logo

༄༅།།དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་རླབས་ཆེན་བྱུང་བ།

རྩོམ་པ་པོ།:པེ་ཅང་སྤོའོ་དང་ཕུར་བུ་ཚེ་རིང་ག ཡོང་ཁུངས།: བོད་ལྗོངས་ཞིབ་འཇུག དུས་ཚོད།:2021-05-10 ཀློག་གྲངས།:
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱིས་“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡོངས་སུ་རྩ་གཏོར་བཏང་བ་དང་། གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་མེད་པར་བཟོས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་ཐོབ་ཅིང་། དེས་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འཕོ་འགྱུར་ཡོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་དང་གལ་ཆེའི་འགན་སྲུང་ཐུབ་པ་བྱུང་ནས་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་རླབས་ཆེན་བྱུང་བ་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྒེར་ལ་དབང་བའི་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་དེ་ཉིད་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་མི་རིགས་འབྲེལ་བའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་ཡིན་ཚུལ། དེ་ཡང་། བཤུ་གཞོག་དང་འགལ་ཟླར་གནས་པའི་མི་རིགས་ཀྱི་འབྲེལ་བ་དེ་བཞིན་ངལ་རྩོལ་མི་དམངས་དབར་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་ཀྱི་འབྲེལ་བས་མངོན་པར་བྱས་པའི་སྐོར་གླེང་བརྗོད་བགྱིས་ཡོད།
[བརྡ་ཆད་གཙོ་བོ།]དམངས་གཙོའི་བཅོས་བསྒྱུར། བོད་ལྗོངས། མི་རིགས་འབྲེལ་བ། འཕོ་འགྱུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]C795[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)01 -017 -15 
       བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་སྤེལ་བའི་གལ་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་འཕོ་འགྱུར་དེའི་ཁྲོད་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་གནང་བ་ལྟར།  “གནའ་ཉམས་དོད་ཅིང་། ངོ་མཚར་ཆེ་བའི་བོད་ལྗོངས་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་རླབས་ཆེན་གྱི་འགྱུར་ལྡོག་བྱུང་བ་”དང་“སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོངས་མངོན་འགྱུར་བྱུང་བ་སྟེ། མུན་ནག་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡོངས་སུ་རྩ་གཏོར་དུ་སོང་ནས་བོད་རྙིང་པར་མིའི་རྩ་བའི་དབང་ཆའང་མེད་པའི་ཞིང་བྲན་ཁྲི་ཚོ་བརྒྱ་རྣམས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཞིང་།......