logo

༄༅།།ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང《ནད》བཀླགས་པ།

རྩོམ་པ་པོ།:རྡོ་སྦིས་ཆོས་སྐྱོང་ཐར། ཡོང་ཁུངས།:ཧི་མ་ལ་ཡ། དུས་ཚོད།:2020-10-28 ཀློག་གྲངས།:
[ནང་དོན་གནད་བསྡུས།] བརྩམས་སྒྲུང《ནད》ཅེས་པ་འདི་རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ལགས་ཀྱིས་བརྩམས་ཤིང་། 2019ལོའི་སྤྲང་ཆར་དེབ་དང་པོར་སྤེལ། དམའ་འབྲིང་སློབ་རིམ་དང་པོའི་ཁྲིད་དེབ་དུ་2020་ལོར་གསར་དུ་བཀོད་པ་ཞིག་ཡིན་པས། ཁོ་བོའི་ཁྲིད་བྱའི་ནང་དོན་དུའང་བབས་ཡོད་སྟབས། སློབ་མར་སློབ་ཁྲིད་ཀྱི་ཞོར་དུ་རང་གིས་ཀྱང་ཤེས་ཚོད་ཀྱིས་གོ་བ་རག་ཙམ་བླངས་པ་ལ་བརྟེན་ནས་བརྩམས་སྒྲུང་གི་མི་སྣ་དང་མཚོན་དོན་ཐད་ནས་རང་ཚོད་ཀྱིས་དབྱེ་ཞིབ་བྱེད་ཁུལ་ཙམ་བྱས་པའོ།།
[བརྡ་ཆད་གཙོ་བོ།]  བརྩམས་སྒྲུང་།  མི་སྣ།  སྣང་བརྙན།  གཟུགས་བརྙན།
གླེང་སློང་བ།
སྤྱིར་བརྩམས་སྒྲུང་གང་ཞིག་ཀློག་ན། ཐོག་མར་བརྩམས་སྒྲུང་དེའི་མི་སྣའི་གཤིས་ཀ་དང་མི་སྣའི་སྣང་བརྙན་དེ་ཡང་དག་ཅིག་ཀློག་དགོས་ཏེ། གལ་ཏེ་ཀློག་པ་པོ་ཞིག་གིས་བརྩམས་སྒྲུང་ཞིག་ཀློག་སྐབས་དེའི་མི་སྣ་གཙོ་བོ་དག་གསལ་བོ་ཞིག་ཀློག་མ་ཐུབ་ཚེ། བརྩམས་སྒྲུང་དེའི་བརྗོད་སྙིང་དང་རྩོམ་པ་པོའི་བསམ་བློའི་བརྩེ་དུང་ཡང་ཆ་མ་ཚལ་བར་ཀློག་པ་དོན་མེད་དུ་འགྱུར་སྲིད་པས། ང་ཚོ་ཀློག་པ་པོ་ཞིག་ལ་མཚོན་ནས་བཤད་ན་བརྩམས་སྒྲུང་གང་ཞིག་བཀླགས་ཀྱང་རུང་། ཐོག་མར་བརྩམས་སྒྲུང་དེའི་གྲུབ་ཆ་གསུམ་སྟེ། མི་སྣ། བྱུང་རིམ། ཁོར་ཡུག་བཅས་ལས་མི་སྣ་ནི་ཆེས་གལ་ཆེན་གྱི་གནས་ཤིག་ཡིན། མི་སྣའི་སྣང་བརྙན་ནམ་གཟུགས་བརྙན་དེ་ཇི་ལྟ་བུ་ཞིག་ཡིན་པར་ལྟ་རྒྱུ་ནི་བརྩམས་སྒྲུང་ཞིག་ཀློག་པའི་དོན་སྙིང་ཡང་ཡིན། མ་གཞི་ནས་བརྩམས་སྒྲུང་ཞེས་པ་ནི་མི་སྣའི་སྣང་བརྙན་གཙོ་བོར་འཛིན་པའམ་མི་སྣའི་སྣང་བརྙན་ལ་ཁེན་ཏེ་སྤྱི་ཚོགས་འཚོ་བ་དམར་རྗེན་ཏུ་ཕུད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དེ་བས་“《རྩོམ་རིག་གསར་རྩོམ་དཔྱད་བརྗོད།》་དུ་བྱུང་རིམ་ནི་མི་སྣའི་གར་སྟེགས་དང་མི་སྣ་ནི་བྱུང་རིམ་འགྲུབ་བྱེད་ཀྱི་ཆ་རྐྱེན་ཡིན་ཞེས་དང་།” ① “སྒྲུང་གཏམ་གྱི་མི་སྣ་གསར་བཞེངས་བྱ་རྒྱུ་ནི་ཤིན་ཏུ་རྙོག་འཛིང་ལྡན་པའི་བཟོ་བཀོད་ཅིག་ཡིན། ②”ཞེས་བརྗོད་ཡོད་པ་ཡིན་པས་སོ།།
