མ་གཏོགས་འགོས་མཆེད་མི་འབྱུང་བ་རེ་གཉིས་ཀྱང་། ད་ལྟ་མིའི་རིགས་ལ་ཡམས་སུ་འགོས་ནས་འགྲོ་བའི་ཚེ་སྲོག་ལ་ཉེ་བར་འཚེ་བ་ཡང་མང་ནས་མང་དུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། དེ་བས་འདི་ལ་གོ་ལ་ཧྲིལ་བོའི་སྟེང་གི་ལུགས་མི་འདྲ་བའི་གསོ་བ་རིག་པ་སྣ་ཚོགས་ཀྱི་གཞུང་ལས་ཀྱང་ངོས་འཛིན་དང་བརྟག་བཅོས་སོགས་སྣ་མི་འདྲ་བ་དང་སྲོལ་མི་གཅིག་པ་ཅི་རིགས་ཤིག་མཆིས་པ་གོར་མ་ཆག་པ་དང་། དེང་དུས་ཀྱི་ཁྱབ་རྒྱ་ཆེས་ཆེ་བའི་གསོ་བ་རིག་པའི་ལུགས་ཆེན་པོ་གཉིས་ཏེ། ནུབ་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གཉིས་ལ་ཡང་རིམས་ནད་ཀྱི་ངོས་འཛིན་དང་དེ་ལུགས་ཀྱི་སྔོན་འགོག་བྱ་ཐབས། བརྟག་བཅོས་ཀྱི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཞིག་ལྡན་པ་སྨོས་ཅི་དགོས། འདིར་ཡང་རང་རེའི་བོད་ལུགས་གསོ་བ་རིག་པའི་རྒྱུད་དང་མཁས་པའི་ཉམས་ཡིག་རྣམས་ལས། རིམས་ཞེས་པའི་མིང་གི་འགྲེལ་བཤད་དང་། རིམས་ནད་ཀྱི་སྐྱེད་བྱའི་རྒྱུ། སྐྱེད་བྱེད་ཀྱི་རྐྱེན།རིམས་སྲུང་གི་ཐབས་ལམ། རིམས་ཀྱི་སྲུང་ཐབས་ལམ་དེ་ལ་ཡང་སྨན་གྱི་སྲུང་ཐབས་དང་། རྫས་ཀྱི་སྲུང་ཐབས། སྔགས་ཀྱི་སྲུང་ཐབས་བཅས་ལྡན་པ་ནི་དོན་ཚན་འགའ་ཡི་སྒོ་ནས་འགོད་པར་བྱའོ།།
དང་པོ། རིམས་ཀྱི་མིང་འགྲེལ།
དེ་ཡང་བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ལས། རིམས་ནི་རིམ་དང་དོན་གཅིག་ཀྱང་།སྤྱིར་བྱ་བའི་སྐབས་སུ་རིམ་དང་། བྱེ་བྲག་ནད་ཀྱི་སྐབས་འདིར་མ་ནོར་བའི་ཕྱིར་རིམས་ཞེས་ཡང་འཇུག་ས་སྦྱར་བ་ཡིན་ཏེ།འཇུག་སྒོ་དྲུག་ནས་རིམ་བཞིན་དུ་ལུས་ལ་ཞུགས་པའམ་གཅིག་ནས་གཅིག་ཏུ་རིམ་གྱིས་འགོ་བ་ལ་རིམས་ནད་ཅེས་བྱའོ།།(༢༠༠༦ལོའི་ཟླ་༨p༨༥༠)ཞེས་པ་དང་།འཆི་མེད་བདུད་རྩི་བུམ་པ་ལས། རིམས་ཀྱི་མིང་སྟོན་སྐབས། གསུམ(གསུམ་པ་མིང་བསྟན་པ་) གྱི་ཐ་མ་གཉན་ནད་དེ།། འདེགས་བྱེད་རླུང་གི་རྟ་ལ་ཞོན།། ཚ་བ་སྤྲུག་(རིམ་པས་)མའི་བེར་ཆེན་(ནས་)གྱོན།།མཆིན་མཁྲིས་ཚ་བའི་གནས་སུ་བབས།།རྒྱ་ནད་(མིང་གི་རྣམ་གྲངས་)མིག་སེར་ཞེས་ཀྱང་བྱ།།བལ་ནད་རིམས་ནད་ཞེས་ཀྱང་བྱ།།གཉན་ཚད་ཐོག་འབབ་ཅེས་ཀྱང་བྱ།།ནག་པོ་རྒྱུག་འགྱེལ་ཞེས་ཀྱང་བྱ།།ཅོག་འགྱེལ་ལྟག་དགྱེ་ཞེས་ཀྱང་བྱ།།ནག་པོ་སུམ་སྒྲིལ་ཞེས་ཀྱང་བྱ།།མིང་གི་རྣམ་གྲངས་བརྗོད་མི་ལང་།།(༢༠༠༦ལོའི་ཟླ་༡p༤)ཞེས་གསུངས་ཡོད་པ་དང་།གསོ་རིག་རྒྱུད་བཞི་ལས་ཀྱང་། དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར།།རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས།།ཞེས་གསུངས་པ་ལྟར་རོ།།(༢༠༠༦ལོའི་ཟླ་༥p༢༤༣)
གཉིས་པ། རིམས་ཀྱི་རྒྱུ་རྐྱེན་བསྟན་པ།
དཔལ་ལྡན་རྒྱུད་བཞི་ལས།རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི།།ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན།།མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད།།སྔགས་པ་རྣམས་ནི་རྡོ་རྗེའི་ནང་དམེ་དར།།དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད།།མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན།།སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད།།དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ།།ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས།།བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང་།།གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག།དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད།།ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར།།ཞེས་རིམས་ཀྱི་རྒྱུ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་གསུངས་ཡོད་པ་ལྟར་རོ།།(༢༠༠༦ལོའི་ཟླ་༥p༢༤༣)
གསུམ་པ། རིམས་སྲུང་བའི་ཐབས།
རིམས་སྲུང་བའི་ཐབས་ཚུལ་ལ་ཡང་སྨན་གྱི་རིམས་སྲུང་། རྫས་ཀྱི་རིམས་སྲུང་། སྔགས་ཀྱི་རིམས་སྲུང་བཅས་དོན་ཚན་གསུམ་གྱི་སྒོ་ནས་འགོད་པར་བྱའོ།།གཅིག སྨན་གྱི་རིམས་སྲུང་།
སྨན་གྱི་རིམས་སྲུང་འདི་ལ་ཡང་། ཁོང་དུ་བསྟེན་པའི་སྨན་དང་། ལུས་ལ་བྱུག་པའི་སྨན། སྐེ་རུ་འཆང་བའི་སྨན་བཅས་མཆིས་པ་རེད།
༡ རིམས་སྲུང་ཁྲོ་ཆུའི་རྫོང་ཆེན།
ༀ་ཨ་ཐ། སྨན་གྱི་ལྷ་དང་བླ་མ་ལ། ཀུན་ནས་དད་པས་ཕྱག་འཚལ་ལོ།།རིམས་ནད་ཐམས་ཅད་བསྲུང་བ་ལ།། དངུལ་ཆུ་རྟ་བོན་བྷི་ཥ་ནག།ཨ་རུ་ཤུ་དག་རུ་རྟ་དང་།།བཟང་དྲུག་སྟག་གླ་གུ་གུལ་ནག། ཤིང་གིའུ་ཝང་ཙན་དན་གཉིས།།དྲི་ཆུས་རིལ་བུ་སྲན་ཆུང་ཙམ།། ཐོ་རངས་དུས་སུ་རེ་རེ་བསྟེན།།གག་ལྷོག་གཟེར་དང་འབྲུམ་པའི་རིགས།། བདུན་དྲུག་ལ་སོགས་འགོས་ནད་སྲུང་།།ཨེ་མ་ངོ་མཚར་རྨད་དུ་བྱུང་།། འདི་ཡོད་སྐྱེས་བུ་ཁྲོ་ཆུའི་རྫོང་།།སྐུ་ཚེ་མཐའ་རུ་ཕྱིན་པར་ངེས།། ཀྱེ་མ་དུས་ངན་བསྐལ་མཐའ་འདིར།།སྲུང་བ་མི་ལྡན་སྨན་པ་ཡིས།། སྨྱོན་པའི་ཐབས་སུ་རིམས་ནད་བཅོས།།རང་སྲོག་རང་གིས་གཅོད་དང་མཚུངས།། དེ་ཕྱིར་ཟབ་གནད་འདི་ལྡན་མཛོད།།དེ་སྐད་ངྷརྨ་སྭྰ་མིས་བྲིས།། འགྲོ་བའི་ཚེ་སྲོག་བརྟན་པར་ཤོག། མན་ངག་བྱེ་བ་རིང་བསྲེལ་ལས།(༡༩༩༣ལོའི་ཟླ་༨p༥༡༨)
༢ རིམས་སྲུང་པདྨ་གླིང་བའི་གཏེར་མ།
༈ན་མོ་མ་ཧྰ་གུ་རུ་བྷྱཿ རིམས་ནད་མ་ལུས་སྲུང་བ་ལ།། ག(བུར)གུ(གུལ)གླ(རྩི)ཤུ(དག)ཤིང(ཀུན)བ་སྤྲུ་ཡུང(བ)།།བིག་པན་ཆང་སྦྱར་རིལ་བུ་ཡིས།།འགོས་ནད་མ་ལུས་ཡན་ཐུབ་ཟབ།།ཕྱེ་མ་བུ་ག་དགུ་ལ་བསྐུ།།བུད་མེད་ཉིན་གཉིད་ལ་སོགས་དང་།།རྩ་ཁ་འབྱེད་པའི་ཟས་སྤྱོད་སྤང་།།མེ་འབར་མཚོ་ནས་བཏོན་པའོ།། མན་ངག་བྱེ་བ་རིང་བསྲེལ་ལས།(༡༩༩༣ལོའི་ཟླ་༨p༥༡༩)
༣ གཡུ་ཐོག་པའི་སྨན་སྲུང་ཟབ་མོ།
༈ༀ་ཨ་ཐ།སྨན་གྱི་ལྷ་དང་བརྒྱུད་པར་བཅས་རྣམས་ལ།། གུས་པས་ཕྱག་འཚལ་དད་པའི་ཡིད་ཀྱིས་མཆོད།། གཡུ་ཐོག་པ་ཡིས་སྨན་སྲུང་འདི་ལྟར་བཤད།།དེའང་གཞུང་ལས།རྒྱལ་བོ་ཚོགས(ག་བུར་བཞི་ལས་སུམ་འགྱུར)སུ་འདོན་པ་དང་།།མགྲིན་བཟང་བཙུན་མོས(གིའུ་ཝང་ཐུན་གཉིས)ཁ་དོག་བསྒྱུར།།དུང་གི་འཁོར་ལོས་(ཆོས་སྨན)་ཁྱུ་སྣ་དྲངས།།བཀའ་ལས་མི་འདའ་དམག་མི་དྲུག(བཟང་དྲུག)། ཨར་ལ་གཏད་བྱེད་ཕོ་ཉ་བཞི། །(ཨ་ག་རུ་ཤིང་ཀུན་གླ་རྩི་མུ་ཟི) ། ཤང(ཤེད)ཤུགས་ལྡན་པའི་བློན་པོ་གཉིས(སྨན་ཆེན་ཤུ་དག)།།ལྕག་ཙན་གཉིས(ཡུང་བ་རྐང་གཅིག་ལྷོག་དུག་ནག་པོ)ཀྱིས་གཡུལ་ངོ་བཟློག ། དཔའ་བོ་གསུམ(གུ་གུལ་རྟ་ནག་བོན་སྒོག་གཅིག)གྱིས་རྩོད་པ་བཟློག ། ཀུན་དུ་རྒྱལ(གྲུབ་ཐོབ་དྲི་ཆེན)བས་ཕྱི་རྗེས་བསྲུང་།།མན་ངག་བླ་མའི(སྨན་རྣམས་ལེགས་པར་འཐག)ཞལ་ལས་ཤེས།། རིལ་བུ་ཡུངས་དཀར་ཙམ་དུ་དྲིལ།། ཁོང་དུ་རེ་རེ་གཏང་བར་བྱ།། རིམས་ནད་མེ་ལྟར་འབར་བ་ལ།། བུད་མེད་ཆགས་སྤྱོད་སྔོ་ངད་སྤང་།། ཉམས་ན་རིལ་བུ་འཕྲལ་དུ་བསྟེན།། ཤིན་ཏུ་ཟབ་པར་གཡུ་ཐོག་གསུངས།། མན་ངག་བྱེ་བ་རིང་བསྲེལ་ལས། (༡༩༩༣ལོའི་ཟླ་༨p༧༢༦ནས་༧༢༨)
༤ སྟག་སྒྲོ་རིམས་སྲུང་ལོ་མ་དྲུག་སྦྱོར།
༈ༀསྭ་སྟི། རིམས་ནད་སྔོ་ཡི་སྲུང་ཐབས་ནི། ། འཛིན་པ་ཐར་ནུ་སྟག་ཤ་བ། ། ཧོང་ལེན་རེ་ལྕག་མིང་ཅན་གྱི། ། ལོ་མ་ཁ་འབུས་སོས་དུས་བཏུ། ། གླ་རྩི་སྦྱར་ལ་དྲི་ཆུས་སྦྲུ། ། རིལ་བུ་སྲན་ཚད་ཞོགས་པ་བསྟེན། ། འགོ་བའི་ནད་རིགས་མ་ལུས་བསྲུང་། ། ཕྱེ་མ་ཆུས་ཕུལ་གག་ལྷོག་དང་།། གཟེར་ཐུང་བལ་ནད་རིམས་དང་གཉན། ། ཀུན་ལ་ཕན་པའི་གདམས་པ་མཆོག ། ར་ལུག་འབྲི་མཛོ་བ་ལང་དང་། ། ཤ་གནད་རྭ་གཞོབ་བ་བླ་དང་། ། སྟག་ཤ་སྤྱང་བྲུན་གུ་གུལ་ནག ། མིང་ཅན་ཟངས་རྩི་ཕུར་ནག་མོ ། ། བོང་ང་ཤུ་དག་ཞིབ་བཏགས་ལ། ། སྤྱི་བོ་སྐྲ་མཚམས་མཆན་འོག་གཉིས།།ལྟེ་བ་སྒོ་དགུ་ཐིག་ལེ་བྱ།། ཞོགས་པ་ལུས་ཀུན་ཁྱབ་པར་བྱུག། འདིས་ཀྱང་རིམས་ནད་བསྲུང་བར་འགྱུར། ། དགེ་བས་ལུས་ཅན་ནད་སེལ་ཤོག ། མན་ངག་བྱེ་བ་རིང་བསྲེལ་ལས།(༡༩༩༣ལོའི་ཟླ་༨p༥༠༩)
༥ ནད་གདོན་བསྲུང་བ་དབུ་སྙིང་མ།
མི་ཁྱི་ཕག་གསུམ་གྱི་བྲུན་དུར་བྱིད།ཟེ་ཚྭ་རྣམས་དགེ་སློང་ཆུར་སྦྱར་རིལ་བུ་སྲན་མ་ཙམ་འཆང་བ་དང་ཁོང་དུ་བཏང་བས་ནད་དང་གདོན་ཆགས་པ་ཀུན་ཐུབ་ཅེས་པདྨས་དབུ་སྙིང་བཞེས་པའི་གདམས་ཟབ་ཡིན།མི་ཕམ་སྨན་ཡིག་ཕྱོགས་བསྒྲིགས་ལས། (༡༩༩༢ལོའི་ཟླ་༥p༣༡༨)
༦ གི་ཝང་བདུན་པའི་རིམས་བསྲུང་།
གླ་རྩི་གི་ཝང་ཤིང་ཀུན་ཤུ་དག་བོང་ང་ནག་པོ་ཨ་རུ་ར་རྣམས་སྒོག་སྐྱས་བསྡུས་པའི་རི་ལུས་གཟེར་ཐུང་། རིམས་ནད་ཐམས་ཅད་སྲུང་། གི་ཝང་བདུན་པ་འདིས་རིལ་བུ་རེ་རེ་ཁོང་བཏང་ཞག་བདུན་རེ་སྲུང་ཐུབ། ལྟོ་སྟོངས་སུ་བཏང་། ཉམས་ང་མེད་པ་རྗེ་བཙུན་ཆེན་པོའི་གདམས་པ་ཟབ་བོ།། མི་ཕམ་སྨན་ཡིག་ཕྱོགས་བསྒྲིགས་ལས། (༡༩༩༢ལོའི་ཟླ་༥p༣༡༩ནས་༣༢༠)
༧ གཉན་བསྲུང་།
གཉན་བསྲུང་བ་ནི། བོང་ནག་ར་དུག་པ། གུ་གུལ་གསུམ་ཆ་མཉམ་ལ། བོང་ངའི་ཁ་གནོན་ལ་ཨ་རུ་ར་གསུམ་འགྱུར།གླ་བ།ཤིང་ཀུན་གཉིས་ཆུང་བར་བཏང་བའི་རིལ་བུ་ཁོང་དུ་བཏང་། ཡང་ན་དངུལ་ཆུ། མུ་ཟི། བོང་ང་། ཤུ་དག གུ་གུལ་དང་ལྔ་ཆ་མཉམ་པ་བྱིན་རླབས་ཅན་གྱི་ཆུས་སྦྲུས་པ་ཁོང་དུ་བཏང་།འདིས་གཉན་རིམས་བསྲུང་།གསོ་རིག་དགོས་པ་ཀུན་འབྱུང་ལས།(༢༠༡༣ལོའི་ཟླ་༤ p༥༢༩)
