༄༅།།བོད་ལུགས་གསོ་རིག་གི་དབྱེ་བ་ལུས་ཀྱི་རྣམ་གཞག་དང་ནད་ཐོག་རིན་ཐང་སྐོར་གླེང་བ།
རྩོམ་པ་པོ།:གཅོད་པ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-20
ཀློག་གྲངས།:
[ནང་དོན་གནད་བསྡུས།] བོད་ལུགས་གསོ་རིག་གི་ལུས་ཀྱི་ངོས་འཛིན་དང་དབྱེ་བ་མཛད་པ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སྟེ། ལུས་ཞེས་པ་ནད་དང་ལུས་ཟུངས་དྲི་མ་གསུམ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ལུས་འདིར་ཆགས་པ་དང་གནས་པ། འཇིག་པའི་བྱ་བ་ཕལ་རགས་མ་ལུས་པ་རག་ལུས་པས་ལུས་ཞེས་པ་དང་། དེ་ལ་རྟེན་དང་ན་ཚོད། རང་བཞིན། རྣམ་པ་བཅས་ཀྱི་སྐོ་ནས་དབྱེ་བ་མཛད་པ་བཅས་སྤྱི་དང་བྱེ་བྲག་གང་ངོས་ནས་གསོ་བཅོས་ཐད་རིགས་ལམ་གྱི་གནད་མི་འདྲ་བ་རེ་སྟོན་ནུས་པས་ཁྱད་ཆོས་འདི་ལ་གཞིགས་ནས་ལུས་ཀྱི་དབྱེ་བའི་རྣམ་གཞག་འཇོག་ཚུལ་དང་དེ་དག་གི་ནད་ཐོག་རིན་ཐང་རྣམས་སྔོག་འདོན་གྱི་ཚུལ་དུ་དཔྱད་པ་ཅུང་ཟད་བྱས་པའོ།།
[བརྡ་ཆད་གཙོ་བོ།]ལུས། དབྱེ་བ། ནད་ཐོག རིན་ཐང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)04-0169-09
དང་པོ། སྤྱིར་བསྟན་པ་གསོ་བ་ལུས་ཀྱི་ངོས་འཛིན།
ལུས་ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་སྒེར་ཆོས་སུ་ཡོད་པའི་ལུས་ཀྱི་ཕུང་བོ་དེ་ལ་བྱ་ཞིང་། འགྲོ་བ་རིགས་དྲུག་ལས་གསོ་བའི་ཡུལ་ལ་བལྟོས་པའི་གཙོ་གྱུར་མི་ལུས་འདི་ཉིད་གཞིར་བྱས་ནས་ངོས་འཛིན་པར། སྨྲ་ཤེས་དོན་གོ་བ་ནི་མིའི་མཚན་ཉིད་ཡིན་ལ་དེ་ནི་གང་ཟག་རང་གི་ཤེས་རྒྱུད་ཀྱིས་བསྡུས་པ་གཞིར་བཞག་གི་སྟེང་ནས་གསུངས་པ་དང་། ཤེས་རྒྱུད་ཀྱིས་བསྡུ་བའམ་བསྡུས་ཟིན་པའི་ཕུང་བོ་དེ་ནི་རང་ཅག་ཚེ་རིག་འཛིན་པ་རྣམས་ཀྱིས་གསོ་བར་བྱ་བའི་ཡུལ་ལམ་གཞི་ཡིན་ནོ།། དེ་ལྟར་གསོ་བ་ལ་རྩ་དོན་རྣམ་པ་གཉིས་ཏེ། རྒྱུན་ལྡན་གྱི་མིའི་ལུས་ཕུང་འདི་ཉིད་རྣམ་པ་གཞན་གྱི་ངོ་བོར་མ་གྱུར་བར་ཐ་མལ་དུ་གནས་ཤིང་མི་ན་བ་ཡུན་རིང་དུ་གནས་བར་བྱ་བ་ནི་ཐབས་ཀྱི་མཆོག་དང་ཅིག་ཤོས་ནི་དེ་ལས་ལྡོག་སྟེ། རྣམ་པ་གཞན་གྱི་ངོ་བོར་གྱུར་བའམ་ནད་ཀྱིས་ཟིན་པའི་ཚེ་ཐབས་ཤེས་ཇི་སྙེད་ཀྱི་སྒོ་ནས་ནད་པའི་ཟུག་རྔུ་འཇོམས་པར་བྱེད་པའི་ཐུན་མོང་གི་ཐབས་བཅས་གཉིས་ཀྱི་མཚོན་པའི་གསོ་ཡུལ་ལུས་ཀྱི་ཕུང་པོ་འདིའི་ཆགས་ཚུལ་དང་གནས་ལུགས་མཚན་ཉིད་རང་བཞིན་སོགས་གལ་ཆེའི་རང་བཞིན་རྣམས་ངེས་པར་དུ་ཤེས་དགོས་ཏེ། 《མེས་པོའི་ཞལ་ལུང་》 དུ། “གང་ཞིག་བཤད་པའི་རྒྱུད་མི་ཤེས་པ་དེས་ནི་ལུས་ཀྱི་མཚན་ཉིད་མི་ཤེས་སོ།། ལུས་ཀྱི་མཚན་ཉིད་མི་ཤེས་པ་དེས་ནི་ནད་ཀྱི་རང་བཞིན་མི་ཤེས་སོ།། ནད་ཀྱི་རང་བཞིན་མི་ཤེས་པ་དེས་ནི་སྨན་དཔྱད་ཟས་སྦྱོད་གྱི་ཚུལ་མི་ཤེས་སོ།། སྨན་དཔྱད་ཟས་སྦྱོད་གྱི་ཚུལ་མི་ཤེས་པ་དེས་ནི་གསོ་བ་རིག་པའི་ཕྱོགས་ཙམ་ཡང་མི་ཤེས་སོ།།”①ཞེས་གསུངས་པ་ལྟར། གསོ་རིག་ལ་ཐོས་བསམ་བྱེད་པོ་རྣམས་ཀྱིས་ཐོག་མར་ལུས་ཀྱི་རྣམ་གཞག་ལེགས་པར་ཤེས་པར་བྱ་དགོས་པའི་གནད་ཀྱང་དེ་ལ་ཐུག་ཡོད་པས། ལུས་ཞེས་བྱ་བ་ནི། གནོད་བྱ་ལུས་ཟུངས་ཀྱི་ཁམས་དང་། གནོད་བྱེད་ཉེས་པའི་ཁམས་གཉིས་ལྷན་གཅིག་ཏུ་འདུས་པའི་ཕུང་པོ་དེ་ལ་བྱ་ཞིང་། དེ་དག་ཐམས་ཅད་ཀྱང་རྒྱུ་མེད་དུ་མི་འབྱུང་བའི་ཆོས་ཉིད་ལྟར་ཕ་མ་གཉིས་ཀྱི་ཁུ་ཁྲག་སྐྱོན་མེད་པ་དང་འབྱུང་ལྔའི་ཁམས་རྣམས་ཚང་ཞིང་འདུས་པ་དང་སྐད་ཅིག་སྔ་མ་ལས་བྱུང་བའི་རྣམ་པར་ཤེས་པ་ལ་ཉོན་མོངས་ཀྱིས་བསྐུལ་ནས་དེ་དག་ལྷན་ཅིག་ཏུ་ཚོགས་པའི་ལས་སམ་གོ་སྐབས་དང་བཅས་འཛོམས་པས་ན་ལུས་འདི་ཉིད་གྲུབ་པ་ཡིན་ལ། 