logo

༄༅།།ས་པཎ་ཀུན་དགའ་རྒྱལ་མཚན་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གཉིས་ཀྱི་ང་བརྒྱད་མའི་འབྲེལ་བར་བརྟག་པ།

རྩོམ་པ་པོ།: གླིང་ཚ་སྙིང་རྒྱལ་འབུམ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-13 ཀློག་གྲངས།:
༄༅།།ས་པཎ་ཀུན་དགའ་རྒྱལ་མཚན་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གཉིས་ཀྱི་ང་བརྒྱད་མའི་འབྲེལ་བར་བརྟག་པ།
གླིང་ཚ་སྙིང་རྒྱལ་འབུམ།
ནང་དོན་གནད་བསྡུསརྩོམ་འདིར་དུས་རབས་བཅུ་གསུམ་པའི་ནང་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་ང་བརྒྱད་མ་དང་།དུས་རབས་བཅོ་ལྔ་པར་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་ང་བརྒྱད་མ་གཉིས་སོ་སོར་དུས་ནམ་ཞིག་ལ་ཇི་ལྟར་མཛད་པའི་ཚུལ་དང་།དེ་གཉིས་ཀྱི་འབྲེལ་བ་བཅས་ཀྱི་ཐད་ནས་དཔྱད་ཞིབ་ཅུང་ཟད་བྱས་ཡོད།
བརྡ་ཆད་གཙོ་བོས་པཎ།གསེར་མདོག་པཎ་ཆེན།ང་བརྒྱད་མ། འབྲེལ་བ།
གཅིག ས་པཎ་གྱི་ང་བརྒྱད་མ་དངང་བརྒྱད་མའི་འགྲེལ་པབཤད་པ།
      དུས་རབས་བཅུ་གསུམ་པར་བོད་དུ་རིག་པའི་གནས་བཅུ་ཆ་ཡོངས་ནས་དར་ཞིང་རྒྱས་པ་ལ་སྐུ་དྲིན་ཆེ་བ་ནི་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན(1182-1251)ཡིན་ལ།ཁོང་གིས་འཕགས་བོད་ཀྱི་མཁས་པའི་དབང་པོ་མང་དུ་བསྟེན་ནས་ཤེས་བྱ་མཐའ་དག་ལ་ཆགས་ཐོགས་མི་མངའ་བའི་མཁྱེན་པའི་ཡོན་ཏན་གྱི་རྩལ་རྫོགས་ཏེ།བཅུ་ཕྲག་རིག་གནས་ཀུན་ལ་ཁྱབ་པའི་བསྟན་བཅོས་མང་པོ་བསྒྱུར་བསྒྲིགས་བརྩམས་གསུམ་མཛད་པ་དང་།བོད་དུ་པཎྜི་ཏ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཐོག་མར་བདག་གིར་བཞེས་མཁན་དུ་གྱུར།དེར་བརྟེན།ས་སྐྱ་པཎྜི་ཏའི་མཁས་པའི་བྱ་བ་རྣམ་གསུམ་གྱི་ཆེ་བའི་ཡོན་ཏན་བརྗོད་དགོས་ཚེ་ང་བརྒྱད་མ་ངེས་པར་དུ་གླེང་དགོས་ཤིང་།དེ་ལས་ཁོང་གིས་མཁས་ཚུལ་ཇི་འདྲ་བཞེས་པའི་ཚུལ་རྣམས་འུད་བསྟོད་དང་སྒྲོ་བཏགས་ཀྱིས་མ་བསླད་པར་རང་བཞིན་སྲོང་བོར་བརྗོད་ཡོད།
      ས་པཎ་གྱི《ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་བསྟོད་པ》ཞེས་པའི་གསུང་རྩོམ་གྱི་སྦྱར་བྱང་དུ་“སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད།།སྡེབ་སྦྱོར་ངས་ཤེས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་།།དུས་སྦྱོར་ང་མཁས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་།།དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།།”[①]ཞེས་ བྱུང་ཞིང་།གསུང་རྩོམ་འདི་ཁོང་གི་བུ་སློབ་ཆོས་ཀྱི་དཔལ་གྱིས་བསྐུལ་བའི་ངོར་མཛད་པ་ཞིག་ཡིན་ན་ཡང་དུས་ནམ་མཛད་ཀྱི་ལོ་ཚིགས་གསལ་བོ་མ་བྱུང་།གསུང་རྩོམ་འདི་མཛད་པའི་ཕྱིས་སུ་མཁས་པ་མང་པོས་ས་པཎ་ལ་དྲི་བ་མང་དུ་མཛད་པར་སྣང་ཞིང་།དེ་དག་ལས“འགའ་ཞིག་འདི་སྐད་འདྲི་སྟེ།ས་སྐྱ་པཎྜི་ཏ་ཁྱོད་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཤེས་བྱ་ཕལ་ཆེ་བར་ཤེས་པར་ཁས་འཆེ་བ་ཞིག་འདྲ་ན།མངོན་པའི་ང་རྒྱལ་གྱིས་མི་ཤེས་བཞིན་དུ་ཤེས་སོ་སྙམ་ནས་ཁས་འཆེས་སམ།འོན་ཏེ་ཤེས་པ་དང་མི་ཤེས་པ་གང་གི་ཡང་རྟོག་དཔྱོད་མ་བཏང་བར་བསྙོན་ཚིག་ལྟར་འདོད་རྒྱལ་དུ་ཁས་བླངས་པ་ཞིག་གམ།གལ་ཏེ་ཡ་རབས་ཀྱི་ཚུལ་དུ་ལེགས་པར་ཤེས་པ་ལ་ཤེས་པར་བཟུང་ནས་དྲང་པོའི་རང་བཞིན་ཉིད་སྨྲས་པ་ཡིན་ནམ”[②] སོགས་དྲིས་པ་ལ་དྲི་ལན་གྱི་ཚུལ་དུ《ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་བསྟོད་པ》ལས་སྦྱར་བྱང་ང་བརྒྱད་མ་ཁོལ་དུ་ཕྱུངས་ནས་འགྲེལ་པ་མཛད་པས།《ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་བསྟོད་པ》དང《ང་བརྒྱད་མའི་འགྲེལ་པ》གཉིས་མཛད་པའི་དུས་ལ་སྔ་འཕྱི་ཡོད་པ་ཤིན་ཏུ་གསལ།
      ས་སྐྱ་པཎྜི་ཏའི་བསླབ་པ་དོན་གཉེར་གནང་བའི་བརྒྱུད་རིམ་ལ་བལྟས་ན།ས་པཎ་དགུང་ལོ་ཉེར་གསུམ་བཞེས་པ1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་འཁོར་པཎ་ཆུང་དགུ་དང་བཅས་བོད་དུ་ཕེབས་ཤིང་།1208ལོར་ཁོང་གིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་།པཎ་ཆེན་ཤཱཀྱ་ཤྲི་དང་པཎྜི་ཏ་སུ་ག་ཏ་ཤྲི་སོགས་ས་སྐྱར་གདན་དྲངས་ནས་རིག་གནས་ཀུན་ལ་ཐོས་བསམ་ངོམས་མེད་དུ་གནང་སྟེ།1214ལོར་ཁ་ཆེ་པཎ་ཆེན་སོགས་ཕྱིར་ཁ་ཆེར་ཕེབས་པའི་བར་གྱི་ལོ་ངོ་བཅུའི་རིང་རིག་གནས་ཀུན་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་།དེ་ལས་ཀྱང་དགུང་ལོ་ཆུང་དུས་ནས་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ས་པཎ་དགུང་ལོ་སོ་ལྔའི་སྟེང་ཁུ་བོ་སྐུ་གཤེགས་པའི་བར་དུ་གསུང་གི་བདུད་རྩིས་བསྐྱངས་ཏེ།ཟབ་ཆོས་མང་དུ་ཐུགས་གཉེར་གནང་བས།དུས་སྐབས་དེ་ནི་ཁོང་གི་སློབ་གཉེར་གྱི་དུས་རིམ་གཙོ་བོ་ཞིག་ཡིན་པས།དེ་ལྟ་བུའི་མཁས་པའི་དོན་གྱི་ང་རྒྱལ་མཚོན་པའི་རྣམ་ཐར་ཞིག་རྩོམ་མི་སྲིད།