དེའི་ཕྱིར་རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ལགས་ཀྱི་བརྩམས་སྒྲུང་《ནད》 ཅེས་པ་འདི་ལ་མཚོན་ནས་བཤད་ནའང་གོང་དུ་བརྗོད་པ་བཞིན་གཙོ་བོ་མི་སྣའི་གཟུགས་བརྙན་ནམ་མི་སྣའི་སྣང་བརྙན་ལ་ཁེན་ཏེ་དེང་རབས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གནས་པའི་གནད་དོན་འགའ་ཤས་གསལ་འདོན་བྱས་ཡོད་པ་ཡིན་ཏེ།
དང་པོ། བརྗོད་བྱ།
དོན་གྱི་བྱུང་རིམ་ལྟར་ན་བརྩམས་སྒྲུང་འདིར་གཙོ་བོ་རྒྱལ་ཁབ་གྱི་དེང་གི་ཡང་དག་པའི་སྲིད་ཇུས་དབུལ་སྐྱོར་གནད་ཕིགས་ཏེ་དབུལ་ཕོངས་ས་ཁོངས་སོ་སོའི་དབུལ་ཕོངས་དུད་ཁྱིམ་གྱི་གནས་ཚུལ་སོ་སོར་དམིགས་ཏེ། དབུལ་སྐྱོར་བྱེད་པའི་གནས་ཚུལ་བྲིས་ཡོད་ཅིང་། དེ་ལས་མི་སྣའི་གཏམ་གླེང་ལ་བརྟེན་ནས་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་“ནད”་དེ་ཐུམ་འབུ་ནད་དང་གློ་གཅོང་གི་ནད་བཅས་བྱུང་བའི་རྒྱུ་རྐྱེན་སོགས་སྔོག་འདོན་དང་དབུལ་ཕོངས་ལས་ཐར་ཐབས་སྐོར་བསྟན་ཡོད།
གཉིས་པ། མི་སྣའི་གཏམ་གླེང་།
མི་སྣའི་གཏམ་གླེང་ཐད་ནས་གཙོ་བོ་བརྩམ་སྒྲུང་འདིའི་མི་སྣ་གཙོ་བོ་སྟེ་འབྲོག་པ་ཟླ་བ་དང་མགོ་ཁྲིད་སྐལ་བཟང་གཉིས་ཀྱི་གཏམ་གླེང་སྣ་ཚོགས་ལ་བརྟེན་ནས་་“ནད”ཀྱི་འབྱུང་རྐྱེན་དང་དབུལ་ཕོངས་སུ་གྱུར་དོན་སོགས་མཚོན་པར་བྱས་ཡོད། དེ་བས་བརྩམས་སྒྲུང་འདི་ལ་མཚོན་ནས་བཤད་ནའང་གོང་དུ་བརྗོད་པ་བཞིན་རྩོམ་པ་པོའི་བསམ་བློའི་བརྩེ་དུང་ངམ་རྩོམ་གྱི་བརྗོད་བྱའི་སྙིང་བོ་ཡང་མི་སྣའི་སྣང་བརྙན་ནམ་གཟུགས་བརྙན་ལ་ཁེན་ཏེ་སྤྱི་ཚོགས་ཀྱི་གནད་དོན་ཉིད་གསལ་རྗེན་དུ་བཏོན་ཡོད་པས། རྩོམ་ཡིག་འདིར་རྩོམ་པ་པོས་མི་སྣའི་སྣང་བརྙན་དེ་ཇི་ལྟར་དུ་འབྲི་བཞེངས་བྱས་ཡོད་ཅེ་ན། དེ་ནི་མི་སྣའི་གཏམ་གླེང་དང་བྱ་བྱེད་ཀྱི་ཁྲོད་ནས་འབྲི་བཞེངས་བྱས་ཡོད་པར་སེམས་ཏེ། གཤམ་དུ་མི་སྣའི་བྱ་བྱེད་དང་གཏམ་གླེང་སོ་སོར་དབྱེ་ཞིབ་ཙམ་གྱིས་ན།