༨གཉན་ལྔའི་སྲུང་སྨན།
ནད་སྲུང་བ་ནི་གཉན་ལྔ་སྲུང་ན།བོང་དུག་བ་[པ]མུ་ཟི་ནག་པོ།གུ་གུལ་ནག་པོ་གསུམ་མམ།དེ་སྟེང་ཤུ་དག་ནག་པོ།ཡུང་བ་སེར་པོ།བོང་བ་ནག་པོ་ལྷོག་དུག་ནག་པོ་རྣམས་ཞིབ་བཏགས་དྲི་ཆུས་སྦྲུས་པ་ལ་ཧ་རི་ནི་ས་བཟླས་ཏེ་དེའི་ཐུམ་པོ་སྐེ་ལ་བཏགས་པས་ཐུབ།དོགས་པ་ཆེ་ན་ལྟོ་སྟོངས་ཁོང་དུ་བཏང་།མར་ནག་སྦྱར་ལ་སྣ་སྒོ་དང་ལུས་ལ་བྱུག་པར་ཡང་བཤད་དོ།། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༣༣༣ནས་༣༣༤)ལས།
༩ རྗེ་བཙུན་སྨན་བསྲུང་།
རྗེ་བཙུན་ཆེན་པོའི་ཞལ་གདམས་སོ། གསུམ་གྱི་སྦྱོར་བའི་མན་ངག་ལ། བོང་ང་ནག་པོ་ཆ་གཅིག་ལ།ཨ་རུ་ར་དྲུག་ལོག་བཏང་ལ་ལྕག་ཕོར་དུ་དྲི་ཆུ་ལ་ཡུན་རིང་དུ་སྦྱངས་ལ་རིལ་བུ་བྱ།གག་ལྷོག་ལ་རིལ་བུ་ལྔ་ལྔ་ཆུས་འཕུལ་ལ་བཏང་།རྗེས་ལ་མངར་དང་དཀར་དང་སྐྱུར་སྤང་ངོ་།།ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༤༠༨)ལས།
༡༠ རིམས་བསྲུང་།
སྨན་གྱིས་བསྲུང་བ་མེ་ཏོག་ལུག་མིག་བ།།ཞིབ་བཏགས་འོ་མར་བཏབ་སྟེ་བསྡུས་པ་ཡི།།ཁུ་བར་གླ་རྩི་ཤུ་དག་སྨན་ཆེན་དང་།།སྒོག་སྐྱ་བཅས་བཏགས་བཏབ་སྟེ་རྩ་སྟོང་ལ།།བཏང་ན་རིམས་ནད་ཐམས་ཅད་སྲུང་བར་ནུས།།མན་ངག་རིན་ཆེན་འབྱུང་གནས་ལས། (༡༩༩༧ལོའི་ཟླ་༡༢p༡༦༤)
༡༡ ལབ་ཀྱི་རིམས་བསྲུང་།
རྫས་ཀྱིས་བསྲུང་པ་བཙན་དུག་ཆོས་སྨན་དང་།།ཤུ་དག་གུ་གུལ་མུ་ཟི་གླ་བའི་རྩི།། བྱ་རྒོད་སྤོས་དང་སྒོག་སྐྱ་དྲི་ཆེན་ཉིད།། ཆུར་སྦྱར་རིལ་བུ་དྲིལ་ཏེ་ནང་རེ་བཞིན།། སུམ་ཡར་བཏང་སོགས་རིམས་ནད་འགོག་པར་བྱེད།།ལབ་སྐྱབས་མགོན་གྱི་སྨན་ཡིག་ལས། (༢༠༠༧ལོའི་ཟླ་༨p༩༣)
གཉིས། རྫས་ཀྱི་རིམས་སྲུང་།
རྫས་ཀྱི་རིམས་སྲུང་འདི་ལ་ཡང་།རྫས་དེ་གའི་དྲི་བདུག་པ།ལུས་ལ་བྱུག་པ།སྐེ་རུ་འདོགས་པ་བཅས་ཡོད་པའོ།།
༡ རིམས་སྲུང་དུད་སྦྱོར་ཚེ་དབང་ལུགས།
༈ན་མོ་གུ་རུབྷྱ༔ དུད་པའི་རིམས་ནད་སྲུང་པ་ནི། ། གུ་གུལ་ཤིང་ཀུན་ཤུ་དག་ནག ། སྨན་ཆེན་དུར་ཐོད་མི་སྐྲ་དང་། ། ཉུངས་ཀར་སྒོག་གཅིག་ཆ་མཉམ་ལ། ། རིལ་བུ་སྲན་ཙམ་ནང་རེ་བདུག །འགོས་ནད་མ་ལུས་སྲུང་བར་གྱུར། ། མན་ངག་བྱེ་བ་རིང་བསྲེལ་ལས།(༡༩༩༣ལོའི་ཟླ་༨p༥༠༠)
༢ ནག་པོ་དགུ་སྦྱོར།
ཨ་གར་ནག་པོ་གི་ཝང་བཙན་དུག་གསུམ།། གླ་བའི་རྩི་དང་ཤིང་ཀུན་ཤུ་དག་གསུམ།།མུ་ཟི་གུ་གུལ་རྒྱ་ཡི་སྣག་ཚ་གསུམ།།ཆ་མཉམ་ཕྱེ་མ་རིལ་བུ་གང་ཡང་རུང་།། ལུས་ལ་བྱུགས་སམ་ཡང་ན་བཏགས་ཀྱང་རུང་།།གཅིག་ཏུ་ས་བདག་ཀུན་གྱི་གཉེན་པོར་འགྱུར།།གཉིས་སུ་ཀླུ་ཡི་དུག་ལྔ་མ་ལུས་སེལ།། གསུམ་དུ་གཉན་རིམས་གདུག་པ་ཐམས་ཅད་འཇོམས།། བཞི་རུ་ལྷོག་པ་དཀར་ནག་ཁྲ་གསུམ་འཇོམས།།ལྔ་རུ་འབྲུམ་ནད་རིགས་རྣམས་མ་ལུས་བསྲུང་།།དྲུག་ཏུ་རྩ་ནད་རྒྱུ་གཟེར་རིགས་རྣམས་བསྲུང་།།བདུན་དུ་བལ་ནད་ཀླད་གཟེར་སྟོད་གཟེར་ཐུབ།།བརྒྱད་དུ་རྒྱ་ནད་མཁྲིས་པ་རྩར་རྒྱུག་ཐུབ།།དགུ་རུ་གདོན་དང་འགོ་ནད་ཐམས་ཅད་བསྲུང་།།འདི་སོགས་རྫས་འདིའི་ནུས་པ་བསམ་མི་ཁྱབ།།མན་ངག་རིན་ཆེན་འབྱུང་གནས་ལས།(༡༩༩༧ལོའི་ཟླ་༡༢p༡༦༢)
༣འབྲི་གུང་གསོ་རིག་གཅེས་བསྡུས་ཀྱི་རྫས་བསྲུང་།
ཡུང་དཀར་རུ་རྟ་གླ་རྩི་དང་༔ གུ་གུལ་མུ་ཟི་ནག་པོ་དང༔ ཁྲིམས་ནུས་ལྡན་པའི་དྲི་ཆེན་སྦྱོར༔ མི་རྟ་སྲོག་ཆགས་རིགས་གང་ཡིན༔སྐེ་ལ་བཏགས་ན་གྲིབ་དུག་སྲུང༔འབྲི་གུང་གསོ་རིག་གཅེས་བསྡུས་ལས།
༤བདུག་པའི་བསྲུང་བ།
བ་ལང་རྭ་དང་ཤིང་ཀུན་དང་། ། སྦྲུལ་གྱི་པགས་པ་པོ་སོ་ཆ། ། རས་བལ་ས་བོན་མི་ཡི་སྐྲ། །ནས་ཕུང་དང་ནི་བྲི་ཧ་ཏི། །སེར་པོ་རྣམ་གཉིས་ན་ལེ་ཤམ། ། རྨ་བྱའི་སྒྲོ་དང་ཤུན་པ་དང་། །ལྷ་ལ་ཕུལ་བའི་མེ་ཏོག་དང་། ། བ་ལ་སེར་མོ་ལྷན་གཅིག་སྦྱར། །ཡན་ལག་བཅུ་དྲུག་དུད་པ་འདིས། །བདུག་ན་ནད་རིམས་ཀུན་མེད་བྱེད། །ཡི་དྭཊ་གྲུལ་བུམ་ལུས་སྲུལ་པོ། ། ཤ་ཟ་གནོད་སྦྱིན་སྲིན་པོ་ལས། ། ཟིན་པར་གྱུར་པ་རྣམས་ཀྱང་གྲོལ། །ༀ་ན་མ༔ཙཎྜཀྲོ་ངྷྰ་ཡ། ཀུན་དྷ་ཀུན་དྷ། མུ་ཀུན་དྷ་ཀུན་དྷ། ཙནྔྷ་བུ་ཏྭ་ས་མ་ཡ་སྭྰ་ཧྰ། བདུག་པས་སྲུང་བ་རྩིབས་ཀྱི་མུ་ཁྱུད་འཛིན་ལ་གསུངས་བའོ།།མི་ཕམ་སྨན་ཡིག་ཕྱོགས་བསྒྲིགས་ལས།(༡༩༩༢ལོའི་ཟླ་༥p༣༢༦ནས་༣༢༧)
༥ ཨ་རུའི་རིམས་བསྲུང་།
ཨ་རུ་ར་ཟུར་བརྒྱད་ལུས་ལ་འཆང་བས་རིམས་མི་འོང་།མི་ཕམ་སྨན་ཡིག་ཕྱོགས་བསྒྲིགས་ལས།(༡༩༩༢ལོའི་ཟླ་༥p༦༩༥)
༦ རྫས་ཆེན་བཅོ་བརྒྱད་སྦྱོར་བ།
སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ།།རྫས་ཆེན་བཅོ་བརྒྱད་སྦྱོར་བ་ནི།།ལྷ་རུ་གསལ་བའི་དྲི་ཆེན [སྔགས་པ་ནུས་ལྡན] དང།། གླ་རྩི་སྤྱང་བྲུན་ཁྱི་བྲུན་དང།། ཚིལ་ཆེན་གུ་གུལ་ནག་པོ་དང་།། སྤྲུ་ནག་ཐར་ནུ་ཆུ་རྩ་དང་།།སྟག་ཤ་མཚུར་ནག་རྟ་མིག་གཞོབ།།ར་ཕོ་གཞོབ་དང་རྡོ་ནག་དྲེག མུ་ཟི་རྒྱ་ཚྭ་ཤིང་ཀུན་དང་།།རེ་ལྕག་རྩ་བ་ཞིབ་པར་བཏགས།།ལུས་ལ་བྱུག་དང་དུད་པས་བདུག།སྲུང་དང་གསོ་བའི་མཆོག་ཡིན་ནོ།། ནད་གདོན་ཐུབ་པར་ཐེ་ཚོམ་མེད།།རྫས་ཆེན་བཅོ་བརྒྱད་སྦྱོར་བ་འདི།། གོང་སྨན་དཀོན་མཆོག་ཕན་དར་གྱིས།།སློབ་བུ་འ་ཕ་བདེ་ཆེན[མངའ་རིས་ཕྱག་པ་] ལ།།འགྲོ་ཕན་གྱིས་གསུང་གནང་བ་ཡིན།། ཉམས་ཡིག་བརྒྱ་རྩ་ལས།(༡༩༩༨ལོའི་ཟླ་༧p༡༩༢)
༧ གག་ལྷོག་རིམས་བསྲུང་།
ཉུངས་དཀར་མུ་ཟི་གུ་གུལ་ནག། ཙན་དན་ཐལ་ཆེན་བྱ་རྒོད་སྤོས། ། དངུལ་ཆུ་ལོ་བཙན་ཨ་རུ་ར།།ཏི་ཚ་དེ་རྣམས་བསྲེས་བྱས་ལ། །མགོ་ལུས་ཁྱབ་པར་བསྐུ་བའམ།། ཡང་ན་རྐང་མཐིལ་ལག་མཐིལ་གཉིས།། མཆན་འོག་གཉིས་ཏེ་དྲུག་ཏུ་བསྐུ། །མར་དཀར་དང་བསྲེས་ནན་ཆེར་བྱུག དྲོ་གོང་ཤ་ཆང་འགྲངས་ངོམས་ལ། ། མེད་ན་སྒོག་ཆུ་ཕོར་གང་བཏུང་། །ཐེ་ཚོམ་མེད་པར་རིམས་ནད་ཐུབ། ། མན་ངག་གསེར་བྲེ་མ་དང་དངུལ་བྲེ་མ་ལས།
༨ རྫས་ཀྱི་རིམས་བསྲུང་རྡོ་རྗེ་ཕ་ལམ།
རྫས་ཀྱིས་སྲུང་བ་ནི་བཙན་དུག་དང་བདུད་རྩི་ཆོས་སྨན་ནམ་དེ་མིན་རྡོ་རྗེ་འཛིན་པའི་དྲི་ཆེན་དང་གླ་རྩི་དང་ཤུ་དག་དང་གུ་གུལ་ནག་པོ་དང་མུ་ཟི་སེར་ནག་བྱ་རྒོད་སྤོས་རྣམས་སྒོག་སྐྱ་དང་མིའི་དྲི་ཆེན་ཆུ་ལ་སྦྱར་བའི་ཁུ་བས་རིལ་བུ་བྱས་ལ་ནང་རེ་བཞིན་དུ་སུམ་ཡར་གཏོང་བ་སོགས་གོང་དུ་བཤད་པ་བཞིན་ཤེས་པར་བྱ། ཡང་ན་བཙན་དུག་དང་གླ་རྩི་དང་མུ་ཟི་སེར་ནག་དང་ཤུ་དག་ནག་པོ་དང་གུ་གུལ་དཀར་པོ་སྤོས་དཀར་དང་ནག་པོ་ངོ་བོ་གཉིས་དང་། སྒོག་སྐྱ་རྣམས་རང་རང་རླུང་ཁམས་མཐུན་པའི་དར་རས་ཀྱིས་གཏུམས་པའི་ཁྲོལ་བུའི་ཐུམ་བུ་སྐེར་བཏགས་ལ་ནང་རེ་བཞིན་སྣ་སྒོར་དྲི་མ་བདུག་པ་སོགས་དེ་ལྟར་བྱས་པས།རིམས་ཀྱི་ནད་བསྐལ་པའི་མེ་ལྟར་ཚ་བ་འབར་ཡང་རང་ལུས་རྡོ་རྗེ་ཕ་ལམ་དང་འདྲ་སྟེ་ནད་ཀྱིས་ཅིས་ཀྱང་མི་ཚུགས།ཕན་བདེ་སྙེ་མ(༢༠༠༦ལོའི་ཟླ་༨p ༥༡༩)ལས།
༩རིམས་བསྲུང་།
བཙན་དུག་གླ་རྩི་མུ་ཟི་སེར་དང་ནག། སྤོས་དཀར་གུ་གུལ་སྒོག་སྐྱ་ཤུ་དག་ནག། དར་རམ་རས་ཀྱིས་བཏུམ་པའི་ཁྲོལ་བུའི་ཐུམ།། རྐེད་བཏགས་ནང་རེ་བཞིན་དུ་སྣ་ཡི་སྒོར།། དྲི་མ་བསྣམ་སོགས་ལེགས་པར་བཅང་བ་ཡིས།།རིམས་ནད་བསྐལ་བའི་ཞུགས་ལྟར་ཚ་ནའང་།།རང་ལུས་གཞོམ་བྲལ་རྡོ་རྗེའི་ཕ་ལམ་འགྱུར།། ལབ་སྐྱབས་མགོན་གྱི་སྨན་ཡིག་ལས། (༡༩༩༤ལོའི་ཟླ་༤p༩༣ནས་༩༤)
༡༠ རིམས་བསྲུང་།
སྐབས་མེད་རང་གི་དྲི་ཆེན་དྲི་ཆུ་ཡིས།། བར[བ] སྤུའི་བུ་ག་དགུ་དང་ཚངས་བུག་བསྲུངས།། ལབ་སྐྱབས་མགོན་གྱི་སྨན་ཡིག་ལས།(༡༩༩༤ལོའི་ཟླ་༤p༩༣ནས་༩༤)
༡༡བསྲུང་བ་མེ་གལ་མ།
ན་མོ་གུ་རུ། སྲུང་བ་མེ་གལ་མའི་རྫས་ལ། ཏིལ་དཀར་ནག་གཉིས། མུ་ཟི་དཀར་ནག་གཉིས། ཤུ་དག་དཀར་ནག་གཉིས། གུ་གུལ་དཀར་ནག་གཉིས། ཤིང་ཀུན། རྟ་བོན། རྭ་གཞོན་གསུམ། གླ་རྩི་རྣམས་ཕྱེ་མར་སྦྱར་ལ ། སྔ་དྲོ་བྱ་ཁྭ་ཏའི་སྐད་མ་བྱུང་གི་གོང་དུ་མི་མང་རུང་ཉུང་ཀྱང་རུང་སྟེ་མེ་གལ་ལ་རྫས་ཐུན་རེ་བླུགས་ནས།མགོ་བོ་ཕུར་ནས་དུད་པས་བདུག་པས་ནད་རིམས་གདོན་རིགས་ཀུན་ལ་ཕན་ཞིང་བསྲུང་བའི་མཆོག་ཡིན། ཁྱད་པར་ནད་རིགས་ཐམས་ཅད་ཐུབ་པ་ཡི། ཕྱག་སྨན་ཆེར་རྗེ་རང་གི་ཁྱད་ཆོས་ཡིན། ཁུ་ཚུར་འབུམ་ལས།(༢༠༠༦ལོའི་ཟླ་༦p༣༦༡)
༡༢ ཕྱག་སྨན་རིམས་བསྲུང་།
ཟབ་ཧེ་ཧེ། ནད་རིམས་ལ་སོགས་སྲུང་ན། དངུལ་ཆུ་བཞིའམ་གཅིག་མུ་ཟི་ནག་པོ་ཞོ་ཕྱེད་ཤུ་དག་ཞོ་གང་། ར་རུ་བསྲེགས་པའི་གཞོབ་བ་དམར་གྱི་འོ་མ་ལ་སྦྱར་ལ། དཔྲལ་བའམ་མཛོད་སྤུར་བསྐུས་ན། ཕྱོགས་ངན་ལྟས་ངན་ལྷ་འདྲེའི་ཕོག་ཐུག་དང་ནད་རིམས་ཀྱི་གསེབ་ཏུ་ཕྱིན་ན། རྫས་ཀྱི་སྲུང་བ་འདི་ལས་ལྷག་པ་མེད། ཐུབ་པར་ཐེ་ཚོམ་མེད། ཕྱག་སྨན་མཁས་པའི་ཁྱད་ཆོས་ཡིན། ཁུ་ཚུར་འབུམ་ལས།(༢༠༠༦ལོའི་ཟླ་༦p༣༦༡ནས་༥༠༥)
༡༣ རིམས་ནད་བསྲུང་བའི་གདམས་པ།
རིམས་ནད་བསྲུང་བའི་མན་ངག་ནི། །གླ་རྩི་གི་ཝང་ཤིང་ཀུན་གསུམ། །ཤུ་དག་བོང་བ་ཨ་རུ་ར། །སྒོག་སྐྱས་བསྡུས་ལ་རི་ལུ་བྱ། །གཟེར་ཐུང་རིམས་ནད་ཐམས་ཅད་ཐུབ། །གི་ཝང་བདུན་པ་ཞེས་བྱ་སྟེ། །རི་ལུ་རེ་ཡིས་ཞག་བདུན་ཐུབ། །ལྟོ་སྟོང་དག་ལ་རེ་རེ་གཏང་། །དེ་ལ་ཉམ་ང་ཐེ་ཚོམ་མེད། །རྗེ་བཙུན་ཆེན་པོའི་ཞལ་གྱི་གདམས་པ་ཤིན་ཏུ་ཟབ་བོ།། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས།
༡༤ བུ་རལ་ནག་པོའི་སྦྱོར་བ།