དམངས་གཙོའི་བཅོས་བསྒྱུར་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།”①དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད་“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡོངས་སུ་རྩ་གཏོར་དུ་སོང་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་བོད་ལྗོངས་གསར་པ་ཞིག་བསུ་བ་བྱ་ཐུབ་པ་བྱུང་བ་དང་སྦྲགས། བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་ཡང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་དེ་ཉིད་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་མི་རིགས་འབྲེལ་བའི་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་། བཤུ་གཞོག་དང་འགལ་ཟླའི་མི་རིགས་འབྲེལ་བ་དེ་ཉིད་འདྲ་མཉམ་དང་མཐུན་སྒྲིལ།  ཕན་ཚུན་རོགས་རམ།  འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་ཀྱི་འབྲེལ་བའི་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད།
དང་པོ། གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་ནི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བའི་འཕོ་འགྱུར་ལ་འགོག་རྐྱེན་བཟོ་བའི་དོན་དངོས་དང་འབྱུང་རྐྱེན་ཡིན་པ།
       གཅིག གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་མེད་པ་བཟོ་རྒྱུ་ནི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འགྱུར་ལྡོག་གཏོང་བའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།
       མར་ཁེ་སེ་དང་ཨེན་ཀེ་སིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཞེས་པའི་ནང་དུ། “མི་ཡིས་མི་ལ་བཤུ་གཞོག་གཏོང་རྒྱུ་རྩ་མེད་དུ་བཏང་ན། མི་རིགས་ཀྱིས་མི་རིགས་ལ་བཤུ་གཞོག་གཏོང་རྒྱུ་དེ་ཡང་རང་བཞིན་ངང་རྩ་མེད་དུ་འགྲོ་བ་ཡིན་ཞིང་། མི་རིགས་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་རྩ་མེད་དུ་བཏང་ན། མི་རིགས་ཁག་དབར་གྱི་དགྲར་འཛིན་འབྲེལ་བ་དེ་ཡང་ཆབས་ཅིག་ཏུ་རྩ་མེད་དུ་འགྲོ་ཐུབ་”②ཅེས་མི་རིགས་ཁག་དབར་གྱི་འབྲེལ་བའི་གནད་དོན་ཡང་དག་པའི་སྒོ་ནས་ཐག་གཙོད་བྱེད་སྐབས་བཤུ་གཞོག་གི་འབྲེལ་བ་དང་འགལ་ཟླའི་(དགྲར་འཛིན་འབྲེལ་བ་)འབྲེལ་བ་གཉིས་པོ་ཐག་གཙོད་ལེགས་པོ་བྱ་དགོས་པར་བསྟན་གནང་ཡོད། དེ་ཡང་བཤུ་གཞོག་གི་འབྲེལ་བ་ཞེས་པ་ནི། མིས་མི་ལ་བཤུ་གཞོག་བཏང་ནས་བཟོས་པའི་མི་རིགས་ཀྱིས་མི་རིགས་ལ་བཤུ་གཞོག་གཏོང་བ་དེར་ཟེར་ཞིང་། འགལ་ཟླའི་འབྲེལ་བ་ཞེས་པ་ནི། མི་རིགས་ནང་ཁུལ་གྱི་གྲལ་རིམ་འགལ་ཟླའི་འབྲེལ་བ་དེ་ཉིད་མི་རིགས་ཁག་དབར་གྱི་དགྲར་འཛིན་འབྲེལ་བར་ཆགས་པ་དེར་ཟེར། འབྲེལ་བ་དེ་གཉིས་པོ་ནི་མི་རིགས་ནང་ཁུལ་དུ་འགལ་ཟླ་འབྱུང་བའི་རྐྱེན་ཡིན་པ་དང་། མི་རིགས་ཁག་དབར་འདྲ་མཉམ་མ་ཡིན་པ་དང་། མཐུན་སྒྲིལ་མེད་པར་བཟོ་བའི་འབྱུང་རྩ་ཞིག་ཡིན། གོང་གསལ་གྱི་མཛུབ་སྟོན་དེས་ང་ཚོར་རྒྱལ་ཁབ་བཙུགས་མ་ཐག་པའི་སྐབས་ཀྱི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་ཐག་གཙོད་བྱ་རྒྱུར་རིག་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