གཅིག བྱ་བྱེད་དང་གཏམ་གླེང་ལས་སྒྱིད་ལུག་གི་རྣམ་པ་ཞིག་མཚོན་པ།
རྩོམ་ཡིག་གི་མགོར་འབྲོག་པ་ཟླ་བ་ཚང་གི་ཁྱིམ་གཞི་འབྲི་བཞེངས་བྱེད་སྐབས་/གྱང་ཁང་རྙིང་བའི་ནང་དུ་མལ་ཁྲི་གཉིས་གཤིབས་ནས་བསྒྲིགས་ཡོད། དེའི་སྟེང་དུ་ཚི་དྲེག་གིས་ཟིན་པའི་ཟི་ཚར་རལ་བོ་ཁ་ཤས་དང་། བལ་ཕྱར་རྙིང་བ་འགའ་གང་འདོད་དུ་གཡུགས་འདུག་པས། བལྟས་པ་ཙམ་གྱིས་ཞོགས་པར་མལ་ལས་ལངས་རྗེས། ཉལ་ཆས་མ་བསྡུས་པ་ལས་སླ་མོའི་ངང་རྟོགས་ཐུབ། ཁྱིམ་དུ་ལྕགས་ཐབ་ཅིག་བཙུགས་ཡོད་ལ། ལྕགས་ཐབ་ཀྱི་མཐའ་རུ་རྩམ་པ་ཟ་འཕྲོ་ལུས་པའི་ཅ་ནེ་འགའ་ལུས་འདུག ཐབ་སྟེང་གི་རྫ་མའི་ཐོག་ལ་ཐལ་རྡུལ་གྱིས་ཁེངས་ཤིང་། རྫ་ཆུ་ལས་རླངས་པ་ཐོལ་ཐོལ་དུ་འཕྱུར་བར་བལྟས་ན། དེ་ནི་འབྲོག་པ་ཚོ་བཏུང་རྒྱུར་དགའ་བའི་ཡུན་རིང་གདུས་པའི་ཇ་ནུར་མོ་ལས་ཡིན་སྙམ།/ /ངེད་ཚང་རྒྱབ་ཀྱིས་གསོས་ནས་བསྡད་ཡོད་པ་ཡིན། …………../  
/དྲིན་ཅན་པོ། ངེད་ཚང་རྒྱགས་རེ་ཟས་ནས་ཉལ་འདུག་རྒྱུ་དགའ། ད་ངོ་མ་སྐྱིད་པོ་རེད། འཆར་གཞི་གསར་བ་ཅི་ཡང་མེད།རྒྱལ་ཁབ་ཀྱི་གནང་སྦྱིན་འདི་དག་ཆད་མ་སོང་ན་ངོ་མ་བཟང་གི………/  
/འབྲོག་པ་ཟླ་བས་གོམས་ལོབས་སུ་སོང་བའི་མཐེ་བོང་གནམ་དང་གྲུ་མོ་ས་བྱེད་བཞིན………/  
/སྡོད་ཁང་བྱུང་རྗེས་ནང་དུ་གློག་ཅིག་འཐེན་རོགས། རྒད་པོ་ཐབས་སྡུག་ཅིག་ཡིན་པས།དེ་ཡང་རེ་བ་ཞིག་སྔོན་ནས་བརྒྱབ་པ་ལགས། / ཞེས་“སྒྲུང་གཏམ་གྱི་སྐད་ཆ་ལ་རང་བཞིན་དྲང་བོ་བརྗོད་པ་དང་།འཁྱོག་བརྗོད་བྱེད་པ།རབ་རིབ་ཀྱི་སྒོ་ནས་བརྗོད་པ། རབ་རྟོགས་ཀྱི་སྒོ་ནས་བརྗོད་པ་སོགས་རྣམ་པ་སྣ་ཚོགས་ཤིག་ཡོད་”ཅེས་བརྗོད་པ་བཞིན།③ གོང་གི་བྱ་བྱེད་དང་སྐད་ཆ་འདི་དག་གིས་བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་འབྲོག་པ་ཟླ་བའི་རང་གཤིས་ཤིག་རབ་རིབ་ཀྱི་སྒོ་ནས་མངོན་པར་མཚོན་ཡོད་ལ། རང་གཤིས་འདི་ལས་ནམ་ཡང་རོགས་དངུལ་དང་གནང་སྦྱིན་ལ་མིག་ཟུང་བགྲད་པའི་འབྲོག་པ་ཞིག་གིས་སྒྱིད་ལུག་གི་ངང་རྒྱུད་ཀྱང་མངོན་པར་མཚོན་ཡོད་པས། རྩོམ་པ་པོས་འདི་ལྟ་བུའི་འབྲོག་པ་དཀྱུས་མ་ཞིག་གི་སྣང་བརྙན་འབྲི་བཞེངས་བྱས་ཏེ། འབྲོག་པ་ཟླ་བས་མཚོན་པའི་འབྲོག་པའམ་བོད་པ་བྱིངས་ཀྱི་འཚོ་བའི་གནད་དོན་འདིའི་རིགས་ཐེར་འདོན་བྱས་ཏེ། བོད་པའི་སྒྱིད་ལུག་གི་གཤིས་ཀར་སེམས་ཁུར་དང་སུན་འབྱིན་བྱས་ཏེ། རྩོམ་ཡིག་ཁྲོད་ཀྱི་ཐུམ་འབུའི་ནད་དང་གློ་གཅོང་གི་ནད་དེ།  བོད་པ་སྤྱིའི་“ནད”ཀྱི་འབྱུང་རྐྱེན་དེ་གསལ་བོར་བསྟན་ཡོད་པར་སེམས་སོ།།
གཉིས། བྱ་བྱེད་དང་གཏམ་གླེང་ལས་བསམ་བློ་རྙིང་བ་མཚོན་པ།
བརྩམས་སྒྲུང་འདིར་མི་སྣའི་གཏམ་གླེང་ལས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད་པའི་ཐུམ་འབུའི་ནད་དང་གློ་གཅོང་གི་ནད་གླེང་སྐབས་སུ་འབྲོག་པ་ཟླ་བས/གོ་ཐལ། གོ་ཐལ། དྲིན་ཅན་པོ། ད་འབྲོག་པ་ཚོ་དེ་འདྲ་ཡིན་པ་རེད། ཁྱེད་མགོ་ཁྲིད་གསར་བ་རེད། གསེར་ལུང་སྡེ་པར་ཆ་རྒྱུས་མེད། ང་ལོ་དྲུག་ཅུ་རེ་གསུམ་ཡིན་ལ་ཐུམ་འབུའི་ནད་ཡོད། སྨན་པའི་ཐུམ་འབུའི་ནད་དུས་ལྟར་སྨན་བཅོས་མ་བྱས་པས་གཤག་བཅོས་བྱ་ཐབས་མི་འདུག་ལ། ད་སྨན་འཐུང་ཡང་དྲག་དཀའ་མོ་རེད་ཟེར། ངེད་ཚང་ལ་ཅིའི་ཕྱིར་གནམ་བརྡིབས་དོན་མི་ཤེས། ཆུང་མ་དང་། གྲྭ་པ་ཞི་ལི་ངེད་གསུམ་ལ་ཐུམ་འབུའི་ནད་ཡོད། ཁོ་གཉིས་ལ་ད་དུང་སྨན་འཐུང་བ་དང་གཤག་བཅོས་བྱས་ན་སྲོག་སྐྱོན་མི་འདུག་ཟེར། / /སྨན་འཐུང་ཆོག་མོད། ཉེ་ལམ་གསེར་ལུང་སྤྲུལ་སྐུས་ཆུང་མ་ལ་གཤག་བཅོས་བྱས་ན་མོ་ཡག་པོ་མི་འདུག་གསུངས། / /དེང་སང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་འགྱུར་དགོས་ན་དཀའ་མོ་རེད། སྡེ་དཔོན་ཚང་གི་ཞི་ལུ་སློབ་ཆེན་མཐར་ཕྱིན་ཡང་ཁ་སང་དེ་རིང་ལས་ཀ་མེད་པར་ཁྱིམ་དུ་བསྡད་ཡོད་པ་རེད།/སོགས་ཀྱིས་སྒྱིད་ལུག་གི་དབང་དུ་སོང་བའི་འབྲོག་པ་ཟླ་བའི་རྙིང་ཞིང་ཞེན་པའི་བསམ་བློ་ཞིག་ངང་གིས་མངོན་ཡོང་གིན་འདུག་ཅིང་། འདི་ལྟ་བུའི་འབྲོག་པ་ཟླ་བའི་མཚོན་པའི་རྙིང་ཞེན་བག་འཁུམ་གྱི་བསམ་བློའང་བོད་པ་སྤྱིའི་འཚོ་བར་གནས་ཤིང་མཆིས་པས། རྩོམ་པ་པོའི་འདི་ལྟ་བུའི་རྙིང་ཞེན་གྱི་བསམ་བློ་ལས་བྱུང་བའི་རྗེས་ལུས་ཀྱི་རྣམ་པར་སུན་འབྱིན་དང་ཟུར་ཟ་སེམས་ཁུར་བཅས་བྱས་ཡོད་པར་སེམས་སོ།།
