logo

༄༅། །བོད་ཀྱི་སྐུང་ཡིག་གི་འབྱུང་རྐྱེན་དང་དེའི་དབྱེ་བ་མདོ་ཙམ་གླེང་བ།

རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-11-18 ཀློག་གྲངས།:
[ནང་དོན་གནད་བསྡུས]
རྩོམ་འདིར་ལོ་རྒྱུས་བྱུང་འཕེལ་དང་འབྲེལ་ནས་བོད་ཀྱི་སྐུང་ཡིག་གི་འབྱུང་རྐྱེན་དང་།དེ་དུས་ནམ་ཞིག་ལ་བྱུང་ཚུལ།གཞན་སྐུང་ཡིག་གི་དབྱེ་བ་དགར་སྟངས་བཅས་ཀྱི་ཐད་ནས་རང་གི་བསམ་ཚུལ་ཅུང་ཟད་གླེང་ཡོད།
[བརྡ་ཆད་གཙོ་བོ]
སྐུང་ཡིགའབྱུང་རྐྱེན།དབྱེ་བ།
རིག་གནས་སྣ་མང་གི་གདོང་གཏུགས་ཁྲོད་དུ་རིག་པའི་མ་ལག་མང་པོ་ཉམས་རྒུད་དུ་གྱུར་ཏེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་གཅིག་ཚབ་གཅིག་གིས་བྱེད་པ་ནི་རིག་གནས་འཕེལ་འགྱུར་གྱི་སྤྱིའི་ཆོས་ཉིད་ཅིག་ཡིན་ལ།འགལ་འདུ་དེའི་ཀློང་ནས་རིག་པ་འགའ་ཞིག་ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་པོར་ནུབ་པར་གྱུར་དང་འགྱུར་བཞིན་ཡོད་པས།བོད་ཀྱི་སྐུང་ཡིག་ཀྱང་དེ་ལས་མ་འདས་ཏེ།དེས་བོད་བཙན་པོའི་དུས་སུ་སྔོན་བྱོན་ལོ་པཎ་མང་པོས་བསྟན་བཅོས་མཛད་པ་དང་།རྒྱ་གཞུང་བོད་འགྱུར།མ་ཡིག་བུ་ཡིག་ཏུ་བཤུ་བ་སོགས་ཀྱི་རིག་གནས་ལས་དོན་ཐད་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བླ་མེད་ཐོན་མྱོང་ཞིང་།དུས་རབས་བཅུ་བཞི་བར་རྗེ་རིན་པོ་ཆེའི་སྐུ་དུས་སུ་བོད་ལ་དཔར་བརྐོ་ལག་རྩལ་དར་བ་ནས་སྐུང་ཡིག་ཀྱང་རིམ་བཞིན་ཉམས་འགོ་ཚུགས་ཏེ་ང་ཚོའི་རིག་གནས་ཀྱི་ལག་ལེན་དངོས་དང་རིང་དུ་གྱེས་བཞིན་པའི་སྣང་ཚུལ་ཞིག་མངོན་སུམ་དུ་སྣང་ལ།དེང་དུས་སྐུང་ཡིག་ལས་ཆིག་སྐུང་དང་ཉིས་སྐུང་ལ་སོགས་པའི་སྐུང་ཆུང་མ་གཏོགས་སྤྱོད་སྒོ་ཇེ་ཆུང་དང་བཀོལ་མཁན་ཇེ་ཉུང་དུ་གྱུར།དེ་ལ་སོགས་པའི་རྐྱེན་གང་མང་གིས་སྐུང་ཡིག་ལ་ཤེས་རྟོགས་ཞིབ་འཇུག་བྱ་མཁན་ཡང་ཤིན་ཏུ་ཉུང་སྟབས།སྐུང་ཡིག་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་དུ་བགྲོལ་དཀའ་བའི་གསང་མདུད་ཅིག་ཏུ་འགྱུར་བཞིན་མཆིས།དེ་བས་སྐུང་ཡིག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གཏིང་ཟབ་ཞིག་བྱ་དགོས་ན་དེའི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་ཞིབ་འཇུག་བྱ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཡིན་པར་བསམ་ནས་སྐུང་ཡིག་གི་འབྱུང་རྐྱེན་ཐད་ནས་ཅུང་ཟད་གླེང་བར་འདོད།
དང་པོ།སྐུང་ཡིག་གི་འབྱུང་རྐྱེན།
སྐུང་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་ཐམས་ཅད་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ལ།མི་རིགས་རེ་རེའི་སྐད་དང་ཡིག་རིགས་མི་འདྲ་བའི་དབང་གིས་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡོད་པ་སྨོས་མ་དགོས།རང་ཅག་བོད་ལ་མཚོན་ན་སྐུང་ཡིག་ནི་སྔ་རབས་བསྟན་བཅོས་ནང་དུ་ཁྱབ་རྒྱ་ཆེས་ཆེ་ཞིང་།ཡུལ་ལུང་སོ་སོའི་སྐད་ཀྱི་དབང་གིས་སྐུང་ཡིག་དང་བསྡུས་ཡིགསྦས་ཡིགམདོ་ཁམས་སུ་ཀཿཐོག་ཡིག་ལོག་སོགས་མིང་གི་རྣམ་གྲངས་དུ་མ་ཞིག་ཡོད་ཀྱང་“ཟུར་དང་རྟགས་ལ་བརྟེན་ནས་བརྗོད་དོན་གྱི་མིང་ཚིག་ཤུགས་ནས་སྟོན་པ”[1]་ནི་གཅིག་མཚུངས་སུ་ངེས།སྤྱིར་རིག་པ་གང་ཞིག་བྱུང་ཞིང་འཕེལ་བ་ལ་དེ་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཞིང་།སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཁྲོད་དུ་དགོས་མཁོ་རང་བཞིན་ལ་བརྟེན་ནས་བྱུང་བ་ནི་ཆོས་ཉིད་ཅིག་ཡིན།དེ་ལྟར་སྐུང་ཡིག་ཀྱང་རྒྱ་གར་གྱི་ནང་བསྟན་ཆོས་གཞུང་བོད་ལ་བསྒྱུར་སྤེལ་གྱི་དགོས་མཁོ་དང་བསྟུན་ནས་བྱུང་ཞིང་།དེ་ལ་འབྱུང་རྐྱེན་གཉིས་གནས་པར་འདོད་དེ།
སྤུ་རྒྱལ་གདུང་རབས་སོ་གཅིག་པ་བཙན་པོ་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་གཉིས་ཀྱི་རིང་ནས་བན་པ་རྗེ་དང་བྲང་གར་རྗེ།ཟིང་པོ་རྗེ་དང་གཙང་རྒྱལ་མར་མུན།དྭགས་པོ་ས་ཁུལ་སོགས་དབང་འོག་ཏུ་བཅུག་སྟེ་བོད་ཆེན་པོའི་སྲིད་དབང་འཛུགས་པར་རྨང་གཞི་བཏིང་ནའང་“བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ།ཡབ་འབངས་ནྀ་འཁུས།ཡུམ་འབངས་ནྀ་ལོགགཉེན་ཞང་ཞུང་།མཛོ་སུམ་པ།ཉག་ཉྀ་དྭགས་པོ།རྐོང་པོ་ཀུན་ཀྱང་ལོགཡབ་གནམ་རི་སྲོང་བཙན་ལ་དུག་བོར་ཏེ་བཀྲོངས་”[2]སྟབས།གསར་དུ་རྒྱ་སྐྱེད་བྱུང་མ་ཐག་པའི་སྤུ་རྒྱལ་གདུང་རབས་ཀྱི་ཆབ་སྲིད་དེ་རླུང་ནང་གི་མར་མེ་བཞིན་འཇིག་ཉེན་ལ་ཐུག་ཡོད་པ་དང་།གནས་ཚུལ་དེ་ལྟ་བུའི་འོག་ཏུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་ན་ཕྲ་ཡང་རྒྱལ་པོའི་ཁྲི་ལ་མངའ་གསོལ་ཅིང་།མྱང་མང་པོ་རྗེ་ཞང་སྣང་དང་ཁྱུང་པོ་སྤུང་སད་ཟུ་ཙེ།དབས་དབྱི་ཚབ་སོགས་ཀྱི་ཞབས་འདེགས་དང་མཉམ་འབྲེལ་ལ་བརྟེན་ནས་ཡབ་གནམ་རི་སྲོང་བཙན་བཀྲོངས་པའི་དུག་པ་རྣམས་ཚར་བཅད་པ་དང་།ཞི་དྲག་གི་ཐབས་གང་རུང་ལ་བརྟེན་ནས་ཆབ་འབངས་ངོ་ལོག་པ་མཐའ་དག་སླར་འབངས་སུ་བཀུག་ནས་ནང་ཁུལ་བདེ་ལ་བཀོད།ཤར་ལྷོའི་ཕྱོགས་ཀྱི་འཇང་ཡུལ་ཡང་རིམ་བཞིན་ཆབ་འོག་ཏུ་བཙུད་པར་བྱས་ཏེ་ཕྱི་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད་ནས་བོད་ཆེན་པོའི་སྲིད་དབང་བཙུགས།དེ་དང་མཚུངས་སུ་བོད་ཡུལ་རུ་ལྔར་ཕྱེ་ཞིང་ཁོད་སོ་དྲུག་སོགས་ཁྲིམས་སྲོལ་གཏན་ལ་ཕབ་པ་དང་།རྒྱ་ནག་དང་བལ་བོ་བཅས་ནས་བཙུན་མོ་རྣམ་གཉིས་ཁབ་ཏུ་བཞེས་པས་ཁྱིམ་མཚེས་རྒྱབ་ཁབ་བར་སྲིད་ཀྱི་དགོས་མཁོ་ལ་བསྟུན་ནས་གཉེན་གྱི་འབྲེལ་བ་བཙུགས་ཤིང་།སློབ་དཔོན་ཐོན་མི་རྒྱ་གར་ཏུ་མངགས་ཤིང་ཕྱིར་ཕེབས་ནས་བོད་སྤྱི་ལ་ཁྱབ་པའི་ཡི་གེ་མཛད་དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཞིང་།བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་བབ་དེ་འཕེལ་ཕྱོགས་གསར་བ་ཞིག་ཏུ་དྲངས།
ལྷག་པར་དུ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་།བྲམ་ཟེ་ཤང་ཀ་ར།ཁ་ཆེ་ཏ་ནུ།བལ་བོ་ཤཱི་ལ་མཉྫུ།རྒྱ་ནག་ཧྭ་ཤང་མཧཱ་དེ་བ་དང་།སློབ་དཔོན་ཐོན་མི་སམྦྷོ་ཊ་དང་ཁོང་གི་སློབ་མ་དྷརྨ་ཀོ་ཥ།ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་།འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས།ཟླ་བ་སྒྲོན་མེའི་མདོ་སྟེ་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ།མདོ་སྡེ་དཀོན་མཆོག་སྤྲིན།དམ་པ་ཏོག་དཀར་གྱི་མདོ།དགེ་བ་བཅུའི་མདོ།ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སོགས་བསྒྱུར་བ་དེས་བོད་དུ་ལོ་ཙྰ་བ་མང་པོ་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་།རིམ་བཞིན་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྐབས་སུ་བོད་དུ་སངས་རྒྱས་སྤེལ་བར་དགོངས་པ་གཏད་ནས་ལོ་ཙྰ་བ་བྲན་ཀ་མུ་ལ་ཀོ་ཥ་དང་གཉགས་ཛྙོ་ན་ཀུ་མ་རས་མདོ་སྡེ་ལས་བརྒྱ་བ་དང་།གསེར་འོད་དམ་པ་གཉིས་བསྒྱུར།རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ་ཆོས་སྲོལ་ཆེར་མཛད་པ་ཅིང་།བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་།སྒྲ་སྒྱུར་རྒྱ་གར་གླིང་བཙུགས་ཏེ་བོད་མི་ལོ་ཆུང་མང་པོས་ལོ་ཙྰ་བསླབས་ཤིང་།བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་མི་དམན་པ་བཞགསྐབས་དེར་རྒྱ་གར་གྱི་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་སྐབས་“ཡི་གེའི་སྡེབ་ཚུལ་ཡང་རྒྱ་གར་གྱི་ལུགས་ལྟར་བྱས་ཡོད་པ་དཔེར་ན།པདྨ།མཎྟལ།པཀྴི།ཀཀིཎ།ལྟ་བུ་ཚེག་ཁྱིམ་གཅིག་གི་ནང་དུ་སྒྲ་ཚན་གཉིས་གསུམ་ཙམ་འདུས་པའི་སྡེབ་ཚུལ་དེ་འདྲ་ཡིན།བོད་རང་གི་འགྲོ་སྲོལ་ལྟར་ན་དེ་ལྟ་བུའི་སྡེབ་ཚུལ་མེད་ཀྱང་།” [3]རྒྱ་གར་གྱི་ཡི་གེའི་སྡེབ་ཚུལ་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཏུན་ཧོང་ཡིག་རྙིང་P.T.986ཞང་ཤུ་ཡི་བསྒྱུར་ཡིག་དུམ་བུ་འགའ་ཞིག་ཞེས་པ་ལས་གནམ་གྱིས་ཅྀའུ་ལ་བཀཱ་སྩལད་པ་[4]ཞེས་དང་།རང་གྀ་སྤ་ཞུམ་བས་དམྒ་མྱི་ཕྱོགས་[5]ཞེས་དང་།ཡིག་རྙིང་P.T.1079དགེ་སློང་བམ་ཀིམ་ཀིང་ཟེར་བའི་བྲན་མོའི་གྱོད་དོན་མཆིད་གསོལ་བའི་གཏུག་བཤེར་གྱི་ཡི་གེ་ལས་བདག་ཅགྀ་བྲན་བུ་སོ་ན་གཞག་པར་གསློ་[6]ཞེས་བཀའ་ལ་བཀྰ་དང་།དམག་ལ་དམྒ།གསོལ་ལ་གསློ་ཞེས་རྗེས་འཇུག་མིང་གཞིའི་འོག་ཏུ་སྦྱར་བ་དང་།རྗེས་འཇུག་དང་ཕྲད་གཅིག་འདྲ་བྱུང་ན་སྟེང་འོག་བརྩེགས་པས་ཐད་ཀར་བཀླག་ཏུ་མི་བཏུབ་ནའང་བརྗོད་བྱའི་ནང་དོན་ལ་ཁྱད་པར་ཅི་ནས་ཀྱང་མི་འབྱུང་བར་“འབྲུགི་ལོ་ལ།བཙན་པོ་ཉེན་ཀར་ན་བཞུགས་ཤིང་།བློན་ཁྲི་འབྲིང་གྱིས་རུ་རིངསུ་བསྡུ་སྟེ།”[7]ཞེས་དང་།“སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཉ་ཁྱིར་བཏགསྟེ།རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ།།”[8]ཞེས་བྱུང་ཡོད།གཞན་