བྱས་ཡོད་པ་སྟེ། “གྲལ་རིམ་ཡོད་པའི་སྤྱི་ཚོགས་ནང་གི་མི་རིགས་དབར་གྱི་འབྲེལ་བ་དང་འགལ་ཟླའི་དོན་དངོས། དེ་མིན་དེ་དག་གི་འབྱུང་རྩ་ནི་མི་རིགས་ནང་ཁུལ་གྱི་འགལ་ཟླ་དང་གྲལ་རིམ་བཤུ་གཞོག་གི་ལམ་ལུགས་ལ་ཐུག་ཡོད། མི་རིགས་ཁག་ནང་ཁུལ་གྱི་གྲལ་རིམ་བཤུ་གཞོག་ལམ་ལུགས་དང་གྲལ་རིམ་འགལ་ཟླ་མེད་པར་བཟོས་ན། གཞི་ནས་མི་རིགས་ཁག་དབར་གྱི་བཤུ་གཞོག་གཉའ་གནོན་དང་གྲལ་རིམ་འགལ་ཟླ་མེད་པར་བཟོ་ཐུབ་”③ཅེས་གསུངས་པ་ལས་རྟོགས་ཐུབ་པར་བརྟེན། ང་ཚོས་རྒྱལ་ཁབ་བཙུགས་མ་ཐག་པའི་སྐབས་ཀྱི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་ཐག་གཙོད་ཡང་དག་ཡོང་བ་བྱེད་དགོས་ཚེ་ངེས་པར་དུ་གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་མེད་པ་བཟོ་རྒྱུ་དེ་མི་རིགས་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བའི་གལ་ཆེའི་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་པ་དང་། བཤུ་གཞོག་གི་འབྲེལ་བ་དང་འགལ་ཟླའི་འབྲེལ་བ་མེད་པ་བཟོ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གྱི་གལ་ཆེ་སར་འཇོག་དགོས་པ་ཡིན།
       གཉིས། “ཆོས་སྲིད་ཟུང་འབྲེལ་” གྱི་བཀས་བརྒོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བའི་འཕོ་འགྱུར་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
       ༡༩༥༩ལོའི་སྔོན་གྱི་བོད་ལྗོངས་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་ཀྱང་མུན་ནག་དང་རྗེས་ལུས་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་ཞིང་། མི་འབོར་གྱི་༩༥%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་པར། གདུག་རྩུབ་ཧ་ཅང་ཆེ་བའི་གཉའ་གནོན་དང་བཤུ་གཞོག་མྱོང་དགོས་ཀྱི་ཡོད།④   
       བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་དང་ཞིང་བྲན་གྱིས་ཞིང་བྲན་བདག་པོར་བརྟེན་པའི་འབྲེལ་བས་རྨང་གཞི་བྱས་པ་ཞིག་ཡིན། དེ་ཡང་། ཕྱོགས་གཅིག་ནས་ཞིང་བྲན་བདག་པོས་ས་ཞིང་ཕལ་ཆེ་བ་བཟུང་ཡོད་ཅིང་། བོད་ལྗོངས་ཀྱི་སྤྱིའི་མི་འབོར་ཁྲོད་ཞིང་བྲན་བདག་པོས་༥%(སྲིད་གཞུང་། སྐུ་དྲག དགོན་སྡེ་)ཟིན་པ་དང་།  ཞིང་བྲན་གྱིས་༩༥%ཟིན་གྱི་ཡོད། ཐོན་སྐྱེད་རྒྱུ་ཆ་དབང་དུ་བཟུང་ཚད་ཀྱི་ཐོག་ནས་བལྟས་ན། བོད་ལྗོངས་སུ་ས་ཞིང་སོན་ཁལ་ཁྲི་༣༠༠(ཁལ་གཅིག་ལ་མུའུ་གཅིག་ཙམ་)ཡོད་པའི་ཁྲོད་ས་གནས་སྲིད་གཞུང་གིས་༣༨ ༩% བཟུང་བ་དང་། སྐུ་དྲག་གིས་༢༤%བཟུང་བ། དགོན་སྡེས་༣༦ ༨%བཟུང་བ། རང་རྨོའི་ཞིང་པས་( གཙོ་བོ་བོད་ཀྱི་མཐའ་མཚམས་ཁུལ་དུ་གནས་)༠ ༣%བཅས་བཟུང་ཡོད་པས།⑤ བོད་རྙིང་པར་ཞིང་བྲན་བདག་པོས་ས་ཞིང་ཕལ་ཆེ་བ་བཟུང་ཡོད་ཅེས་བརྗོད་ཆོག ཕྱོགས་གཞན་ཞིག་ནས་བརྗོད་ན། བོད་ཀྱི་ཞིང་བྲན་གྱིས་ཞིང་བྲན་བདག་པོར་བརྟེན་པའི་འབྲེལ་བ་ནི་བཙན་དབང་རང་བཞིན་ཡིན་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བཀའ་རྒྱ་བཏང་བའི་ཡིག་ཆའི་ནང་། “མི་(ཞིང་བྲན་) དང་ཆུ། རྩྭ་ཐང་། ནགས་ཚལ་བཅས་ནི་ས་ཞིང་དང་མཉམ་དུ་ཞིང་བྲན་བདག་པོར་བསྩལ་བ་ཡིན། ཞིང་བྲན་བདག་པོས་ཞིང་བྲན་བཙོང་བ་དང་གཏའ་མར་འཇོག་པ། ནང་བཤུག་གཏོང་བ། ཐ་ན་ཞིང་བྲན་ལ་དྲག་གནོན་བྱེད་ཆོག......ཞིང་བྲན་གཉེན་སྒྲིག་བྱེད་སྐབས་སྔོན་ལ་ཞིང་བྲན་བདག་པོའི་ཆོག་མཆན་ཐོབ་དགོས་”ཞེས་འཁོད་ཡོད་པ་ལས་ཤེས་ཐུབ།
       གཞན་ཡང་། ཞིང་བྲན་བདག་པོས་ཞིང་བྲན་ལ་བཤུ་གཞོག་ཚད་མེད་གཏོང་གི་ཡོད་ཅིང་། བཤུ་གཞོག་དེ་རིགས་ནི་སྤྱིར་ཞིང་བྲན་གྱིས་ཞིང་བྲན་བདག་པོར་ཐོབ་ཆ་མེད་པའི་ཁྲལ་དང་འུ་ལག་རྒྱུགས་པའི་དུས་ཚོད་ཀྱི་ཐོག་ནས་མངོན་གྱི་ཡོད་དེ། ཞིང་བྲན་ཚོས་ལོ་ལྟར་དུས་ཚོད་གསུམ་ཆ་གཉིས་ཀྱི་དུས་ཡུན་ནང་རང་གི་ཞིང་འདེབས་ཡོ་ཆས་དང་ཟ་འབྲུ་ཁྱེར་ནས་ཞིང་བྲན་བདག་པོའི་ས་ཞིང་ཐོག་འུ་ལག་རྒྱུགས་དགོས་ཀྱི་ཡོད་པ་ལྟ་བུས་མཚོན། བོད་ས་གནས་སྲིད་གཞུང་དེ་བཞིན་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་བྱེད་ཀྱི་ཆབ་སྲིད་ལག་ཆ་ཞིག་ཡིན་པའི་ཆ་ནས དེ་ནི་བཀས་བཀོད་རྒྱུད་འཛིན་མཐོ་རིམ་སེར་སྐྱ་མཉམ་འབྲེལ་གྱི་སྲིད་དབང་སྒེར་འཛིན་གྱི་“ཆོས་སྲིད་ཟུང་འབྲེལ་”གྱི་སྲིད་དབང་རྩ་འཛུགས་ཤིག་ཡིན་ཞིང་། དེའི་ངོ་བོ་ནི་བཀས་བཀོད་རྒྱུད་འཛིན་སྐུ་དྲག་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་རྩ་འཛུགས་ཤིག་དང་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཞིང་བྲན་ལ་གཉའ་གནོན་གཏོང་བའི་ཐབས་ལམ་ཞིག་ཡིན། དེ་ལྟ་བུའི་བཀས་བཀོད་རྒྱུད་འཛིན་སྒེར་གཙོད་སྲིད་དབང་གི་དབང་བསྒྱུར་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་གདུག་རྩུབ་ཆེ་བའི་བཤུ་གཞོག་དང་གཉའ་གནོན་མྱོང་དགོས་པས བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་དེ་ཡང་བཤུ་གཞོག་དང་འགལ་ཟླའི་ཁྲོད་དུ་གནས་ཡོད།
       དེའི་ཐོག་ནས་བོད་རྙིང་པའི་མི་རིགས་འབྲེལ་བ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་ཡིན་པ་མཐོང་ཐུབ། འབྲེལ་བ་དེ་འདྲའི་ཁྲོད་དུ་མངའ་བདག་ཆེན་པོ་གསུམ་གྱིས་ཚབ་བྱེད་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་“ཁྲལ་པ་”དང་“དུད་ཆུང་”གིས་གྲུབ་ཆ་གཙོ་བོ་བྱས་པའི་ཞིང་བྲན་གྲལ་རིམ་ལ་བཤུ་གཞོག་གཏོང་གི་ཡོད། དེ་ལྟ་བུའི་མིས་མི་ལ་བཤུ་གཞོག་དང་དེ་བཞིན་གྲལ་རིམ་ནང་ཁུལ་གྱི་འགལ་ཟླས་བོད་ཀྱི་མི་རིགས་འབྲེལ་བ་དེ་ཉིད་བཤུ་གཞོག་དང་འགལ་ཟླའི་ཁྲོད་དུ་གནས་ཤིང་། འབྲེལ་བ་དེ་ཡང་གཙོ་བོ་བོད་ས་གནས་ནང་ཁུལ་གྱི་བཤུ་གཞོག་དང་གཉའ་གནོན་གྱི་འབྲེལ་བ་དང་། ཕྱི་ངོས་ཀྱི་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འཁོན་འགྲས་དང་འབྲེལ་ཐག་རིང་དུ་སོང་བའི་འབྲེལ་བ་ལས་མངོན་གྱི་ཡོད། དེ་ལྟ་བུའི་བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་གཏོང་དགོས་ན། ངེས་པར་དུ་གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་རྩ་མེད་མཐར་ཕྱིན་པ་གཏོང་དགོས།  