༄༅།།ཏུན་ཧོང་ཡིག་རྙིང་P.T0996ལས་མདོ་སྨད་ཁྲི་ཀ་དང་འབྲེལ་བའི་ ས་མིང་འགར་བྱེ་བྲག་ཏུ་དཔྱད་པ།
རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-11-19
ཀློག་གྲངས།:
[གནད་བཏུས ] ཏུན་ཧོང་ཡིག་རྙིངP.T099ནི་རྒྱ་བོད་བསམ་གཏན་པའི་མཁན་བརྒྱུད་ཀྱི་ལོ་རྒྱུས་བརྗོད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་ཞིང་། ཡིག་ཆ་ལས་མདོ་སྨད་ཁྲི་ཀའི་ཡུལ་གྱི་མཁར་གོང་དང་།སྲིན་པོ་རི།སྣུབས་ནམ་མཁའི་སྙིང་པོའི་དབེན་ས། ཞོང་པོང་དགོན།ཡམ་ཡོགཤིང་ཡོང་སོགས་ས་མིང་སྐོར་ཞིག་བྱུང་ཡོད།རྩོམ་འདིར་གོང་གསལ་ས་མིང་འདི་དག་གི་འཕེལ་འགྱུར་ལ་སྔོན་གྱི་ཞིབ་འཇུག་གི་འབྲས་བུ་རྨང་གཞི་བྱས་ཐོགབོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་།ཡུལ་མིའི་ངག་རྒྱུན།ཡུལ་དངོས་རྟོག་དཔྱོད་བཅས་ཀྱི་ཐབས་ལམ་བརྒྱུད་དེ། མཁར་གོང་ནི་དེང་གི་ཁྲི་ཀའི་གནའ་མཁར་དང་། སྣུབས་ནམ་མཁའི་སྙིང་པོའི་དབེན་ས་ནི་སྨད་པ་མོད་ཡོག ཞོང་པོ་དགོན་ས་ནི་གོང་བ་གྲྭ་ཚང་།ཡམ་ཡོག་ནི་རྨ་ཤར་ཡུལ་ཚོའི་ཇོ་བོ་སྡེ་བ། ཤིང་ཡོང་ནི་ཁྲི་ཀའི་རྟེན་བཞིའི་ཡ་གྱལ་ལྷ་དཀར་པོ་ཡིན་ཚུལ་བསྒྲུབས་ཡོད།
[གནད་ཚིག ]ཏུན་ཧོང་ཡིག་རྙིངP.T0996 ཁྲི་ཀ།ས་མིང་།
གླེང་གཞི།
ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིངP.T0996པ་ནི་བོད་བཙན་པོའི་དུས་ཀྱི་རྗེ་འབངས་ཉེར་ལྔའི་ཡ་གྱལ་སྣུབས་ནམ་མཁའི་སྙིང་པོ་དང་།དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་སྐུ་ཚེ་སྨད་ཀྱི་ལོ་རྒྱུས་གཙོར་བརྗོད་པའི་ཡིག་ཆ་གལ་ཆེན་ཞིག་དང་།མདོ་སྨད་མཐའ་མཚམས་སུ་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་བརྗེ་རེས་ཀྱི་གནས་ཚུལ་གསལ་བའི་ཡིག་ཆ་རིན་ཐང་ལྡན་པ་ཞིག་ཀྱང་ཡིན།ད་ཕན་ཡིག་ཆ་འདིའི་དཔྱད་འབྲས་ཐད་ལ་རྒྱལ་ཕྱི་རུ་ཉི་ཧོང་གི་མཁས་པ་ཁྲུང་པན་ཁི་ཅིའི(冲本克己)《ཐེག་པ་ཆེན་པོ་མི་རྟོག་པ་སྒོམ་པའི་ལམ་གྱི་གླེང་གཞི། P.T0996ཞིབ་འཇུག》དང་།རྒྱལ་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ལགས་ཀྱི《ཏུན་ཧོང་ཡིག་རྙིང་ཐེག་པ་ཆེན་པོ་རྣམ་པར་མི་རྟོག་པའི་སྒོམ་པའི་ལམ་གྱི་བཀྲོལ་ཀློག》(ཀྲུང་གོའི་བོད་རིག་པ་རྒྱ་ཡིག་པར་མ2013.1)གཉིས་ལས།རྒྱ་བོད་མཐའ་མཚམས་སུ་གནས་པའི་བསམ་གཏན་པའི་མཁན་བརྒྱུད་བརྗོད་པ་བརྒྱུད་ནས་དགེ་སློང་སྤུག་ཡེ་ཤེས་དབྱངས་ནི་བསམ་གཏན་པའི་མཁན་པོ་ཞིག་ཡིན་པ་ར་སྤྲད་ཅིང་།ཁོང་གི་བརྩམས་ཆོས་སྐོར་ལ་དཔྱད་ཞིབ་བགྱིས་ཡོད་པ་དང་།སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧོ་ཝེ་ཡི《བོད་ཤར་རྒྱུད་ཀྱི་བྲག་བརྐོས་སྐུ་བརྙན་དང་བོད་ཀྱི་དགེ་སློང་ཡེ་ཤེས་དབྱངས་ལ་དཔྱད་པ》(བོད་ལྗོངས་སློབ་ཆེན་གྱི་རིག་དེབ་སྤྱི་ཚོགས་ཚན་རིག་པར་མ2015.2)ལས།བོད་ཤར་རྒྱུད་ནས་གཅིག་རྗེས་གཉིས་མཐུད་དུ་གསར་རྙེད་བྱུང་བའི་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཁག་ཅིག་བརྒྱུད་ནས་དགེ་སློང་ཡེ་ཤེས་དབྱངས་ནི་དུས་སྐབས་དེའི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་པ་དང་།བོད་བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་དག་བྱུང་བའི་དུས་རབས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་གཏིང་ཟབ་བགྱིས་ཡོད་པ་དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གླིང་ཚ་སྙིང་རྒྱལ་འབུམ་གྱི《དགེ་སློང་སྦ་ཡེ་ཤེས་དབྱངས་ཀྱི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ》(ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་རིག་དེབ2016.3)དང་།སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དཔལ་ཆེན་རྡོ་རྗེ་ཡི《བོད་བཙན་པོའི་དུས་ཀྱི་དགེ་སློང་ཡེ་ཤེས་དབྱངས་ལ་དཔྱད་པ》(མཚོ་སྔོན་མི་རིགས་ཞིབ་འཇུག2017.1)གཉིས་ལས།བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་དང་།གསར་རྙེད་བྲག་བརྐོས་ཀྱི་སྐོར།ཏུན་ཧོང་ཡིག་ཆ་བཅས་ཟུང་དུ་འབྲེལ་ནས་དགེ་སློང་ཡེ་ཤེས་དབྱངས་ཀྱི་སྐུ་ཚེ་ཧྲིལ་བོའི་ལོ་རྒྱུས་བརྗོད་ཡོད།ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་འཇམ་རྐང་གསང་བདག་ཚེ་རིང་གི《ཏུན་ཧོང་ཡིག་ཚགས་P.T0996པ་མཁན་པོ་ནམ་མཁའི་སྙིང་པོ་དང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་ལོ་རྒྱུས་ལ་དཔྱད་པ》(ནུབ་བྱང་མི་རིགས་སློབ་ཆེན་གྱི2017ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ)ལས།མཁན་པོ་ནམ་མཁའི་སྙིང་པོ་དང་།ཡེ་ཤེས་དབྱངས་གཉིས་ཀྱི་ལོ་རྒྱུས་དང་།སྒོས་སུ་ཁྲི་ཀ་ལྟེ་བ་བྱས་པའི་འདབས་འབྲེལ་གྱི་ས་མིང་དང་།རུས་རྒྱུད་ཚོ་མིང་སྐོར་ཞིག་ལ་ཡུལ་དངོས་བརྟག་དཔྱད་བརྒྱུད་ཅུང་ཟད་རྒྱས་པར་བྲིས་ཡོད།དེ་ལྟ་ནའང་།ཏུན་ཧོང་ཡིག་ཆP.T0996པར་ཞིབ་ཏུ་མཇལ་ན།ད་དུང་གནའ་མིང་སྐོར་ཞིག་ངོས་འཛིན་གསལ་བོ་བྱུང་མེད་ཁར།ཡིག་ཆ་འདི་ཕྱོགས་ཡོངས་ནས་བཀྲོལ་ཀློག་བྱེད་པ་དང་།རྒྱ་བོད་ཀྱི་དགེ་འདུན་པའི་སྡེས་ཆོས་ལུགས་རིག་གནས་ཇི་ལྟར་དར་སྤེལ་བཏང་བའི་ཚུལ་དཔྱད་ཞིབ་བགྱི་བར་དཀའ་ཁག་ཅུང་ཟད་ཡོད་པས།འདིར་ཡིག་ཆP.T996དང་འབྲེལ་ཏེ་ཁྲི་ཀའི་ཡུལ་གྱི་གནའ་མིང་སྐོར་ཞིག་ས་གནས་ཀྱི་ལོ་རྒྱུས་ངག་རྒྱུན་དང་།ཆོས་འབྱུང་ལོ་རྒྱུས་དག་གུང་བསྒྲིགས་ནས་བྱེ་བྲག་ཏུ་དཔྱད་པར་བྱ་བ་ལ།
གཅིག ཁྲི་ག་མཁར་གོང་།
དེ་ཡང་འགོས་ལོས“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར།ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད” [1]གསུངས་པ་ལྟར།མདོ་སྨད་ཁྲི་ཀ་ཡང་ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་ནས་བོད་ཀྱི་མེས་པོ་རྣམས་ཀྱི་ངལ་རྩོལ་གྱི་རྔུལ་ཆུ་གཏོར་སའི་གནས་ཤིག་ཡིན་ལ། “ཁྲི་ཀའི་ཧོར་རྒྱ་ས་ཆར་གླང་ཆེན་གྱི་རུས་པ་གསར་རྙེད་བྱུང་བ” [2]ལས་ཀྱང་ཡུལ་འདི་ཆེས་སྔ་མོ་ཞིག་ནས་ཚ་བའི་ས་ཁུལ་ཞིག་དང་།ཡུལ་དང་མི་ལ་སོགས་པ་བྱུང་ཚུལ་ཆེས་སྔ་བར་ར་སྤྲད་ཡོད།དེར་མ་ཟད་ཏུན་ཧོང་ཡིག་རྙིང་ལས་ཁྲི་ཀ་ཞེས་པའི་མིང་འདི་ཏུན་ཧོངP.T2123དངP.T0996པ་བཅས་སྔ་ཕྱི་ལན་གཉིས་ཙམ་ལ་བྱུང་ཞིང་།ཁྲི་ཀ་ཞེས་པ་སྟོང་སྡེ་དང་ཁྲི་སྡེ་གང་ཡིན་མི་གསལ་ཡང་བོད་བཙན་པོའི་དུས་ཀྱི་ཆོས་ལུགས་རིག་གནས་དང་།ཆབ་སྲིད་དམག་དོན་བཅས་ཀྱི་གནད་ས་གཙོ་བོ་ཞིག་ཀྱང་ཡིན་པ《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས། “མདོ་སྨད་ཀྱི་དགུན་འདུན་རྒྱོད་དུ་བསྡུས” [3]ཞེས་ཁྲི་ཀའི་རྒྱོད་དམ་སྒྱོ་ཞེས་པའི་ས་ཆར་མདོ་སྨད་ཀྱི་འདུན་མ་ཐེངས་གསུམ་ཙམ་བསྡུས་པ་གསལ་བས་ཀྱང་ཤེས་ནུས།
བོད་ཀྱི་དཔེ་རྙིང་མང་པོར་ཁྲི་ཀ་ལ་ཁྲི་ཀ་གོང་མ་དང་ཁྲི་ཀ་འོག་མ་གཉིས་སུ་ཕྱེ་ཡོད་པ་དང་།བྲག་དགོན་པའི《མདོ་སྨད་ཆོས་འབྱུང》ལས། “ཁྲི་ཀ་གོང་འོག་གི་མཚམས་སུ་སྲིན་པོ་རི” [4]ཞེས་དང་། “འདི་ནས་གྲ་མའི་ལ་རྒྱབ་ན་ཁྲི་ཀ་གོང་མར་སླེབས” [5]ཞེས་འབྱུང་བ་ལས།སྲིན་པོ་རི་ནི་ཁྲི་ཀ་གོང་འོག་གཉིས་ཀྱི་ས་མཚམས་སུ་ངོས་འཛིན་ཞིང་།སྟོད་མང་རའི་བྱེ་མ་ནས་སྲིན་པོ་རིའི་བར་ཁྲི་ཀ་གོང་མ་དང་།སྲིན་པོ་རི་ནས་དགུ་རོང་བར་ཁྲི་ཀ་འོག་མར་ངོས་འཛིན་ཚུལ་གྱི་ངག་རྒྱུན་དུ་ད་ལྟའང་མ་ཉམས་པར་གནས་ཡོད།ཡིག་ཆ་ལས། “ཁྲི་ག་མཁར་གོང་དུ་སྟེང་གྀ་ནམ་ཀ་ལ་སྤྲིན་མཚོན་སྣ་ལྔ་བྱུང་བ་ཡང”[6]ཞེས་པའི་ཁྲི་ཀ་མཁར་གོང་ནི་དེང་སྐབས་ང་ཚོའི་སྣང་ཡུལ་དུ་ཡོད་པའི་ཁྲི་ཀའི་གནའ་མཁར་འདི་ཉིད་ཡིན་ཏེ།《ཁྲི་ཀ་རྫོང་གི་ལོ་རྒྱུས》སུ།མཁར་འདི་ནི་“མེན་རྒྱལ་རབས་ཀྱི་ཧུང་བུའུ་ཁྲི་ལོ་བདུན་པ(1374)ནས་ཁྲི་ལོ་བཅུ་གསུམ་པའི(1380)བར” [7]གསར་དུ་བཞེངས་པར་བཤད་པ་དང་། “འ་ཞའི་རྒྱལ་པོ་ཨ་ཚེ་ཡིས་ཁྲི་ཀ་ས་ཆར་ཅའོ་ཧི་མཁར་བཞེངས” [8]པའི་བཤད་ཚུལ་གཉིས་རྒྱུན་ཆགས་སུ་བསྟར་ཡོད་ཀྱང་།གོང་གསལ་ཡིག་ཆP.T996དང་བསྡུར་ན་མེན་རྒྱལ་རབས་ཀྱི་སྔོན་དུ་མཁར་འདི་ཡོད་པར་གསལ་བཤད་བྱེད་ཐུབ་པས།བཤད་ཚུལ་དང་པོ་དེ་བདེན་པར་མ་གྲུབ་པ་དང་།རྒྱལ་པོ་སྲོང་བཙན་གྱི་གོང་དུ་མདོ་སྨད་ཀྱི་ཕྱོགས་འདིར་འ་ཞ་དར་ཡོད་ཅིང་།སྲོང་བཙན་གྱི་སྐུ་རིང་ལ་འ་ཞ་དབང་དུ་བསྡུས་པའི་གནས་ཚུལ་གསལ་བ་ལྟར།དེའི་ཡར་སྔོན་དུ་འ་ཞའི་རྒྱལ་པོ་ཨ་ཚེ་ཡིས་བཞེངས་པར་བཤད་ན་གནས་ལུགས་དང་མཐུན་པ་ཞིག་ཡིན།རྒྱུ་མཚན་དེ་ལྟར་ན་ཁྲི་ཀའི་མཁར་འདི་དང་པོ་འ་ཞའི་རྒྱལ་པོས་བཞེངས་པ་དང་།སྲོང་བཙན་གྱིས་འ་ཞ་དབང་འོག་ཏུ་བཅུག་རྗེས་བོད་ཀྱིས་བཟུང་ཞིང་།རྗེས་སུ་དུས་འགྱུར་མང་པོའི་དབང་གིས་མེན་རྒྱལ་རབས་ཀྱི་སྐབས་སུ་ཡང་བསྐྱར་བཞེངས་ཞེས་བརྗོད་ན་དོན་ལ་གནས་པར་འདོད་དོ།།
གཉིས། སྣུབས་ནམ་མཁའི་སྙིང་པོའི་དབེན་ས།
ཡིག་ཆ་ལས་དགེ་སློང་སྤུག་ཡེ་ཤེས་དབྱངས་དགུང་ལོ་བརྒྱད་ཅུ་ལོན་དུས“ཁྲྀ་ག་མོང་ཡོག་མདའ་ན།ཚྀག་ཙ་ནམ་ཀའྀ་སྙྀང་པོའྀ་དབེན་སར”[9]ཞེས་ཁྲི་ཀའི་མོང་ཡོག་མདའ་རུ་གནས་པའི་མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་ནས་སྐུ་འདས་ཚུལ་བཤད་ཡོད་ལ།སྐབས་འདིའི་མོང་ཡོག་ནི་དེང་གི་ཁྲི་ཀ་རྫོང་སྨད་པ་ཚོ་བདུན་གྱི་ནང་ཚན་མོ་ཡག་སྟེ།མོང་ཡོག་གི་སྒྲ་འགྱུར་ནས་དེང་སྐབས་མོད་ཡག་གམ་མོ་ཡག་ཏུ་འབོད་པ་དེ་ཡིན།ཡིག་ཆ་ལས་མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་ནི་མོང་ཡོག་མདའ་ཡིན་པར་བསྟན་པ་ཙམ་ལས།བྱེ་བྲག་མོ་ཡག་གི་གནས་ཡུལ་གང་ཞིག་ལ་ངོས་འཛིན་དགོས་པར་གསལ་བོར་བརྗོད་མེད།ཡིན་ནའང་མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་ནི་མོང་ཡོག་མདའ་ཞེས་མོ་ཡག་གི་མདོའམ་ཞོལ་དུ་ཡོད་པ་དོན་གྱིས་བསྟན་པས།དེང་སྐབས་ཀྱང་མོ་ཡག་སྡེ་བའི་ནང་དུ་མཁར་ཞིག་གི་ཤུལ་ཡོད་ཅིང་།དེ་ལས་རྫ་གཡམ་དང་ལྷ་སྐུའི་ཆག་རོ་མང་དུ་བུད་ཚུལ་སྡེ་མི་མང་པོས་དངོས་སུ་མཐོང་བ་ལས།གནས་དེ་ནི་ཤིན་ཏུ་སྔ་བའི་བོད་བཙན་པོའི་དུས་ཀྱི་ཚིག་ཙ་ནམ་མཁའི་སྙིང་པོའི་དབེན་ས་ཡིན་པར་ངོ་ཤིན་ཏུ་འཕྲོད་དེ།དབེན་ས་ཞེས་པས་དུས་སྐབས་དེར་མཁར་གྱི་རྣམ་པ་ཅན་ཞིག་མིན་ཡང་ཕྱིས་སུ་ས་པཎ་ཡབ་སྲས་ཧོར་ཡུལ་དུ་ཕེབས་ཁར་ས་སྐྱ་བའི་དགོན་པ་ཞིག་བཏབ་པ་ལ་མཁར་བརྩིགས་ཤིང་ནང་དུ་རྟེན་དང་བརྟེན་པ་བཞེངས་ཏེ་མཁར་ནང་དགོན་དུ་གྲགས་ཤིང་།མོ་ཡག་ལ་མོ་ཡག་དགོན་པ་ཚང་དང་།མོ་ཡག་མཁར་ནང་ཚང་སོགས་ཚོ་བ་དུ་མ་གྲུབ་པ་ལས་མོ་ཡག་མཁར་ནང་ཚང་ཞེས་གནའ་མིང་མ་ཉམས་པར་གནས་པ་དང་།ཤར་སྐལ་ལྡན་རྒྱ་མཚོའི《ཨ་མདོའི་ཆོས་འབྱུང》དུ།“ཁྲི་ཀའི་ལྷ་དཀར་པོ་ཡན་ཆད།ཇོ་ཁང་མན་ཆད་ན་མཁར་དགོན་པ་ཞེས་པའི་གྲྭ་ས་ཡོད་པར་བཤད་ཀྱང་མ་རྙེད” [10]ཅེས་པའི་མཁར་དགོན་པ་ནི་གོང་གསལ་ས་སྐྱ་པཎ་ཆེན་གྱིས་ཕྱག་བཏབ་པའི་མོ་ཡག་མཁར་ནང་དགོན་པ་ཡིན་ལ།རབ་བྱུང་བདུན་པའི་སྨད་ཙམ་ལ་ཞོང་པ་ནས་འཁྲུངས་པའི་གོང་དགེ་དཀའ་བཅུ་བ་བསོད་ནམས་ལྷུན་གྲུབ་ཀྱིས་མོ་ཡག་མཁར་ནང་དགོན་པ་དང་།ཞོང་པོང་དགོན་གཉིས་ཟླ་སྒྲིལ་བྱས་ནས་གོང་བ་གྲྭ་ཚང་དུ་བསྡུས་ཤིང་རི་བོ་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བས།མཁན་པོ་ནམ་མཁའི་སྙིང་པོའི་དབེན་ས་དང་།གྲུབ་མཐའ་ས་སྐྱ་བར་གཏོགས་པའི་མཁར་ནང་དགོན་ཞེས་པ་ཤུལ་ཙམ་ལས་མེད་པར་གྱུར་བ་རེད།