སྨན་ཆེན་སྤྲུ་ནག་མུ་ཟི་སེར་ནག་གཉིས།། ཤ་ཆེན་སྒོག་སྐྱ་མཚུར་གཉིས་མཁན་ནག་རྩ།།གླང་གསུམ་རི་དྭགས་གསུམ་དང་ར་ཡི་རྭ།། རྭ་མེད་རྭ་ཡ་རྭ་གཞོབ་བཅས་པ་རྣམས།། ཆ་མཉམ་སྦྱར་བའི་རིལ་བུ་ཤུག་འབྲུ་ཙམ།། དྲིལ་ལ་མིག་ཕུག་ལེགས་པར་སྐམ་བྱས་ཏེ།།བལ་ནག་སྐུད་པས་བསྲུང་བྱའི་མགུལ་དུ་བཏགས།། ནད་རིམས་གདོན་བགེགས་བྱད་ཁ་ཕུར་ཁ་སོགས།། ཐམས་ཅད་ཐུབ་པ་པདྨའི་གཏེར་མ་འདི།།ཀུན་ལ་ཕན་ཕྱིར་ཉུང་བསྡུས་ཙམ་ཞིག་བཀོད།། མན་ངག་རིན་ཆེན་འབྱུང་གནས་ལས།(༡༩༩༧ལོའི་ཟླ་༡༢p༡༦༢ནས་༡༦ ༡ནས་༡༦༢)
གསུམ། སྔགས་ཀྱི་རིམས་སྲུང་།
འདི་ནི་གསང་སྔགས་བཟླས་ནས་རིམས་སྲུང་བའི་ཐབས་ཤེས་ཁྱད་པར་ཅན་ཞིག་སྟེ།དེ་ཡང་ཡི་དམ་སྒོམ་ཞིང་དེའི་སྙིང་བོའི་གཟུངས་སྔགས་གྲངས་མང་བཟླས་ནས་སྔགས་ཀྱི་ནུས་པ་ཁོ་ནས་རིམས་སྲུང་བའི་ཐབས་ཤིག་དང་།ཡང་ན་རྫས་གང་ཞིག་ལ་གཟུངས་སྔགས་བཟླས་ནས་བྱིན་གྱིས་བརླབས་པ་ལུས་ལ་འཆང་བ།ཡང་ན་གཟུངས་སྔགས་ཀྱིས་བྱིན་བརླབས་བརྒྱབ་པའི་རྫས་སམ་སྨན་གང་ཞིག་བདུག་པའམ་ལུས་ལ་བྱུག་པ།ཡང་ན་གཟུངས་སྔགས་ཤོག་ངོས་སུ་བྲིས་ཏེ་སྐེ་རུ་འདོགས་པ་སོགས་མཆིས་སོ།།
༡ ནད་བདག་འདུས་པ་བསྲུང་བའི་ཤོག་དྲིལ།
ཁྱད་པར་ནད་བདག་སྲོག་སྙིང་བསྲུང་བ་བསྟན༔ནག་པོ་སུམ་སྒྲིལ་གཟེར་ནད་བདག༔ཐམས་ཅད་འདུས་པ་ནད་བདག་ཡིན༔སྔགས་འདིས་གཟེར་ཞིང་བསྲུང་བར་བྱ༔ཨོཾ་སྲོག་སྔགས་ཚི་རྟུལ་རྟུལ་ཧ་ལ་བྷ་སྨུགས་ཤི་ཤི་ཧྲི་ཏྲཾ་ཙག་ཀྲི་རྦད་རྦད༔ཧ་ལ་བྷེ་སརྦ་མ་ཁ་རྦད༔དེ་ནི་བཟླས་ཅིང་མགུལ་དུ་བཏགས༔ཡུལ་ཁམས་རི་བོའི་རྩེ་ལ་བཏགས༔སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བཏུས།(༢༠༠༦ལོའི་ཟླ་༡p༡༦༣)
༢ ནད་བདག་བསྲུང་བའི་ཤོག་དྲིལ།
གླ་བ་ཤུ་དག་སྨན་ཆེན་དང་༔ མུ་ཟི་སྤྲུ་ནག་གུར་གུམ་བྱུག༔ རྩ་མནན་མདུང་སྐོར་བཞིན་དུ་བྲིས༔ རང་སྔགས་རྟེན་འབྲེལ་སྙིང་པོ་བཟླས༔ དགེ་སློང་ཁྲིམས་གཙང་མ་སྔགས་པ་དམ་ཚིག་ཅན་གཙང་མས་བྱ༔ མི་ལག་མི་བརྒྱུད་མགུལ་དུ་བདགས༔ བྱང་སེམས་ལྡན་བསྲུང་བ་སྦྱིན་པས་གཞན་ཕན་བྱ༔དུས་བཟང་གསུམ་ཚེས་བརྒྱད་ཉ་ཆེན་གནམ་གང་ལ་ཉེར་རེ་བཟླས༔ བདེན་པའི་སྟོབས་བརྗོད་གསུང་རབ་བསྒྲགས༔ ཟོར་དང་དྲག་པོའི་ལས་མི་བྱ༔ གོང་མ་སོར་གཞུག་ཁྲུས་ཆོག་བྱ༔ནན་ཏར་གདུག་ན་སྲོག་སྔགས་བཟླས༔ པདྨ་ང་ཉིད་མ་ལགས་ལ་མངོན་དུ་བསྟན་པ་མེད༔ སྲོག་སྔགས་མངོན་དུ་བསྟན་ནད་བདག་གིས་པ་མེད༔ ཨེ་མ་ངོ་མཚར་ཆེ་ཤིན་ཏུ་གསང་བར་གཞན་ལ་བྱ༔སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བཏུས།(༢༠༠༦ལོའི་ཟླ་༡p༡༦༣)
༣མིག་སེར་བསྲུང་བའི་ཤོག་དྲིལ།
སྐྱོབས་པའི་ལྷ་ལ་ཕྱག་འཚལ་ལོ༔མིག་སེར་ལུས་པོ་མིག་དང་སེན་མོ་སེར་པོ་འགྲོ་བ་འོང་སྒྱུར་བ་ཡིས༔ནད་བདག་ཕོ་མོའི་སྲོག་སྔགས་ཨོཾ་ཚལ་དུ་དང་༔བསྲུང་བའི་ཏྲིམ་ཛ་་རིམས ་[རིམ] ་པ་བསྟན་པ་ནི༔མཐོང་མཐིང་ལ་སོགས་པ་གཡུའམ་ཡངས་མ་ལགས་པ་སྔོན་པོ་ཡིས༔ཕྲེང་གཅིག་དུ་ནི་བྲིས་ལ་གདགས་[བཏགས]༔ཨོཾ་ཚལ་སྲོག་སྔགས་དུ་ཚལ་དུ༔ས་ཏ་སྲོག་སྔགས་བྷ་ན་ཤ་ཡ༔ ཏྲིམ་ཛ་བསྲུང་སྔགས་ཏྲིམ་ཛ༔ བྷ་རྦ་ཡ་ཕཊ་སྭྰ་ཧྰ༔བཙན་དུག་ནག་པོ་ཁྲག་གིས་བྱུག༔ དྲིར་གྲིར་ཤིང་དར་མའི་ལྤགས་[པགས] ་པས་བཏུམ༔ ཉི་མས་[མའི] ་གུང་ལ་བདུན་བདུན་བཟླས༔ རབ་གནས་མི་ལག་མི་བརྒྱུད་བཏགས༔རྒྱ་ནད་མིག་སེར་བསྲུང་བའི་འདེ་ཐུང༔ ཨེ་མ་ཤིན་ཏུ་གསང་བར་བྱ ༔སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བཏུས།(༢༠༠༦ལོའི་ཟླ་༡p༡༦༥)
༤ གཉན་བྱུང་དོགས་པའི་རང་བསྲུང་།
གཉན་བྱུང་དོགས་པའི་རང་བསྲུང་ནི། ། ཐུམ་བཾ་རུ་རྦད་ཁཾ་ཁྱུར། ཞེས་སོ། འབུམ་ཁུ་ཚུར་ལས།(༢༠༠༦ལོའི་ཟླ་༦p༩༢)
༥ཁྱུང་ནག་དྲག་པོའི་རིམས་སྲུང་།
སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔པདྨ་ཐོད་ཕྲེང་རྩལ་ལ་འདུད༔ཚེ་སྟོད་ཆོས་མཐོང་བསྙེན་པ་ཅན༔ཚེ་སྨད་བདུད་རྒན་ལས་རབ་ངས༔སྡུག་བསྔལ་ཅན་ལ་ཕན་འདོགས་ཕྱིར༔ཁྱུང་ནག་དྲག་པོའི་སྒྲུབ་ཐབས་བཤད༔ སྒྲུབ་པའི་གནས་ནི་པད་འབྱུང་གིས༔ཀླུ་འདུལ་མཛད་པའི་གནས་མཆོག་གམ༔ཡང་ན་རི་ཡི་རྩེ་མོར་སྒྲུབས༔ཐོག་མར་དེ་ལྟར་བྱ་བ་ལས༔རྒྱུན་གྱི་གནས་ནི་ངེས་མེད་ཆོག༔སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས༔རང་ཉིད་ཁྲོ་ཆུ་ལས་གྲུབ་པའི༔ཁྱུང་ནག་མེ་ཡི་རལ་བ་ཅན༔སྤུ་གྲིས་གཏམ་པའི་སྒྲོ་གཤོག་ལ༔རྭ་དང་མཆུ་སྡེར་གནམ་ལྕགས་ལས༔ཡོངས་གྲུབ་རྣོ་ངར་རབ་ཏུ་འབར༔སྤྱན་བསྒྲད་མཆེ་གཙིགས་ཁྱུང་སྐད་སྒྲོགས༔སྡེ་བརྒྱད་ཀླུ་གདོན་སྙིང་འདར་འགས༔ཐུགས་ཀར་ཉི་སྟེང་ཁྲོཾ་ཡིག་ནག༔སངས་རྒྱས་ཁྲོ་ཚོགས་ནུས་སྟོབས་རྫོགས༔དེ་ལས་མེ་འབར་འཚུབས་ཅིང་འཁྲུགས༔ནད་གདོན་ན་བུན་སྔོ་དམར་གྱི༔རྣམ་པར་ཕྱིར་དེད་ལུས་ཀྱི་ནི༔བ་སྤུའི་བུ་ཁ་རྣམས་ནས་ཐོན༔གཞན་ཡང་ལྷ་སྔགས་མེ་དཔུང་འབར༔དྲག་ཅིང་རྩུབ་པའི་ནད་དང་གདོན༔ཐལ་བ་བུན་བུན་བསྲེག་པར་བསྒོམ༔ བྱ་ཁྱུང་རྒྱལ་བོའི་ང་རྒྱལ་གྱིས༔ དྲག་སྔགས་གཅིག་མཆོག་འདི་བཟླས་སོ༔ ཨོཾ་ལྷང་ལྷང་ཙེར་ཙེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ༔ཐུཾ་ཐུཾ་གས་པུར་ནན་སོད་སོད༔ཁྱུང་ནག་སྔགས་རྒོད་སྤུ་གྲི་འདི༔ལུས་སེམས་སྔགས་ཆུ་ཟས་སྨན་ལ༔བཏབ་ཅིང་ཁོང་དུ་ཡང་ཡང་བསྟེན༔དེ་ཡི་ཕན་ཡོན་འདི་ལྟ་སྟེ༔གག་ལྷོག་དང་ནི་གཟེར་ཐུང་དང་༔ཆམ་པ་ཡོན་པོ་བྱིན་ལྷོག་དང་༔རྒྱུ་གཟེར་ནག་པོ་སུམ་སྒྲིལ་དང་༔མགོ་ཡོར་འགོ་བའི་འམ་རིམས་ནད་ཡིན་ནོ་ཅོག༔མཛེ་དང་དམུ་ཆུ་འབྲས་སྐྲངས་འབྲུམ༔ཀླུ་དང་ས་བདག་གནོད་པའི་རིགས༔ལྷན་སྐྱེས་རྨ་བརྒྱད་མ་ལུས་པ༔བསྲུང་དང་གསོ་གསད་ཐམས་ཅད་འགྲུབ༔ཁྱད་པར་འབྲུམ་བུའི་རིགས་གཉན་ཆེན༔ནད་རིགས་མཐའ་དག་བྱ་བརྒྱ་ནི༔འུར་གཅིག་གིས་ནི་དེད་པ་བཞིན༔དྲག་སྔགས་གཅིག་པུ་འདི་ཡིས་འཇོམས༔སྤྱིར་ནི་སྔགས་རྣམས་གང་ལ་ཡང་༔ གོང་བསྙེན་ཚད་དུ་འཁྱོལ་བ་གཅེས༔ཉ་སྟོང་དུས་ཆེན་རྣམས་དང་ནི༔ཉི་ཟླ་གཟའ་ཡིས་ཟིན་པའི་དུས༔ནན་གྱིས་བཟླས་པས་བཟླས་གྲངས་འཕེལ༔སྔགས་ཀྱི་གྲངས་ཚད་རྫོགས་པར་འགྱུར༔ནུས་བསྐྱེད་ཟ་ཡིག་དབྱངས་གསལ་འབུངས༔ནུས་པ་འཕྲལ་འཕྲལ་རྩལ་བསྐྱེད་འགྱུར༔ཐོ་རངས་ལྟོ་སྟོང་བཟླས་པ་དང༔མི་ཚིག་བར་མ་ཆད་པ་ལ༔ནུས་པ་རྣོ་ཞིང་བྱིན་རླབས་ཆེ༔ཐེ་ཚོམ་ཡིད་གཉིས་སྤངས་པ་དང་༔སྒྲ་དག་གྲྭ་ཟུར་མ་ཉམས་དང་༔བརྒྱ་སྟོང་ཁྲི་འབུམ་ནད་ཚབས་སྦྱར༔མ་གྲུབ་བར་དུ་ཡང་ཡང་བསྐྱར༔འདི་དག་མན་ངག་ཀུན་གྱི་ཆིངས༔ ཁྱུང་ནག་དྲག་པོའི་སྤུ་གྲི་འདི༔ བསྲུང་དང་གསོ་དང་གསད་པ་གསུམ༔ ཅིག་ཆར་གྲུབ་པས་ཁྱད་པར་ཟབ༔དུས་ངན་ཆུ་བྱི་ཆུ་གླང་ལོར༔ནད་རིམས་མིང་མི་ཐོགས་པས་གང་༔དེ་ཚེ་ཉམས་[ཉམ]ཐག་སེམས་ཅན་དོན༔ བདུད་རྒན་ལས་རབ་རྩལ་གྱིས་སྤེལ༔འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ མངྒ་ལཾ།།ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༢༤༠ནས་༢༤༡)ལས།
༦གཉན་སྲུང་སྔགས་ཆེན།
སྔགས་ཆེན་འདི་ཡང་ཁོང་དུ་བརྡེག༔ཨོཾ་ནྰ་ག་ཤ་ར་སྟག་ཤ་སྐམ༔ མ་མ་ཀོ་ཤན་ཙ་རོ་ཁོད་ནི་བཛྲ་ཧྰུཾ་ཕཊ༔སྔགས་ཆེན་འདིས་ནི་གཉན་གྱི་རིགས༔མཐའ་དག་སྲུང་གསོ་གསད་བྱེད་མཆོག་མ་ཎི་བྷིརྨ་ཀ་ལས་ཐོབ།སྐྲངས་དང་ཆུ་སེར་ཐམས་ཅད་ཐུབ༔ཉི་མ་བདུན་པས་ཚ་བ་ཡི༔སྔགས་འདིས་རྒྱ་མཚོ་སྐེམ་ནུས་ན༔ ཆུ་སེར་ནད་ལ་སྨྲས་ཅི་དགོས༔ ཞེས་སོ།། མངྒ་ལཾ།། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༢༤༠)ལས།
༧ རིམས་སྲུང་གཏེར་མ།
རིམས་དང་གྲིབ་དང་མི་གཙང་བ་སྲུང་ཞིང་ཞི་བར་འདོད་ན།རང་ཉིད་རྟ་མགྲིན་ལྕགས་རལ་ཅན་དུ་བསྒོམ་ནས་ཚན་སྤོས་ཀྱི་ཆུ་ལ་སྔགས་འདི་བཏབ། ཨོཾ་བྷུར་ཁུམ་མ་ཧཱ་པར་ན།གྷ་ཙེ་གྱུད་ཙེ་བི་མ་ན་སེ་བྷི་ཏ་ཀྲོ་ཏ།ཨོཾ་ཤིག་གྷན་ལིང་ཧཱུྃཧཱུྃ་ཕཊ་ཕཊ་སྭཱ་ཧཱཿཨོཾ་བཛྲ་རི་ལི་ཕུ་ད་ར་ཤཧུ་ར་བ་ཤ་ཡ་མ་དུ།པྲ་མ་ལི་ཁ་ཡོལ་བ་ཧཱུད།ན་མ་ཡེ་སྭཱ་ཧཱཿཆུ་དེ་ལྟོ་རུ་བཏང་ཞིང་ཁྲུས་བྱས་པས་གྲིབ་རྩོག་ཀུན་ཐུབ་པར་ཐེ་ཚོམ་མེད་ཟབ་བོ།།གུ་རུ་རཊྣ་གླིང་པའི་གཏེར་མ་ལགས་སོ།།སྔགས་འདི་ནི་གྲིབ་དང་མི་གཙང་བ་གཙོར་གྱུར་ནད་གདོན་དྲག་པོ་གང་ལ་ཡང་ཟབ་པར་མངོན་ནོ།།ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༩༠ནས་༩༡)ལས།
༨ ནད་བརྒྱ་སྔགས་གཅིག་རིམས་སྲུང་དམ་པ།
ནད་བརྒྱ་སྔགས་གཅིག་རིམས་སྲུང་དམ་པ་ནི། ནག་ཤི་རི་རྦདཿ ཅེས་སོ།། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༩༢)ལས།
༩ མཁའ་འགྲོའི་རིམས་སྲུངས།
མཁའ་འགྲོས་འགོ་ནད་བཟློག་པ་ལ་རང་ཕག་མོར་བསྒོམ།ཤུ་དག་ནག་པོ།ཡུང་བ།བཙན་དུག་དང་གུ་གུལ་ནག་པོ་བཞི་སྦྱར་སྔགས་འདི་བཟླས།ཧ་རི་ནི་ས་ར་ཙ་ཧྲི་ཡཿབྷར་ཞི་བྷུར་ཞི་ནནཿཔྲ་མོ་ནནཿཞོ་ནནཿདཾ་བྷྱོཿཡཀྨོ་བྷྱོཿསྙིང་གཟེར་བྷྱོཿའབྲས་གཟེར་བྷྱོཿའབྲུམ་གཟེར་བྷྱོཿརྒྱུ་གཟེར་བྷྱོཿལྷོག་གཟེར་བྷྱོཿརིམས་གཟེར་བྷྱོཿསོང་སོང་འདྲེ་མཱ་ར་ཡཿའདྲེ་ཁ་ཐཾ།ཆེ་གེ་མོ་ལ་སྲུངས་ཤིག་སྲུངས་ཤིགཿརིམས་ནད་ཆར་ལྟར་བབས་ཀྱང་ཐུབ་བོ་ཞེས་ཁྲོས་ནག་ལས་ཚོགས་སོ།།
ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༩༢ནས་༩༣)ལས།
༡༠ རྒྱུད་ཀྱི་རིམས་སྲུང་།
ཨོཾ་ཨཱཿ་ཧཱུྃ་ཁ་ར་ཁ་ར་ཧ་ར་ཧ་ར་སྭཱ་ཧཱཿསྔགས་འདི་བཟླས་ལ་སྣར་ཕུ་བྱས་པས་རིམས་ནད་མ་བྱུང་བ་སྲུང་ཞིང་བྱུང་ཟིན་ན་ཡང་གསོ་ཞེས་རྒྱུད་ལས་སོ།། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༩༣)ལས།