གསུམ་པ། བྱ་བྱེད་དང་གཏམ་གླེང་ལས་“ནད”་སེལ་ཐབས་གླེང་བ།
སྤྱིར་བརྩམས་སྒྲུང་གི་ཐད་ནས་གོང་དུ་གླེང་བ་བཞིན་མི་སྣའི་སྣང་བརྙན་དང་གཟུགས་བརྙན་ལ་ཁེན་པ་ནི་སྒྲུང་གཏམ་གྱི་མཚོན་ཐབས་གཙོ་བོ་ཉིད་ཡིན་གཤིས། བརྩམས་སྒྲུང་འདི་ལ་མཚོན་ནས་བཤད་ནའང་དེ་ལས་འདའ་མེད་པར། མི་སྣའི་གཏམ་གླེང་ལ་བརྟེན་ནས་རྩོམ་གྱི་བརྗོད་སྙིང་སྟེ་རྩོམ་པ་པོའི་བསམ་བློའི་བརྩེ་དུང་མཚོན་པར་བྱས་ཡོད་པ་ཡིན་སྟབས། 《ནད།》ཅེས་པའི་བརྩམས་སྒྲུང་འདིར་ཡང་ནད་སེལ་ཐབས་ཀྱི་སྐོར་ནས་སྲིད་གཞུང་གི་ཚབ་བྱེད་མི་སྣ་སྟེ་མགོ་ཁྲིད་སྐལ་བཟང་གི་སྐད་ཆའི་སྟེང་ནས་ནད་གཞི་སེལ་ཐབས་སྐོར་བརྗོད་ཡོད་པ་ཡིན་ཏེ།  ནད་གཞི་སེལ་བ་ནི་འབྲོག་པ་དབུལ་སྐྱོར་ཀྱི་ཐབས་དམ་པ་རུའང་ལགས་པས།  མགོ་ཁྲི་སྐལ་བཟང་གིས་/ ཁྱོད་ཚོ་ལ་ཐུམ་འབུའི་ནད་འགོས་དོན་ཅི་ཡིན་པ་ཨེ་ཤེས།/ ་དང་ / དེ་ནི་ཁྱོད་ཚོ་གཙང་སྦྲ་ཞན་པས་རེད། རྟག་པར་ཆུ་གྲང་མོ་འཐུང་བ་དང་། ཁྱི་ལ་རེག་པ། ལག་པ་མི་བཀྲུ་བ་སོགས་ཀྱི་ནད་འགོས་པ་ཡིན། /ཞེས་འབྲོག་པ་སྤྱི་མཐུན་གྱི་ནད་གཞིའི་འབྱུང་རྐྱེན་དང་ནད་གཞི་སེལ་ཐབས་གཉིས་ཀྱི་ཆ་ནས་ལམ་ཕྱོགས་གསལ་བོར་བསྟན་ཡོད་པ་ཡིན་པས། “ནད” སེལ་དགོས་ན་གཙང་སྦྲར་དོན་སྣང་གལ་ཆེན་བྱ་དགོས་པ། གཙང་སྦྲ་ལེགས་པོ་མ་བྱས་ན་ནད་སེལ་ཐབས་མེད་པ་བཅས་བརྗོད་ཡོད་པ་ཡིན་སྟབས། གོང་དུ་གླེང་བ་བཞིན་གཙང་སྦྲ་ལ་མི་དགའ་བ་དང་གཙང་སྦྲ་ལ་དོན་སྣང་མི་བྱེད་པ་ནི་རྒྱུ་གང་ཞིག་ལ་བརྟེན་ཡོད་པ་སོགས། ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཞིག་ཀྱང་བསྩལ་ཡོད་པར་སེམས་ཏེ། དེ་ལྟ་བུའི་བར་སྟོང་ལས་བརྩམས་སྒྲུང་འདིའི་ཁ་བྱང་སྟེ་“ནད” ཅེས་པ་འདིའང་མ་གཞི་གང་ཞིག་ལ་ངེས་འཛིན་དགོས་པའི་བསམས་ཚུལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཡིད་ཀྱི་དྲན་ཤེས་ལ་མ་ཤར་རང་ཤར་ཏུ་གྲུབ་ཡོང་ངོ་།།