གསུམ། ཞོང་པོང་དགོན་པ།
ཞོང་པོང་ཞེས་པ་ནི་དེང་གི་རྨ་ཤར་ཡུལ་ཚོའི་ཁོངས་སུ་ཆགས་པའི་ཞོང་པ་སྡེ་བ་ཡིན་ཞིང་།ཞོང་པ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “པྲད་དང་ཞོང་པ་སྣ་ནམ་ཡུལ་དུ་བཅད།།” [11]ཅེས་སྲོང་བཙན་སྒམ་པོའི་སྐབས་སྟོང་སྡེ་བཅོ་བརྒྱད་དུ་ཕྱེ་དུས་པྲད་དང་ཞོང་པའི་ཡུལ་གཉིས་རུས་སྣ་ནམ་ལ་གཏོགས་པར་བྱས་པ་དང་།ཕྱིས་མཐའ་མཚམས་བསྲུང་ཕྱིར་ཡུལ་མདོ་སྨད་ཁྲི་ཀར་མཆེད་དེ་གཞིས་ཆགས་ཤིང་རུས་མིང་སྡེ་མིང་ལ་ཐོགས་སམ་སྙམ་པས།ཞོང་པའི་མི་རྒྱུད་ཀྱི་རུས་ཀྱང་སྣ་ནམ་ཨེ་ཡིན་བརྟག་བྱར་ལུས་སོ།།ཞོང་པོང་དགོན་ནི་དེང་གི་ཞོང་པའི་གོང་བ་གྲྭ་ཚང་ཡིན་ལ།དགོན་པ་འདི་ནི་བོད་བཙན་པོའི་དུས་ནས་བཟུང་རྒྱ་བོད་མི་རིགས་གཉིས་ཀྱི་ཆོས་ལུགས་སྤེལ་སའི་རྟེན་གཞི་གཙོ་བོར་གྱུར་ཡོད་དེ།ཡིག་ཆ་ལས། “ལོ་བདུན་ཅུ་རྩ་གཅྀག་སྟེ།ཁྱྀའི་ལོའི་དཔྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ།ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས།མདངས་མ་གྱུར་པར་དུས་ལས་འདས་སོ།།དེའྀ་ནམ་གྀ་གུང་ལ།དབེན་སའྀ་ལྟ་འོག་གྀ་རི་རྒྱུད་ནས”[12]ཞེས་མཁན་པོ་ནམ་མཁའི་སྙིང་པོ་དགུང་ལོ་དོན་གཅིག་བཞེས་དུས་ཞོང་པོང་དགོན་དུ་སྐུ་གཤེགས་ཚུལ་བསྟན་ཅིང་།ཡིག་ཆར་ཞིབ་ཏུ་མཇལ་ན་ཞོང་པོང་དགོན་ནི་མན་ཧྭ་ཤང་དང་།ཚིག་ཙ་ནམ་མཁའི་སྙིང་པོ་དང་།སྤུག་ཡེ་ཤེས་དབྱངས་སོགས་ཀྱིས་གཙོས་པའི་རྒྱ་བོད་ཀྱི་བསམ་གཏན་པ་དག་གི་འདུ་གནས་གལ་ཆེན་ཞིག་ཡིན་པར་གསལ།ཕྱིས་སུ་དུས་རབས་བཅུ་གསུམ་པར་འཇམ་མགོན་ས་པཎ་ཡབ་སྲས་ཧོར་གྱི་ཡུལ་དུ་ཆིབས་ཁ་བསྒྱུར་དུས་ཁྲི་ཀའི་མི་ཉག་མཆོད་རྟེན་ལ་རབ་གནས་བྱེད་དུ་ཕེབས་ལམ་གནས་འདི་བརྒྱུད་ཅིང་།གོང་གསལ་སྨད་པའི་མོ་ཡག་མཁར་ནང་དགོན་པ་དང་།ཞོང་པོང་དགོན་གཉིས་ཀ་གྲུབ་མཐའ་ས་སྐྱ་བར་བསྒྱུར་བ་དང་།ལོ་རྒྱུས་སྟེང་མིང་དུ་གྲགས་པའི་མུ་ཏིག་ཇོ་ཇོའི་ལྷ་ཁང་གསར་དུ་བཞེངས་པ་སོགས་ཁྲི་ཀར་བསྟན་པའི་བྱ་བ་མང་དུ་མཛད་པའི་ལོ་རྒྱུས་ངག་རྒྱུན་དང་བཅས་ཤིན་ཏུ་མང་།དེའི་རྗེས་རབ་བྱུང་བདུན་པའི་སྨད་ཙམ་ལ་ཞོང་པའི་གོང་བ་ནས་འཁྲུངས་པའི་གོང་དགེ་དཀའ་བཅུ་བ་བསོད་ནམས་ལྷུན་གྲུབ་ཀྱིས་དབུས་སུ་བཀའ་པོད་ལྔའི་མཚོན་པའི་མདོ་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་ཞིང་དཀའ་བཅུའི་མཚན་བཏགས་བཞེས་མུར་ཁྲི་ཀར་ཕེབས།《སྐལ་ལྡན་ཆོས་འབྱུང》ལས། “གོང་དགེ་དཀའ་བཅུ་བས་ཁྲི་ཀར་སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱས།ལྷ་དཀར་པོར་ཞབས་ཏོག་མཛད”[13]གསུངས་པ་ལ་དཔག་ན།སྐབས་དེར་ཁྲི་ཀའི་ཡུལ་དུ་མཚན་སྙན་ཆེས་རྒྱས་ཤིང་འཕྲིན་ལས་ནམ་མཁའ་དང་མཉམ་པ་ཞིག་ཡིན་ལ།ཁོང་གིས་སྔར་གྱི་ས་སྐྱ་བའི་གྲུབ་མཐར་གཏོགས་པའི་སྨད་པའི་མོ་ཡག་མཁར་ནང་དགོན་པ་དང་།ཞོང་པོང་དགོན་གཉིས་གཅིག་ཏུ་བསྒྲིལ་ནས་དགོན་པའི་མཚན་ལའང་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་དུ་གསོལ་ཅིང་།གྲུབ་མཐའ་རི་བོ་དགེ་ལུགས་པར་བསྒྱུར།ཕྱིས་ཞོང་པ་ནས་འཁྲུངས་ཤིང་དབུས་སུ་བྱོན་ཏེ་པོ་ཏ་ལའི་མགྲོན་གཉེར་ལོ་ཙཱ་པ་དང་།མཚན་སྒྲོགས་མཁན་པོའི་ལུང་ལས་ཀྱིས་མཐོ་བའི་དབུས་ཀྱི་འབྲས་སྤུངས་དགེ་བཤེས་དགེ་འདུན་དོན་གྲུབ་མཆོག་མདོ་སྨད་དུ་ཆིབས་བསྒྱུར་མཛད་དེ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཉེར་བཞི་པར་བཞུགས་ཤིང་།དགོན་འདིར་ཡང་གཟིགས་སྐྱོང་གང་ལེགས་མཛད་པ་དང་།རིམ་བཞིན་ཁོང་གི་སྐུ་ཕྲེང་རིམ་བྱོན་དགོན་འདིར་བཞུགས་ནས་དེང་གི་བར་བསྐྱངས་པ་ཡིན།