《རྒྱུད》ལས། “རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་འགྲུབ།།་②ཅེས་གསུངས་པ་བཞིན་ཡིན་ནོ།། དེ་ཡང་གནོད་བྱ་ལུས་ཀྱི་ཁམས་ཞེས་པ་ནི་འབྱུང་འགྱུར་ངོ་བོ་ལོག་པའི་སྐབས་ཀྱི་བྱེད་ལས་ལ་བལྟོས་ནས་བཏགས་པ་སྟེ་ལུས་ལ་ནད་ཀྱི་གནོད་པར་བྱ་བའི་ཡུལ་ལུས་ཟུངས་བདུན་(དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་)དང་དྲི་མ་གསུམ་(བཤང་གཅི་རྔུལ་)བཅས་འདི་བཅུ་ལས་མི་འདའ་བའི་ཕྱིར་ན་ཁམས་ཞེས་གནོད་པར་བྱ་བའི་ཡུལ་གྱི་སྤྱི་མིང་དུ་བརྗོད་པ་དང་། གནོད་བྱེད་ཉེས་པའི་ཁམས་ཞེས་པ་ནི་རླུང་མཁྲིས་བད་གསུམ་ཁོ་ན་ལས་མ་འདས་པས་དེ་ལྟར་བརྗོད་ལ། རླུང་མཁྲིས་བད་གསུམ་རྣམ་པར་གྱུར་ན་ལུས་སྲོག་ལ་གནོད་ཅིང་སུན་འབྱིན་པར་བྱེད་པའི་རྒྱུའང་ཡིན་པས་མེ་འབྱུང་བའི་རྒྱུ་བུད་ཤིང་ལ་བུད་ཤིང་ངམ་མེ་ཤིང་ཞེས་པ་ལྟ་བུའོ།། དེར་རླུང་ཞེས་ཡང་གཡོ་རླུང་གི་རང་བཞིན་དང་མཁྲིས་པ་ཚ་རྣོ་མེའི་རང་བཞིན་བད་ཀན་ལྕི་བརྟན་ས་ཆུའི་རང་བཞིན་དུ་གྲུབ་པ་ཞིག་ཡིན་པས་དེ་གསུམ་ཕན་ཚུན་ངོ་བོ་མི་མཐུན་པར་གནས་ནའང་རྟེན་འབྲེལ་གྱི་དབང་གིས་དེ་གསུམ་པོ་གཅིག་ལ་གཅིག་བརྟེན་ནས་ལུས་ཀྱི་ཆ་ཤས་ཀུན་ཏུ་(ལུས་ཀྱི་བ་སྤུ་བུ་གའི་མཚོན་)འཛོམས་ཤིང་གནས་གཅིག་ཏུ་འདུས་ནས་སྲོག་གནས་པའི་བྱ་བ་བྱེད་པ་དང་མི་ལུས་ཀྱི་ཆགས་གནས་འཇིག་གསུམ་གྱི་ལས་ཀྱང་བྱེད་པ་ཡིན་པས་གནོད་བྱ་ཁམས་ནི་ལུས་གྲུབ་བྱེད་ཀྱི་རྨང་གཞི་དང་། གནོད་བྱེད་ཀྱི་ཁམས་ནི་དེ་ལྟ་བུ་འགྲུབ་བྱེད་ཀྱི་ལས་བྱེད་མཁན་ཏེ། 《རྒྱུད》ལས། “ནད་དང་ལུས་ཟུངས་དྲི་མ་རྣམ་པ་གསུམ།། ཕན་ཚུན་གཅིག་ལ་གཅིག་བརྟེན་རག་ལུས་པས།། ཆགས་གནས་འཇིག་པའི་རྩ་བ་ཡིན་ཕྱིར་ལུས།།”③ ཞེས་གསུངས་པ་ཡིན་ནོ།། ཡང་ལ་ལས་གང་ཞིག་རྣམ་པར་ཤེས་པ་དང་བྲལ་ཚེ་མིའི་ལུས་ཕུང་འདི་ཉིད་ཤུལ་དུ་ལུས་པས་ན་ལུས་ཞེས་བརྗོད་པར་བཤད་པའང་ཡོད་ལ། སྐྱེམ་པ་ཚེ་དབང་གིས། “ལུས་ཞེས་པ་བསགས་པའམ་རྟེན་ལ་འཇུག་པས། བསགས་པས་ཚོགས་ཤིང་གཅིག་ལ་གཅིག་བརྟེན་པས་ལུས་སུ་གྲུབ།”④ཅེས་གསུངས་སོ།། དེ་ནི་ཕ་མའི་ཟས་སྐོམ་གྱི་དྭངས་མ་ལས་བྱུང་བའི་ཁུ་ཁྲག་སྐྱོན་མེད་དེ་ལ་རྣམ་པར་ཤེས་པ་ལས་ཉོན་གྱིས་བསྐུལ་ནས་འབྱུང་བའི་ཁམས་དང་བཅས་པ་ཚོགས་ཤིང་འདུས་པ་དང་ཇི་སྲིད་ཚེའི་འཕེན་པ་མ་རྫོགས་བར་དུ་མི་འབྲལ་བར་བྱེད་པ་དེར་བྱ། དེ་དང་དེ་ལྟ་བུའི་ལུས་དེ་ཉིད་ཀྱི་དབྱེ་བའང་ཟས་སྤྱོད་སྨན་དཔྱད་ཀྱི་གཉེན་པོ་གང་འཚམས་ལྟར་གཏོང་བའི་གནད་ལ་ཐུག་ཡོད་པས་མི་ན་བར་གནས་པ་དང་ན་བ་གསོ་བར་བྱ་བའི་རྩ་བ་དང་སྨན་པ་ལ་མཁས་པའི་ཐབས་བཞི་སྟེ། ནད་བྱུང་བའི་རྒྱུ་ལ་མཁས་པ་དང་། ནད་ཀྱི་མཚན་ཉིད་ལ་མཁས་པ། ནད་བྱུང་བ་བསལ་བ་ལ་མཁས་པ། སེལ་བ་ཕྱིར་མི་འབྱུང་བ་ལ་མཁས་པ་བཅས་སོགས་ཀྱི་གནད་ཀྱང་འདི་ལ་རག་ལས་པར་སེམས།
གཉིས་པ། ཆོས་ཉིད་རྟེན་གྱི་སྒོ་ནས་དབྱེ་བ།
འཇིག་རྟེན་གྱི་མི་ཐམས་ཅད་ཆོས་ཉིད་དུ་གྲུབ་པའི་རྟེན་གྱི་སྒོ་ནས་དབྱེ་ན་སྐྱེས་པ་ཕོ་དང་། བུད་མེད་མོ། ཕོ་མོ་གང་དུའང་མ་ངེས་པའི་མ་ནིང་བཅས་གསུམ་དུ་འདུས་ལ། མ་ནིང་ལ་ད་དུང་ཉམས་པ་མ་ནིང་དང་། ཕྲག་དོག་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་སོགས་དབྱེ་བ་མང་དུ་མཆིས་ནའང་རྒྱུན་ལྡན་གྱི་འཚོ་བའི་སྣང་ཚུལ་ཁྲོད་དུ་ཕོ་དང་མོ་གཉིས་སུ་དབྱེ་བ་ཤུགས་ཆེ་བས་རྟེན་ནམ་མཚན་མས་ཕོ་མོར་སྣང་བ་ནི།《རྒྱུད》ལས། “སྔོན་ལས་འདོད་ཆགས་དབང་གིས་ཕོ་མོར་སྣང་།།”⑤ ཞེས་གསུངས་པ་བཞིན། མངལ་སྐྱེས་ཀྱི་ལུས་ཕོ་མོ་གང་རུང་དུ་མྱོང་འགྱུར་གྱི་སྔོན་ལས་དང་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་ཕོ་ཡིན་ན་མ་ལ་ཆགས་པ་དང་མོ་ཡིན་ན་ཕ་ལ་ཆགས་པ་སོགས་ཀྱི་འདུ་ཤེས་མངོན་པར་འགྱུར་བ་ལ་བརྟེན་ནས་ཕོ་མོ་གང་རུང་དུ་འགྱུར་བ་སྟེ། 《དགའ་བོ་མངལ་འཇུག་གི་མདོ》ལས། “ཕ་མ་གཉིས་ཕྲད་པར་གྱུར་བའི་ཚེ་གལ་ཏེ་ཕོར་འགྱུར་བ་ཞིག་ཡིན་ན་ནི་མ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ། ཕ་ལ་ནི་ཞེ་སྡང་སྐྱེ་བར་་གྱུར་ཏེ། ཕའི་ཁུ་བ་བྱུང་ན་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་སོ།། གལ་ཏེ་མོར་འགྱུར་བ་ཞིག་ཡིན་ན་ནི་ཕ་ལ་ནི་ཆགས་པ་དང་། མ་ལ་ནི་ཞེ་སྡང་བར་གྱུར་ཏེ། ཕའི་ཁུ་བ་བྱུང་ན་འདི་ནི་བདག་གི་ཡིན་ནོ་སེམས་པས། གལ་ཏེ་འདི་ལྟ་བུའི་ཞེ་སྡང་དང་ཆགས་པའི་སེམས་སྐྱེས་བར་མ་གྱུར་ན་མངལ་དུ་འཇུག་པར་མི་འགྱུར་རོ།”⑥ ཞེས་གསུངས་པ་བཞིན་ནོ།། དེའང་ཕོ་རྟགས་ཀྱིས་ཕོ་དང་མོ་རྟགས་ཀྱིས་མོ་མཚོན་པར་ནུས་པ་ཡིན་ལ། རྟེན་ཐ་དད་པའི་དབང་གིས་ལུས་ཀྱི་ཆགས་གྲུབ་དང་གནས་ལུགས་སོགས་ཀྱང་མི་འདྲ་བ་སྟེ། སྐྱེས་པ་ཕོ་ལ་འབྲས་བུ་ལྡན་ཞིང་ན་ཚོད་འཕེལ་བ་དང་བསྟུན་ནས་ཁུ་བ་བསྐྱེད་ཅིང་གསོག་པ་དང་། ཁུ་བ་དེའི་དྭངས་མའི་ཆ་ཡོངས་སུ་སྨིན་ནས་ལུས་ཟུངས་ཀུན་ལ་ཁྱབ་ཅིང་མདངས་དང་སྟོབས་རྒྱས་པར་འགྱུར་ལ། མཚན་མའམ་ལུས་ཁམས་ཀྱི་སྟོབས་ཡོངས་སུ་རྫོགས་པ་ན། ལུས་ལ་སྤུ་ཅུང་མང་བ་དང་། སྨ་ར་སྐྱེས་པ། ཤ་དང་རུས་པ་ལྷག་པར་རྒྱས་ནས་ཤ་རྒྱགས་ལ་རུས་སྒྲོམ་ཆེ་བ། ཨོལ་མདུད་འབུར་བ། སྐད་གདངས་སྦོམ་ལ་དམའ་བ་སོགས་ཀྱི་ཁྱད་རྟགས་སྣ་ཚོགས་འབྱུང་བར་འགྱུར། དགེ་ཆོས་ཀྱིས“ཕོ་མཚན་གྱི་ཆེ་ཆུང་དང་མིའི་གཤིས་སྤྱོད་སོགས་ལ་སྦྱར་ནས་ཕོ་ལའང་དབྱེ་བ་གཙོ་བོ་བཞི་རུ་དགར་བ་ནི། ཕོ་ལ་མི་འདྲའི་རིགས་ནི་མང་ནའང་།། རི་བོང་རིགས་དང་རི་དྭགས་ཁ་ཤའི་རིགས།། ཁྱུ་མཆོག་གླང་གི་རིགས་དང་ཉ་ཡི་རིགས།། རྣམ་པ་བཞི་པོ་འདི་ལ་མ་འདུས་མེད།།”⑦ ཅེས་གསུངས་པ་དང་། དེ་རེ་རེའི་སྤྱོད་པ་དང་རང་བཞིན། མཚན་མའི་ཆེ་ཆུང་དང་རིང་ཐུང་སོགས་དབྱེ་བ་ཞིབ་ཕྲའི་སྒོ་ནས་བཀོད་ཡོད་པའི་ཟུར་ཞིག་ནི། “རི་བོང་རིགས་ནི་ལུས་པོ་ཆེ་ཆུང་རན།། བསམ་པ་བཟང་ཞིང་བཞིན་ལ་འཛུམ་བག་ལྡན།།”ལྟ་བུ་དང་། “ཕོ་མཚན་འགྲེང་བའི་ཚེ་ན་སོར་དྲུག་ཙམ།། ནོར་བུའི་དབྱིབས་ནི་འཇམ་ཞིང་ཟླུམ་པ་ཉིད།།”ཅེས་སོགས་མང་བར་གསུངས་ཡོད་པའང་རིན་ཐང་ཆེ་བར་སེམས། དེ་བཞིན་མོ་ལའང་དགེ་ཆོས་ཀྱིས། “མོ་ལ་མི་འདྲའི་རིགས་ནི་མང་ནའང་།། པད་མ་ཅན་གྱི་རིགས་དང་རི་མོ་ཅན།། དུང་ཅན་མ་དང་གླང་ཆེན་མ་ཡི་རིགས།། རྣམ་པ་བཞི་པོ་འདི་ལ་མ་འདུས་མེད།།”⑧ཅེས་གསུངས་པ་དང་། རིགས་རེ་རེའི་མཚན་མའི་ཟབ་ཚད་དང་རང་བཞིན་སོགས་རྒྱས་པར་གསུངས་ཡོད་པས་འདིར་བསྐྱར་བཟློས་ཀྱི་དགོས་པ་མ་མཆིས། དེ་ལ་སྐྱེས་མ་བུད་མེད་དམ་མོ་རིགས་ནི་གོང་གི་ཕོ་ལས་ལྡོག་སྟེ། ལུས་ཟུངས་ཕྱི་མ་ཁུ་བ་དཀར་དམར་གཉིས་སུ་འགྱུར་ལ། དམར་པོ་ནི་བསམ་བསེའུ་དང་མངལ་ནང་བརྒྱུད་ནས་མངལ་དུ་ཁུ་བ་འཛིན་ཞིང་ཤ་ལུས་སྐྱེད་པ་དང་དཀར་པོ་ནུ་མ་རུ་རྒྱས་ཤིང་བུའི་གསོས་སུ་འགྱུར། དེ་བཞིན་ལུས་ཟུངས་དང་དབང་བོ་སོགས་སྨིན་པའི་ཚེ་ཟླ་བ་རེར་མངལ་ནས་ཁྲག་འཛགས་པ་དང་། ནུ་མ་དང་ཚིལ་རྒྱས་པ། སྐད་གདངས་མཐོ་ལ་ཕྲ་བ། ཤ་སྙི་ལ་འཇམ་ཤིང་དཀར་བ་སོགས་ཁྱད་པར་གྱི་རྟགས་རྣམས་འབྱུང་ལ། 《རྒྱུད》ལས། “ནུ་མ་མངལ་དང་ཟླ་མཚན་ཁྱད་པར་ལྷག།”⑨ ཅེས་གསུངས་པ་བཞིན་མངལ་དང་ནུ་མ་ཟླ་མཚན་གསུམ་ནི་རྣམ་པ་ཀུན་དུ་ཕོ་དང་མི་འདྲ་བའི་གཞི་ཡིན་ནོ།། དེ་བས་ན་གསོ་བར་བྱ་བའི་ཡུལ་དེའི་རྟེན་མི་འདྲ་བས་ལུས་ཁམས་ཀྱི་གནས་ལུགས་གང་མང་ཞིག་ཀྱང་མི་འདྲ་བར་འབྱུང་ལ། ནད་ཐོག་ལག་ལེན་གྱི་གསོ་བཅོས་ཐད་ནས་ཀྱང་མི་འདྲ་བ་སྟེ། སྐྱེས་མ་བུད་མེད་ལ་མངལ་དང་ནུ་མ་ཟླ་མཚན་གསུམ་གྱིས་ལྷག་ཕྱིར་དེ་གསུམ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་ནད་རིགས་གང་མང་འབྱུང་བར། 《རྒྱུད》ལས། “མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང་།། སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས།། མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང་།། ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་འགྱུར།། སྐྱེ་བ་དམན་ཕྱིར་བུད་མེད་ལུས་ལ་ལྷག།”⑩ཅེས་གསུངས་ཏེ། བུད་མེད་ཁོ་ན་ལ་འབྱུང་བའི་ནད་རིགས་བཞི་བཅུ་རྒྱས་པར་ཕྱེ་ན་དེ་ལས་ཀྱང་མང་བར་འགྱུར་བ་ཡིན་ལ། ནད་རིགས་གསོ་བཅོས་ཀྱི་སྐབས་སུའང་ནད་རིགས་དེ་དག་ལ་དམིགས་བསལ་གྱི་བཅོས་ཐབས་བསྟེན་དགོས་པ་མ་ཟད་བུད་མེད་ནི་སྐྱེས་པ་དང་བསྡུར་ན་ལུས་ཀྱི་འགུལ་སྐྱོད་ཉུང་བ་དང་བད་ཀན་ཚིལ་གྱི་རང་བཞིན་ཤས་ཆེ་བས་ལུས་པོ་ཚོ་ཆེ་བ་ལ་སོགས་པའི་ནད་སྐྱེས་པ་ལས་མང་བ་ཡིན་པས། 