བཞི་པ། “ནད”་ངེས་འཛིན།
སྤྱིར་བརྩམས་སྒྲུང་འདིར་དབུ་སྐྱོར་གནད་ལ་ཕུགས་པའི་འབྲོག་པ་ཟླ་བ་ཚང་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་བརྩམས་སྒྲུང་གི་མི་སྣ་གཙོ་བོ་འབྲོག་པ་ཟླ་བའི་གཟུགས་བརྙན་ལས་ག་ལེར་མངོན་གྱིན་འདུག་སྟེ། དཔེར་ན། མགོ་ཁྲིད་སྐལ་བཟང་གི་སྐད་ཆ། / གཙང་སྦྲ་ཡག་པོ་བྱོས། ལྟོས་དང་། བྱིས་པ་གྱོ་པོའི་གདོང་གི་དྲེག་པ་དང་། བྱིས་པ་རྡོ་རྡོའི་སྐྲ་འཛིང་བ་ལ་བལྟས་ན། ཟླ་བ་གཅིག་ལ་འཁྲུད་མ་བྱས་པ་དང་འདྲ། རྒྱུ་མེད་རུང་གཙང་སྦྲ་བྱེད་མིན་རང་ལ་ཐུག་ཡོད། འདི་ལྟར་གཙང་སྦྲ་མ་བྱས་ན་ཐུམ་འབུའི་ནད་དང་གློ་གཅོང་གི་ནད་འགོ་ཤག་ཤག་རེད།/ ཅེས་དང་།  ཡང་མགོ་ཁྲིད་སྐལ་བཟང་གིས་/ རེ་བ་ཞུས་ན་ཆོག་མོད། ཕྱུག་པོར་འགྱུར་དགོས་ན་ཐོག་མར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་དགོས་པ།རྒྱབ་ཁབ་རྐྱང་རྐྱང་ལ་ལག་པ་བཟེད་ནས་བསྡད་ན་དཀའ་མོ་རེད།/སོགས་མི་སྣའི་གཏམ་གླེང་འདི་དག་ལས་ང་ཚོར་འབྲོག་པ་ཐུན་མོང་ལ་དབང་བའི་“ནད”འདི་ནི་ཐུམ་འབུའི་ནད་དང་གློ་གཅོང་གི་ནད་ཙམ་པོ་བ་མིན་པ་ནི་བསམ་གཞིག་གི་ཀློང་ནས་ངང་གིས་རྟོགས་རྒྱུ་ཞིག་ཡོད་པ་ར་སེམས། གཞན་ཡང་རྩོམ་གྱི་མཇུག་ཏུ་/ མགོ་ཁྲིད་སྐལ་བཟང་གིས་མགོ་བོ་འཕྲེད་དུ་གཡུག་བཞིན་ལས་གྲོགས་ཚེ་རིང་ལ་ཟླ་བ་ཚང་ཕྱུགས་པོར་འགྱུར་དགོས་ན་། ཐོག་མར་ཁོ་ཚང་གི་བློ་གཅོང་དང་ཐུམ་འབུའི་ནད་འདི་ཚོར་སྨན་བཅོས་ཡག་པོ་བྱེད་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་རེད། / ཅེས་པའི་སྐད་ཆ་འདིས་སྔོན་མ་ལས་མངོན་གསལ་དོད་པ་སྒོས“ནད”་ཅེས་པ་འདིའི་ངེས་འཛིན་ཐད་ནས་ཀློག་པ་པོར་གཏིང་ཇེ་ཟབ་དང་གུ་ཇེ་ཡངས་ཀྱི་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་བསྐྲུན་ཟིན་པས། “ནད”ངེས་འཛིན་ཐད་ལ་གོ་བ་ཇེ་གསལ་དང་གོ་དོན་གཏིང་ཟབ་ཏུ་བཏང་ཡོད་པར་སེམས་སོ།།
ལྔ་པ། སྒྱུ་རྩལ་གྱི་མཚོན་ཐབས།