༡༡ རིམས་བསྲུང་སྔགས།
ཡང་ཨོཾ་ཀུན་འབྲུམ་མ་མ། ཤལ་ཤལ། ནད་ཀྱི་བདག་མོ་ལ་སྭྰཧྰ། ནད་སོད། རིམས་སོད། ཆམ་སོད། གློ་ཆམ་སོད། མ་མོའི་གཟེར་ནད་ལ་སྭྰཧྰ། སྟོང་ཕྲག་གསུམ་པོ་གོང་བསྙེན་བྱེད།། སྔགས་བགྲང་པའི་དུས་ཐམས་ཅད་དུ་བུད་མེད་དང་ཁྱིས་མ་ཚོར་བར་བྱེད་པ་འགངས་ཆེ། སྔགས་འདི་མང་དུ་བགྲངས་པས་རིམས་ཆུང་གི་ན་བའི་གཡོག་བྱས་ཀྱང་རང་ཉིད་མི་འགོ་བ་ལག་ལེན་ཡིན། འབྲོང་རྩེ་བེ་བུམ་ལས།(༢༠༠༥ལོའི་ཟླ་༥p༢༢༢ )
༡༢ཆམ་པ་བསྲུང་བ།
ཆམ་པ་ལ། རའི་སྲེ་ལོང་ལ་སྤྲེའུའི་ཁ་མིག་སྟོད(གཏོད)ལ། དེ་ལ་སྔགས་འདི་བཏབ་ཀྱིས་སྣ་ཁུང་དུ་སུག་སུག་བྱའོ།། ཨོཾ་ཁྱེ་མེར་འདུར་འདུར་སྭྰ་ཧྰ། ཡང་ཆུ་བསྐོལ་ཚྭ་མེད་པ། མ་འཐུང་བར་རང་གི་ཁ་ནས་གསུམ་ཆ་དབོ།ཞབས་སུ་སུམ་ཆ་ལུས་པ་དེ་བཏུང་ཞིང་།ཕྱེ་ཇ་རྩམ་ལྟར་འགམ་མོ།།བཅུད་དང་ཚྭ་བྲོ་ཉིན་མོའི་གཉིད་ལས་དྲག་ཤུལ་བསྲུང་ངོ་།ཡང་སྔགས་འདི་བཟླས་ཤིང་སྣ་ནས་ཡར་བུས་ན།ཆམ་པ་དང་ཚད་པའི་ནད་ཐམས་ཅད་ལ་ཕན་ནོ། ། ཨོྃ་བི་སོ་ར་ད་བི་སོ་ར་དེ་སྭྰཧྰ།ཆམ་པ་ལ་གོ་སྙོད་ཕྱེ་མར་བཏགས་པ་སྣ་ནས་ཡར་བདུགས་ན་ཕན་ནོ། །
གསོ་རིག་དགོས་པ་ཀུན་འབྱུང་ལས།(༢༠༡༣ལོའི་ཟླ་༤ p༥༦༧)
༡༣གློ་ཆམ་བསྲུང་བསྔགས།
ཚད་པའི་ནད་ལས་གྱུར་བའི་གློ་ལ་ཆམ་པ་ལ་སྔགས་འདི་བཟླས་ལ་མཆིལ་མ་མིད་པར་གཏོང་།། ཨོཾ་རྩི་མུན་བུན་འདྲི་མེ་སྭྰཧྰ།ཤིན་ཏུ་ཟབ།
གསོ་རིག་དགོས་པ་ཀུན་འབྱུང་ལས།(༢༠༡༣ལོའི་ཟླ་༤ p༥༦༧)
༡༤ཆམ་པ་བསྲུང་ཐབས།
ཆམ་པ་བསྲུང་བ་ནི། རའི་སྲེ་ལོང་ལ་སྤྲེའུ་གདོང་པ་བྲིས་ཏེ་ལུས་ལ་བཅང་། ཆམ་པ་ཧ་ཅང་སྡུག་ན། ཨོཾ་ཁྲེ་མེ་ཧུར་ཧུར་སྭྰཧྰ། ཞེས་པའི་སྔགས་བཟླས་པས་ཐུབ།འབུམ་ཁུ་ཚུར་ལས།(༢༠༠༦ལོའི་ཟླ་༦p༢༡༠)
༡༥རིམས་ཆམ་བསྲུང་བའི་རྟ་ཟི་དམར་པོ།
རྟ་ཟི་དམར་པོའི་སྦྱོར་བ་ནི།།འཛིན་པའི་རྩ་བ་འབྲི་ཚིལ་མ(ཞོ་གང་)།།སྟག་ཤ་(ཞོ་གང་)ཚེར་སྔོན་ཨ་ཕྱག་ཟུང་(ཞོ་གང་)།།ཚོས་(ཞོ་གང་)བཙོད་(ཞོ་གང་)ཅུ་གང་(སྲང་གང་)གུར་གུམ་(སྲང་གང་)དང་།།གླ་རྩི་(ཕུན་ལྔ་)གུ་གུལ་(ཞོ་གང་)རུ་རྟ་(ཞོ་གང་)དང་།།གཡའ་ཀྱི་(ཞོ་གང་)ཨ་རུ་ར(ཞོ་གང་)་མ་ནུ(ཞོ་གང་)།།སྤང་རྩི(ཞོ་གང་)་ཏིག་ཏ(ཞོ་གང་)་སེ་མེ་ཏོག(ཞོ་གསུམ)།ནད་འཁྲུ་ཐར་ནུ(ཞོ་བཞི)་ཐུན་བཞི་སྦྱར།།བྱིས་པའི་དྲི་ཆུས་འདམ་འཐག་བྱ།།རིལ་བུ་བྲ་རིལ་ཙམ་དུ་བསྒྲིལ།།རིན་ཆེན་མཚལ་གྱི་ན་བཟའ་གསོལ།།རིལ་བུ་གསུམ་ལྔ་ཆུ་ཁོལ་ཕུལ།།རིམས་དང་ཚད་པ་ཐམས་ཅད་དང་།།ཁྱད་པར་གློ་ཚད་གཟེར་ཐུང་སོགས།།ཆམ་པ་སྟོབས་ཆེན་མ་ལུས་འཇོམས།།(ཆམ་རིམས་བསྲུང་བར་ཁོང་དུ་བསྟེན་པ་དང་།ཡང་ན་ཐུམ་དུ་བཅུག་ནས་ལུས་ལ་བཅིང་ནའང་ཆོག)གསོ་རིག་ཟིན་ཏིག་གཅེས་བསྡུས་ལས།(༡༩༧༦p༢༦༡)
༡༦ རིམས་ཆམ་བསྲུང་བའི་སྤང་རྩི་བཅུ་གཉིས།
སྤང་རྩི་དོ་བོ་བོང་དཀར་སྟག་ཤ་དང་།།བར་བ་ཏ་དང་བདུད་རྩི་ལོ་མ་མཉམ།།ཅུ་གང་གི་ཝང་གུར་གུམ་ཙན་དན་དཀར།།བྲག་ཞུན་གླ་རྩི་གུ་གུལ་ནག་པོ་སྦྱར།།སྟོད་ལུགས་སྤང་རྩི་བཅུ་གཉིས་ངོ་མཚར་ཅན།།གཉན་ནད་མ་ལུས་གསོད་པར་བྱེད་པའི་མཆོག།རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན།།(ཆམ་རིམས་བསྲུང་བར་ཁོང་དུ་བསྟེན་པ་དང་།ཡང་ན་ཐུམ་དུ་བཅུག་ནས་ལུས་ལ་བཅིང་ནའང་ཆོག)
གསོ་རིག་ཟིན་ཏིག་གཅེས་བསྡུས་ལས།(༡༩༧༦p༢༥༩)
༡༧གློ་ཆམ་སྲུང་ཐབས།
གློ་ཆམས་[ཆམ]་སྲུང་ན།གུ་གུལ་དཀར་པོ་དྲི་ཆུར་སྦྱར་བར་ཧ་རི་ནི་ས་བཟླས་ཏེ་ཐོ་རེངས་བྱ་མ་གྲགས་གོང་ཁོང་དུ་བཏང་བས་ཐུབ། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ(༢༠༠༧ལོའི་ཟླ༨P༣༣༤)ལས།
མཇུག་གི་གཏམ།
དེ་ཡང་རྗེ་གཡུ་ཐོག་པས་ཇི་སྐད་དུ།ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ནམ་མཁའ་དང་མཉམ་པའི་ཕན་ཐོགས་འབྱུང་བར་འགྱུར་རོ།།ཞེས་གསུངས་པ་བཞིན་དུ།དེང་དུས་འཇིག་རྟེན་ཁམས་སུ་དུས་ནམ་ཡིན་ལ་ངེས་པ་མེད་པ།རྒྱལ་ཁབ་དང་ས་གནས་ལ་དབྱེ་བ་མ་མཆིས་པ།ངོ་བོ་དང་རྒྱུ་རྐྱེན་ངོས་འཛིན་དཀའ་བའི་ཡམས་ནད་མི་ཡུལ་དུ་མཆེད་པའི་དུས་འདི་རུ།རང་རེ་རི་ཁ་བ་ཅན་གྱི་གསོ་རིག་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་སྟེ། རྗེ་གཡུ་ཐོག་གསར་རྙིང་རྣམ་གཉིས། རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས།ཁམས་ཀྱི་འཇམ་མགོན་རྣམ་གསུམ་ལས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་རྣམ་གཉིས།འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ། རྗེ་བཙུན་གྲགས་པ་རྒྱལ་མཚན། གོང་སྨན་དཀོན་མཆོག་འཕན་དར།གོང་སྨན་དཀོན་མཆོག་བདེ་ལེགས།ཕྱག་སྨན་ཆེར་རྗེ། ཁམས་གཙང་འབྲུག་རྒྱལ།འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས། འབྲི་གུང་ཆོས་གྲགས།ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་སོགས་ཀྱིས་མཚོན་པའི་གསོ་རིག་དྲན་དབང་དག་གི་ཉམས་ཡིག་གི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་གཉན་རིམས་ཀྱི་སྲུང་བ་དང་འགོག་བཅོས་ཀྱི་མན་ངག་གི་ནོར་བུ་རིན་པོ་ཆེ་ཉུང་བསྡུས་སུ་བཀོད་པ་འདི་རྣམས་ཀྱི་གཟི་བྱིན་གྱི་ནུས་པས། འཛམ་གླིང་གི་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་གི་ལུས་སྲོག་གི་བདེ་ཐང་ལ་ཕན་པ་བརླབས་ཆེན་དང་འགྲོ་དོན་རྒྱ་ཆེན་འཁྱོངས་པའི་རྒྱུ་རུ་བསྔོའོ།།མཐར་སྨྲས་པ།
སཱ་ལའི་སྨན་ལྗོངས་འཛམ་གླིང་ཟེ་བ་ནས།།
དཔན་ལྡན་རྒྱུད་བཞི་གཙོ་བྱས་སྨན་གྱི་གཞུང་།།
གསོ་རིག་མཁས་པའི་མན་ངག་བཅུད་བསྲུབས་པའི།།
ཡམས་ནད་འགོག་བཅོས་གདམས་པ་ཟབ་མོ་འདི།།
གསེར་སྲང་སྟོང་གིས་ཁུག་མིན་རིན་ཆེན་ནོར།།
མེས་པོ་བཀའ་དྲིན་ཅན་གྱི་གདམས་པ་ཡིན།།
མི་རབས་མང་པོའི་འཆི་མེད་ཚེ་འཛིན་ཡིན།།
ཉམ་ཐག་ནད་པའི་སྲོག་གི་ཆད་མཐུད་ཡིན།།
འགོས་རིམས་ཉེར་འཚེ་འཇོམས་པའི་ཐོ་བ་ཡིན།།
གཉན་ནད་མེ་ལྕེ་མཆེད་པའི་ཁ་གནོན་ཡིན།།
ཡམས་ནད་ཤ་འོད་རྡོལ་བའི་གདོང་ལེན་ཡིན།།
འགྲོ་བའི་དུཿཁ་སེལ་བའི་བདུད་རྩི་ཡིན།།
བུ་རབས་ཚ་རྒྱུད་མང་པོའི་སྙིང་ནོར་ཡིན།།
བསྐལ་བར་འཛད་མཐའ་བྲལ་བའི་ཕ་ཟོག་ཡིན།།
མཁའ་འགྲོའི་སྙིང་ཁྲག་ཁོལ་དུ་ཕྱུངས་པ་འདི།།
གངས་ཅན་བོད་པ་གཙོ་བྱས་ཀྲུང་གོའི་མི།།
དུང་ཕྱུར་བཅུ་གསུམ་མི་རིགས་ང་དྲུག་དང་།།
རྒྱ་གར་རྒྱ་སེར་མི་ནག་ལ་སོགས་པའི།།
མི་གྲངས་དྲུང་ཕྱུར་དྲུག་ཅུ་ལྷག་ཙམ་གྱི།།
འགོས་རིམས་གདུག་པའི་གནོད་པ་ཟློག་ཕྱིར་དང་།།
འཛམ་གླིང་གསོ་རིག་ཚན་རིག་མཁས་དབང་ཚོར།།
གཉན་ཡམས་འགོག་བཅོས་ཞིབ་འཇུག་དཔྱད་གཞི་རུ།།
རིན་ཐང་གཞལ་དུ་མེད་པ་འདི་འབུལ་ལོ།།
འདི་ཡི་དགེ་བས་འཇིག་རྟེན་མིའི་རིགས་ལ།།
འགོས་རིམས་གཉན་ནད་ཉེར་འཚེ་མི་འབྱུང་ཞིང་།།
ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་ཤོག།
དཔྱད་གཞིའི་ཡིག་ཆ།
༡བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༠༦ལོའི་ཟླ་༥པར་དཔར་ཐེངས་༥པ་བཏབ།
༢མན་ངག་་བྱེ་བ་རིང་བསྲེལ། ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༣ལོའི་ཟླ་༨པར་པར་ཐེངས་དང་པོ་དཔར།
༣མི་ཕམ་སྨན་ཡིག་ཕྱོགས་བསྒྲིགས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༢ལོའི་ཟླ་༥པར་པར་ཐེངས་དང་པོ་བཏབ།
༤མན་ངག་རིན་ཆེན་འབྱུང་གནས། འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༧ལོའི་ཟླ་༡༢པར་པར་ཐེངས་དང་པོ་བརྒྱབ།
༥རིན་གཏེར་སྨན་ཡིག་གཅེས་བཏུས། སློབ་དཔོན་པད་འབྱུང་སོགས་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༧ལོའི་ཟླ་༡༢པར་པར་ཐེངས་དང་པོ་བརྒྱབ།
༦གསོ་དཔྱད་རྒྱལ་བོའི་དཀོར་མཛོད། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༤ལོའི་ཟླ་༤ པར་པར་ཐེངས་གཉིས་པ་དཔར།
༧ཉམས་ཡིག་བརྒྱ་རྩ། གོང་སྨན་དཀོན་མཆོག་ཕན་དར་གྱིས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༨ལོའི་ཟླ་༧པར་པར་ཐེངས་དང་པོ་དཔར།
༨སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བཏུས།སློབ་དཔོན་པད་མ་འབྱུང་གནས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༦ལོའི་ཟླ་༡པོར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
༩ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ།མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༧ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
༡༠གསོ་རིག་ཟིན་ཏིག་གཅེས་བསྡུས།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༧༦ལོའི་ཟླ་༤པར་ཟི་ལིང་དུ་པར་ཐེངས་དང་པོ་བཏབ།
༡༡གསོ་རིག་དགོས་པ་ཀུན་འབྱུང་།གོང་སྨན་དཀོན་མཆོག་བདེ་ལེགས།མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༣ལོའི་ཟླ་༤པར་པེ་ཅིན་དུ་དཔར་ཐེངས་གཉིས་པ་བརྒྱབ།
༡༢འབྲི་གུང་སྨན་རྩིས་ཕྱོགས་བསྒྲིགས།འབྲི་གུང་ཆོས་གྲགས།མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༨ལོའི་ཟླ་༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
སྤྱི་ལོ་༢༠༢༠ལོའི་ཟླ་༡པོའི་ཚེས་༣༠ལ།
འབྲེལ་ཡོད་འོས་སྦྱོར།