      《ང་བརྒྱད་མའི་འགྲེལ་པ》ལས།ས་པཎ་ཁོང་གིས་རིག་གནས་ཀུན་ལ་སྦྱངས་ཤིང་མཁས་པར་གྱུར་ཏེ།དེ་དག་གི་ཚུལ་སྟོན་པའི་བསྟན་བཅོས་བགྲང་དུས།སྐར་རྩིས་དང་ནང་རིག་པ་མ་གཏོགས་པའི་རིག་གནས་གཞན་དག་ལ་ཚབ་མཚོན་གྱི་བསྟན་བཅོས་བགྲང་ཡོད།ནང་རིག་པར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་མ་ལུས་པ་གསལ་བར་སྟོན་པ《ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས》དང་།ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལ་མདོ་རྒྱུད་ཀུན་གྱི་གླེགས་བམ་གཅིག་ཏུ་གྱུར་པ《སྡོམ་གསུམ་རབ་དབྱེ》དབུ་མའི་ལུགས་ཀྱི《སེམས་བསྐྱེད་ཆེན་མོ》རྡོ་རྗེ་ཐེག་པའི་ཟབ་གནད་མ་ལུས་པ་གསལ་བར་སྟོན་པ《བདག་མེད་བསྟོད་འགྲེལ》བཅས་ཚབ་མཚོན་གྱི་བསྟན་བཅོས་ཡོད་བཞིན་དུ་མ་བགྲང་བ་ནི་རྒྱུ་མཚན་གལ་ཆེན་ཞིག་ཏུ་མཐོང་སྟེ།དེ་ཉིད་ལས“ནང་རིག་པར་འདུལ་བ་དང་།མངོན་པ་དང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཁོ་བོས་བྱས་པའི་བསྟན་བཅོས་ཅི་རིགས་པ་ཡང་ཡོད་ལ།རྡོ་རྗེ་ཐེག་པ་ལའང་སྤྱི་དང་བྱེ་བྲག་གི་བསྟན་བཅོས་ཅི་རིགས་པ་བྱེད་འདོད་པ་ཡོད་མོད་ཀྱི།འོན་ཀྱང་བླ་མ་གོང་མ་དེ་དག་གི་གསུང་རབ་ལ་བོགས་དབྱུང་རྒྱུ་མ་མཐོང་བས་བསྟན་བཅོས་ཕྲ་མོ་ཙམ་མ་གཏོགས་པ་ལུས་ཡོངས་སུ་རྫོགས་པའི་བསྟན་བཅོས་སྔོན་ཆད་ཁོ་བོས་མ་བསྡེབས་སོ”[③]ཞེས་གསུངས་པ་དང་།《ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས》ནི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ལས།“བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་དང་འབུལ་བ་མང་པོ་བསྐུར།ཆོས་ཀྱི་སྐྱེས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་བསྐུར་ནས་ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་བཤད་པ་ཡིན་པས།ངའི་སློབ་མ་ཐམས་ཅད་ཀྱིས་ལུང་ཐོབ་པ་ཡིན་པས་ཡི་གེ་འདི་ལ་ལྟོས་ལ་ཤོད”[④]ཅེས་བྱུང་ལ་བལྟས་ན་ཧོར་ཡུལ་དུ་མཛད་རྗེས་སྤྲིངས་ཡིག་གྲགས་ཅན《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》ཞེས་པ་དང་ལྷན་དུ་བོད་དུ་བསྐུར་བ་ཤེས་ཐུབ་པ་དང་། 《སྡོམ་གསུམ་རབ་དབྱེ》ནི《བསྟན་རྩིས་གསལ་བའི་ཉིན་བྱེད》ལས་དགུང་ལོ“ང་བཅུ་གཅིག་ཙམ་གྱི་ཚེ་ལེགས་བཤད་ཀྱི་སྦྲང་རྩི་སྤེལ་བའི་དགའ་སྟོན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་སྡོམ་གསུམ་རབ་དབྱེའི་ཉིན་བྱེད་ཀྱང་ཤར”[⑤]ཞེས་དགུང་ལོ་ང་གཅིག་པར་མཛད་པར་གསུངས་པས་ན།《ང་བརྒྱད་མའི་འགྲེལ་པ》ནི《ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས》དང་།《སྡོམ་གསུམ་རབ་དབྱེ》གཉིས་མ་མཛད་པ་སྟེ།དགུང་ལོ་ང་གཅིག་གི་སྔོན་དུ་མཛད་ཚར་བ་ཤུགས་ལས་རྟོགས་ནུས་པས།《ང་བརྒྱད་མའི་འགྲེལ་པ》ནི་དགུང་ལོ་སོ་བརྒྱད་པར《ཚད་མ་རིགས་གཏེར》མཛད་པ་དང་།དགུང་ལོ་ང་གཅིག་པར《སྡོམ་གསུམ་རབ་དབྱེ》མཛད་པའི་བར་ལ་མཛད་པ་ཡིན་ནམ་སྙམ།
      ས་སྐྱ་པཎྜི་ཏས་མཁས་ཚུལ་ཇི་ལྟར་བཞེས་པའི་ཚུལ་ལ།《ང་བརྒྱད་མའི་འགྲེལ་པ》ལས་གཞན《ཆག་ལོའི་ཞུས་ལན》ལས་ཀྱང་གསལ་བོར་ཤེས་ནུས།《ཆག་ལོའི་ཞུས་ལན》ནི《སྡོམ་གསུམ་རབ་དབྱེའི》རྗེས་སུ་མཛད་པ་ཡིན་ཞིང་།དེ་ཉིད་ལས།“སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་།།དམར་སེར་དང་ནི་རྒྱལ་བ་ལྷ།།བདེ་བར་གཤེགས་པའི་དཔལ་ལས་ཐོས།།རྒྱན་གྱི་བསྟན་བཅོས་དཎྜི་དང་།།དབྱངས་ཅན་མགུལ་རྒྱན་གང་དགོངས་པ།།དགེ་འདུན་དཔལ་ལས་ལེགས་པར་བསླབ།།མངོན་བརྗོད་བསྟན་བཅོས་འཆི་མེད་མཛོད།།དེ་ཡི་རྒྱ་ཆེར་འགྲེལ་བཅསཔ།།མཁས་པ་གསུམ་ལ་ལེགས་པར་གཏུགས།།ནག་མོའི་ཁོལ་གྱི་སྙན་ངག་གསུམ།།བདེ་བར་གཤེགས་པའི་དཔལ་གྱི་བཤད།།བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས།།བདག་ཉིད་ཆེན་པོ་གཉིས་ལས་ཐོས།།དེ་ཉིད་ཀྱི་ནི་རྒྱུད་འགྲེལ་གསུམ།།གཤིན་རྗེ་གཤེས་ཀྱི་རྒྱུད་རྒྱལ་གསུམ།།བདེ་མཆོག་ཉུང་ངུ་བཤད་པའི་རྒྱུད།།མཁའ་འགྲོ་རྒྱ་མཚོ་ལ་སོགས་བདུན།།ཀྱེ་ཡི་རྡོ་རྗེའི་རྒྱུད་གསུམ་དང་།།དེ་ཡི་རྗེས་འབྲང་ཐིག་ལེའི་སྐོར།།རྙོག་མེད་ཨ་རལླི་སོགས་གསུམ།།མགོན་པོ་མངོན་པར་འབྱུང་བའི་རྒྱུད།།དེ་ཉིད་བསྡུས་པ་