“སྤྱིར་སྒྲུང་གཏམ་གྱི་རྣམ་པའམ་གནས་སྟངས་(小说形态)ཀྱི་ཆ་ནས་བཤད་ན། གཏམ་རྒྱུད་ནས་སྒྲུང་གཏམ་དུ་འཕེལ་བ་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་ངེས། བོད་ཀྱི་སྒྲུང་གཏམ་བྱུང་འཕེལ་ལ་གཞིགས་ཚེའང་། བྱུང་རིམ་དང་གཏམ་རྒྱུད་གཙོར་བྱས་པའི་དུས་སྐབས་དང་། མི་སྣ་འབྲི་བཞེངས་གཙོར་བྱས་པའི་དུས་སྐབས། སེམས་ཁམ་གཙོ་བོར་བྱས་པའི་དུས་སྐབས་སོགས་དུས་སྐབས་སྣ་ཚོགས་ཤིག་བརྒྱུད་མྱོང་བ་རེད། ”④ཅེས་བརྗོད་པ་བཞིན།  “བརྩམ་སྒྲུང་ཞིག་ལ་མཚོན་ནས་བཤད་ན། རྒན་བདུད་ལྷ་རྒྱལ་གྱིས་གསུངས་པ་ཇི་བཞིན། བརྩམས་སྒྲུང་ཞིག་གིས་མི་སྣའི་གཟུགས་བརྙན་བཞེངས་བསྐྲུན་བྱ་རྒྱུ་ནི་ཆེས་གལ་ཆེན་གྱི་གནས་ཤིག་ཡིན་ལ། གལ་ཏེ་བརྩམས་སྒྲུང་ཞིག་ལ་མཚོན་ན་བརྩམས་སྒྲུང་དེར་མི་སྣའི་གཟུགས་བརྙན་གསལ་བོ་ཞིག་བཞེངས་བསྐྲུན་བྱེད་མ་ཐུབ་ཚེ། བརྩམས་སྒྲུང་དེ་ནི་ཕམ་ཁའི་བརྩམས་སྒྲུང་ཞིག་ཡིན།”⑤ ཅེས་པ་ལྟར། ན་ཚོད་སྨིན་ཐག་མཆོད་པའི་ཚབ་མཚོན་ཅན་གྱི་བརྩམས་སྒྲུང་ཞིག་ཡིན་དགོས་ན། བརྩམས་སྒྲུང་དེར་གཙོ་བོ་མི་སྣའི་སྣང་བརྙན་ནམ་གཟུགས་བརྙན་གསར་བཞེངས་བྱས་དེ་སྤྱི་ཚོགས་འཚོ་བ་དངོས་དེ་མཚོན་དགོས་པ་ཞིག་ཡིན་པར་སེམས། དེའི་ཕྱིར། 《ནད།》ཅེས་པའི་བརྩམས་སྒྲུང་འདིར་མཚོན་ནའང་རྩོམ་ཡིག་སྤྱིའི་གྲུབ་ཆའི་ཐད་ནས་གཙོ་བོ་མི་སྣའི་གཏམ་གླེང་གིས་ཟིན་ཡོད་ལ། གཏམ་གླེང་ལ་བརྟེན་ནས་མི་སྣའི་སེམས་ཁམས་སོགས་ཞིབ་འབྲི་བྱས་ཡོད་པ་ཞིག་ཡིན་སྟབས། རྩོམ་ཡིག་འདིའི་སྒྱུ་རྩལ་མཚོན་ཐབས་ཆ་ནས་ཀྱང་གཏམ་གླེང་ལ་བརྟེན་ནས་མི་སྣའི་གཟུགས་བརྙན་གསར་བཞེངས་བྱས་ཡོད་པ་དང་། མི་སྣའི་གཏམ་གླེང་ལས་རྩོམ་གྱི་བསམ་བློའི་འདུ་ཤེས་ཀྱང་མཚོན་པར་བྱས་ཡོད་པ་ཞིག་ཡིན། དེ་བས། མི་སྣའི་གཏམ་གླེང་ནི་རྩོམ་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་ཉག་ཅིག་ཡིནལ། གཏམ་གླེང་ནི་རྩོམ་འདིའི་སྒྱུ་རྩལ་མཚོན་ཐབས་གཙོ་བོ་ཡིན་པར་སེམས་སོ།།
དྲུག་པ། མཇུག་བསྡུ་བ།