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་དྲི་བ་བདུན་པའི་ལན་དུ།“ཕུ་ན་རེ།།ཡོངས་ནི།གཞན་ལ་ཕན་ན་ཡུན་དུ།བདག་ལ་ཕན།།གཞན་ལ་གནོད་ན།།ཡུན་དུ་བདག་ལ་གནོད་ཆེས་བྱའོ།།མྱིའི་དཔོན་པོ་སྙོམས་པར་བྱ་ན།།འཕྲལ་དུ་བདག་ལ་ཕན་འབའ་ཤིག་གི་མདོ་གཟུངསུ་རུང་ངཾ།”[9]ཞེས་དང་།གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ཀྱི་གནག་རབས་ལས།“དུང་གྱི་མཆེ་བ་རྒུ་གཉྀས་བཅྭ་བརྒྱད་འབར་བས།།”[10]ཞེས་གསལ་བ་ལྟར།ལེགས་སྦྱར་བརྡ་སྤྲོད་ཀྱི་གཞུང་ལུགས་རང་རྐྱ་འཕེར་བ་ཞིག་དུས་སྐབས་དེར་བོད་ལ་མ་དར་ཡང་དེའི་ལག་ལེན་མང་པོ་རང་ཤུགས་ཀྱིས་ཐོན་ཏེ།ཀླད་གོར་གྱིས་མ་ཡིག་དང་ཝ་བཏགས་ཀྱིས་ན་རོ་མཚོན་པའི་རིག་པ་ལ་བརྟེན་ནས་བོད་ཡིག་ཀྱང་དེའི་ལུགས་ཀྱིས་བྲིས་ཤིང་།དེ་དག་གི་ཤུགས་རྐྱེན་ལས་བོད་བཙན་པོའི་དུས་སུ་བཞེངས་པའི་རྡོ་རིང་དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་རྣམས་སུ་ཀླད་གོར་གྱིས་མ་ཡིག་གི་ཚབ་བྱེད་པ་དང་།ཝ་བཏགས་ཀྱིས་ན་རོའི་ཚབ་བྱེད་པ་སོགས་ཀྱིས་མཚོན་སྐུང་ཡིག་ཀྱང་སངས་རྒྱས་ཆོས་གཞུང་བོད་འགྱུར་གྱི་གོ་རིམ་ཁྲོད་དུ་རང་བཞིན་གྱིས་བྱུང་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ།སྐུང་ཡིག་ལས་ཀྱང་ཆུང་སྐུང་སྟེ་ཕྲད་དང་རྗེས་འཇུགཡང་འཇུག་གང་རུང་བསྡུས་ནས་སྐུང་ཚུལ་གཏན་ཆགས་གྱི་རྣམ་པ་བྱུང་བར་སྙམ།མདོར་ན།བོད་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གཞུང་མང་པོ་བོད་དུ་འདྲེན་པའི་དབུ་ཚུགས་ཤིང་།དེ་ནས་བརྩིས་པའི་“དུས་རབས་དགུ་བའི་ནང་གི་བཙན་པོ་ཨུ་དུམ་བཙན་གྱིས་ནང་བའི་བསྟན་པ་བསྣུབས་པའི་བར་ལ།བོད་དུ་ཐོན་མི་སཾ་བྷོ་ཊ་དང་།དྷ་རྨ་ཀོ་ཥ།བེེ་རོ་ཙ་ན།སྐ་ཅོག་ཞང་གསུམ་སོགས་སྐད་གཉིས་སྨྲ་བའི་དབང་བོ་ལྔ་བཅུ་ལྷག་”[11]རླབས་ཀྱིས་དེད་པ་བཞིན་ཐོན་ཞིང་།སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་རྒྱ་གར་ནག་དང་བལ་བོ་སོགས་མི་རིགས་གཞན་གྱི་སྐད་ནས་དམ་པའི་ཆོས་ཀྱི་གསུང་རབ་གཙོ་བྱས་ཐ་སྙད་རིག་གནས་ཀྱི་བསྟན་བཅོས་མང་པོ་བོད་ལ་བསྒྱུར་བ་དང་།གླེགས་བམ་དང་གསུང་རབ་གང་མང་ཕབ་བཤུ་སོགས་བྱེད་པ།འཆད་ཉན་གྱི་རྒྱུན་སྤེལ་དུས་རྗེས་འཇུག་གི་སློབ་མས་ཟིན་བྲིས་འགོད་པ་སོགས་ཀྱི་སྐབས་སུ་བརྗོད་དོན་མ་བོར་བར་ཚིག་ཚོགས་སྐྱུང་ཞིང་སྣག་ཤོག་གྲོན་ཆུང་བྱེད་པ་དང་།གླེགས་བམ་ངོས་སུ་ནང་དོན་ཤོང་ཚད་ཆེ་བས་ངལ་གྲོན་ཆུང་ཞིང་ལས་ཕྱོད་ཆེ་བ།ཕབ་བཤུས་བྱེད་དུས་མགྱོགས་པོར་འབྲི་དགོས་པར་དུས་ཚོད་དམ་འཛིན་སོགས་ཀྱི་མ་ཡིག་གཅིག་བུ་ཡིག་མང་པོར་བཤུ་བའི་གོ་རིམ་ཁྲོད་ངལ་གྲོན་ཆུང་ཞིང་ལས་ཕྱོད་ཆེ་བའི་དགོས་མཁོ་ལ་བརྟེན་ནས་སྐུང་ཡིག་བྱུང་བ་ནི་ནང་གི་མཐུན་རྐྱེན་དུ་གྲུབ་བོ།།
རང་རེའི་བོད་ལ་མནའ་བོར་བའི་ལུགས་སྲོལ་དེ་སྔ་མོ་ནས་དར་ཡོད་པ་དང་།བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་སོགས་ཕྱི་ནང་གི་ལས་དོན་ཐད་རྒྱལ་བོ་དང་བློན་པོ།འབངས་མིའི་བར་ལ་དོན་དེ་ལས་མི་འདའ་བའམ་མི་འགྱུར་བའི་སླད་དུ་དབུ་མནའ་བོར་ཞིང་།དབུ་མནའ་བོར་བའི་ལུགས་སྲོལ་དེ་ཡིག་ཐོག་ཏུ་འཁོད་པ་ཆེས་སྔ་བ་ནི་གྲི་གུམ་བཙན་པོའི་གནས་ཚུལ་བསྡུས་པའི་ཏུན་ཧོང་ཡིག་རྙིང་གི་ཨང་རྟགས་P.T.1287་པ་ཡིན་ལ།ཡིག་རྙིང་དེ་ལས་དེ་བཞིན་བགྱི་བར་མནའ་བཆད་མཐོའ་བཆད།དམ་བགྱྀས་ཚྀག་བགྱིས་ནས་[12]ཞེས་བྱུང་།དབུ་མནའ་བོར་ཚུལ་དེ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་སྔར་ལས་ཁྱབ་རྒྱ་ཆེ་རུ་ཕྱིན་པ་རྒྱལ་བོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་མྱང་ཙེང་སྐུ་དང་དབའ་དབྱི་ཚབ་གསུམ་གྱིས་དབུ་མནའ་བོར་བའི་སྣང་ཚུལ་ལས་ཤེས་ཐུབ་ཅིང་།དེར་མ་ཟད་“སྤང་མཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ་།དབུ་སྙུང་གནང་བའི་གོར་མ་ཕྱག་ཏུ་འོན་པ་ནི།རྒྱལ་འབྲིང་ལན་ཏོན་གྱིས་བླང་སྟེ་ཕྱག་ཏུ་གསོལ་ནས།གོར་མ་དཀར་བོ་དངོས་ནི།དབྱི་ཚབ་ཀྱི་མཆད་པའི་རྨང་དུ་བརྩིགས་སོ་”[13]ཞེས་པ་ལྟར་དབུ་མནའ་བོར་སྐབས་རྫས་ཀྱི་སྒོ་ནས་མནའ་རྡོ་ཞིག་ལག་ཏུ་འཆང་སྲོལ་ཡོད།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་སྤྱི་ལ་ཁྱབ་པའི་ཡི་གེ་བྱུང་བ་དེས་དབུ་མནའ་བོར་བའི་སྲོལ་དེ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