《རྒྱུད》ལས། “དེ་རྒྱུ་དང་པོ་ཟླ་མཚན་ལས་བྱུང་ཕྱིར།།” ⑾ཞེས་གསུངས་པ་ལྟར་གསོ་བཅོས་ཀྱི་རྩ་དོན་ཐད་དུའང་ནད་གྱི་རྒྱུ་དང་རྐྱེན། མེ་དྲོད་ཀྱི་ཆེ་ཆུང་དང་། ནད་ཀྱི་སོས་དལ་མྱུར། ནད་ཀྱི་རྣམ་པའི་མང་ཉུང་སོགས་ཐུན་མོང་མ་ཡིན་པའི་གནད་ཉིད་འཛིན་རྒྱུ་གལ་ལོ།། དེ་བཞིན་སྐྱེས་པ་ལའང་ཁོ་ན་ཉིད་ལ་འབྱུང་བའི་ནད་རིགས་དང་བུད་མེད་ལས་བྱུང་ཚད་མང་བའི་ནད་མང་དུ་མཆིས་ཏེ། ཆགས་པ་སྤྱད་དྲགས་པ་དང་ཟས་སྤྱོད་མི་འཕྲོད་པ་སོགས་བསྟེན་པས། ཕོ་མཚན་དང་གསང་སྒྲོ། སྒོང་རིལ། ཁམས་འདྲེན་སྦུ་གུ་སོགས་ལ་ནད་འབྱུང་བ་ནི་སྐྱེས་པ་ཁོ་ན་དང་། མཁལ་གྲང་གི་ནད་སོགས་གང་མང་ཞིག་མོ་ལས་ཕོ་ལ་བྱུང་ཚད་མང་བ་ཡིན་པས་དེ་ལྟར་གསོ་བཅོས་ཀྱི་རྩ་དོན་འཛིན་དགོས་ཏེ། 《རྒྱུད》ལས། “སྐྱེས་པས་འདོད་པ་སྤྱོད་པར་མ་ནུས་ན།། བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ།། སྐྱེས་པའི་ཁུ་བ་སྐྱོན་མེད་འཕེལ་གྱུར་ན།། བུད་མེད་བུ་ཚ་འཕེལ་བ་བཙལ་དུ་རུང་།། དེ་ཕྱིར་རོ་ཙའི་གཙོ་བོ་སྐྱེས་པ་ཡིན།།”⑿ཞེས་གསུངས་པ་ལྟར་གང་ལ་གང་དེའི་ཁྱད་ཆོས་སམ་གནས་ལུགས་འཛིན་དགོས་ཏེ།《རྒྱུད》ལས། “རླུང་མཁྲིས་བད་ཀན་གསུམ་གྱི་སྤྱི་ཁོག་ཕུག། རང་རང་ནད་ཀྱི་གསོ་ཐབས་མདེའུ་ཁར་ཐོགས།།”⒀ཞེས་གསུངས་པ་བཞིན་རྟེན་ཕོ་མོའི་ལུས་ཁམས་ཀྱི་ཁྱད་ཆོས་དམིགས་སུ་འདོན་པ་ཤིན་ཏུ་གལ་ལོ།།
གསུམ་པ། ཡོངས་ཁྱབ་ན་ཚོད་ཀྱི་སྒོ་ནས་དབྱེ་བ།
འཇིག་རྟེན་གྱི་གང་ཟག་ཕོ་མོ་སུ་ཞིག་ཡིན་རུང་ཐོག་མར་ལུས་ཟུངས་སྨིན་པ་དང་བར་དུ་རྒྱས་པ། ཐ་མར་ཟད་པར་འགྱུར་བའི་གོ་རིམ་གྱི་ཆོས་ཉིད་ལས་འདའ་མི་སྲིད་པས། དེ་རེ་རེའི་སྐབས་སུ་གང་ཟག་གཅིག་གི་ངོས་ནས་ཀྱང་ལུས་ཁམས་ཀྱི་འགྱུར་ཚུལ་དང་། དབང་བོ། འབྱུང་སྟོབས། མེ་དྲོད་སོགས་ཀྱི་ནུས་ཤུགས་དང་བྱེད་ལས་འདྲ་མིན་དུ་མ་འབྱུང་ལ། འབྱུང་བའི་མཚན་ཉིད་ཀྱི་ཤས་ཆེ་ཆུང་ཡང་མི་འདྲ་བས་མི་རྣམས་ཀྱི་ཚེ་ལོ་བརྒྱའི་དབང་དུ་བྱས་ན། སྐྱེ་བ་ནས་ལོ་བཅུ་དྲུག་བར་དུ་བྱིས་པ་དང་ལོ་བཅུ་དྲུག་ནས་བདུན་ཅུའི་བར་དུ་དར་མ། བདུན་ཅུའི་ཕན་ཆད་རྒན་པོ་བཅས་ན་ཚོད་ཀྱི་དབྱེ་བ་གསུམ་དུ་འཇོག་སྟེ། 《རྒྱུད་》ལས། “ན་ཚོད་དབྱེ་བྱ་བཅུ་དྲུག་བར་བྱིས་པ།། དེ་ལས་ལུས་ཟུངས་དབང་པོ་གཟི་མདངས་སྟོབས།། འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ།། དེ་ལས་ཟད་པ་ཕན་ཆད་རྐད་པོ་ཡིན།།”⒁ཞེས་གསུངས་སོ།། འདིར་དེ་ལྟར་གསུངས་པ་ནི་སྤྱིར་བཏང་བའི་དབང་གིས་ཡིན་ལ། བྱེ་བྲག་ངེས་པ་ཅན་ནི་མི་གང་ཞིག་སྐྱེས་པ་ནས་ལུས་ཟུངས་དང་དབང་པོ། གཟི་མདངས། སྟོབས་སོགས་ལང་ཚོ་མ་རྫོགས་པའི་བར་དེ་ནི་བྱིས་པའི་དུས་ཡིན་པ་དང་། ལང་ཚོའི་སྟོབས་རྣམས་རིམ་གྱིས་འཕེལ་ཞིང་རྒྱས་པ་ནས་འབྱུང་སྟོབས་བྲི་བའི་འགོ་མ་བརྩམས་པའི་བར་དེ་ནི་དར་མའི་དུས་ཡིན། ལུས་ཟུངས་དང་འབྱུང་སྟོབས་སོགས་བྲི་བའི་འགོ་བརྩམ་པ་ནས་རྒན་པོའི་དུས་བཅས་ཡིན་ལ། དེ་དག་ནི་གཙོ་བོ་མི་རྒྱུད་དང་འཚོ་བ། ཁོར་ཡུག གོམས་གཤིས། ལོ་རྒྱུས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པས་ས་ཆ་རེ་རེའི་མི་དང་ཡང་ན་ས་ཆ་གཅིག་གི་མི་ཕན་ཚུན་བར་ལོ་གྲངས་ཀྱི་བཅད་པ་མ་ངེས་པ་སྟེ། དཔེར་ན། 《སྐྱ་རེངས་གསར་བ་》ལས། “སྐྱེས་བ་ནས་ལོ་བཅུ་དྲུག་བར་བྱིས་པ་དང་། ལོ་བཅུ་དྲུག་ནས་ལྔ་བཅུའི་བར་དར་མ། ལྔ་བཅུ་ཡོལ་ནས་རྒན་པོ་བཅས་”⒂དང་།《སྨན་དཔྱད་ཟླ་བརྒྱད་》དུ། “སྐྱེས་པ་ནས་ལོ་ཉི་ཤུ་བར་བྱིས་པ་དང་། ཉི་ཤུ་ནས་བཞི་བཅུའི་བར་དར་མ། བཞི་བཅུའི་ཕན་ཆད་རྒན་པོ་རུ་བརྩིའོ།།” ⒃ ཡང་རྒྱ་གར་ལུགས་ལ། སྐྱེས་པ་ནས་ལོ་ཉི་ཤུའི་བར་བྱིས་པ། ཉི་ཤུ་ནས་ང་ལྔ་བར་གཞོན་ནུ། ང་ལྔ་ནས་བདུན་ཅུའི་བར་དར་མ། བདུན་ཅུ་ཡོལ་ནས་རྒན་པོ་བཅས་ཡུལ་དང་དུས་སོགས་ཀྱི་ལོ་ཚོད་རིམ་པའི་དབྱེ་ཚུལ་གཅིག་ཏུ་མི་སྣང་བ་འབྱུང་། དོན་ལ་གོང་དུ་བཤད་པ་ལྟར་ལུས་ཟུངས་དང་དབང་པོ་སོགས་ལང་ཚོ་མ་རྫོགས་པའི་དུས་དང་། སྨིན་ནས་རྒྱས་དུས། ཟད་ནས་འགྲིབ་པའི་དུས་གསུམ་རིམ་པར་བྱིས་པ་དང་དར་མ་རྒན་པ་ལ་སྦྱར་ན་རང་རང་སྐབས་ཀྱི་འབྱུང་བའི་སྟོབས་དང་མཚན་ཉིད་མི་འདྲ་བ་ལ་སོགས་པའི་ཁྱད་ཆོས་མངོན་པར་ནུས། དེ་ལྟ་བུའི་ཁྱད་ཆོས་གཞིར་བཟུང་ན་ནད་ཐོག་ལག་ལེན་གྱི་ངོས་ནས་ཕན་ཐོགས་མི་ཉུང་བ་འབྱུང་སྟེ། སྤྱིར་ན་བྱིས་པ་ནི་ལང་ཚོ་མ་རྫོགས་པའི་དུས་ཡིན་པས་གཉིད་ཆེ་བ་དང་ཨ་མའི་ནུ་ཞོ་སོགས་བསྟེན་པ་ཤས་ཆེ་ལ་མེ་དྲོད་ཀྱི་ཤས་ཆུང་བས་བད་ཀན་ས་ཆུའི་རང་བཞིན་ཤས་ཆེ་བར་འགྱུར། དར་མ་ནི་ལུས་ཁམས་འབྱུང་སྟོབས་ཡོངས་སུ་རྫོགས་ནས་རྒྱས་པའི་དུས་ཡིན་པས་ཁེངས་ཤིང་ང་རྒྱལ་ཆེ་བ་དང་། ལུས་ཁམས་ཀྱི་དྲོད་རྣམས་རྒྱས་ནས་མེ་དྲོད་འབར་བའི་དུས་ཡིན་པས་མཁྲིས་པའི་རང་བཞིན་ཤས་ཆེ། རྒན་པ་ནི་འབྱུང་སྟོབས་བྲི་བའི་དུས་ཡིན་པས་ཟུངས་རྣམས་རིམ་གྱིས་ཟད་པར་འགྱུར་ལ། རླུང་གི་རང་བཞིན་ཤས་ཆེ་བར་འབྱུང་བ་ཡིན། དེ་བས་བྱིས་པ་བད་ཀན་དང་། དར་མ་མཁྲིས་པ། རྒན་པ་རླུང་བཅས་སོ་སོར་དེའི་རིགས་ཀྱི་ནད་རིགས་འབྱུང་སླ་ཞིང་སྲོག་ལའང་གཉན་པར། 《རྒྱུད་》ལས། “རྒས་པ་རླུང་མི་དར་མ་མཁྲིས་པའི་མི།། བྱིས་པ་བད་ཀན་མི་ཡིན་ན་སོས་གཉན།།”ཞེས་གསུངས་པ་བཞིན་ཡིན་ལ། ནད་གཞི་གཅིག་གི་ངོས་ནས་ཀྱང་ཚ་བ་ལྟ་བུ་ཞིག་བྱིས་པར་བྱུང་ན་བད་ཀན་མི་ཡིན་པས་སྨིན་དཀའ་བར་འགྱུར་བ་དང་། དར་མར་བྱུང་ན་ངོ་བོ་མཐུན་པས་རྒྱས་ཤིང་གཉན་པ་དང་། རྒན་པར་བྱུང་ན་རླུང་ཤས་ཆེ་བས་ཚ་བའི་ངོ་བོ་འབུད་ཅིང་ཚད་རྟགས་འཕེལ་བྱ་བཅས་མི་འདྲ་བར་འབྱུང་བས་གསོ་ཚུལ་ཡང་མི་འདྲ་སྟེ། ཚ་བའི་ནད་ལྟ་བུ་ཞིག་གསོ་བ་ལ་དཔེར་ན། 《རྒྱུད་》ལས། “ཟུངས་འབྲིང་བྱིས་པའི་ཚ་བ་གཉེན་ལྟར་བསྟེན།། ཟུངས་བཟང་དར་མའི་མཁྲིས་པ་དགྲ་ལྟར་བསད།། ཟུངས་ངན་རྒས་པའི་ཚ་བ་བུ་ལྟར་གསོ།།”⒄ཞེས་གསུངས་པ་ལྟར། ན་ཚོད་དང་སྦྱར་ནས་གསོ་བཅོས་ཀྱི་རྩ་དོན་བཟུང་བ་ལ་དོན་སྙིང་ཆེན་པོ་ལྡན་པར་མངོན་ནོ།།
བཞི་པ། ལུས་ཁམས་རང་བཞིན་གྱི་སྒོ་ནས་དབྱེ་བ།
སྤྱིར་གནོད་བྱ་བཅུའི་རང་བཞིན་དང་ངོ་བོ་སོགས་ནི་ཀུན་ལ་གཅིག་མཚུངས་ལྟ་བུར་སྣང་ཡང་། དེ་དག་གི་ཁམས་ན་ལྷན་སྐྱེས་ཀྱི་ཚུལ་དུ་གནས་ཏེ་ལས་སྣ་ཚོགས་བྱེད་མཁན་གྱི་ཉེས་པ་གནོད་བྱེད་ཀྱི་ཁམས་དེའི་ཆེ་ཆུང་གི་དབང་གིས་མིའི་རང་བཞིན་ཡང་རྣམ་གྲངས་མང་པོར་འགྱུར་ལ། དེ་དག་བསྡུས་པའི་དབང་གིས་དབྱེ་བ་བདུན་ཙམ་དུ་བྱས་ནས་འཆད་པར། 《རྒྱུད》ལས། “ཁུ་ཁྲག་མངལ་གནས་ཟས་དང་སྦྱོད་ལམ་གྱིས།། ཉེས་པ་ལྷག་གྱུར་རང་བཞིན་བདུན་དུ་འགྱུར།།”⒅ ཞེས་གསུངས་པ་ལྟར་ཡིན་ལ། ལུས་ཆགས་པའི་རྒྱུ་ཁུ་ཁྲག་གཉིས་ཀྱི་ཤས་ཆེ་ཆུང་དང་། མངལ་དུ་གནས་པའི་ཚེ་མངལ་ལྡན་མ་ཡི་ཟས་དང་སྤྱོད་ལམ་གྱི་དབང་གིས་བུ་དེའི་ལུས་ལ་ཡོད་པའི་ཉེས་པ་གསུམ་པོ་ལྷག་གྱུར་ཏེ་ཤས་ཆེ་ཆུང་དུ་འགྱུར་རོ།། དེའི་དབང་གིས་མིའི་ལུས་བོངས་ཆེ་ཆུང་སོགས་ཀྱིས་རང་བཞིན་ཡང་རྣམ་པ་བདུན་དུ་འགྱུར་བ་ཡིན་ཏེ། དེ་ལ་རླུང་ཤས་ཆེ་བར་བསྐྱེད་པའི་མི་དེ་ནི། 《རྒྱུད》ལས། “དེ་ལ་རླུང་གིས་བསྐྱེད་པའི་མི་རྣམས་ནི།། དབྱིབས་སྒུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང་།། གྲང་ལྷག་མི་བཟོད་འགྲོ་ཚེ་སྒྲ་དང་བཅས།། ནོར་ཆུང་ཆེ་ཐུང་གཉིད་སྲབ་ལུས་བོངས་ཆུང་།། གླུ་དང་དགོད་དང་འཐབ་མོ་མདའ་ལ་དགའ།། སྐྱུར་ལྭན་ཚའི་རོ་ལ་སྲེད་པ་སྟེ།། བྱ་རྒོད་ཁྭ་ཏའི་མཚན་ཉིད་ལྡན་པ་ཡིན།།”⒆ ཞེས་གསུངས་ཏེ། རླུང་གི་རང་བཞིན་ཅན་དེ་ནི་ལུས་དབྱིབས་ཅུང་སྒུར་བའི་རྣམ་པ་དང་ཤ་སྐེམ་ཤིང་ཁ་མདོག་ཅུང་སྔོ་བ། རྒྱུན་དུ་སྨྲ་བ་མང་ཞིང་གྲང་བ་དང་ལྷག་པ་སོགས་བསེར་བུའི་ངད་ལ་བཟོད་གཟན་ཆུང་བ། སྒོ་གསུམ་གྱི་སྤྱོད་པ་ཡང་བ། བརྗེད་ངེས་ཆེ་བ། དྲན་པ་མི་གསལ་བ། མི་བརྟན་པ་སྟེ། 