འགྲེལ་བཅས་པ།།རྡོ་རྗེ་རྩེ་མོ་དཔལ་མཆོག་དང་།།མཁའ་མཉམ་ཐམས་ཅད་གསང་བ་དང་།།དེ་དག་གཉིས་ཀའི་འགྲེལ་པ་དང་།།ངན་སོང་སྦྱོང་བ་ཡན་ལག་བཅས།།ཁྲོ་བོའི་རྒྱལ་པོའི་རྟོག་པ་ཆེ།།དེ་བཞིན་གསང་བ་ཆེན་པོ་སོགས།།དཔུང་བ་བཟང་པོ་ལེགས་གྲུབ་དང་།།གསང་བ་སྤྱི་རྒྱུད་ལ་སོགས་པ།།མཚན་བརྗོད་བཤད་པ་ལུགས་བཞི་དང་།།བརྟག་གཉིས་འགྲེལ་པ་ཀུ་མུ་ཏི།།མུ་ཏིག་འཕྲེང་བ་པདྨ་ཅན།།རིན་ཆེན་ཕྲེང་བའི་བཤད་པ་རྣམས།།ས་སྐྱའི་འཇམ་མགོན་ཉིད་ལས་ཐོས།།དུས་ཀྱི་འཁོར་ལོ་ཡན་ལག་བཅས།།བརྟག་གཉིས་བདེ་མཆོག་ཉུང་ངུ་ཡི།།འཕགས་པ་གཉིས་ཀྱི་བསྟོད་འགྲེལ་བཅས།།རྣམ་སྣང་མངོན་པར་བྱང་ཆུབ་པ།།མཚན་བརྗོད་བཤད་ལུགས་རྣམ་པ་གཉིས།།དེ་ལ་སོགས་པ་མང་པོ་ཞིག།མཁན་པོ་ཆོས་ཀྱི་རྗེ་ལས་ཐོས།།འཇམ་དཔལ་དཔའ་བོ་གྲུབ་པ་དང་།།དོན་ཞགས་གཙུག་ཏོར་རྣམ་རྒྱལ་དང་།།རྡོ་རྗེ་རྣམ་པར་འཇོམས་ལ་སོགས།།སྒྲུབ་ཐབས་བསྡུས་པ་དེ་བཞིན་གཞན།།ཕྲ་རགས་ཤིན་ཏུ་མང་པོ་ཞིག།བདག་ཉིད་ཆེན་པོ་གཉིས་ཀ་ལས།།ཡང་དང་ཡང་དུ་ལན་མང་ཐོས།།གསང་བ་ནོར་བུའི་ཐིག་ལེ་དང་།།རྡོ་རྗེ་ས་འོག་གསང་བ་རྒྱན།།རྡོ་རྗེ་སྙིང་པོ་རྒྱན་ཀྱི་རྒྱུད།།འདི་རྣམས་བོད་དུ་སྔོན་མ་འགྱུར།།བདག་གིས་ས་ག་ཏ་ཤྲཱི་ལས།།ཐོས་ནས་བསྒྱུར་ཞིང་གཏན་ལ་ཕབ།།”[⑥] ཅེས་ས་པཎ་གྱིས་རིག་གནས་མཐའ་དག་གང་ལས་གསན་པའི་ཁུངས་གསལ་བོར་གསུངས་ཡོད་དེ།དེ་ལྟ་བུའི་མཁས་པ་མང་པོ་བསྙེན་ནས་ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱས་ཤིང་།བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད་པ་དང་། ཕྱིས་ནས་འདྲིས་པའི་དོན་ལ་བརྩོན་ཏེ།མཐར་བསྟན་བཅོས་མང་པོ་བསྒྱུར་བསྒྲིགས་བརྩམས་གསུམ་གྱིས་བོད་དུ་རིག་གནས་བཅུའི་སྲོལ་ཕྱེ་བ་ཡིན་ཏེ།“ཐེག་པ་གསུམ་དང་རིག་གནས་ཆ་ཤས་ཙམ་གྱི་འགྱུར་དང་བཤད་པ་མཛད་པ་ནི་སྔོན་དུས་ཀྱང་མང་དུ་བྱུང་མོད།བདག་ཉིད་ཆེན་པོ་ས་པཎ་མ་བྱོན་གོང་དུ་ནི་རིག་གནས་རྣམ་པ་བཅུའི་སྲོལ་ཆེར་མ་དར་ལ།”[⑦]ས་པཎ་གྱིས་རིག་པའི་གནས་རེ་རེ་ལ་དེ་
དག་གི་ཚུལ་སྟོན་པའི་བསྟན་བཅོས་མཛད་པས།“དེ་སླད་འདི་ན་ཐ་སྙད་ཤིང་རྟའི་སྲོལ།།ཐོག་མར་འབྱེད་ལ་སྟོན་པ་གཉིས་པ་ཞེས།།གཅིག་ཏུ་དཀར་བའི་སྙན་གྲགས་ཨཱ་ན་ཀ།ཕྱོགས་ཀྱི་མཛེས་མས་བརྟན་གཡོ་འཇིག་ཀྱང་བརྡུང་།།”[⑧] ཞེས་གསུངས་པ་ཐུགས་ཤིན་ཏུ་མད་པའི་གཏམ་མོ།།
ང་བརྒྱད་མའི་འགྲེལ་པལས་བགྲང་བའི་བསྟན་བཅོས་ཀུན་གསལ་རེའུ་མིག
ང་བརྒྱད་མ། རིག་གནས་བཅུ། བསྟན་བཅོས།
སྒྲ་པ་ང་ཡིན། སྒྲ་རིག་པ། མཁས་པ་རྣམས་འཇུག་པའི་སྒོ།
སྨྲ་བ་ངན་འཇོམས་ང་འདྲ་མེད། ཚད་མ།
﹙གྲུབ་མཐའ﹚
གྲུབ་མཐའ་རྣམ་འབྱེད།[⑨]
སྡེབ་སྦྱོར་ངས་ཤེས། སྡེབ་སྦྱོར། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ།
 
སྙན་ངག་ང་ཉིད།
སྙན་ངག མཁས་པའི་ཁ་རྒྱན།
ཟློས་གར། རོལ་མོའི་བསྟན་བཅོས།
མངོན་བརྗོད་འཆད་ལ་འགྲན་མེད་ང་། མངོན་བརྗོད། མངོན་བརྗོད་ཚིག་གི་གཏེར།
དུས་སྦྱོར་ང་མཁས། སྐར་རྩིས།  
 
ཕྱི་ནང་ཀུན་རིག
བཟོ་རིག་པ། སྐུ་གཟུགས་ཀྱི་བསྟན་བཅོས།
གསོ་བ་རིག་པ། ཡན་ལག་བརྒྱད་པའི་དོན་བསྡུས།
ནང་རིག་པ།  
 
གཉིས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ང་བརྒྱད་མ་བཤད་པ།
      དཔལ་ལྡན་ས་སྐྱ་པཎྜི་ཏ་སྐུ་གཤེགས་པའི་ཕྱིས་སུ་ས་སྐྱ་པའི་གྲུབ་མཐའི་སྲོལ་འཛིན་པ་ལ་འཕན་པོ་ནཱ་ལེནྡྲ་དང་།གསེར་མདོག་ཅན།སྐྱེད་ཚལ།ཐུབ་བསྟན་རྣམ་རྒྱལ།ཐུབ་བསྟན་ཡངས་ཅན།དབུས་རྩེ་ཐང་།བྱང་ངམ་རིང།ངོར་ཨེ་ཝཾ་ཆོས་ལྡན་སོགས་བསྟན་པའི་གནས་གཞི་མང་དུ་འཕེལ་བ་ལས།པཎ་ཆེན་ཤཱཀྱ་མཆོག་ལྡན་ནི(1428-1507)ཟི་ལུང་ངམ་གསེར་མདོག་ཅན་གྱི་གནས་གཞི་འཛིན་མཁན་ཡིན་ཞིང་།སྐྱོར་མོ་ལུང་དང་།འཕན་པོ་ནཱ་ལེནྡྲ།གསང་ཕུ།ས་སྐྱ་སོགས་སུ་མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོ་དང་།རོང་སྟོན་ཤེས་བྱ་ཀུན་གཟིགས།བློ་བརྟན་བཞི་པ།ངོར་ཆེན་ཀུན་དགའ་བཟང་པོ།སྤྱང་ལུང་པ་གཞོན་ནུ་བློ་གྲོས།རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ལས་རིག་གནས་མཐའ་དག་དང་གདམས་ངག་སོགས་མང་དུ་གསན་ཞིང་།བསླབས་པ་དག་ཀྱང་མིང་རྐྱང་ཙམ་མ་ཡིན་པར་སོ་སོའི་གནད་ཇི་ལྟ་བ་བཞིན་དུ་ལེགས་པར་རྟོགས།དགུང་ལོ་ཉེར་གཉིས་པར་ཀམ་དགོན་དུ་ཐེག་ཆེན་ཆོས་རྗེའི་བུ་ཆེན་བློ་གྲོས་ཆོས་སྐྱོང་བའི་སྤྱན་སྔར་འཇིགས་བྱེད་རྭ་ལུགས་སྐོར་གྱི་མན་ངག་དང་།གུར་བརྟག་སཾ་གསུམ་གྱི་བཤད་པ་ཐེག་ཆེན་ཆོས་རྒྱལ་ལས་བརྒྱུད་པ།ལཱུ་ནག་དྲིལ་གསུམ་གྱི་དབང་ཐེག་ཆེན་པ་ལས་བརྒྱུད་པ་སོགས་གསན་སྐབས།