་སུ་བཅུག་ལ།བཙན་པོས་ཁོད་སོ་དྲུག་རྒྱས་པར་གཏན་ལ་ཕབ་ཅིང་བཀའ་ལུང་རྒྱལ་ཁྲིམས་དྲུག་ལས་“རྫུན་སྨྲས་ཀྱི་དོགས་པའི་ཁྲིམས་དཀོན་ཅོག་དང་ལྷ་ཀླུ་གཉན་པོ་དཔང་དུ་བཙུགས་ནས་མནའ་བྱ་བ་དང་བཞི་”[14]ཞེས་མནའ་བོར་བའི་སྲོལ་དེ་ཁྲིམས་ཀྱི་ནང་དུ་གཏན་འཁེལ་མཛད།ལྷག་དོན་རྒྱལ་བློན་བར་དང་རྒྱལ་ཁབ་བར་དུས་གཏན་དུ་མི་འགྱུར་བའི་རྟགས་མཚན་དུ་མནའ་རྡོའི་ངོས་སུ་དབུ་མནའ་བོར་བའི་ནང་དོན་ནམ་མནའ་ཚིག་བརྐོས་ཤིང་ནམ་ཡིན་ཡང་དཔང་བོ་བཞིན་དུ་བཞུགས་སུ་གསོལ་ཏེ་རྒྱལ་བོའི་བཀའ་གཙིགས་རྡོ་རིང་ཞེས་མཐོང་ཆེན་བྱེད་པ་ཡིན།དབུ་མནའི་ནང་དོན་རྡོ་རིང་ངོས་སུ་བརྐོ་དུས་རྡོ་རིང་གི་ཆེ་ཆུང་སོགས་ཚད་བཀག་གི་རྐྱེན་གྱིས་ཐ་སྙད་གཅིག་གི་རྗེས་འཇུག་གམ་ཡང་འཇུག་གང་རུང་མིང་གཞིའི་འོག་ཏུ་སྦྱར་ནས་འབྲི་བ་ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཀྱི་ཡི་གེར་“ཆབ་སྲིད་ཆེན་པོ་མཛྡ་” [15]ཅེས་དང་།ཞྭ་ལྷ་ཁང་གི་རྡོ་རིང་དང་པོར་“རྡོ་ལ་མངོན་པར་བྲྀས་ཏེ་མཐྰ་ཕྱག་རྒྱས་བཏབ་ནས་བཞག་པ་ཡྀན་གྱིས་སྲས་དབོན་ཕྱི་མ་མངྰ་མཛད་པ་རྣམས་དྔ་།ཆབ་སྲྀད་བློན་པོ་ཕྱི་མ་དབྔ་བྱེད་པ་ལ་སྩོགས་པས་ཀྱང་།ནཾ་ནཾ་ཞར་ཞར་གཙྀགས་ཀྱྀ་ཡི་གེ་ལས་འབྱུང་བ་དྔ་”[16]་ཞེས་དང་།ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེའི་ཐིག་ཕྲེང་བདུན་པར་ཡྦ་ལྷ་བདག་བགྱྀད་ཀྱིས་ཀྱང་[17]ཞེས་བྱུང་བ་ལ་དཔག་ནའང་རྡོ་རིང་གི་ཚད་བཀག་གི་དབང་གིས་ཡི་གེ་བསྡུས་ནས་འབྲི་བ་མངོན་པར་གསལ་བས།སྐུང་ཡིག་ལ་ཐོག་མར་མིང་བསྡུ་ཚུལ་བྱུང་བ་དང་།རིམ་བཞིན་ཚིག་བསྡུ་ཚུལ་གྱི་ཕྱོགས་སུ་འཕེལ་ཏེ།ཆེ་སྐུང་དང་ཆུང་སྐུང་།ཚིག་སྐུང་བ་དང་འབྲུའི་ཆ་ཤས་སྐུང་བ་སོགས་དབྱེ་བ་རྣམ་གྲངས་མང་པོར་དགར་ནས་བར་ལམ་ཞིག་ལ་བསྟན་བཅོས་རྩོམ་འབྲི་དང་འགྱུར་བཤུའི་ཁྲོད་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་དར་ཞིང་རྒྱས་པར་གྱུར་སྟབས།རྡོ་རིང་དང་བྲག་གི་ངོས་སུ་ཡི་གེ་བརྐོ་དུས་ཆེ་ཆུང་གི་ཚད་བཀག་སོགས་ཀྱི་དབང་གིས་རྗེས་འཇུག་མིང་གཞིའི་འོག་ཏུ་བསྡུ་བའི་རྣམ་པ་དེའང་སྐུང་ཡིག་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཡིན་པར་སྙམ་མོ།།
གཉིས་པ།སྐུང་ཡིག་དུས་ནམ་ཞིག་ལ་བྱུང་ཚུལ།
སྐུང་ཡིག་བོད་དུ་དུས་ནམ་ཞིག་ལ་དར་རམ་སྙམ་ན།དེང་གི་“དཔྱད་བརྗོད་མང་ཤོས་ཤིག་གིས་་སྤྱི་ལོ་༧༦༤ལོ་ཡིན་པར་”[18]གཏན་འཁེལ་གནང་ཡོད་ལ།དེ་ལྟར་འདོད་པའི་རྒྱུ་མཚན་ཡང་བོད་ཀྱི་རྡོ་རིང་ལས་ཆེས་སྔ་ཤོས་ནི་ཞོལ་རྡོ་རིང་ཕྱི་མ་ཡིན་ཞིང་།དེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ཆེན་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་ལ་གཟེངས་བསྟོད་ཀྱི་རྣམ་པས་སྤྱི་ལོ་༧༦༤ལོར་ལྷ་སའི་རྩེ་པོ་ཏ་ལའི་མདུན་དུ་བཙུགས།ལོ་ཚིགས་དེར་གཞི་བཅོལ་ནས་སྐུང་ཡིག་ཀྱང་དེ་དུས་ནས་བྱུང་བར་འདོད་ནའང་།གཅིག་བྱས་ན་སྐུང་ཡིག་ནི་མཁས་པ་ག་གེ་མོས་གསར་བཏོད་མཛད་པའི་གཏམ་ཡེ་ནས་མེད་ཅིང་།སྐུང་ཡིག་རིག་པའི་ལག་ལེན་དངོས་ལ་གཞིགས་ནའང་མཁས་པ་གཅིག་གི་གསར་བཏོད་ཀྱི་འབྲས་བུ་མིན་པ་རྟོགས་ནུས་ཏེ།མཁའ་འགྲོ་ལྟ་བུ་ལ་མཁའགྲོ་དང་མྲོ་བཅས་ཐ་སྙད་གཅིག་ལ་སྐུང་ལུགས་སྣ་ཚོགས་ཡོད་པས།སྐུང་ཡིག་ནི་དུས་རིམ་གཅིག་གི་ནང་བྱུང་བ་མིན་པར་དུས་སྐབས་སོ་སོའི་མཁས་པ་མང་པོས་སྔར་མུས་ཀྱི་ལག་ལེན་དངོས་དང་དེ་ལ་ཁ་གསབ་སྒོས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གྲུབ་པ་ཞིག་ཡིན།གཉིས་སུ་ན་རྡོ་རིང་ངོས་སུ་སྐུང་ཡིག་བཀོད་པ་ལས་སྐབས་དེར་དམངས་བྱིངས་ཀྱང་སྐུང་ཡིག་ལ་བྱང་ཡོད་པ་ཤུགས་ནས་བསྟན་ཅིང་།གསུམ་དུ་ན་ལྷ་འདྲེའི་བཀའི་ཐང་ཡིག་ལས་“རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས།།ཡབ་མེས་རྣམས་ཀྱི་རྡོ་རིང་ཡི་གེ་གཟིགས།།”[19]ཞེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡར་སྔོན་དུ་རྡོ་རིང་བཙུགས་ཡོད་པར་བརྟགས་ན་སྐུང་ཡིག་ཀྱང་དེའི་གོང་རོལ་དུ་བྱུང་ཡོད་པར་རྗེས་སུ་དཔག་ཐུབ་པས།སྐུང་ཡིག་ནི་དུས་རབས་བདུན་པའི་དཀྱིལ་ཙམ་ལ་བྱུང་བར་བདག་སེམས་སོ།།