《ཡན་ལག་བརྒྱད་པའི་རང་འགྲེལ》ལས། “མོས་པ་མི་བརྟན་པ། དྲན་པ་མི་བརྟན་པ། བློ་མི་བརྟན་པ། སྦྱོར་བ་མི་བརྟན་པ། མཛའ་བ་མི་བརྟན་པ། ལྟ་བ་མི་བརྟན་པ། འགྲོ་བ་མི་བརྟན་པ།”⒇ ཞེས་གསུངས་པ་དང་འདོད་ཆགས་དང་སེར་སྣ་ཆེ་བ། ལོངས་སྤྱོད་ཆུང་བ། གཉིད་ཆུང་བ། ལུས་བོངས་ཆུང་ཞིང་ཚེ་ཐུང་བ། མངར་བ་དང་སྐྱུར་བ་ལྭན་ཚའི་རིགས་ཀྱི་རོ་ཟས་ལ་དགའ་ཞིང་སྲིད་པ་སྟེ། བྱ་རྒོད་དང་འདྲ་བར་ཤ་ལ་དགའ་ཞིང་ཡང་རྩལ་ཆེ་བ། ཁྭ་ཏ་དང་འདྲ་བར་ཀུན་ལ་ངན་སེམས་དང་སྐད་མི་སྙན་པ་སྒྲོགས་པ། ཝ་དང་འདྲ་བར་ཅོལ་ཆུང་ངམ་གཡོ་རྒྱུའི་བྱ་བ་མང་བ་བཅས་རླུང་གི་མཚན་ཉིད་དང་ཆོས་མཚུངས་པའི་རྟགས་རྣམས་མངོན་ནོ།། དེ་བཞིན་མཁྲིས་པ་ཤས་ཆེ་བའང་། 《རྒྱུད》ལས། “མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ།། སྐྲ་ལུས་མདོག་སེར་བློ་རྣོ་ང་རྒྱལ་ཆེ།། རྔུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང་།། མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་སྟེ།། སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན།།”(21)ཞེས་གསུངས་པ་བཞིན་དུ་མཁྲིས་པའི་རང་བཞིན་གྱི་དྲོད་ཤས་ཆེ་བས་སྐོམ་དད་དང་བཀྲེས་ཤས་ཆེ་བ་དང་། སྐྲ་དང་ལུས་མདོག་སེར་ཤས་ཆེ་བ། བློ་རྣོ་ལ་རིག་པ་མྱུར་བ། དཔའ་ཞིང་ང་རྒྱལ་ཆེ་བ། ཁྲོ་སླ་བ། ལེགས་ཉེས་བླང་དོར་ཤེས་པ། སྤོབས་པ་ལྡན་པ། རྟག་ཏུ་རྔུལ་ཆེ་བས་དྲི་མ་མནམ་པ། ཚེ་དང་ནོར་དང་ལུས་བོངས་འབྲིང་ཙམ་ཡིན་ལ་མངར་ཁ་བསྐ་བའི་རོ་དང་ནུས་པ་བསིལ་བའི་ཟས་རིགས་ལ་སྲེད་པ་བཅས་སྟག་དང་འདྲ་བས་རྩལ་སྟོབས་དང་ཞེ་སྡང་ཆེ། གནོད་སྦྱིན་འདྲ་བར་ང་རྒྱལ་གྱིས་ཁེངས་པ། སྤྲེལ་དང་འདྲ་བར་བློ་རྣོ་རིག་པ་མྱུར་ལ་རྩལ་ཆེ་བ་ལ་སོགས་མཁྲིས་པའི་མཚན་ཉིད་དང་ཆོས་མཚུངས་པའི་རྟགས་རྣམས་འབྱུང་། བད་ཀན་ཤས་ཆེ་བའི་མའི་རང་བཞིན་ནི། 《རྒྱུད》ལས། “བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང་།། རུས་ཚིགས་མི་མངོན་ཤ་རྒྱས་ཁ་དོག་དཀར།། དབྱིབས་དགྱེ་བཀྲེས་སྐོམ་ཉོན་མོངས་ཐན་པ་བཟོད།། ལུས་ཚོ་ཚེ་རིང་ནོར་མང་གཉིད་མཐུག་ཅིང་།། ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང་།། ཚ་སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ།། སེང་གེ་ཁྱུ་མཆོག་མཚན་ཉིད་ལྡན་པ་ཡིན།།” (22)ཞེས་གསུངས་པ་སྟེ། བད་ཀན་གྱི་རང་བཞིན་ཅན་ནི་ལུས་བསིལ་ཞིང་ཤ་ཚིལ་རྒྱས་པས་རུས་ཚིགས་མི་མངོན་ཞིང་ཤ་མདོག་དཀར་བ་དང་། གཟུགས་ལེགས་ལ་མདངས་བཟང་བ། རེག་བ་འཇམ་པ། བཀྲེས་སྐོམ་དང་ཉོན་མོངས། ཐན་པ་ལ་སོགས་པའི་སྡུག་བསྔལ་ལ་བཟོད་སེམས་ཆེ་བ། བློ་བརྟན་པ། གཡོ་སྒྱུ་མེད་པ། སྨྲ་བ་ཉུང་བ། ཤེས་པ་བུལ་བ། གཉིད་ཆེ་བ། ལས་མཐའ་རིང་བ། ཚེ་རིང་ཞིང་ནོར་མང་བ་དང་། ཟས་སུ་ཚ་སྐྱུར་བསྐ་བའི་རོ་དང་ནུས་པ་རྩུབ་པའི་རིགས་ལ་དགའ་སྲེད་ཆེ་བ་བཅས་སེང་གེ་དང་འདྲ་བར་གཟུགས་སྟོབས་ཆེ་ལ་བཟང་བས་གཞན་ཟིལ་གྱིས་གནོན་ནུས་པ་དང་། ཁྱུ་མཆོག་དང་འདྲ་བར་རང་རིགས་ཀྱིས་བཀུར་བ་སོགས་བད་ཀན་གྱི་མཚན་ཉིད་དང་ཆོས་མཚུངས་པའི་རྟགས་རྣམས་འབྱུང་། དེ་བཞིན་ལྷག་མའི་ལྡན་པ་དང་འདུས་པ་ནི་གོང་གི་དེ་དག་ལ་རིགས་འདྲེས་བའི་སྒོ་ནས་ཤེས་བར་བྱ་དགོས་ལ། ལྡན་པ་གསུམ་ལས་རླུང་མཁྲིས་གཉིས་དང་ལྡན་པ་ནི་ལུས་ཅུང་ཟད་ཆུང་ཞིང་། བད་རླུང་གཉིས་ལྡན་འབྲིང་ཙམ་པ། བད་མཁྲིས་གཉིས་ལྡན་ཆེ་བ་ཡིན་ནོ།། དེར་བརྟེན་སྤྱོད་པ་དང་སྐད་ཀྱི་ང་རོ། བསམ་པ། ཚེ་རིང་ཐུང་། མེ་དྲོད་ཆེ་ཆུང་ལ་སོགས་པ་རྣམས་ཀྱང་འདྲེས་པའི་རང་བཞིན་ཅན་དུ་བལྟ་དགོས་ཤིང་། འདུས་པ་ནི་གསུམ་གའི་མཚན་ཉིད་དང་ལྡན་པས་མི་གང་ཞིག་གཟུགས་ཧ་ཅང་འཚམ་ཞིང་ཁོ་ལག་རྫོགས་པ་དང་། ནད་ཉུང་བ་སོགས་མཆོག་གྱུར་གྱི་ཡོན་ཏན་རྣམས་དང་ལྡན་པ་ཡིན་ནོ།། དེ་དག་གི་བཟང་ངན་ཡང་།《རྒྱུད》 