“གུར་གར་ལ་སཾ་སྐྲྀ་ཏའི་སྐད་མང་དུ་དགོས་པ་དང་།སྐབས་འགར་དུར་ཁྲོད་ཀྱི་གར་སོགས་ལ་པྲ་ཀྲྀ་ཏའི་སྐད་དགོས་པ་རྣམས་སོ་སོར་ཕྱེ་བས་དགྱེས་ནས་པཎྜི་ཏ་ཞེས་ཡང་ཡང་གསུངས”[⑩]ཞེས་དེ་དུས་ནས་རྒྱ་གར་སཾ་སྐྲྀ་ཏའི་སྐད་ལ་བྱང་བས་ཀམ་དགོན་བློ་གྲོས་ཆོས་སྐྱོང་བས་པཎྜི་ཏ་ཞེས་བསྔགས་པ་ནས་དེ་སྐད་དུ་ཡོངས་ལ་གྲགས་པར་གྱུར།དགུང་ལོ་ཉེར་བརྒྱད་པར(1455ལོ)ངོར་ཆེན་ཀུན་དགའ་བཟང་པོས་ཐུགས་བཞེད་ལྟར།“ས་སྐྱ་རང་དུ་གྲགས་པའི་ཕར་ཚད།འདུལ་མངོན།སྡོམ་རིགས།མངོན་པ་མཛོད།ཚད་མ་མདོ།ཚད་མ་རྣམ་ངེས།རྩ་འཇུག་བཞི་གསུམ།བྱམས་ཆོས་ཕྱི་མ་བཞི།སྤྱོད་འཇུགསོ་སོར་ཐར་པའི་མདོ་རྣམས་ཀྱི་སྟེང་དུ་ཡུམ་རྒྱས་འབྲིང་བསྡུས་གསུམ།ཐེག་བསྡུས།དབྱིག་གཉེན་གྱི་སུམ་ཅུ་པ།ཉི་ཤུ་པ།ཕུང་པོ་ལྔའི་རབ་བྱེད།ས་སྐྱ་པའི་ཐུགས་ཞེན་ལས་ངོར་ནས་ཆེད་ཀྱིས་བཀའ་སྩལ་པའི་ཐུབ་པ་དགོངས་གསལ།མཁས་པ་འཇུག་པའི་སྒོ།སྒྲ་ཉེར་མཁོ་བསྡུས་པ།གསོ་བ་རིག་པའི་བསྟན་བཅོས།སྡེབ་སྦྱོར་མེ་ཏོག་གི་ཆུན་པོ།མངོན་བརྗོད་ཚིག་གཏེར།སྙན་ངག་མཁས་པའི་ཁ་རྒྱན།ཟློས་གར་རབ་དགའི་འཇུག་པ།ལེགས་བཤད་རིན་པོ་ཆེའི་གཏེར་རྣམས་ས་སྐྱ་པཎྜི་ཏས་མཛད་པ་ལ་ཆེད་དུ་བརྗོད་པའི་ཚུལ་དུ་གཞུང་དབུ་ཞབས་ཚང་མ་བཤད་པ་དང་།དེའི་རྒྱབ་འགྲེལ་མཚོན་པར།སྒྲ་མདོ་ཀ་ལཱ་པ།སྙན་ངག་མེ་ལོང་།སྡེབ་སྦྱོར་རིན་ཆེན་འབྱུང་གནས།མངོན་བརྗོད་ཨ་མ་ར་ཀོ་ཥ།ཀླུ་ཀུན་ཏུ་དགའ་བའི་ཟློས་གར།སྨན་དཔྱད་ཡན་ལག་བརྒྱད་པ།ཐོན་མི་སམྦྷོ་ཊའི་སུམ་རྟགས།སྨྲྀ་ཏི་ཛྙཱ་ནའི་སྨྲ་སྒོ།རྗེ་བཙུན་རྩེ་མོའི་བྱིས་འཇུག་རྣམས་དང་།སྐུའི་ཕྱག་ཚང་དུས་འཁོར་དང་སྡོམ་འབྱུང་ནས་བསྟན་ཚུལ།ནང་རིག་གི་མཚོན་བྱེད་རྒྱུད་ལ་འཇུག་པའི་སྒོ་སྟེ།རྒྱུད་སྡེ་སྤྱི་རྣམ་དང་།ཆོས་ལ་འཇུག་པའི་སྒོས་མཐའ་བརྟེན་ནས་ཚོགས་སུ་ཆོས་ཁྲི་ཁར་མཐའ་དཔྱད་རྒྱས་ཤིང་སྨིན་པ་སྤྱི་འགྲོར་སྩལ་ཅིང་།སླར་གཞི་ཐོད་ཉིད་དུ་ས་སྐྱའི་ཆེ་དགུ་འབའ་ཞིག་གི་ནང་ཆེན་གྲལ་དབུས་སུ་ཀྱེ་རྡོར་རྒྱུད་གསུམ།སེམས་འགྲེལ་སྐོར་གསུམ།འཇམ་དཔལ་མཚན་བརྗོད་དང་།འཇམ་དཔལ་ཞལ་ལུང་།སྒྲུབ་ཐབས་མདོ་བྱས།མདོ་སྡེ་རྣམ་གཞག་རིམ་པ།སྤྱོད་བསྡུས་སྒྲོན་མེ་སོགས་ཀྱི་སྔགས་གཞུང་།དེ་དག་གི་བཤད་ཚོམས་དང་།མཐར་རབ་ཏུ་གནས་པའི་རྒྱུད་ཀྱི་བཤད་པ་རྒྱས་པ”[11]སོགས་པོད་གྲངས་ལྔ་བཅུ་ལྷག་གི་གྲྭ་སྐོར་མཛད་ཅིང་།དེར་འདུས་ཀྱི་སྐྱེ་བོ་ཐམས་ཅད་དད་པའི་གནས་སུ་བཀོད།གྲྭ་སྐོར་མཇུག་གྲུབ་པ་དང་དཔལ་ལྡན་ས་སྐྱའི་གནས་དང་།ས་སྐྱ་གོང་མ་རྣམ་ལྔར་མཚན་སྤེལ་བའི་མཆོད་བསྟོད་གནང་ནས་སྒོ་གོང་དུ་སྦྱར་བས།འདི་ལྟ་བུའི་སྙན་ངག་སུ་ཞིག་གིས་བྲིས་ཞེས་གླེང་བ་ན།ཕྱི་ཉིན“དེ་སྐད་སྨྲ་བ་ང་ཡིན་སྡེ་སྣོད་གསུམ་ཤེས་གསང་སྔགས་འཛིན་པ་ང་།།བརྡ་སྤྲོད་བྱེད་གཞུང་ངས་བསླབས་ད་ལྟ་ང་ལས་སྙན་ངག་མཁས་པ་གང་།།རྟོག་གེའི་གཞུང་ལ་སྦྱངས་པ་ང་ཆེ་ཐ་སྙད་ཕལ་ཆེར་ང་ལ་དྲིས།།དེང་སང་འདི་ན་ང་བརྒྱད་སྨྲ་བར་རིགས་པ་ང་ལས་གཞན་ཡོད་མིན།།”[12]ཞེས་ང་བརྒྱད་མ་སྦྱར་བྱང་དུ་བཀོད།དགུང་ལོ་ཞེ་གཉིས་པ་ས་མོ་གླང་གི(1469ལོ)ལོར་པཎ་ཆེན་དོན་ཡོད་དཔལ་བའི་བཀས་བསྐུལ་ཏེ་གསེར་མདོག་ཅན་དུ་འདུས་ཚོགས་བརྒྱ་ཕྲག་དུ་མར་ཆོས་ཀྱི་བཤད་པ་མང་དུ་མཛད་པ་ནས་གསེར་མདོག་པཎ་ཆེན་ཞེས་ཡོངས་སུ་གྲགས་ཏེ།སྤྱིར་རིག་གནས་ལྔ་དང་།ཁྱད་པར་དུ་སྒྲ་རིག་པ་དང་།ནང་རིག་གི་སྙིང་པོ།བཀའ་བར་མཐའ་དང་།ལུགས་གཉིས་ཀྱི་སྲོལ་ལས་བྱུང་བའི་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ཟབ་མོ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ།།
གསུམ། ང་བརྒྱད་མ་སྔ་ཕྱི་གཉིས་ཀྱི་འབྲེལ་བ།
      སྤྱིར་འཕགས་བོད་མཁས་གྲུབ་ཡོངས་ལ་དོན་གྱི་ང་རྒྱལ་བརྗོད་པའི་སྲོལ་སྔ་མོ་ནས་དར་ཡོད་ཅིང་། རང་རེའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་རྒྱ་གར་གྱི་སློབ་དཔོན་དཔལ་ལྡན་ཆོས་ཀྱི་གྲགས་པས་སྐུ་ཚེ་སྟོད་ལ་མུ་སྟེགས་ཀྱི་གྲུབ་མཐའ་སྦྱངས་ཤིང་།ཕྱིས་ནང་བའི་གཞུང་ལ་གཟིགས་པས་མུ་སྟེགས་ཀྱི་གྲུབ་མཐའ་ལས་ལོག་སྟེ་སློབ་དཔོན་ཆོས་སྐྱོང་དང་དབང་ཕྱུག་སྡེ་ལས་རབ་ཏུ་བྱུང་ཞིང་ཚད་མ་ཀུན་བཏུས་ཚར་གསུམ་གསན།དཔལ་ན་ལེནྡྲར་མུ་སྟེགས་པ་དང་རྩོད་གླེང་གིས་གཞན་སྡེ་ཆོས་ཀྱིས་ཚར་བཅད་རྗེས།“གལ་ཏེ་ཆོས་ཀྱི་གྲགས་པ་ཡི།།སྨྲ་བའི་ཉི་མ་ནུབ་པ་ན།།ཆོས་ནི་གཉིད་ལོག་ཡང་ན་ཤི།ཆོས་མ་ཡིན་པ་ད་གཟོད་ལངས།།”[13] ཞེས་གསུངས་པ་དང་།ཡང་གྲོང་ཁྱེར་དང་ལྗོངས་རྣམས་སུ་རྒྱུ་ཞིང་།རྒྱལ་པོ་མེ་ཏོག་རྒྱས་པའི་སྒོ་དྲུང་དུ་སླེབས་པ་ན།རྒྱལ་པོས་ད་ལྟར་སུ་མཁས་ཞེས་དྲིས་པར།“ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ།།སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས།།ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག།མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན།།ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ།།”[14]ཞེས་གསུངས་པ་ལྟ་བུ་དང་།སློབ་དཔོན་དབྱིག་གཉེན་གྱི་མངོན་པ་རང་ལས་མཁས་པའི་སློབ་མ་ཁ་ཆེ་བློ་གྲོས་བརྟན་པས།“བདག་བློ་ཕྱོགས་གཅིག་བཞག་པ་དང་།།གཞན་བློ་ཕྱོགས་གཅིག་བཞག་པ་གཉིས།།གལ་ཏེ་ཚད་ལ་གཞལ་རུང་ན།།སྲང་ལ་བཅལ་ན་བདག་བློ་ལྕི།།”[15]ཞེས་གསུངས་པ་ལྟ་བུས་མཚོན། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་དང་།བྲམ་ཟེ་ཤངྐ་ནནྡ།སློབ་དཔོན་སྨྲ་བའི་སེང་གེ པཎྜི་ཏ་ཤྲཱི་གྷ་ན་ཤྲཱི་སོགས་རྒྱ་གར་གྱི་ནང་བའི་སློབ་དཔོན་མང་པོས་དོན་གྱི་ང་རྒྱལ་མཚོན་པའི་ཚིགས་བཅད་མང་དུ་མཛད་ཡོད།
      དེ་ལྟར་བོད་གངས་ཅན་གྱི་ཡུལ་འདིར་ཡང་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མིས་རྒྱ་གར་དུ་རིག་གནས་ཀུན་ལ་སྦྱངས།ཕྱིར་བོད་དུ་ཕེབས་ནས་བོད་སྤྱིའི་སྐད་བརྡ་དང་མཐུན་པའི་ཡི་གེ་བཟོས་ཤིང་།རྒྱལ་པོ་སྲོང་བཙན་ལ་ཡི་གེའི་ཕུད་ཕུལ་བར།རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སློབ་དཔོན་ཐོན་མིར་བཀུར་སྟི་དང་ཕུ་དུད་དུ་མཛད་པ་དེར་བློན་པོ་གཞན་རྣམས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ།རྗེ་ཡིས་འབངས་ལ་འདི་ལྟ་བུའི་བཀུར་སྟི་བྱེད་པ་མི་འོས་སོ་ཞེས་སྨྲས་པས་བློན་པོ་ཐོན་མིས་དེ་དག་གི་འགྲན་སེམས་གཅོག་པའི་སླད་དུ“ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།།ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།ཁོང་མཁས་པ་བྲམ་ཟེ་ལོ་བྱིན་ལ།།ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།།ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན།།བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།ཚིག་དབྱངས་ཡིག་རྣམས་ལ་མཁས་པར་བསླབས།།རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།རང་མཁས་པའི་ངེས་ཤེས་བློ་ལ་ཤར།།འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།།དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།།ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།།མི་མཁས་པ་སླེབས་པའི་སྔ་མ་ཡིན།།ང་མུན་པ་སེལ་བའི་སྒྲོན་མེ་ཡིན།།རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།།གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།།བོད་ཁ་བ་ཅན་པའི་མི་རྣམས་ལ།།ང་ཐོན་མི་བཀའ་དྲིན་མི་ཆེའམ།།”[16]ཞེས་བླངས་པ་དེར་ཡོངས་གྲགས་ལ་ཐོན་མིའི་ང་རྒྱལ་ཞུ་ཞིང་།དེ་ཐམས་ཅད་རྒྱུའི་ཀུན་སློང་གི་ཆ་ནས་རིགས་མཐོ་བ་དང་།ལོངས་སྤྱོད་མངའ་ཐང་རྒྱས་པ།འཁོར་གཡོག་མང་དུ་འདུས་པ་སོགས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་རྣམས་ཀྱི་སྒོ་ནས་ང་རྒྱལ་སྨྲ་བ་མ་ཡིན་པར།“མ་འོངས་པའི་མཁས་པ་ཆེན་པོ་རྣམས་དང་།སློབ་གྲྭའི་སྐྱེ་བོ་དོན་དུ་གཉེར་བ་རྣམས་ཀྱིས།དེ་དག་གི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་འགྱུར་བ་དང་།བླུན་པོ་ཡོན་ཏན་ཕྱོགས་རེ་ཙམ་གྱིས་ཆོག་པར་འཛིན་པའི་བློ་འདོར་བ་དང་།བློ་གསལ་བའི་གཞོན་ནུ་དག་བདག་ཀྱང་འདི་ལྟ་བུའི་མཁས་པ་ཆེན་པོར་གྱུར་ན་ཅི་མ་རུང་སྙམ་དུ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར”[17]མཛད་པར་གསུངས་པ་ལྟར།ས་པཎ་དང་གསེར་མདོག་པཎ་ཆེན་གཉིས་ཀྱི་ང་བརྒྱད་མ་ཡང་དེ་ལས་མ་འདས་ཤིང་།སོ་སོར《ལྷ་སའི་བདེ་བར་གཤེགས་པ་རྣམས་ལ་བསྟོད་པ》དང་།《དཔལ་ས་སྐྱའི་གནས་དང་གང་ཟག་ལ་སྒྲ་ལས་དྲངས་པའི་བསྟོད་པ་ངག་གི་དབང་པོའི་དགའ་སྟོན》ཞེས་པའི་གསུང་རྩོམ་གཉིས་ཀྱི་སྦྱར་བྱང་དུ་མཛད་པ་དང་།མཁས་པའི་མཆོག་ཏུ་གྱུར་བ་འདི་གཉིས་ཀས་འཕགས་བོད་ཀྱི་མཁས་པ་དང་པཎྜི་ཏ་མང་དུ་བསྟེན་ཏེ།ཕྱི་ནང་གི་རིག་གནས་ཀུན་ལ་མཁྱེན་དཔྱོད་ཀྱི་བློའི་སྣང་བ་ཐོབ་པའི་རྒྱུ་ལ་བརྟེན་ནས་ང་བརྒྱད་མའི་གསུང་རྩོམ་གཉིས་ནི་འཆད་རྩོད་རྩོམ་གསུམ་གྱི་མཁས་ཚུལ་བཞེས་པའི་དོན་གྱི་ང་རྒྱལ་སྲོང་བོར་བརྗོད་པ་ཞིག་ཡིན།
      ༡ བརྗོད་བྱ་དོན་གྱི་རིམ་པ།