གཞན་སྐུང་ཡིག་གི་རིག་པ་འདི་ཐོག་མར་དབུ་ཅན་དང་དབུ་མེད་གང་ལ་བྱུང་བའི་ཐད་མཁས་པ་རྣམས་བཞེད་པ་མི་མཐུན་པ་མང་སྟེ།དང་པོ་ནི་དབུ་མེད་ལས་བྱུང་བར་འདོད་ལ་དག་ཡིག་གསར་བསྒྲིགས་དག་བཅོས་མ་ལས།སྐུང་ཡིག་ནི་“བོད་ཡིག་ལས་དབུ་མེད་ཀྱི་ཚེག་བར་གཉིས་གསུམ་རེ་ཚེག་བར་གཅིག་ལ་བསྡུས་ནས་འབྲི་ཚུལ་ཞིག་”[20]ཅེས་དང་།ངོ་མཚར་བའི་གངས་ཅན་འཕྲུལ་ལྡན་སྐུང་ཡིག་བེའུ་བུམ་ལས་ཀྱང་“དབུ་མེད་ཁོ་ན་འབྲི་སྐབས་འབྲི་བ་མ་གཏོགས་དབུ་ཅན་འབྲི་སྐབས་སྐུང་ཡིག་འབྲི་སྲོལ་ཡོད་པ་མ་རེད་”[21]ཅེས་གསུངས་ཤིང་།གཉིས་པ་ནི་ལྷ་བབ་ཡི་གེ་ལས་བྱུང་བར་འདོད་པ་སྟེ།བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ་དང་ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ་གཉིས་ལས་མཁས་དབང་ནམ་མཁའི་ནོར་བུས་“དབུ་མེད་ཀྱི་ཚུགས་དེའི་འབྱུང་ཁུངས་ཞང་ཞུང་ཡིན་པ་དང་དབུ་ཅན་གྱི་ཚུགས་དེའི་འབྱུང་ཁུངས་ལེགས་སྦྱར་གྱི་དཔེ་ཡིན་”[22]ཞེས་པའི་བཞེད་དགོངས་ལ་གཞི་བཅོལ་ཏེ་“བོད་ཡུལ་འདིར་ཆེས་ལོ་རྒྱུས་ཤེས་རིག་གི་སྲོལ་བཏོད་མཁན་བོན་ལ་ཐུག་ཡོད་སྟབས་བོན་པོའི་ལྷ་བབ་ཡི་གེ་དར་ཚུན་ཆད་ཡིག་སྐུང་ཚད་གཞི་འདྲ་མིན་འབྲི་སྲོལ་ཆགས་”[23]པར་གསུངས།
དེ་ལྟ་ནའང་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ཆོས་ཉིད་དངོས་ལ་གཞིགས་ན་སྐུང་ཡིག་ནི་ཐོག་མར་དབུ་ཅན་ལ་དར་ཏེ།སློབ་དཔོན་ཐོན་མི་མཆོག་གིས་ལེགས་སྦྱར་ཡི་གེ་ལ་དཔེ་བལྟས་ནས་དབུ་ཅན་གྱི་ཚུགས་དེའི་སྲོལ་བཏོད་ཅིང་།“དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པོར་བྲིས་པ་ལས་རང་བཞིན་གྱིས་བྱུང་”[24]ཞེས་དགེ་འདུན་ཆོས་འཕེལ་གྱིས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར་གསུངས་པ་དང་།དེ་ལྟར་ཡིན་པ་ཏུན་ཧོང་ཡིག་རྙིང་གི་བྲིས་གཟུགས་ལས་དབུ་ཅན་ནས་དབུ་མེད་དུ་འགྱུར་བའི་བར་བརྒལ་གྱི་ཡིག་གཟུགས་མང་དུ་མངོན་ཐུབ་པ་དང་།གཞན་སྐུང་ཡིག་གི་བྱུང་འཕེལ་གྱི་ངོས་ནས་བལྟས་ནའང་རྟོགས་དཀའ་སླའི་དབང་གིས་ཆེ་སྐུང་དང་ཆུང་སྐུང་ཞེས་འབོད་ཅིང་།ཆུང་སྐུང་ནི་ཚིག་ཕྲད་དང་མིང་མཐའ་སོགས་རྨང་གཞིའི་སྐུང་ཚུལ་ཡིན་ལ།ཚུལ་དེ་ལྟ་བུ་བོད་བཙན་པོའི་དུས་ཀྱི་རྡོ་རིང་དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་རྣམས་སུ་དབུ་ཅན་གྱི་ལམ་ནས་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་བཅས་ཀྱི་དབང་གིས་སྐུང་ཡིག་ཐོག་མར་དབུ་ཅན་ལ་དར་ཞིང་།ཡིག་གཟུགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་དབུ་མེད་ལ་ལྷག་པར་དར་རྒྱས་བྱུང་ཞེས་བརྗོད་ནའང་གཏན་ཚིགས་དང་མི་འགལ་ལོ།།
གསུམ་པ།སྐུང་ཡིག་གི་དབྱེ་བ།
རང་རེའི་བོད་ལ་སྐུང་ཡིག་གི་རིག་པའི་གཞུང་ལུགས་ཤིག་མ་བྱུང་བའི་རྐྱེན་གྱིས་སྐུང་ཡིག་གི་དབྱེ་བའི་ཐད་ལའང་ངེས་ཤེས་འདྲོངས་ནུས་པའི་དབྱེ་བ་འཐད་ལྡན་ཞིག་བྱུང་མེད་ཅིང་།དེང་གི་དུས་ལའང་བྲིས་མཁས་མང་བོས་སྐུང་ཡིག་གི་དབྱེ་བ་སྔར་ལུགས་བཞིན་བཞག་ཅིང་།དབྱེ་ཆོས་ལ་འགྱུར་བ་ཅུང་ཟད་བཏང་ཡོད་མོད།སྐུང་ཡིག་གི་མཚན་ཉིད་ཀྱི་ཐད་ནས་བསམ་ན་སྐུང་ཡིག་གི་དབྱེ་བ་དགར་སྟངས་ལ་ད་དུང་ཞིབ་ཆ་འདོན་དགོས་པའི་གནད་མང་དུ་མཐོང་བས།འདིར་ཡང་སྔོན་གྱི་མཁས་པའི་སྐུང་ཡིག་གི་དབྱེ་བ་དགར་སྟངས་གཞིར་བཞག་པའི་སྟེང་དེ་ལ་ཞིབ་ཆ་འདོན་པར་འབད་པ་ཡིིན་ནོ།།
གཅིགངོ་བོའི་སྒོ་ནས་དབྱེ་བ།
སྐུང་ཡིག་ལ་ངོ་བོའི་སྒོ་ནས་དབྱེ་ན་མིང་སྐུང་དང་ཚིག་སྐུང་གཉིས་སུ་དབྱེ་རུང་ཞིང་།མིང་སྐུང་ནི་གཏན་ཆགས་ཀྱི་རྣམ་པར་གྲུབ་པའི་མིང་རྣམས་ཀྱི་འབྲུའི་ཆ་ཤས་སྐུང་ལུགས་ལ་བྱ་ཞིང་།ཚིག་སྐུང་ནི་ཚིག་དང་ཚེག་ཁྱིམ་ཁ་ཤས་སམ་ཆ་ཚང་སྐུང་བ་ཅི་རིགས་ལ་ཟེར་ཏེ།དཔེར་བརྗོད་རིམ་བཞིན་གཤམ་གསལ་གྱི་རེའུ་མིག་ཏུ་བཀོད་པ་ལྟར་ཡིན།
༡མིང་སྐུང་།
མཁའ་འགྲོ།གྲུབ་ཐོབ།ཆབ་སྲིད།ཞུ་ཡིགགཙོ་འཁོར།གཞོན་ནུ།    མྲོ།གྲུབོ།ཆབྲིད།ཞིུགགཙོོར།གཞོནུ།
མཁའ་དབྱིངས།བློན་པོ།ཉིན་གུང་།རུས་སྦལ།ཡིད་དགའ།    མཁྱིངས།བློོན།ཉིུང་།རུསྦལ།ཡིདགའ།
སྔོན་འགྲོ།སྙིང་རྗེ།བཤེས་གཉེན།གཞལ་བྱ།བཟང་བོ།འོག་མིན།    སྔོནྲོ།སྙིེང་།བཤེེན།གཞལྱ།བཟོང་།འོགིན།
བསྙེན་བཀུར།དགེ་འདུན།ཤན་འབྱེད།མཐའ་བྲལ།ཆང་གཞས།    བསྙེུནར།དགེུན།ཤནབྱེད།མཐྲལ།ཆང་ཞྱས།
གྲོང་ཁྱེར།མཁས་གྲུབ།དགེ་སློང་།ངག་དབང་།རྒྱ་བོད།བདེན་བཞི།    གྲོངེར།མཁྲུབ།དགླེོང་།ངགང་།རྒྱོད།བདེན་༤།
༢ཚིག་སྐུང་།
སྐད་གསར་བཅད་རྣམ་པ་གསུམ་སྟེ་རིན་ཆེན་བཟང་བོའི་བར།    སྐད་སྱརྕད་རྣཾ་པ་༣་སྟེ་རིེན་བཟངོའིར།