ལས། “རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ།། འདུས་བ་མཆོག་ཡིན་ལྡན་གསུམ་བར་མར་གྱུར།།” (23)ཞེས་པ་བཞིན་འདུས་པ་མཆོག་ནས་བད་མཁྲིས་ལྡན་པ་དང་། བད་རླུང་ལྡན་པ། མཁྲིས་རླུང་ལྡན་པ། བད་ཀན། མཁྲིས་པ། རླུང་བཅས་རིམ་བཞིན་ཞན་པར་འགྱུར་བར་བཤད་དོ།། དེ་བས་མིའི་རང་བཞིན་མི་འདྲ་བ་ལ་བརྟེན་ནས་དེ་རེ་རེའི་ཁམས་ཀྱི་མཚན་ཉིད་དང་ཤས་ཆེ་ཆུང་སོགས་དམིགས་བསལ་གྱི་ཐུན་མོངས་མ་ཡིན་པ་རྣམས་ལོགས་སུ་འདོན་དགོས་ལ། དེར་བརྟེན་ནས་གསོ་ཐབས་ཀྱང་མི་འདྲ་བ་རེ་སྤྱད་ན་འབྲས་བུ་ཆེན་པོ་འབྱུང་སྟེ། དཔེར་ན་རང་བཞིན་མཁྲིས་ཤས་ཆེ་བའི་མི་ཞིག་ལ་ཚ་བའི་ནད་བྱུང་ན་ངོ་བོ་མཐུན་པས་ཚ་བ་ལྷག་པར་འཕེལ་བར་འགྱུར་ལ་དེར་གཉེན་པོ་བསིལ་བ་ཆུ་བཞི་སོགས་བསྟེན་དགོས་པ་དང་། བད་ཀན་རང་བཞིན་གྱི་རྐྱེན་དང་འཕྲད་པའི་ཚེ་བསིལ་སྦྱོར་ཐལ་དྲགས་མི་རུང་བར་མེ་དྲོད་གསོ་བ་གཞི་རུ་འཛིན་དགོས་ལ། དེ་ལྟར་མིན་ཚེ་ཕོ་བའི་མེ་ཤི་ནས་སྐྲན་དང་དམུ་ཆུའི་རིགས་འབྱུང་བར་ཉེན་ཁ་ཆེ། རླུང་གི་རྐྱེན་དང་འཕྲད་ན་ཚ་བ་འབུད་ཅིང་མེ་ལ་རླུང་གིས་བསྐྱོད་པ་ལྟར་འགྱུར་བས་ཐོག་མར་རླུང་སྣ་གཞོམ་པ་དང་དེ་ནས་ཚད་ལྷག་འདོན་དགོས་པ་བཅས་མིའི་ལུས་ཀྱི་རང་བཞིན་དང་སེམས་ཁམས་ཀྱི་རང་བཞིན་སོགས་མི་འདྲ་བས་ནད་ཀྱི་འཁྲུལ་གཞི་ཧ་ཅང་ཆེ་ལ། ཟས་སྐོམ་ཀྱི་ཁམས་རྣམས་མྱག་བཞུ་དྭངས་སྙིགས་ལས་སོ་སོར་བྱས་ཏེ་ལུས་ཀྱི་ཁམས་འཕེལ་བར་བྱེད་པའི་གཞིའམ་ལས་བྱེད་མཁན་གྱི་མེ་དྲོད་ཀྱང་མི་འདྲ་བར་འགྱུར་བ་ནི། རླུང་ཡང་གཡོའི་དབང་གིས་མེ་དྲོད་མི་སྙོམས་པ་དང་། མཁྲིས་པ་ཆོས་མཚུངས་པས་མེ་དྲོད་ལྷག་པར་འཕེལ་བ། བད་ཀན་ས་ཆུའི་དབང་གིས་མེ་དྲོད་ཆུང་བར་འགྱུར་བ་དང་། འདུས་པ་ནི་མེ་དྲོད་མཉམ་པར་འགྱུར་བ་བཅས་ལྟར་ཡིན་ལ། དེ་རེ་རེའི་གནད་ལ་གཞིགས་ནས་ནད་གསོ་རྒྱུ་ཤིན་ཏུ་གལ་ཆེ། གཞན་ཡང་ཕྱི་རོལ་ཡུལ་རྐྱེན་ལས་མིའི་ལུས་ཁམས་ཀྱི་མེ་དྲོད་དང་རང་བཞིན་གྱི་ཁམས་ཤས་ཆེ་ཆུང་དུ་མར་འགྱུར་བའང་ཡོད་དེ། ཕྱི་རོལ་གྱི་རྐྱེན་དུས་ལྟ་བུ་ལ་མཚོན་ན་དུས་ཚིགས་དང་ཉིན་རེ་རེར་མི་འདྲ་བ་འབྱུང་སྟེ། 《རྒྱུད་》ལས། “རླུང་ནད་དབར་དུས་དགུང་དང་ཐོ་རེངས་ལྡང་།། མཁྲིས་པ་སྟོན་དུས་ཉིན་གོང་མཚན་གོང་ལྡང་།། བད་ཀན་དཔྱིད་དུས་སྲོལ་དང་སྔ་དྲོ་ལྡང་།།” (24) ཞེས་གསུངས་པ་བཞིན་ཡིན་ལ། གཞན་དེ་དག་གི་རྐྱེན་ལའང་རིགས་འདྲ་བར་དཔྱད་པར་བྱས་ན་གསོ་བཅོས་ཀྱི་ཐད་ལ་ཕན་ནུས་ཆེན་པོ་ཡོང་ངེས་སོ།།
ལྔ་པ། གནས་སྐབས་ནད་ཀྱི་སྒོ་ནས་དབྱེ་བ།
དེ་ཡང་མི་རྣམས་ཀྱི་ལུས་ཁམས་སུ་ལྷན་སྐྱེས་ཀྱི་ཚུལ་དུ་གནས་པའི་ཉེས་པ་རླུང་མཁྲིས་བད་གསུམ་རྒྱུ་བྱས་ཏེ་ལུས་འདི་ཉིད་ཆགས་གནས་འཇིག་གསུམ་གྱི་ལས་བྱེད་པ་ཡིན་ལ། དེར་དབྱེ་བའི་སྲོག་འཛིན་སོགས་རྩ་བའི་རླུང་ལྔ་དང་། འཇུ་བྱེད་སོགས་མཁྲིས་པ་ལྔ། མྱག་བྱེད་སོགས་བད་ཀན་ལྔ་བཅས་ནད་ཀྱི་ཉེ་རྒྱུ་བཅོ་ལྔ་དང་། ལུས་ཟུངས་བདུན་དང་དྲི་མ་གསུམ་བཅས་གནོད་བྱ་བཅུ་བོ་དག་རང་རང་གི་གནས་དང་ལྡང་ཚད་ལས་རྣམ་པ་གཞན་དུ་མ་གྱུར་བ་ནི་མི་ན་བར་གནས་པའི་ཐ་མལ་ནད་མེད་ཀྱི་ལུས་ཡིན་པ་དང་། གལ་ཏེ་ནད་ཟུངས་དྲི་མ་གསུམ་འཕེལ་ཟད་འཁྲུགས་པའི་དབང་གིས་རང་གི་གནས་དང་ལྡང་ཚད་ལས་རྣམ་པ་གཞན་དུ་གྱུར་ན་དེས་ལུས་ཁམས་འཇོམས་པར་བྱེད་པས་རྣམ་པར་གྱུར་བ་ནད་ཀྱི་ལུས་ཞེས་རིགས་མི་འདྲ་བ་གཉིས་འབྱུང་བ་སྟེ། 