བརྩམས་སྒྲུང《ནད།》ཅེས་པ་འདི་དམའ་འབྲིང་སློབ་རིམ་དང་པོའི་ཁྲིབ་དེབ་དུ་2020ལོར་གསར་དུ་བཀོད་པ་ཞིག་ཡིན་པས། ཁོ་བོའི་ཁྲིད་བྱའི་ནང་དོན་དུའང་བབས་ཡོད་སྟབས། སློབ་མར་སློབ་ཁྲིད་ཀྱི་ཞོར་དུ་རང་གིས་ཀྱང་ཤེས་ཚོད་ཀྱི་གོ་བ་རག་ཙམ་བླངས་པ་ནི། བརྩམས་སྒྲུང་འདིས དེང་དུས་ཀྱི་བོད་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དངོས་མཚོན་ཡོད་པའི་ཚོར་སྣང་ཞིག་གིས་ཡོངས་སུ་བརྟས་ཤིང་།  སྤྱིར་རྩོམ་རིག་བཅས་པ་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་ཕྱིར་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་བའི་སྤྱི་ཚོགས་ཀྱི་བྱ་འགུལ་ཞིག་ཡིན་པ་བཞིན། བརྩམས་སྒྲུང་འདི་ལྟ་བུར་མཚོན་ནའང་དེ་ལས་མ་འདས་པར། བོད་པའི་སྤྱི་ཚོགས་སུ་གནས་པའི་གནད་དོན་འགའ་འཐེར་འདོན་བྱས་ཏེ། བོད་སྤྱི་ཚོགས་ཀྱི་རྗེས་ལུས་གྱི་རྣམ་པ་དང་རྙིང་ཞེན་གྱི་བསམ་བློ། སྒྱིད་ལུག་གི་རང་གཤིས་སོགས་ལ་ཟུར་ཟའི་ངང་ནས། བཅོས་བསྒྱུར་དང་བཟོ་བཅོས་ཀྱི་ལམ་དུ་སྐུལ་བ་འདེད་པར་རིགས་སོ།། དེ་བས་བརྩམས་སྒྲུང་འདི་ལྟ་བུ་བཀླགས་པ་ཡིས་ཁོ་བོ་དང་བོད་པ་སྤྱི་ལ་ཡང་གོ་དཀོན་བློ་འགུག་གི་ནུས་པ་དང་ལྡན་པར་སྙམ་མོ།།
དཔྱད་གཞིའི་ཡིག་ཆ།
①   རང་སྒྲ།   M 《རྩོམ་རིག་གསར་རྩོམ་དཔྱད་བརྗོད།》ཟི་ལིང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017.10     P 109
②     རང་སྒྲ།   M 《རྩོམ་རིག་གསར་རྩོམ་དཔྱད་བརྗོད།》ཟི་ལིང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017.10     P 109
③  རང་སྒྲ།   M 《རྩོམ་རིག་གསར་རྩོམ་དཔྱད་བརྗོད།》ཟི་ལིང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017.10     P 144
④  ཆོས་སྐྱོང་།   M 《ཟིང་ལོང་རྡེའུ་འགྲེམས།》ཟི་ལིང་།   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018.10   P23
⑤  བདུད་ལྷ་རྒྱལ།  OL  དེང་རབས་བོད་ཀྱི་རྩོམ་རིག་བརྩམས་ཆོས་བདམས་བཀོད།  འཆད་ཁྲིད། 腾讯视频   2017.4.23
འབྲེལ་ཡོད་འོས་སྦྱོར།