དེ་ཡང་“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོ་དགོས་པ་སྟེ། “ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་རྒྱུ་ནི་བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་འཕོ་འགྱུར་གཏོང་བའི་རྩ་བའི་འགག་གནད་ཅིག་ཡིན་པའི་ཕྱིར། 
       གསུམ། དམངས་གཙོའི་བཅོས་བསྒྱུར་ནི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འཕོ་འགྱུར་ཡོང་བའི་ཐབས་ཇུས་ཀྱི་གདམ་ག་ཞིག་ཡིན།
       ཀྲུང་གོ་གསར་པ་དབུ་བརྙེས་རྗེས།  《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་》ནང་དུ། “མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་དང་། མཐུན་སྒྲིལ། རོགས་རམ་བཅས་བྱེད་དགོས་” ཞེས་དང་།“མི་རིགས་ཁག་མཛའ་བརྩེ་མཉམ་ལས་བྱེད་དགོས་”⑥ཞེས་སོགས་རྣམ་པ་གསར་པའི་མི་རིགས་འབྲེལ་བ་ཞིག་འཛུགས་དགོས་པའི་སྐོར་གསལ་སྟོན་བྱས་ཡོད། དེ་ལྟར་ནའང་། རྒྱལ་ཁབ་བཙུགས་མ་ཐག་པའི་སྐབས་སུ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་“བཙན་རྒྱལ་རིང་ལུགས་བཙན་འཛུལ་སྟོབས་ཤུགས་ཀྱིས་བོད་དུ་བཟོས་པའི་ཤུགས་རྐྱེན་བདེ་བླག་ངང་ནས་གཙང་སེལ་བཟོས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་དང་བདག་དབང་གཅིག་གྱུར་ཡོང་ཆེད་”⑦དང་། ཆབས་ཅིག་བོད་ས་གནས་ཀྱི་སྐབས་དེའི་དངོས་ཡོད་གནས་ཚུལ་བཅས་ལ་གཞིགས་ཏེ་བོད་ས་གནས་སྲིད་གཞུང་དབར་བཞག་པའི་《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》གྱི་ཁྲོད་དུ། “བོད་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ལམ་ལུགས་ལ་ཀྲུང་དབྱང་ནས་འགྱུར་ལྡོག་མི་གཏོང་བ་”དང་“བོད་ཀྱི་བཅོས་བསྒྱུར་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་ཀྲུང་དབྱང་ནས་བཙན་ཤེད་མི་བྱེད་པའི་”སྐོར་གཏན་འབེབས་བྱས་ཡོད། དེའི་ཐོག་ནས་སྐབས་དེར་བོད་ལྗོངས་ཁུལ་གྱི་ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ཀྱི་འབྲེལ་བར་འགྱུར་ལྡོག་བྱུང་མེད་པ་དང་། “ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་འགྱུར་ལྡོག་བྱུང་མེད་པ་མཐོང་ཐུབ། དེ་ཡང་། བོད་ལྗོངས་ཁུལ་དུ། “སྐབས་དེར་མི་རིགས་ཁག་ནང་ཁུལ་དུ་བཤུ་གཞོག་ལམ་ལུགས་དང་བཤུ་གཞོག་གྲལ་རིམ་སྔར་བཞིན་གནས་ཡོད་པས། དེས་མི་རིགས་ཁག་དབར་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་ངེས་ཡིན།” དེ་ལྟར་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འགྱུར་ལྡོག་གཏོང་རྒྱུར་འགལ་རྐྱེན་བཟོ་བའི་བཤུ་གཞོག་གི་འབྲེལ་བ་དང་གྲལ་རིམ་འགལ་ཟླའི་འབྲེལ་བ་སྔར་བཞིན་གནས་ཡོད་པས། རྒྱལ་ཁབ་བཙུགས་མ་ཐག་པའི་སྐབས་ཀྱི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་ནི་སྔར་བཞིན་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་ཞིག་ཡིན་པ་གསལ་པོ་ཡིན།
       རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ཐོག་མའི་དུས་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། མི་རིགས་ཁག་ནང་ཁུལ་དུ་བཤུ་གཞོག་གྲལ་རིམ་དང་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་སྔར་བཞིན་གནས་ཡོད་པའི་རྐྱེན་གྱིས་གྲངས་ཉུང་མི་རིགས་རྣམས་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་མེད། དེས་ན་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཡོང་རྒྱུར་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཤུགས་རྐྱེན་དང་འགལ་རྐྱེན་འཕྲད་བཞིན་པའི་སྐབས་ལ་བཤུ་གཞོག་གྲལ་རིམ་རྩ་མེད་དང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཞིག་ཆགས་ཐུབ་ན། གཞི་ནས་བདེ་བླག་ངང་འཕེལ་རྒྱས་ཡོང་ཐུབ།⑧ དེར་བརྟེན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ངེས་པར་དུ་ལེགས་སྒྲུབ་བྱ་དགོས་པའི་མི་རིགས་ཀྱི་ལོ་རྒྱུས་ལས་འགན་ནི། “གྲངས་ཉུང་མི་རིགས་རྣམས་ལ་ཆབ་སྲིད་ཐད་འདྲ་མཉམ་གྱི་གནས་བབས་དང་འདྲ་མཉམ་གྱི་དབང་ཆ་ཐོབ་རྗེས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས་ཁོ་ཚོ་གྲལ་རིམ་གྱི་གཉའ་གནོན་ལས་ཐར་ཐབས་དང་། རིམ་བཞིན་མི་རིགས་ཁག་གི་མི་དམངས་རྣམས་ཐུན་མོང་ཐོག་འཕེལ་རྒྱས་དང་། ཐུན་མོང་ཐོག་གྲ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན།”⑨   
       བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འཕེལ་རྒྱས་དང་འཕོ་འགྱུར་ཡོང་བར་སྐུལ་འདེད་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ནི། ངེས་པར་དུ་བཤུ་གཞོག་དང་འགལ་ཟླའི་ཁྱད་རྟགས་ལྡན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་དམངས་གཙོའི་བཅོས་བསྒྱུར་དང་། མཐར་“གྲལ་རིམ་བཤུ་གཞོག་གི་ལམ་ལུགས་རྩ་མེད་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ཆེད་དུ་དང་། ཁོ་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་རིམ་བཞིན་བསྐྱོད་ཐུབ་པ་བྱ་རྒྱུར་ཆ་རྐྱེན་བསྐྲུན་རྒྱུ་”མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། དེ་ཡང། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འཕེལ་རྒྱས་དང་འཕོ་འགྱུར་ཡོང་རྒྱུར་ཆ་རྐྱེན་བསྐྲུན་པ་དང་། བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་དེ་བཞིན་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་མི་རིགས་འབྲེལ་བའི་ཕྱོགས་སུ་འཕོ་འགྱུར་ཡོང་ཆེད་ཞིབ་ཕྲའི་ལག་ལེན་གྱི་བྱ་ཐབས་དང་ལམ་བུ་མཁོ་འདོན་བྱ་རྒྱུ་དེ་ཡིན།