      ས་པཎ་ཀུན་དགའ་རྒྱལ་མཚན་གྱི《ང་བརྒྱད་མའི་འགྲེལ་པ》ལས“དེ་ལྟར་རང་གི་རྣམ་པར་ཐར་པ་ཅུང་ཟད་བཤད་པ་འདི་དག་ཀྱང”[18] ཞེས་ང་བརྒྱད་མ་ནི་རང་ཉིད་ཀྱི་རྣམ་ཐར་རམ་རྟོགས་བརྗོད་ཡིན་པར་ཞལ་གྱིས་བཞེས་ཡོད།དངོས་དང་བརྒྱུད་པའི་བུ་སློབ་རྣམས་གཙོས་ཕྱི་རབས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་ཁོང་གི་རྣམ་ཐར་དང་མཛད་པ་འཕྲིན་ལས་ལ་བསྟོད་པ་རྒྱས་བསྡུས་ཅི་རིགས་མཛད་པ་ལས། ཕྱིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པས་མཛད་པའི་ས་པཎ་རྣམ་ཐར་ཁག་གི་ས་བོན་ནི་ཁོང་གི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་ལས་བྱུང་བ་ཡིན་ཞིང་།དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་གྱི་ཁུངས་ནི་རང་རྣམ་དུ་གྲགས་པ་ང་བརྒྱད་མ་དང《ང་བརྒྱད་མའི་འགྲེལ་པ》《ཆག་ལོའི་ཞུས་ལན》བཅས་ཡིན།ཁོང་ལ“རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ།མན་ངག་གི་བརྒྱུད་འཛིན་ལྷོ་དམར་རྣམ་གཉིས།བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ།སྡོམ་ཕྲུག་བགྲེས་པ་དཔལ་བཟང་པོ་བཅུ་གསུམ།གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བདུན།ལོ་ཙཱ་བ་ཆེན་པོ་བཞི།སྦས་པའི་རྣལ་འབྱོར་བ་ཆེན་པོ་བཞི།མཁས་བཙུན་གྱི་ཐུགས་སྲས་བཞི།སྒྲུབ་པའི་བརྒྱུད་འཛིན་རྒྱལ་བ་ཡང་དགོན་པ།སྦས་པའི་གྲུབ་ཆེན་ཟངས་ཚ་བསོད་རྒྱལ”[19] སོགས་སློབ་འབངས་མཐའ་ཡས་པ་ལས་བླ་མའི་རྣམ་ཐར་མཛད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད།ད་ལྟ་དངོས་མཇལ་དུ་ཡོད་པའི་ས་པཎ་གྱི་རྣམ་ཐར་ལ་དམར་སྟོན་ཆོས་ཀྱི་རྒྱལ་པོའི《བླ་མ་དམ་པ་བོད་ཀྱི་ལོ་རྒྱུས་ཞིབ་མོ་རྡོ་རྗེ》དང་།ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱི《ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར》ཞང་རྒྱལ་བ་དཔལ་གྱི《དཔལ་ས་སྐྱ་པཎྜི་ཏའི་རྣམ་པར་ཐར་པ》ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི《དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་པར་ཐར་པ་འབྲིང་པོ》དང་།《ས་པཎ་རྣམ་ཐར་མདོར་བསྡུས་ཡན་ལག་བདུན་ལྡན》འགྲོ་མགོན་འཕགས་པའི《ཆོས་རྗེ་པའི་རྣམ་ཐར་བསྡུས་པ》སོགས་ཡོད་ཅིང་།དེ་དག་ཀྱང་ས་པཎ་གྱིས་བླ་མ་གང་ལས་རིག་གནས་ཀྱི་ཁྲིད་རྒྱུན་གསན་ཅིང་།དེ་ལྟར་ཐོས་པ་དོན་དུ་གཉེར་ནས་བསྟན་བཅོས་གང་ཞིག་མཛད་པ་སོགས་སྤྱིའི་ཆ་ནས་ང་བརྒྱད་མའི་རྩ་འགྲེལ་ལས་འཕྲོས་ཏེ།དེའི་དོན་རྣམས་ཇེ་གསལ་ཏུ་བཏང་བ་དང་རྒྱས་བཤད་ཤ་སྟག་ཏུ་འདུག་པས།ང་བརྒྱད་མ་ནི་ས་པཎ་གྱི་རྣམ་ཐར་ཁག་གི་ཕྱི་མོའམ་སྡོམ་དུ་གྲུབ་ཡོད།
གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ང་བརྒྱད་མ་ཡང་ཁོང་གི་རྣམ་ཐར་ཏུ་ཞལ་གྱིས་བཞེས་མེད་ཀྱང་།ཁོང་ཉིད་རོང་སྟོན་ཤེས་བྱ་ཀུན་གཟིགས་དང་།ངོར་ཆེན་ཀུན་དགའ་བཟང་པོ།བློ་བརྟན་བཞི་པ་སོགས་ཀྱིས་སྤྱན་གྱི་འབྲས་བུ་བཞིན་བསྐྱངས་ཏེ།བསླབ་བྱའི་གནས་ཀུན་ལ་དཔྱིས་ཕྱིན་པར་ཐུགས་སུ་ཆུད།རང་གཞན་གྱི་གྲུབ་པའི་མཐའི་ཕ་རོལ་ཏུ་སོན་པར་གྱུར་ཏེ།དགུང་ལོ་གཞོན་དུས་ནས་པཎ་ཆེན་ཞེས་པའི་མཚན་སྙན་བདག་གིར་བཞེས་ཤིང་།མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་བཤད་དང་།དཀའ་འགྲེལ།དྲི་བ་དྲིས་ལན་སོགས་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསྟན་བཅོས་མང་དུ་མཛད་པ་པོད་ཉེར་བཞིར་བསྡུས་པ་ཡོད་ཅིང་།ཁྱད་པར་དུ་རྭ་སྟོན་ཡོན་ཏན་དཔལ་བཟང་པོས།“ས་པཎ་གསུང་གི་ཉི་མའི་འོད།།མི་ཤེས་སྤྲིན་གྱིས་བསྒྲིབས་པའི་ཆ།།ལེགས་བྱས་དྲི་བའི་རླུང་གཞོན་གྱིས།།བསྟན་བཅོས་འོད་རིས་གསལ་བར་མཛད།།”[20] ཅེས་གསུངས་པ་ལྟར།《སྡོམ་གསུམ་རབ་དབྱེའི་བསྟན་བཅོས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལེགས་བཤད་གསེར་གྱི་ཐུར་མ》དང་།《ཚད་མ་རིགས་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད》《ཚད་མ་རིགས་གཏེར་གྱི་རྣམ་པར་བཤད་པ་སྡེ་བདུན་ངག་གི་རོལ་མཚོ》《མཁས་པ་ལ་འཇུག་པའི་སྒོའི་རྣམ་བཤད་དྲི་ལན་དང་བཅས་པ》སོགས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ས་སྐྱ་པཎྜི་ཏའི་གསུང་རྩོམ་ལ་རྒྱས་འགྲེལ་མང་དུ་གནང་སྟེ།གོ་རམས་པ་བསོད་ནམས་སེང་གེ་དང་།གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན།སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གསུམ་ལ་གོ་ཤཱག་སྟག་གསུམ་ཞེས་ས་སྐྱ་པའི་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་ཡོད་སྟབས།ང་བརྒྱད་མ་ནི་གསེར་མདོག་པཎ་ཆེན་ཁོང་གིས་མཁས་ཚུལ་བཞེས་པའི་རྣམ་ཐར་ཏུ་གྲུབ་ཡོད་པར་སྨྲས་ཀྱང་འགལ་བའི་ཆ་མེད་པར་སྣང་ངོ་།།