གཞན་དགོན་འདི་ལ་བོད་བཙན་པོའི་དུས་སུ་ཞོང་པོང་དགོན་ཞུ་བ་ལ།ཕྱིས་གོང་དགེ་དཀའ་བཅུ་བས་དགེ་ལུགས་པར་བསྒྱུར་བས་གོང་བ་གྲྭ་ཚང་དུ་ཐོགས།དེང་དུས་ཡུལ་མི་བྱིངས་ཀྱིས་བོད་ཇོ་དགོན་པ་ཞེས་འབོད་ལ།ཁྲི་ཀའི་ཡུལ་དུ་རྒྱ་ཇོ་བོད་ཇོ་སོག་ཇོ་གསུམ་གྲགས་པའི་རྟེན་བཞུགས་པར་བོད་ཀྱིས་སྦྱིན་བདག་མཛད་དེ་བཞེངས་པའི་ཇོ་བོ་ལ་བོད་ཇོ་དང་།དེའི་བཞུགས་ཡུལ་གོང་བ་གྲྭ་ཚང་ཡིན་སྟབས།བོད་ཇོ་དགོན་དུ་ཐོགས་པར་ཡུལ་མིའི་ངག་རྒྱུན་དུ་ཡོད་ཀྱང་བདེན་མིན་ད་དུང་བརྟག་བྱའི་གནས་སོ།།
བཞི། ཨན་ཅུང་།
ཡིག་ཆ་ལས། “སྤུར་ཨན་ཅུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་བའྀ་ཚེ” [14]ཞེས་དང་། “ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ། སྲྀན་པོ་རྀའྀ་རྩེར་ཕྱྀན་པ་དང་། ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ”[15]ཞེས་བྱུང་བའི་ཨན་ཅུང་ནི་དེང་གི་གཅན་ཚ་རྫོང་ཁམས་ར་ཞང་གི་ཁོངས་སུ་ཡོད་ལ།ཨན་ཅུང་དང་ཨན་ཆུང་གཉིས་བོད་བཙན་པོའི་དུས་སུ་ཡི་གེའི་སྡེ་བ་གཅིག་གི་མིང་གཞི་ཕན་ཚུན་བརྗེ་བའི་སྣང་ཚུལ་ལས་ཤེས་ནུས་ལ།དེང་ཨ་ཆུང་གནམ་རྫོང་ཞེས་བྲག་རིའི་དབྱིབས་ཨ་ཆུང་ཞིག་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐོགས་པར་གྲགས་མོད།མིང་དངོས་ནི་ཨན་ཆུང་ངམ་ཨན་ཅུང་ཡིན་པར་ངེས།དེར་བྲག་རི་ཐམས་ཅད་ནགས་ཚལ་སྐྱེས་པ་དང་འདྲ་ཞིང་མཁར་རྫོང་གི་རྣམ་པར་བཀྲ་བའི་དབྱིབས་སུ་ཆགས་པ་དང་།《བཀའ་ཐང་སྡེ་ལྔ》ལས། “མདོ་སྨད་ཨན་ཆུང་གནམ་རྫོང་ན།།མ་སངས་རྒྱལ་པོ་འགེང་བ་བཞུགས།།”[16]ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་འདྲེ་དམ་ལ་བཏགས་ནས་བསྟན་པ་བསྲུངས་བར་གཉེར་གཏད་མཛད་པའི་གྲས་སུ་ཚུད་ཡོད་པ་དང་།དེ་རུ་བཞུགས་པའི་གནས་བདག་ལ་མ་སངས་རྒྱལ་པོ་འགེང་བ་ཞེས་མཐུ་རྩལ་ཆེ་རབ་ཅིག་ཡིན་པར་དོན་གྱིས་བསྟན།ཕྱིས་དབུས་སུ་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་བརྡབ་གསིག་ཁྲོད་བོད་ཀྱི་མཁས་པ་མི་གསུམ “ཧོར་ཡུལ་བརྒྱུད།རིམ་གྱིས་མདོ་སྨད་དུ་སླེབས་ནས་ཐོག་མར་ཨན་ཆུང་གནམ་རྫོང་དང་།ལོ་རྡོ་རྗེ་བྲག་ཏུ་བཞུགས”[17]གསུངས་པ་ལྟར།གཅིག་ནས་གནས་འདི་ནི་བོད་བཙན་པོའི་དུས་ནས་བསྟན་པ་སྤེལ་སའི་གནས་གཞི་གལ་ཆེན་ཞིག་ཡིན་པ་དང་།གཉིས་སུ་ན་དུས་དེར་བསྟན་པ་བསྣུབས་པའི་སྲིད་འགྱུར་གཞི་རྒྱ་ཆེ་ཞིང་བཙན་པས།གནམ་རྫོང་ས་བཙན་པར་གཟིགས་ནས་གནས་འདིར་ཕེབས་ཏེ་ཡུན་རིང་བཞུགས།ཨན་ཆུང་གནམ་རྫོང་ལ་བྱེ་བྲག་རྫོང་ཆེན་བཅོ་བརྒྱད་ཡོད་ལ་དབུས་ནི་ཇོ་མོ་རྫོང་ཡིན་པར་གསུངས། ཇོ་མོ་རྫོང་གི་རྩེ་ལ་མཁས་པ་མི་གསུམ་གྱི་སྒྲུབ་ཕུག་དང་། དེའི་ཁ་གཏད་དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་དེང་སང་ཡང་མཇལ་དུ་ཡོད་ཅིང་། རྫོང་གཤམ་གྱི་བཀྲ་ཤིས་ཐང་དུ་སྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱིས་གནམ་རྫོང་རྩེ་དང་བཀྲ་ཤིས་ཐང་གི་རི་ཁྲོད་པ་རྣམས་བསྡུས་ཤིང་།ཨ་མཛེས་ལ་ཁ་ན་ཡོད་པའི་ཁྲི་ཀའི་བིས་ཀྱ་ཆུང་བའི་ནགས་བར་དགོན་གཉིས་གཞི་གཅིག་ཏུ་བསྲེས་ནས“རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་བཀྲ་ཤིས་ཐང་དུ་ཁམས་རའི་གྲྭ་ཚང་བཏབ། ”[18]དགོན་པའི་མཚན་ལ་བཀྲ་ཤིས་རྣམ་རྒྱལ་གླིང་དུ་གསོལ།རྣམ་ཐར་ཐང་དུ་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གིས་གནུབས་ཁམས་ར་གླེ་ལྔའི་སྔགས་འཆང་རིག་པ་འཛིན་པ་རྣམས་བསྡུས་ཏེ་རབ་བྱུང་བཅུ་བཞི་བའི་ཤིང་ཁྱི་ཤིང་ཕག་ཡས་མས་ཤིག་ལ་གསང་སྔགས་བསྟན་རྒྱས་གླིང་བཏབ། མཆོད་རྟེན་ཐང་དུ་དགུ་རོང་སྣ་ཚོགས་རང་གྲོལ་མཆོག་གིས་རྨ་བྱ་ཕྱིར་འཁོར་གྱི་སྒྲོ་སྐོར་ལྟ་བུའི་དཀྱིལ་དུ་ཇོ་མོ་དགོན་བསམ་གཏན་འཕེལ་རྒྱས་གླིང་ཕྱག་བཏབ་པ་སོགས་གྲུབ་མཐའ་མི་འདྲ་བ་དུ་མ་སྐར་ཚོགས་བཞིན་བཀྲམས་ཡོད།