མཆོག་གསུམ་བྱིན་རླབས་སྙིང་ལ་ཞུགས་ཏེ།    ཆོཾགསུཾ་བྱིནྱབ་སྙིང་ལ་ཞུགས་ཏེ།
ཁམས་གསུམ་སྣོད་བཅུད་ལེགས་ཚོགས་ཐམས་ཅད་དབང་དུ་འདུས།    ཁཾསུཾ་སྣོད་བཅུད་ལེགས་ཚོགས་ཐཾདབང་དུ་འདུས།
དབང་ཕྱུག་མི་ལ་ལྟ་བུ་ཡིན་པའི་ཕྱིར་ཞེས་སོ།།    དབྱུཾག་མི་ལྟུ་ཡྣིར་ཞེསོ།
དབྱིབས་ནི་ཟླུམ་པོ་གྲུ་གུ་ལྟ་བུ་ཅུང་ཟད་ལེབ་པ་ཞིག་ཡིན་པས།    དབྱིབསྣི་ཟླིོུ་གྲུགུ་ལྟུ་ཅུངྯད་ལྦེ་པྮིག་ཡྣི་པས།
གཉིས།གྲངས་ཀྱི་སྒོ་ནས་དབྱེ་བ།    
སྐུང་ཡིག་ལ་གྲངས་ཀྱི་སྒོ་ནས་དབྱེ་ན་ཆིག་སྐུང་ནས་དགུ་སྐུང་ཡན་སོགས་འབྱུང་།
ཆིག་སྐུང་།    ཐུགས།གཤེགས།ཡུམ།    ཐྱ།གཤྱེ།ཡུཾ།
ཉིས་སྐུང།་    བསྟན་བཅོས།འདོད་དོན།ཤེས་རབ།    བསྟནོས།འདོདོན།ཤྲེབ།
སུམ་སྐུང་།    སྐུ་གསུང་ཐུགས།བཅོམ་ལྡན་འདས།    སྐུཊཾ།བཅྡོཾནས།
བཞི་སྐུང་།    གླིང་བསྲེའི་དགེ་བཤེས།མཁས་པའི་མགུལ་རྒྱན།    གླིངསྲེའི་དགེེས།མཁསའི་མགུལྱན།
ལྔ་སྐུང་།    སྒྲའི་གནས་བརྒྱད་རྩ་འགྲེལ།སྤྲིན་དཀར་ལང་ལོང་གཡོ།    སྒྲའི་ནྱས་༨རྩགྲེལ།སྤྲིནཀར་ལངངོ་ཡྱོ།
དྲུག་སྐུང་།    ཁྱབ་འཇུག་གི་འཇུག་པ་བཅུ།    ཁྱབུགི་འཇུག་པ་བཅུ།
བདུན་སྐུང་།    སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།    སྐདྕིགཅིགིས་རྫོགས་སརྒྱཾས།
བརྒྱད་སྐུང་།    བཅུད་ལེན་རྒྱས་བཤད་ཟག་མེད་བདེ་སྟེར།    བཅུདེན་རྒྱསཤད་ཟགིདེ་བདྟེེར།
དགུ་སྐུང་།    བདེ་ཆེན་ཡེ་ཤེས་ཆེ་སྟེ་གཏེར་དེ་རྙེད།    བེེེདེེེནེེེེེེེད
དགུ་སྐུང་ཡན་སོགས།    ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར།    ཁྱབྱེདང་འགལའི་རྒྱུ་དམིགསའི་ཐལ་འགྱུར།
གསུམ།རྟོགས་ཚུལ་གྱི་སྒོ་ནས་དབྱེ་བ།
སྐུང་ཡིག་ལ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན་སྔོན་བྱོན་བྲིས་པའི་ངག་རྒྱུན་དུ་“རྒྱུ་དཀར་དང་།རྒྱུ་ཁྲ།རྒྱུ་ནག་གསུམ་གྱི་དབྱེ་བ་སྤྱིར་མཛད་སྲོལ་ཡོད་ཅིང་།དང་པོ་གཉིས་རྟོགས་སླ་བས་ཆུང་སྐུང་དང་།མཐའ་མ་ནི་རྟོགས་དཀའ་བས་ཆེ་སྐུང་”[25]དུ་གྲགས་ལ།རྒྱུ་དཀར་དང་རྒྱུ་ཁྲ།རྒྱུ་ནག་ཅེས་འབོད་པའི་རྒྱུ་མཚན་ཡང་རིམ་པར་སྐུང་ལུགས་ཆེ་འབྲིང་ཆུང་གསུམ་གྱི་ཡིག་ཚོགས་ལ་བརྟེན་ནས་དེའི་ཁ་དོག་གམ་དབྱིབས་དང་འདྲ་བའི་ཆ་ནས་དེ་ལྟར་བཏགས་པར་མངོན།
༡རྒྱུ་དཀར།
མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་མགོ་ཅན་འདྲ་བ།    
དཔལ་ལྡན།ཆོས་སྡེ།འགྱུར་རྡོ།    དཔལྡན།ཆོསྡེ།འགྱུརྡོ།
མིང་སྔ་མའི་མིང་གཞི་དང་ཕྱི་མའི་སྔོན་མིང་གཉིས་འདྲ་བ།    
མི་མཐུན།ཆེ་ཆུང་།མུ་མེད།དེ་དག    མིཐུན།ཆེུང་།མེུད།དེག
མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་སྔོན་མིང་མགོ་གསུམ་འདྲ་བ།    
ལམ་མདོ།རབ་བྱུང་།ཆོས་སྐྱོང་།    ལམདོ།རབྱུང་།ཆོསྐྱོང་།
མིང་སྔ་མ་དང་ཕྱི་མ་ཡོངས་སུ་འདྲ་བ།    
སོ་སོ།རང་རང་།ཆག་ཆག    སོོརངངཆགག
མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་སྔོན་འཇུག་འདྲ་བ།    
དེད་དཔོན།ཐེག་གསུམ།དཔྱིད་དཔལ།    དེདཔོན།ཐེགསུམ།དཔྱིདཔལ།
མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་ཕྲད་འདྲ་བ།    
བདག་གིས།ཡོད་དོ།ཕྱོགས་སུ།གུད་དུ།    བདགིས།ཡོད་དོ།ཕྱོགསུ།གུདུ།
མིང་གཞི་སྔ་ཕྱི་འདྲ་ཡང་སྔོན་རྗེས་དབྱངས་འདོགས་མི་འདྲ་བ།    
ཡབ་ཡུམ།འགྲོ་མགོན།རྒྱ་གར།བཅུ་གཅིག    ཡུབ།འགྲོོན།རྒྱར།བཅིུག
ཕྱི་མའི་མིང་རྗེས་གཉིས་སྔ་མའི་འདོགས་ཅན་དུ་སྦྱར་བ།    
ཡན་ལགགཞལ་ཡས།    ཡནླགགཞྱས།
མིང་སྔ་མའི་ཡང་འཇུག་དང་ཕྱི་མའི་མིང་མགོ་གཉིས་འདྲ་བ།    
ཁྲུམས་སྟོད།ཚངས་སྲས།ལོངས་སྤྱོད།    ཁྲུམསྟོད།ཚངསྲས།ལོངསྤྱོད།
༢རྒྱུ་ཁྲ།
མིང་སྔ་མའི་མིང་གཞིའམ་རྗེས་འཇུག་དང་ཕྱི་མའི་སྔོན་འཇུག་གམ་མིང་གཞི་གཉིས་བསྡུས་ཏེ་དབྱངས་འདོགས་རྗེས་གསུམ་གསལ་བ།    གཡས་གཡོན།དཔལ་འབྱོར།མཚོ་རྒྱལ།
མི་འགྱུར།མཚོ་གླིང་།མཁས་གྲུབ།    གཡྱོན།དཔྱོར།མཚྱོལ།
མྱིུར།མཚློངི་།མཁྲུབ།
མིང་གཞི་སྔ་ཕྱི་མི་འདྲ་ཡང་དབྱངས་འདྲ་བ་བརྩེགས་ཤིང་བསྡུས་པ།    རྟེན་འབྲེལ།ཡོན་མཆོད།ཡེ་ཤེས།    རྟྲེེལ།ཡོོན།ཡེེས།
མིང་ཕྱི་མ་གསལ་བའི་ཐབས་སུ་དབྱངས་རྗེས་འདྲེན་པ།    དེ་བཞིན་གཤེགས་པ།ཞེས་གསུངས་སོ།།    དེནིགེས་པ།ཞེུངསོ།