གཉིས་པ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་རྒྱུ་ནི་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་འཕོ་འགྱུར་མངོན་གྱུར་ཡོང་བའི་རླབས་ཆེན་གྱི་ལག་ལེན་བྱ་ཐབས་ཤིག་ཡིན།   
       ༡༩༥༩ལོར། བོད་ལྗོངས་སུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འགོ་གཙོ་བྱས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ལངས་ཤིང་། དེའི་ངོ་བོ་ནི་ས་གནས་སྲིད་གཞུང་དང་སྐུ་དྲག དགོན་སྡེ་བཅས་ཀྱིས་གཙོ་བོ་བྱས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོས་ཁོ་པ་ཚོའི་བཀས་བཀོད་རྒྱུད་འཛིན་བཤུ་གཞོག་ལམ་ལུགས་སྲུང་སྐྱོང་དང་རང་གི་གྲལ་རིམ་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་སྐུལ་སློང་བྱས་པའི་བོད་ལྗོངས་མི་དམངས་ལ་ངོ་རྒོལ་བྱེད་པའི་ངོ་ལོག་ཟིང་འཁྲུག་ཅིག་ཡིན། “དེ་ནི་བོད་ལྗོངས་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ནང་མི་རིགས་ཁག་གི་ཐུན་མོང་གི་ཁེ་ཕན་དང་ཡོངས་སུ་འགལ་བ་ཞིག་ཡིན།”⑩“གནས་ཚུལ་དེ་འདྲའི་འོག་ཀྲུང་དབྱང་གིས་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེར་ངོ་ལོག་ཟིང་འཁྲུག་མཐའ་གཅིག་ཏུ་ཞོད་འཇགས་གཏོང་དགོས་པའི་བཀའ་རྒྱ་གཏོང་དགོས་བྱུང་བ་རེད། མི་དམངས་དམག་དཔུང་གིས་ཟིང་འཁྲུག་ཞོད་འཇགས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྲུང་དབྱང་སྲིད་གཞུང་གིས་སྐབས་དེའི་བོད་ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ། ‘ཕྱོགས་གཅིག་ནས་ཞོད་འཇགས་དང་ཕྱོགས་གཅིག་ནས་བཅོས་བསྒྱུར་བྱེད་པའི་སྲིད་ཇུས་བྱེད་ཕྱོགས་བཏོན་གནང་ཡོད། བོད་ལྗོངས་ཀྱིས”ངོ་ལོག་སྔོན་ལ་བྱེད་མཁན་ལ་བཅོས་བསྒྱུར་སྔོན་དང་ངོ་ལོག་རྗེས་ལ་བྱེད་མཁན་ལ་བཅོས་བསྒྱུར་རྗེས་ལ་བྱེད་པ། ངོ་ལོག་མི་བྱེད་མཁན་ལ་བཅོས་བསྒྱུར་ནར་འགྱངས་བྱེད་པའི་་རྩ་དོན་ལ་གཞིགས་ཏེ་”⑾ཞིང་ཁུལ་དང་འབྲོག་ཁུལ། དགོན་སྡེ། དེ་བཞིན་མཐའ་མཚམས་དང་གྲོང་ཁྱེར་གྲོང་རྡལ་དུ་གོ་རིམ་ཡོད་པའི་སྒོ་ནས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་བོད་ས་གནས་ཀྱི་བཀས་བཀོད་རྒྱུད་འཛིན་དབང་བསྒྱུར་དང་ཞིང་བྲན་ལམ་ལུགས་ཡོངས་སུ་རྩ་མེད་བཏང་བས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བཅིངས་འགྲོལ་ཐོབ་སྟེ་རང་ལུས་ལ་རང་དབང་བྱུང་བ་དང་། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་ལ་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་འཕོ་འགྱུར་ཐུབ་པ་བྱུང་ཡོད།
       གཅིག ཞིང་ཁུལ་གྱི་“དུས་མཚམས་གཉིས་” དང་“བླུ་ཉོའི་”བཅོས་བསྒྱུར་སྐོར།