      ༢ རྗོད་བྱེད་ཚིག་གི་རིམ་པ།
      ང་བརྒྱད་མ་སྔ་ཕྱི་གཉིས་ཀར་ང་ཡིག་བརྒྱད་ཀྱིས་རང་ཉིད་ཀྱི་མཁས་པའི་ཡོན་ཏན་མཐའ་དག་དེར་འདུས་པར་བྱས་ཡོད་ཀྱང་།ས་པཎ་གྱི་ང་བརྒྱད་མ་ལ་རིག་གནས་བཅུའི་གྲངས་ངེས་ལྟར་མཛད་པ་དང་།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ང་བརྒྱད་མ་ལ་སྡེ་སྣོད་གསུམ་དང་།གསང་སྔགས།བརྡ་སྤྲོད།སྙན་ངགཚད་མ།ཐ་སྙད་རིག་གནས་རྣམས་ལ་མཁས་ཚུལ་བརྗོད་ཡོད་པས།ཚིག་གི་ཆ་ནས་གསེར་མདོག་པཎ་ཆེན་གྱིས་ས་པཎ་གྱི་ང་བརྒྱད་མ་ལྟར་དུ་རིག་གནས་བཅུའི་གྲངས་ངེས་ལྟར་མ་མཛད་ཀྱང་།སྡེ་སྣོད་གསུམ་དང་གསང་སྔགས།བརྡ་སྤྲོད།སྙན་ངགཚད་མ།ཐ་སྙད་རིག་གནས་བཅས་ལ་མ་འདུས་པའི་རིག་པའི་གནས་ཤིག་གཞར་ཡང་ཡོད་མི་སྲིད་ཅིང་།དོན་གྱི་ཆ་ནས་ཀྱང“ང་བརྒྱད་སྨྲས་པ་ཙམ་གྱིས་ས་སྐྱ་པ།།ཀུན་དགའ་རྒྱལ་མཚན་ཉིད་དང་མཚུངས་སོ་ཞེས།།སྣང་ཤས་དབང་གིས་ཆ་མེད་བྱུང་རྒྱལ་དུ།།མངོན་པའི་ང་རྒྱལ་སྒྲོགས་པ་ག་ལ་ཡིན།།”[21]ཞེས་རང་ཉིད་རིག་གནས་མཐའ་དག་ལ་མཁས་ཤིང་མཁས་པའི་ཚད་དེ་ས་པཎ་དང་མཉམ་པར་ཤུགས་ལ་རྟོགས་ནུས་པས།འདིས་ཀྱང་གསེར་མདོག་པཎ་ཆེན་གྱིས་དོན་གྱི་ང་རྒྱལ་གསོང་བོར་བརྗོད་ཡོད་པ་གསལ་བཤད་བྱེད་ཐུབ།ང་བརྒྱད་མ་སྔ་ཕྱི་གཉིས་ཀྱི་འཕྲིན་ལས་རྒྱས་ཚུལ་གྱི་ཆ་ནས་ས་པཎ་གྱི་ང་བརྒྱད་མ་ནི་ཕྱིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་རྣམ་ཐར་མཛད་དུས་རྩ་བའི་སྲོག་ཏུ་བཟུང་ཞིང་།ཕྱིས་འབྱུང་རྣམ་ཐར་ཀུན་གྱི་ཕྱི་མོར་གྱུར་ཡོད་པས་ཤུགས་རྐྱེན་གཏིང་ཟབ་ཅིང་།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ང་བརྒྱད་མ་ལ་གང་ལ་མཁས་པའི་ཚུལ་རྣམས་བསྟན་བཅོས་དང་སྦྲགས་ཏེ་འགྲེལ་པ་མ་མཛད་པ་དང་།ང་བརྒྱད་མ་ཇི་ལྟར་མཛད་པའི་ཚུལ་རྣམས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《རྣམ་ཐར་ཞིབ་མོ་རྣམ་འབྱེད》མ་གཏོགས།ཡོངས་སུ་གྲགས་པའི“《རྣམ་ཐར་རྡོར་རྒྱལ་མ》དང་།《རྣམ་ཐར་རྗེ་དབོན་མ》《རྣམ་ཐར་མ་ཏི་མ》གསུམ་གར་མི་འབྱུང་མོད་ཀྱང་།དེའི་དུས་ཀྱི་གཞུང་ལས་པར་གྱུར་པ་ས་སྐྱ་པ་ལ་ས་ཆེན་ཡོན་ཏན་རྒྱ་མཚོ་བ་དངོས་ལས།གཏིང་སྐྱེས་རབ་འབྱམས་པ་སྡེ་བདུན་དབང་ཕྱུག་རྒྱལ་མཚན་པས་གསན་པའི་ངག་རྒྱུན་འཕེལ་བ”[22]ལས་བཀོད་ཚུལ《རྣམ་ཐར་ཞིབ་མོ་རྣམ་འབྱེད》དུ་གསུངས་ཡོད་པར་བརྟག་ན།གསེར་མདོག་པཎ་ཆེན་གྱི་ང་བརྒྱད་མ་ནི་དེ་ལྟའི་འཕྲིན་ལས་ཤིག་མ་རྒྱས་པར་མངོན་ནོ།།
      དོན་སྡུད་པ།
      མདོར་ན།ས་པཎ་གྱིས་བོད་དུ་རིག་གནས་རྣམ་པ་བཅུའི་སྲོལ་ལེགས་པར་ཕྱེ་ཞིང་།དེ་དག་གི་ཚུལ་སྟོན་པའི་བསྟན་བཅོས་ལ་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པ་དང་།ཚིག་གི་རྒྱན་བཟང་བས་མཁས་པ་རྣམས་ཡིད་འཕྲོག་པར་བྱེད་པ་མང་དུ་མཛད་དེ།མཁས་པའི་གྲགས་པ་འཕགས་བོད་ཀུན་ལ་རླུང་ལྟར་གྲགས་ཤིང་།དེ་ལྟ་བུའི་རྣམ་ཐར་སྟོན་པར་ང་བརྒྱད་མ་དང་།དེ་གསལ་བར་བྱེད་པའི་སླད་དུ་འགྲེལ་པའང་མཛད་པ་ཡིན་ལ།ཕྱིས་འབྱུང་རྣམ་ཐར་ཀུན་གྱི་ཕྱི་མོའམ་སྡོམ་དུ་གྲུབ་པས།ས་པཎ་གྱི་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་ཡོན་ཏན་བརྗོད་ཚེ་མི་གླེང་ཐུ་མེད་ཀྱི་གསུང་རྩོམ་གལ་ཆེན་ཞིག་ཏུ་གྱུར་ཡོད།གསེར་མདོག་པཎ་ཆེན་གྱི་ང་བརྒྱད་མ་ནི་ང་ཡིག་བརྒྱད་ཀྱིས་རང་གི་ཡོན་ཏན་མཐའ་དག་དང་།གང་ལ་མཁས་པའི་རིག་པའི་གནས་དག་ཀྱང་འདུས་པར་བྱས་པ་བཅས་ས་པཎ་གྱི་ང་བརྒྱད་མ་ལ་བརྟེན་ནས་མཛད་པ་ཞིག་ཡིན་ནའང་།ཚིག་ཙམ་གྱིས་ས་པཎ་ལ་ཅོ་འདྲི་བ་མ་ཡིན་པར་དོན་གྱིས་ཀྱང་གསེར་མདོག་པཎ་ཆེན་ཡང་དུས་སྐབས་དེར་འཆད་པ་དང་།རྩོད་པ།རྩོམ་པ་བཅས་མཁས་པའི་བྱ་བ་རྣམ་གསུམ་ལ་ཆགས་ཐོགས་མི་མངའ་བའི་ས་སྐྱ་པའི་མཁས་པ་ཆེན་པོ་ཞིག་ཡིན་པས།འདི་ལྟ་བུའི་རང་གི་ཡོན་ཏན་བསྔགས་པའི་ཚིགས་སུ་བཅད་པ་མཛད་ཀྱང་ཤིན་ཏུ་འོས་པ་ཉིད་དེ།འདི་ནི་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་མང་པོའི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད་ཅིང་།ང་རྒྱལ་གྱིས་གཞན་ལ་ཟུར་ཟ་བྱས་པ་མ་ཡིན་པར་དོན་གྱི་རང་བཞིན་དྲང་པོའི་ངག་གིས་བརྗོད་པའི་རྣམ་ཐར་ཡིན་པས།ཉེ་རབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་ནས།།ཁ་ཚིག་མཐོ་བའི་སྐྱེ་བོ་མང་ན་ཡང་།།ག་ལེར་བསམ་ན་རང་རེའི་ཐ་སྙད་པའི།།ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན།།”[23]ཞེས་གསུངས་པ་ནི་ཤིན་ཏུ་བདེན་པའི་གཏམ་དུ་སྣང་ངོ་།།