ལྔ། སྲིན་པོ་རི།
ཡིག་ཆ་ལས།“ལོ་བདུན་ཅུ་རྩ་གཅྀག་སྟེ།ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ།ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས་།མདངས་མ་གྱུར་པར་དུས་ལས་འདས་སོ།དེའི་ནུབ་མོ་ནམ་གྀ་གུང་ལ་།དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རི་རྒྱུད་ནས།སྲྀན་པོ་རྀའི་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་ཆགས་སུ་བྱུང་བས་ཡུལ་ཕྱོགས་༄།།གསལ་བར་གྱུར་ཏེ།ནུབ་ཕོགས་སུ་འདས་པར་གྱུར”[19]ཅེས་མཁན་པོ་ནམ་མཁའི་སྙིང་པོ་སྐུ་གཤེགས་པའི་ནམ་གྱི་གུང་ལ་སྲིན་པོ་རིའི་རྩེ་ནས་འོད་ཆེན་པོ་གཉིས་ཀྱིས་ཡུལ་ཕྱོགས་གསལ་བར་བྱས་ཚུལ་དང་། “ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ།དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ།སྲྀན་པོ་རྀ་འི་རྩེར་ཕྱྀན་པ་དང།ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ།ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ”[20]ཞེས་དགེ་སློང་སྤུག་ཡེ་ཤེས་དབྱངས་སྐུ་གཤེགས་རྗེས་སྤུར་དགེ་སློང་འབྲོ་ཤཀྱ་སོགས་ཀྱིས་སྲིན་པོ་རི་བརྒྱུད་དེ་ཨན་ཆུང་གནམ་རྫོང་དུ་སྐྱེལ་ཚུལ་བཀོད་ཡོད་པ་ལས་སྲིན་པོ་རྫ་རི་ནི་དེ་དུས་ནས་གནས་རི་འགངས་ཆེན་ཞིག་ཏུ་བརྩི་བ་དང་།སྲིན་པོ་རི་ནི་ཁྲི་ཀ་གོང་འོག་གཉིས་ཀྱི་ས་མཚམས་ཏེ།ཁྲི་ཀ་རྫོང་རྨ་ཤར་ཞང་གི་ཤར་ཕྱོགས་དང་།གཙན་ཚ་རྫོང་སྐྱ་རྒྱ་ཞང་གི་ནུབ་ཕྱོགས་སུ་ལྷོ་གཅན་ཚའི་ཐང་ནས་བྱང་གི་སུམ་པའི་འགག་བར་དུ་བརྐྱངས་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ་30ལྷག་དང་།རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨིད་4614ཡོད།ཤར་གྱི་གཞུང་ཐིག101.47དང་།བྱང་གི་འཕྲེད་ཐིག36.02སྟེང་ན་ཡོད།དེ་ནི་སྲིན་པོའི་དབུ་རྩེ།གོ་དོར་ལ།བྲ་མ་རི་རྒན།བྲ་མ་ལ་སོགས་རི་རྒྱུད་ཀྱིས་གྲུབ་ཅིང་།རྫ་རྒྱུད་ཀྱི་མདུན་རྒྱབ་ཏུ་ཨན་ཆུང་གནམ་རྫོང་དང་།ལོ་རྡོ་རྗེ་བྲགསྣང་རའི་གསེར་ཁང་།ལྷ་རི་བསམ་གཏན་གླིང་།ལ་མོ་བདེ་ཆེན་ཆོས་འཁོར་གླིང་དང་།མཆོད་རྟེན་དྲིལ་གསིལ་མ།གོང་བ་གྲྭ་ཚང་།ཇོ་ཇོའི་ལྷ་ཁང་།མི་ཉག་མཆོད་རྟེན།ལྷ་དཀར་པོ་བྱམས་པ་རང་སྐྱེས།ཀུན་བཟང་མེ་ལོང་བྲག་དཀར་མཁའ་སྤྱོད་དཔལ་གྱི་གུང་ཁང་སོགས་བཤད་དང་སྒྲུབ་པའི་གནས་མཆོག་དུ་མ་སྐར་ཚོགས་བཞིན་བཀྲམ་ཡོད་པས།སྲིན་པོ་རི་ནི་དུས་ཡུན་རིང་མོ་ཞིག་ནས་མི་རིགས་མང་པོ་དང་།གྲུབ་མཐའ་མང་པོའི་རིག་གནས་དང་བསམ་བློ་བརྗེ་རེས་བྱེད་པའི་རིག་གནས་ཀྱི་ཁྱིམ་རྭ་གལ་ཆེན་ཞིག་ཏུ་གྱུར་ཡོད།
དྲུག ཤིང་ཡོང་།
ཡིག་ཆ་ལས་ཁྲི་གའི་ཤིང་ཡོང་ཞེས་ཤིང་ཡོང་ནི་ཁྲི་ཀའི་མངའ་ཁོངས་སུ་ཡོད་པ་ཙམ་ལས་བྱེ་བྲག་གི་ས་གནས་གང་ཡིན་བརྗོད་དཀའ་བས།འདིར་ཡིག་ཆ་ལས་བྱུང་བའི“ཤིང་ཡོང་གི་སྤྲུལ་བ” [21]ཞེས་པ་ལས་འཕྲོས་ཏེ་ཅུང་ཟད་བཤད་ན།སྤྲུལ་བ་ཞེས་པ་དོན་གྱིས་དབེན་ས་དང་དགོན་ས་གང་ཡང་མ་ཡིན་པའི་མཆོད་པའི་གནས་སམ་རྟེན་གང་རུང་ཞིག་ལ་ངོས་འཛིན་པ་ཡིན་ཏེ། “ཤིང་ཡོང་གི་སྤྲུལ་བར་བསོད་ནམས་བགྱིས” [22]ཞེས་རྟེན་དེ་ལ་མཆོད་པ་བྱས་ནས་བསོད་ནམས་ཀྱི་ཚོགས་བསགས་ཚུལ་བརྗོད་པ་ལས་ཀྱང་ཤིང་ཡོང་ཞེས་པ་དེང་གི་ཁྲི་ཀའི་རྟེན་བཞིའི་ཡ་གྱལ་ལྷ་དཀར་བོ་ཡིན་པར་དོགས་པ་ཤིན་ཏུ་ཆེ་སྟེ།ཁྲི་ཀའི་སྟོང་ཆེ་ནས་འཁྲུངས་པའི་བོན་གྱི་མཁས་ཆེན《སྦྲ་སར་པཎྜི་ཏ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