《རྒྱུད་》ལས། “ནད་ཀྱི་དབྱེ་བ་རྣམ་པར་མ་གྱུར་གྱུར།།”(25) ཞེས་གསུངས་པས་སོ།། མདོར་ན་ནད་ཀྱི་དབྱེ་བ་ལ་ནད་ཅན་དང་ནད་མེད་དེ། ཀརྨ་རང་བྱུང་རྡོ་རྗེས། “རྣམ་པར་མ་གྱུར་ནད་མེད་དང།། རྣམ་པར་གྱུར་ན་ནད་ཅན་ནོ།།” (26)ཞེས་གསུངས་པ་དང་། རྣམ་པར་མ་གྱུར་བའི་སྐབས་ཀྱི་ནད་དེ་ནི་བཏགས་པ་མིང་གི་ནད་དེ། བུད་པར་བྱ་བའི་ཤིང་ལ་བུད་ཤིང་ཞེས་བཏགས་ལ། རྐྱེན་དང་འཕྲད་ནས་མེར་གྱུར་བ་ལ་བུད་ཤིང་གི་སྒྲ་མེད་པར་མེ་ཞེས་པ་ལྟར་ཡིན་པས། དཔལ་སྤུངས་བས། “རྣམ་པར་མ་གྱུར་བའི་སྐབས་ཀྱི་ནད་ནི་ལུས་གསོ་སྐྱོང་བྱེད་པའི་རླུང་མཁྲིས་བད་གསུམ་གྱི་མིང་ཡིན་ཞིང་། དེར་ནད་ཅེས་བཏགས་པ་ནི་འབྱུང་འགྱུར་དེ་གསུམ་པོ་འཕེལ་ཟད་འཁྲུགས་པར་གྱུར་ན་ལུས་སྲོག་ལ་གནོད་ཅིང་གཟིར་བའི་ནད་འབྱུང་ཕྱིར་ཏེ། དཔེར་ན། ཏིལ་མར་རང་ཉིད་མེ་མ་ཡིན་ཀྱང་ཤིང་ཚིག་པའི་རྒྱུ་བྱེད་པ་ལྟ་བུའོ།།” (27)ཞེས་གསུངས་པ་ལྟར་རོ།། དེ་ལྟར་མིའི་ལུས་ཁམས་ན་ནད་ཀྱི་རྒྱུ་ཁ་ཚང་བར་གནས་ཡོད་པས་ནད་དང་འབྲལ་མི་སྲིད་ལ། གནས་སྐབས་ནད་ཀྱི་ངོ་བོ་ཟུག་རྔུ་རུ་གྱུར་མ་གྱུར་བ་ལས་ཚོར་བ་བདེ་སྡུག་གང་རུང་དུ་འགྱུར་བ་ཡིན་ནོ།། དེ་བས་སྔོན་འགྲོའི་སྐབས་སུ་བཤད་ཟིན་པ་ལྟར། རང་ཅག་སྨན་པའི་ལས་དོན་སྣ་གཉིས་པོའང་འདི་ལ་རག་ལས་པ་ཡིན་ཏེ། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ནད་པ་རྣམས་ཀྱི་ཟས་སྤྱོད་སོགས་ལུས་ངག་ཡིད་གསུམ་གྱི་སྦྱོར་པ་མཉམ་པར་བསྟེན་པ་དང་། རྟག་ཏུ་ཟས་ཀྱི་ཆོ་ག་ལ་མཁས་ཤིང་གཙང་སྦྲ་བྱེད་པ་དང་། མི་དགེ་བའི་ལས་སོགས་སྤངས་ནས་ནད་ཀྱི་རྐྱེན་སྤངས་བར་བྱ་དགོས་ཏེ། 《རྒྱུད་》ལས། “ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང་།། རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད།། དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤངས་བྱ།།” (28)ཞེས་གསུངས་པས་སོ།། ཐབས་ཤེས་ཇི་སྙིད་ཀྱི་སྒོ་ནས་ནད་ཀྱི་རྐྱེན་སྤངས་ནས་ནད་མེད་ཐ་མལ་ཡོང་བར་བྱ་བ་ནི་མཆོག་ཡིན་ལ། གལ་ཏེ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཉེ་རྒྱུ་རླུང་མཁྲིས་བད་གསུམ་འཕེལ་ཟད་འཁྲུགས་པའི་ངོ་བོ་འགྱུར་ཏེ་ནད་ཀྱི་ཟུག་རྔུ་ལས་ཚོར་བ་སྡུག་བསྔལ་བ་དེ་བྱུང་ན་མྱུར་བར་གསོ་ཐབས་ལ་འབད་པ་ཇི་སྙེད་ཀྱི་སྒོ་ནས་ལུས་ཀྱི་ཁམས་རྣམས་རང་སོར་འཇུག་དགོས། དེ་བས་ནད་ཅན་ནད་མེད་ལས་བྱུང་བའི་ཐབས་དེ་གཉིས་ནད་ཐོག་ལག་ལེན་གྱི་ངོས་ནས་བེད་སྤྱོད་ཐུབ་པ་བྱུང་ན་གསོ་བཅོས་ཀྱི་ཐད་དུ་འབྲས་བུ་རྨད་དུ་བྱུང་ཞིག་འབྱུང་ངེས་སོ།།
དཔྱད་གཞིའི་ཡིག་ཆ།
① ཟུར་མཁར་བློ་གྲོས་རྒྱལ་པོ། 《རྒྱུད་བའི་འགྲེལ་བ་མེས་པོའི་ཞལ་ལུང》 མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་8པ། ཤོག་ངོས་127སྟེང་གསལ།
②③⑤⑨⑩⑾⑿⒀⒁⒄⒅⒆(21)(22)(23)(24)(25)(28)གཡུ་ཐོག་ཡོན་ཏན་མགོན་པོ། 《གསོ་རིག་རྒྱུད་བཞི》བོད་ལྗོངས་མི་དམངས་མི་སྐྲུན་ཁང་། 1982ལོའི་ཟླ1པོ། ཤོག་ངོས17,25,375,375,375,375,552,651,29,182,27,29,30,30,27,10,30,35བཅས་ལ་གསལ།
④སྐྱེམ་པ་ཚེ་དབང་། 《སྐྱེམ་པའི་རྒྱུད་བཞི་འབྲུ་འགྲེལ》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ7པ། ཤོག་ངོས་130སྟེང་གསལ།
⑥བསྟན་འགྱུར་ལས་བཏུས། 《ལུས་ཁམས་ཉི་མའི་གཉེན་པོ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1993ལོའི་ཟླ”8པ། ཤོག་ངོས་7སྟེང་གསལ།
⑦⑧དགེ་འདུན་ཆོས་འཕེལ། 《འདོད་པའི་བསྟན་བཅོས》ནང་ཁུལ་སྣུམ་པར། ཤོག་ངོས་6,8སྟེང་གསལ།
⒂བསམ་གཏན། 《གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1997ལོའི་ཟླ་11པར། ཤོག་ངོས་33སྟེང་གསལ།
⒃བེ་རོ་ཙ་ན་སོགས་ཀྱིས་བསྒྱུར། 《སྨན་དཔྱད་ཟླ་བརྒྱད》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་11པ། ཤོག་ངོས་34སྟེང་གསལ།
⒇དཔལ་ལྡན་ཕ་ཁོལ། 《ཡན་ལག་བརྒྱད་པའི་རང་འགྲེལ》མི་རིགས་དཔེ་སྐྲུན་ཁང་། 2006ལོའི་1པོ། ཤོག་ངོས་138སྟེང་གསལ།
(26)ཀརྨ་རང་བྱུང་རྔོ་རྗེ།《གཅེས་པ་མུ་ཏིག་ཕྲེང་བ》ཤིང་པར། ཤོག་ངོས་53སྟེང་གསལ།
(27)དཔལ་སྤུངས་པ། 《དཔལ་སྤུངས་རྒྱུད་བཞི་དཀའ་འགྲེལ》ལྕགས་པར། ཤོག་ངོས98སྟེང་གསལ།

འབྲེལ་ཡོད་འོས་སྦྱོར།