མིང་སྔ་མའི་མིང་རྗེས་གཉིས་ལ་ཕྱི་མའི་འདོགས་ཅན་སྦྱར་བ།    གདུལ་བྱ།མཐིལ་ཕྱིན།སྲིན་བྱ།བསྒྱུར་བྱང་།    གདུལྱ།མཐྱིན།སྲིནྱ།བསྒྱུརྱང་།
མིང་ཕྱི་མའི་མིང་གཞི་གསལ་བར་ཙ་ཚ་ཛ་རྟགས་གིས་གསལ་བ།    སྤྱི་གཙུགཕན་ཚུན།མཆིམས་མཛོད།    སྤྱིུ༹གཕུ༹ན།མཆིསཾདོ༹།
མིང་ཕྱི་མའི་མིང་གཞི་དང་དབྱངས་སྔ་མའི་སྟེང་འོག་ཏུ་བརྩེགས་པ།    
མེ་ཏོགཡོན་ཏན།    མྟོེགཡྟོན།
༣རྒྱུ་ནག
སྔོན་རྗེས་ཀྱི་ག་ཡིག་ཡ་འདོགས་རུ་བསྒྱུར་བ།    གནས།ཐེགམཆོགགཡོག    ནྱས།ཐྱེ།ཆྱོཾ།ཡྱོག
བདག་ལ་ཌ་དང་གཞན་ལ་ཎ་ཡིས་མཚོན་པ།    བདག་མེད།གཞན་དོན།    ཌ་མེད།ཎ་དོན།
ཡོད་ལ་ཌ་དང་མེད་ལ་ཎ་ཡིས་མཚོན་པ།    ཡོད་པའི་ཕྱིར།མཛད་བྱང་མེད།    ཊརལ།མཛད་བྱང་ཎ།
རྗེས་ཡང་ག་དང་ས་གཉིས་ག་ས་ནག་འཁྱོག་གིས་མཚོན་པ།    ཚོགས།རྟགས།བསྒྲིིིགས།    ཚོཊ།རྟཊ།བསྒྲིཊ།
ཀླད་གོར་གྱིས་ང་དང་མ་གཉིས་མཚོན་པ།    
སྤངས།དམ་པ།སེམས་པ།འབྱུང་།    སྤཾས།དཾ་པ།སེཾ་པ།འབྱུཾ།
གྲངས་ཀ་སྟོན་པའི་མིང་ཨང་ཀིས་མཚོན་པ།    
ལྷ་གཅིགགཅིག་རྗེས་གཉིས་མཐུད།    ལྷ་༡།༡རྗེས་༢མཐུད།
ཝ་བཏགས་ཀྱིས་ན་རོ་མཚོན་ཚུལ།    
བཅོ་བརྒྱད།བཅོ་ལྔ།    བཅྭ་བརྒྱད།བཅྭ་ལྔ།
ཡ་བཏགས་ཀྱིས་ག་མ་ས་ཀྱོག་དང་རྗེས་འཇུག་ང་ས་གཉིས་མཚོན་པ།    ཐུགས།གསུངས།གཤེགས།འཕགས།    ཐྱ།གསྱ།གཤྱེ།འཕྱ།བླ།
བསྡུས་རྟགས་ཀྱིས་ཚིག་མཐའི་འདྲ་བའི་ཆ་མཚོན་པ།    བླ་མ་ལ་སྐྱབས་སུ་མཆི།
སངས་རྒྱས་ལ་སྐྱབས་སུ་མཆི།    མ་ལ་སྐྱབས་སུ་མཆི།
སངས་རྒྱས་ལ××××
གོང་གསལ་རྒྱུ་དཀར་དང་རྒྱུ་ཁྲ།རྒྱུ་ནག་གསུམ་གྱི་དབྱེ་བའི་ནང་དུ་རང་ཉིད་ཀྱིས་མཐོང་མྱོང་བའི་སྐུང་ཡིག་རྣམས་ལ་དབྱེ་ཞིབ་སྒོས་རིགས་དགར་བ་ཡིན་ཞིང་།དེ་ལས་གཞན་བདག་དོན་ལ་ཌ་དང་གཞན་དོན་ལ་ཎ་ཡིས་མཚོན་སྟངས་ཡོད་པར་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་ནས་གསུངས་ཀྱང་དེའི་དཔེར་བརྗོད་ལག་ཏུ་མ་རེག་སྟབས།འོལ་ཚོད་ཀྱིས་འབྲི་མ་སྤོབས་པར་འདིར་བཀོད་མེད་ལ།འདིར་མ་འདུས་པའི་སྐུང་ཡིག་འབྲི་ཚུལ་ཡང་མང་པོ་ཡོད་ངེས་པས།ཤེས་གནས་སྨྲ་བ་རྣམས་ཀྱིས་ད་དུང་ཁ་གསབ་བྱ་དགོས་གནད་ཅིག་ཏུ་འཁུམས་སོ།།
བཞི་བ།མཇུག་བསྡུ་བ།
སྐུང་ཡིག་ནི་བོད་ཀྱི་ནང་བསྟན་ཆོས་གཞུང་བོད་འགྱུར་གྱི་ལོ་རྒྱུས་ལ་བརྟེན་ནས་བྱུང་བས།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བོད་ཀྱི་བསྟན་བཅོས་འགྱུར་བཤུའི་བྱ་གཞག་ལ་ཕན་ནུས་གལ་ཆེན་ཐོན་པ་དང་།དེའི་འབྱུང་རྐྱེན་ཀྱི་ཐད་གཅིག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་གྱི་ཆོས་གཞུང་མང་པོ་བོད་ལ་བསྒྱུར་བའི་དབུ་བསླངས་པ་ནས་བཟུང་ཕྱིས་ཀྱི་བཙན་པོ་རིམ་བྱོན་གྱིས་ཀྱང་ནང་བསྟན་ཆོས་གཞུང་བོད་འགྱུར་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་།མི་རིགས་གཞན་གྱི་རིག་གཞུང་བོད་འགྱུར་བྱེད་པའི་ཚ་རླབས་ཤིག་འཕྱུར་པ་དང་བསྟུན་བོད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་ལོ་ཙྰ་བ་མང་དུ་བྱོན་ནས་ནང་བསྟན་རིག་གནས་བོད་དུ་རྐང་ཚུགས་པར་རྨང་གཞི་བརྟན་པོ་བཏིང་།དེར་བརྟེན་ནས་རྒྱ་གར་གྱི་ཡི་གེའི་འབྲི་ལུགས་ཀྱི་ཤུགས་རྐྱེན་གྱིས་རང་རེའི་བོད་ཡིག་ཀྱང་འདྲ་བའི་ཡི་གེ་བརྩེགས་ཀྱང་ཐད་ཀར་བཀླག་བཏུབ་པའམ་མི་བཏུབ་ཡང་ནང་དོན་ལ་ཁྱད་པར་མེད་ཅིང་།བསྟན་བཅོས་ཀྱི་མ་ཡིག་གཅིག་བུ་ཡིག་དུ་མར་བཤུ་བ་ལ་དུས་ཚོད་ངེས་ཅན་དགོས་པ་དང་།དུས་སྐབས་དེར་ཤོག་བུ་ཡང་འབེལ་བོ་མེད་པ།གཞན་བཙན་པོའི་བཀའ་གཙིགས་རྡོ་རིང་སོགས་ཀྱི་ངོས་སུ་ཡི་གེ་བརྐོ་དུས་ཀྱང་རྡོ་རིང་གི་སྲིད་ཞེང་གཉིས་ཀྱི་ཚད་བཀག་གིས་རྗེས་འཇུག་མིང་གཞིའི་འོག་ཏུ་སྦྱར་བ་སོགས་ཀྱི་རྣམ་པ་ལས་རིམ་བཞིན་སྐུང་ཡིག་བྱུང་བ་ཡིན།
སྐུང་ཡིག་ནི་ཐོག་མར་དབུ་ཅན་དང་དབུ་མེད་གཉིས་ལས་དབུ་ཅན་ལ་བྱུང་ཞིང་།དབུ་ཅན་གྱི་མགྱོགས་པོར་བྲིས་པ་ལས་དབུ་མེད་བྱུང་བ་དང་བསྟུན་ནས་དབུ་མེད་འབྲི་བར་སྐུང་ཡིག་བཀོལ་རྒྱ་ཆེར་སོང་བ་དང་།སྐུང་ཡིག་གི་ཐོག་མའི་རྣམ་པ་དེའང་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་སོགས་ལས་མཐོང་ཐུབ་པ་བཞིན་ཕྲད་དང་མིང་གཞིའི་བསྡུ་ཚུལ་ལས་མ་འདས་ཀྱང་།རྗེས་སུ་དར་རྒྱས་ཆེ་རུ་ཕྱིན་ནས་སྐུང་ཡིག་གི་དབྱེ་སྟངས་ཐད་ནས་ཀྱང་རྟོགས་དཀའ་སླའི་དབང་གིས་རྒྱུ་མ་དཀར་ནག་ཁྲ་གསུམ་དང་།ངོ་བོའི་སྒོ་ནས་མིང་སྐུང་དང་ཚིག་སྐུང་།གྲངས་ཀྱི་སྒོ་ནས་ཆིག་སྐུང་ནས་དགུ་སྐུང་ཡན་སོགས་བྱུང་།སྔོན་བྱོན་མཁས་པ་ཚོས་སྐུང་ཡིག་གི་ལག་ལེན་རང་བཞིན་ལས་སྐུང་ཡིག་ལ་རིག་པའི་གཞུང་ལུགས་ཤིག་རྩོམ་པར་ཐུགས་སྣང་ཆེར་མ་མཛད་པས།སྐུང་ཡིག་ལ་རིག་པའི་གཞུང་ལུགས་ཤིག་མ་དར་ཡང་དེས་བོད་ཀྱི་རིག་གཞུང་འཕེལ་རྒྱས་ལ་ཐོན་པའི་ཕན་ནུས་ནི་གཞལ་བའི་མཐའ་མ་མཆིས་སོ།།
གསལ་བཤད།གོང་དུ་བཀོད་པའི་སྐུང་ཡིག་གི་དབྱེ་བའི་ནང་གི་དཔེར་བརྗོད་དག་ཤེས་རབ་ཀྱིས་བསྒྲིགས་པའི་སྐུང་ཡིག་གསལ་བྱེད་ནོར་བུའི་མེ་ལོང་དང་།གོ་བ་དབྱིག་དང་ཧྲི་ཞུའེ་ལེས་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི་ངོ་མཚར་བའི་གངས་ཅན་འཕྲུལ་ལྡན་སྐུང་ཡིག་བེའུ་བུམ།དཔལ་བསྡུས་ཀྱིས་བརྩམས་པའི་བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ་གསུམ་ནས་དྲངས་པ་ཡིན་ལ།འདིར་དཔེར་བརྗོད་རེ་རེའི་འདྲེན་ཁུངས་ཇིི་བཞིན་དུ་འབྲི་བའི་ངལ་བ་མ་བྱས་སོ།།

དཔྱད་གཞིའི་ལུང་ཁུངས།
[1]ནོར་བྲང་ཨོ་རྒྱན།ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།[G]པེ་ཅིན།ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་།2006.5.ཤོག་ངོས།14
[2][13]གཉའ་གོང་དཀོན་མཆོག་ཚེ་བརྟན།བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2002.9ཤོག་ངོས།45ཤོག་ངོས།7
[3] གྲོང་ཁང་ཚེ་རིང་ཆོས་རྒྱལ།གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་དུང་གི་རང་སྒྲ།[M]ལྷ་ས།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2010.10.ཤོག་ངོས།289
[4][5][6][12][15][16][17]གོ་ཤུལ་གྲགས་པ་འབྱུང་གནས།གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།[G]པེ་ཅིན།མི་རིགས་དཔེ་སྐྲུན་ཁང་།2012.4 ཤོག་ངོས།238 ཤོག་ངོས།597ཤོག་ངོས།599ཤོག་ངོས།754ཤོག་ངོས།199ཤོག་ངོས།34ཤོག་ངོས།49 ཤོག་ངོས།41
[7][8]བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་བསྒྲིགས།ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།[G]མི་རིགས་དཔེ་སྐྲུན་ཁང་།1980.10 ཤོག་ངོས།19ཤོག་ངོས།44
[9]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་རྩ་འགྲེལ།[M]པེ་ཅིན།མི་རིགས་དཔེ་སྐྲུན་ཁང་།1997.4 .ཤོག་ངོས།17
[10]པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས།གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།[G]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།2007.9 ཤོག་ངོས།3
[11]བུ་ཕྲུག་དང་གཅན་རང་སད་ཀྱིས་བརྩམས།དྭངས་གསལ་ཤེལ་གྱི་མེ་ལོང་།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2012.10 ཤོག་ངོས།110
[14]མཁས་པ་ལྡེའུ།རྒྱ་བོད་ཆོས་འབྱུང་རྒྱས་པ།[M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།1987.6 ཤོག་ངོས།271
[18]གསང་བདགཏུན་ཧོང་གི་གནའ་ཡིག་ཕ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པ་ལས་འཕྲོས་པའི་བསམ་གཞིགས་ཐོར་བུ།རྩེར་སྙེག[J]2004.2ཤོག་ངོས།39
[19]གུ་རུ་ཨུ་རྒྱན་གླིང་པ།བཀའ་ཐང་སྡེ་ལྔ།[M]པེ་ཅིན།མི་རིགས་དཔེ་སྐྲུན་ཁང་།2006.12.ཤོག་ངོས།61
[20]དག་ཡིག་གསར་བསྒྲིགས་དག་བཅོས་མ།[G]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2014.12 ཤོག་ངོས།38
[21]གོ་བ་དབྱིག་དང་ཧྲི་ཞུའེ་ལེས་གཉིས་ཀྱིས་བསྒྲིགས།ངོ་མཚར་བའི་གངས་ཅན་འཕྲུལ་ལྡན་སྐུང་ཡིག་བེའུ་བུམ།[G]ལན་གྲུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1995.3.ཤོག་ངོས།1
[22]ནམ་མཁའི་ནོར་བུ།ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།[G]པེ་ཅིན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།1994.12.ཤོག་ངོས།464
[23][25]དཔལ་བསྡུས།བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ།[M]ཁྲིན་ཏུའུ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2004.5.ཤོག་ངོས།76ཤོག་ངོས།81
[24]དགེ་འདུན་ཆོས་འཕེལ།དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།པོད་གཉིས་པ།[G]ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས།ཤོག་ངོས།209



 
འབྲེལ་ཡོད་འོས་སྦྱོར།