》ལས། “ཕ་བོང་དཀར་པོ་ཐོག་ཚད་གསུམ་ཙམ་ངོས།།ས་ལེ་འོད་དང་ཨོཾ་ཨཱཾ་ཧུྃ་རཾ་ཛཿ།།རང་བྱོན་ཡོད་པའི་རྡོ་རིང་དེ་ཡིན་ཞིང་།།དེང་སང་དེ་སྟེང་བནྟེ་བྱམས་ཁང་བཞེངས།།ལྷ་ནི་དཀར་བོ་ཞེས་སུ་གྲགས་པ་ཡིན།།” [23]ཞེས་གསུངས་པ་ལས་ཀྱང་ཤར་སྐལ་ལྡན་རྒྱ་མཚོས་ལྷ་ཁང་མ་བཞེངས་པའི་ཡར་སྔོན་དུ་རྟེན་ཙམ་ལས་ལྷ་ཁང་གི་རྣམ་པ་མེད་པར་བསྟན་ལ།ལྷ་དཀར་པོ་ཐོག་མར་ལྷ་ཁང་གི་རྣམ་པར་གྱུར་བའི་དུས་ནི་ཤར་སྐལ་ལྡན་རྒྱ་མཚོའི་དུས་ཡིན་པར《མདོ་སྨད་ཆོས་འབྱུང》ལས། “རྨ་ཆུ་བརྒྱུད་ནས་རེ་ཞིག་ན་ལྷ་དཀར་པོ་བྱ་བ་ཡོད་ལ།འདིར་ཕ་བོང་དཀར་པོ་ཞིག་ཡོད་པར་དགེ་སློང་ཆོས་གོས་རྣམ་གསུམ་གྱོན་པ་ཞིག་ཐིམ་པ་ཕྱུགས་རྫི་འགས་མཐོང་ཟེར་བ་དང་།རྗེ་སྐལ་ལྡན་གྱིས་ཕ་བོང་ལ་བྱམས་སྐུ་རང་བྱོན་ཡོད་པར་གསུངས།དེ་ནང་བཞུགས་ཀྱི་བྱམས་སྐུ་ལྷ་ཁང་བཅས་བཞེངས” [24]ཞེས་བྱམས་སྐུ་ལྷ་ཁང་བཞེངས་མཁན་ཤར་སྐལ་ལྡན་རྒྱ་མཚོ་ཡིན་པར་གསུངས་པ་དང་།ཁོང་གི་སློབ་མར་གྱུར་བའི་བྲག་དཀར་སྔགས་རམས་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་བྲག་དཀར་མེ་ལོང་གི་གནས་གཞི་འཛིན་དུས་གནས་འདིར་ཕེབས་མྱོང་བའི་ལོ་རྒྱུས་ངག་རྒྱུན་དང་བཅས་པ་མ་ཉམས་པར་ཡོད་པས།དེ་ནི་བཙན་པོའི་དུས་ནས་བཟུང་རྒྱ་བོད་ཀྱི་བསམ་གཏན་པའི་མཆོད་གནས་སུ་བཀུར་ཞིང་།ཕྱིས་སུ་བན་བོན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླངས་མྱོང་བའི་ལོ་རྒྱུས་མང་ལ།ཁྱད་པར་དུ་ཤར་སྐལ་ལྡན་རྒྱ་མཚོས་ལྷ་ཁང་བཞེངས་པ་ནས་རི་བོ་དགེ་ལུགས་པའི་ཁ་འཛིན་མཛད་པ་སྟེ།ཕྱིས་སུ་མེ་སྐྱོན་བྱུང་བ་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོས་དང་།ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད།བྱམས་ཁང་གཉིས་ཡོད་པའི་གོང་མ་རྙིང་སྐྱོན་ཆེ་བས་དཔོན་སློབ་གསེར་ཁང་བས་རྟེན་བརྟེན་པ་གསར་དུ་བསྐྲུན་ཏེ་རྙེ་ཞལ་སྔ་ནས་རབ་གནས་གནང་དུ་བཅུག་པས།ད་ལྟའི་བར་སྐྱེ་དགུའི་བསོད་ནམས་བསགས་པའི་ཞིང་ས་དམ་པར་མ་ཉམས་པར་གནས་པ་འདིའོ།།
བདུན། ཡམ་ཡོག
ཡམ་ཡོག་ཅེས་པ་ནི་ད་ལྟ་ཡིག་ཆP.T0996མ་ཡིན་པའི་ཏུན་ཧོང་ཡིག་ཆ་གཞན་དང་།བོད་ཀྱི་ཆོས་འབྱུང་ལོ་རྒྱུས།ས་གནས་ལོ་རྒྱུས་གང་ན་ཡང་མཐོང་རྒྱུ་མེད་པའི་མིང་དུ་ཆགས་ཡོད་ཁར།ཁྲི་ཀའི་མངའ་ཁོངས་སུ་ཡོད་པ་ཙམ་ལས་བྱེ་བྲག་གནས་ཡུལ་གང་ལ་ངོས་འཛིན་པའི་ཐད་ནས་དཀའ་བའི་ཡུལ་དུ་གྱུར་ཡོད་ནའང་།སྐབས་འདིའི་གླེང་གཞིར་གྱུར་བའི་ཡིག་ཆP.T996པ་ལས་ངོས་ཟིན་གསལ་བོ་ཞིག་ཐོབ་པ་ནི།གོང་ནས“ཡམ་ཡོག་གི་དབེན་ས” [25]ཞེས་ཡམ་ཡོག་ནི་དབེན་ས་ཞིག་ཡིན་པ་གསལ་བོར་བསྟན་ཅིང་།དེར་མཐུད་ནས་ཞོང་པོང་དགོན་གླེང་དུས“དབེན་སའི་ལྟ་འོག་གི་ཞོང་པོང་དགོན” [26]ཞེས་གསུངས་ཡོད་པ་ལས།ཞོང་པོང་དགོན་ནི་ཡམ་ཡོག་གི་དབེན་སའི་འོག་གམ་ཞོལ་དུ་ཡོད་པ་དོན་གྱིས་བསྟན་ལ།དེས་ན་ད་ལྟའི་ཁྲི་ཀའི་སའི་ཆགས་ཡུལ་ལ་བསམ་བློ་བཏང་ན།ཡམ་ཡོག་ནི་དེང་གི་ཇོ་བོ་སྡེ་བ་ཡིན་པར་ཆ་བཞག་ན་ཤིན་ཏུ་འགྲིག་པར་སྣང་སྟེ།རྒྱུ་མཚན་ནི་ཇོ་བོ་སྡེ་བ་ནི་ཞོང་པའི་གོང་ངམ་སྟོད་དུ་ཡོད་པ་དང་གཅིགཇོ་བོ་སྡེ་བར་ཡར་སྔོན་གྱི་ལྷ་ཁང་ཞིག་རོ་ལས་རྫ་གཡམ་དང་སྐུ་བརྙན་ཆག་རོ་མང་དུ་རྙེད་པ་དང་གཉིས།ཇོ་བོ་སྡེ་བར་པ་གོར་རི་ཁྲོད་དང་།པ་གོར་ལབ་ཙེ་ཞེས་པའི་གནའ་མིང་མ་ཉམས་པར་ནར་མར་གནས་པ་དང་གསུམ་བཅས་ཀྱིས་ཡམ་ཡོག་གི་དབེན་ས་ནི་དེང་གི་ཇོ་བོ་སྡེ་བ་ཡིན་པ་ར་འཕྲོད་ཅིང་།ཁྱད་པར་དུ་པ་གོར་ཞེས་པ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་པ་གོར་བེེ་རོ་ཙ་ན་དང་།པ་གོར་ཧེ་འདོད།པ་གོར་ཡེ་ཤེས་དབྱངས་སོགས་པ་གོར་གྱི་རུས་རྒྱུད་ཡིན་པའི་ལོ་རྒྱུས་མི་སྣ་ཅུང་མང་ཞིང་།དེ་ལས་འདིར་འབྱུང་བའི་པ་གོར་ནི་ཡེ་ཤེས་དབྱངས་སམ་པ་གོར་ཡེ་ཤེས་དབྱངས་དང་འབྲེལ་བའི་གནའ་ཤུལ་ལ་ངོས་བཟུང་ན་ཤིན་ཏུ་འོས་པས།ཡམ་ཡོག་ནི་པ་གོར་ཡེ་ཤེས་དབྱངས་ཀྱི་དབེན་སའམ་སྒོམ་སྒྲུབ་ཀྱི་གནས་ཡིན་པའང་ཞར་ལ་ཤེས་ནུས་སོ།།
མདོར་ན། ས་མིང་ནི་མི་རིགས་རིག་གནས་ཀྱི་ཤུལ་གཞག་གལ་ཆེན་ཞིག་ཡིན་ལ།དེ་ལས་མི་རིགས་ཕན་ཚུན་གྱི་རིག་གནས་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་དངོས་དེ་མཐོང་ཐུབ།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ས་མིང་གལ་ཆེན་སྐོར་ཞིག་དུས་ཀྱི་འཕོ་འགྱུར་དང་། ནང་བསྟན་འཕེལ་རིམ་སོགས་ཀྱི་དབང་གིས་འགྱུར་ལྡོག་རབ་དང་རིམ་པར་བྱུང་བས། དེང་གི་ཆར་རྒྱུས་མེད་དུ་སྣང་ཡང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་སྔོན་མའི་ས་མིང་མ་འགྱུར་བར་བཀོད་པ་དག་དང་།ཡུལ་མིའི་ངག་རྒྱུན་རྣམས་ཟུང་དུ་འབྲེལ་ཏེ། མདོ་སྨད་ཁྲི་ཀའི་ཡུལ་གྱི་ས་མིང་འགའི་ཆ་ལ་ཞིབ་དཔྱད་བགྱིས་ཚེ།ཡུལ་འདི་ནི་བོད་བཙན་པོའི་རྒྱལ་རབས་དང་ཐང་གུར་དུས་ནས་བཟུང་མི་རིགས་གཉིས་ཀྱི་བསམ་བློའི་རིག་གནས་བརྗེ་རེས་ཀྱི་ལྟེ་བར་གྱུར་ཡོད་པས།འདིར་ཡང་སྤྲིན་རིམ་གྱི་ཟླ་བ་བཞིན་མག་མོག་ཏུ་གྱུར་བའི་ཁྲི་ཀའི་ས་མིང་སྐོར་ཞིག་གསེད་བགྲོལ་བགྱིས་ཏེ།རིག་གནས་པའི་སྡེ་ལ་སྐྱེས་སུ་ཕུལ་བ་ལགས་སོ།།
ལུང་ཁུངས།
[1]འགོས་ལོ་གཞོན་ནུ་དཔལ།དེབ་ཐེར་སྔོན་པོ།སྟོད་ཆ།[M]ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། 2016ལོ། P.48.
[2]རིན་ཆེན་ནོར་བུ།བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་།[M]པེ་ཅིན།མི་རིགས་དཔེ་སྐྲུན་ཁང་། 2006ལོ། P.18.
[3]དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ། P.28.
[4][5][18][24]བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།མདོ་སྨད་ཆོས་འབྱུང་།[M] ལན་གྲུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1982ལོ། P.295.P.295.P.294.P.298.
[6][9][12][14][15][19][20][21][22][25][26]ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།པོད་བཅུ་པ།[M]ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་།2001ལོ།P.22.P.22.P.21.P.22.P.22.P.22.P.21.P.22.P.22.P.21.P.21.
[7][8] 贵德县地方志编纂委员会《贵德县志》[M]陕西人民出版社1986年,P.507.P.507.
[10] ཁྲི་བསམ་གཏན།སྐད་གཉིས་སྨྲ་བའི་རིན་ཆེན་སྒྲོན་མེ།[M]ལན་གྲུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ།P.497.
[11]དཔའ་བོ་གཙུག་ལག་ཕྲེང་བ།ཆོས་འབྱུང་མཁས་པའི་དགའ་སྟོན།[M] པེ་ཅིན།མི་རིགས་དཔེ་སྐྲུན་ཁང་།2006ལོ།P.101.P.101.
[13]ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ།པོད་དང་པོ།[M] ལན་གྲུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ།P.354.
[16]གུ་རུ་ཨུ་རྒྱན་གླིང་པ།བཀའ་ཐང་སྡེ་ལྔ།[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ།P.34.
[17]ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།ལ་མོ་གསེར་ཁྲི་ཧུ་ཐོག་ཐུའི་སྐུ་ཕྲེང་གི་ལོ་རྒྱུས་དང་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བཅས་བཞུགས།[M]རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔྱད་ཡིག་བདམས་བསྒྲིགས།1990ལོ།P.60.
[23]སྦྲ་སར་པཎྜི་ཏ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།[M]དབུ་མེད་ལག་བྲིས། P.11.

འབྲེལ་ཡོད་འོས་སྦྱོར།