[①]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། (པོད་གསུམ་པ)[M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1992:473.
[②]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།(པོད་དང་པོ) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992:683.
[③]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།(པོད་དང་པོ)[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992: 696.
[④]ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས།ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། [M] སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་།2009:108.
[⑤]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་བཟང་པོ།བསྟན་རྩིས་གསལ་བའི་ཉིན་བྱེད་དང་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988:146.
[⑥]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།﹙པོད་གསུམ་པ﹚[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992:554-556.
[⑦]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་བཟང་པོ།བསྟན་རྩིས་གསལ་བའི་ཉིན་བྱེད་དང་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988:294.
[⑧]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་བཟང་པོ།བསྟན་རྩིས་གསལ་བའི་ཉིན་བྱེད་དང་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988: 295.
[⑨]ས་པཎ་གྱི་གསུང་འབུམ་དཔེ་བསྡུར་མར《གཞུང་ལུགས་ལེགས་བཤད་གྲུབ་མཐའ་རྣམ་འབྱེད》ཅེས་བྱུང་ཞིང་། སྦྱར་བྱང་དུ་ལིང་ཅུ་རྩེ་ནས་མཛད་པར་གསུངས་ཡོད་མོད།《ང་བརྒྱད་མའི་རྩ་འགྲེལ》ལས་བྱུང་བའི《གྲུབ་མཐའ་རྣམ་འབྱེད》ནི་ས་པཎ་ཧོར་ཡུལ་དུ་མ་ཕེབས་སྔོན་དུ་མཛད་པར་གསལ་ཏེ།《མཁས་འཇུག》དང《ཚད་མ་རིགས་གཏེར་གྱི་རང་འགྲེལ》དུ《གྲུབ་མཐའ་རྣམ་འབྱེད》ཀྱི་ལུང་དྲངས་པ་དང་།《ཚད་མ་རིགས་གཏེར་གྱི་རང་འགྲེལ》ནི་ས་སྐྱ་ནས་མཛད་པས། དུས་ཚོད་ཀྱི་ཆ་ནས་སྔ་ཕྱི་འགལ་བས་འདི་གཉིས་གསུང་རྩོམ་གཅིག་མིན་པར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ཀྱང་གསུངས་སོ། །
[⑩]པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018:43.
[11]པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018:67.
[12]པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018:68.
[13]སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས།ལེགས་རྩོམ་སྙིང་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1998:263.
[14]སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས།ལེགས་རྩོམ་སྙིང་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1998: 263.
[15]སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས།ལེགས་རྩོམ་སྙིང་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1998:263.
[16]ས་སྐྱ་བསོད་ནམས་རྒྱལ་མཚན།  རྒྱལ་རབས་གསལ་བའི་མེ་ལོང་།[M] མི་རིགས་དཔེ་སྐྲུན་ཁང་།1981:72-73.
[17]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།﹙པོད་དང་པོ﹚[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992: 706.
[18]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།﹙པོད་དང་པོ﹚[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992: 698.
[19]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་འདར་སྟོད་དགྲ་འདུལ་བཟང་པོ།བསྟན་རྩིས་གསལ་བའི་ཉིན་བྱེད་དང་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988: 149.
[20]པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018: 103.
[21]གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ།﹙པོད་བཅུ་བདུན་པ﹚[M]རྫོང་སར་ཁམས་བྱེའི་གློག་ཀླད་པར་མ།2006:45.
[22]པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2018: 69.
[23]སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས།ལེགས་རྩོམ་སྙིང་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1998: 264.
འབྲེལ་ཡོད་འོས་སྦྱོར།