       བོད་ལྗོངས་ཀྱི་ཞིང་ཁུལ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་ཁུལ་གྱི་ཞིབ་ཕྲའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་“དུས་མཚམས་གཉིས་”ཀྱི་བྱ་ཐབས་དང་“བླུ་ཉོ་”གཙོ་བོར་བྱེད་པའི་ཚོད་ལྟའི་བྱ་ཐབས་སྤྱད་དེ་དམངས་གཙོའི་བཅོས་བསྒྱུར་བྱ་འགོ་བརྩམས། དེ་ཡང་ཐོག་མར་“དུས་མཚམས་གཉིས་”ཀྱི་བྱ་ཐབས་སྤེལ་ཡོད། “དུས་མཚམས་གཉིས་”ཀྱི་བྱ་ཐབས་ཞེས་པ་ནི་ཞིང་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་བྱ་སྐབས་དུས་མཚམས་དབྱེ་བ་དང་གོམ་སྟབས་དབྱེ་ནས་སྤེལ་བའི་དུས་མཚམས་གཉིས་ཏེ། དུས་མཚམས་དང་པོའི་ནང་ཧུར་བརྩོན་ཆེན་པོས་མང་ཚོགས་སྐུལ་སློང་བྱས་ནས་“ཟིང་འཁྲུག་ལ་ངོ་རྒོལ་དང་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་”དང་“བོགས་ཆག་སྐྱེད་ཆག་”བཅས་“ངོ་རྒོལ་གསུམ་དང་ཆག་ཡང་གཉིས་”ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག ཞིང་པ་དབུལ་པོར་བདེ་སྡུག་འདྲི་རྩད་ཀྱི་ལས་དོན་སྤེལ་ནས་ཁོང་ཚོ་དང་མཉམ་དུ་ཟས་ཟ་བ་དང་མཉམ་དུ་སྡོད་པ། མཉམ་དུ་ངལ་རྩོལ་བྱེད་པ། མང་ཚོགས་དང་མཉམ་དུ་བསམ་བློ་སྤེལ་རེས་བྱེད་པ་བཅས་ཀྱི་“མཉམ་གསུམ་གཅིག་སྤེལ་”བྱས་པ་མ་ཟད། མང་ཚོགས་སྐུལ་སློང་བྱེད་པའི་དྲིལ་བསྒྲགས་ཀྱི་རྨང་གཞིའི་ཐོག་“སྡུག་བསྔལ་བཤད་པ་དང་དབུལ་པོའི་རྩ་བ་བསྔོག་པའི་”ཚོགས་འདུ་སྐོང་འཚོགས་བྱས་ཡོད། དུས་མཚམས་གཉིས་པའི་ནང་དུ་ས་ཞིང་བགོ་འགྲེམས་བྱས་པ་སྟེ། ཞིང་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་ལས་ཀའི་ལྟེ་བར་གྱུར་པའི་ས་ཞིང་བཅོས་བསྒྱུར་བྱེད་སྐབས་ཞིང་བྲན་དབུལ་པོ་དང་བྲན་གཡོག་ལ་བརྟེན་རྒྱུ་དང་། ཞིང་འབྲིང་(ཞིང་པ་ཕྱུག་པོའང་ཚུད་)ལ་མཐུན་སྒྲིལ་བྱེད་པའི་གྲལ་རིམ་ལམ་ཕྱོགས་དང་ཧུར་བརྩོན་ཆེན་པོས་ཞིང་པའི་མཐུན་ཚོགས་ལ་རོགས་སྐྱོར། ཡང་དག་པའི་སྒོ་ནས་གྲོང་གསེབ་ཁུལ་གྱི་གྲལ་རིམ་སྐྱེ་ཁུངས་དབྱེ་བ་འབྱེད་རྒྱུ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག ས་ཞིང་ཁག་ངལ་རྩོལ་མི་དམངས་རྣམས་ལ་བགོ་འགྲེམས་བྱས་ཡོད། དེ་ནས་“བླུ་ཉོའི་”སྲིད་ཇུས་ལག་བསྟར་བྱས་པ་སྟེ། དམངས་གཙོའི་བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་བོད་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣ་དང་དེ་མིན་ཟིང་འཁྲུག་ནང་ཞུགས་མེད་པའི་སྐུ་དྲག་ཁག་ནི་མཐུན་སྒྲིལ་བྱ་འོས་པའི་མི་སྣ་ཡིན་ཞིང་། “མཐོ་རིམ་རྒྱལ་གཅེས་མི་སྣ་དེ་དག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་དང་ཡུན་རིང་མཉམ་ལས་ཀྱིས་ལོ་རྒྱུས་ཀྱི་དུས་མཚམས་ཁག་གི་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་”⑿པས། རྒྱལ་གཅེས་མཐོ་རིམ་མི་སྣ་དེ་དག་གི་ས་ཞིང་དང་གཞིས་ཀ་སོགས་ཐོན་སྐྱེད་རྒྱུ་ཆ་ཁག་ལ་དེ་སྔའི་མི་རིགས་མ་རྩ་གྲལ་རིམ་ལ་བཟུང་བའི་ཐབས་ཤེས་སྤྱད་དེ་བླུ་ཉོའི་སྲིད་ཇུས་ལག་བསྟར་བགྱིས་ཡོད་པ་སྟེ། “རྒྱལ་ཁབ་ནས་དངུལ་བཏང་སྟེ་ཁོ་པ་ཆོ།ས་བཟུང་བའི་ས་ཞིང་དང་རྨོ་ཕྱུགས། ཞིང་ཆས་དང་གཞིས་ཀའི་ནང་གི་སྡོད་ཁང་ལྷག་འཕྲོ་སོགས་ཚུར་ཉོས་ནས་ཞིང་བྲན་དང་བྲན་གཡོག་ལ་བགོ་བཤའ་བརྒྱབ་”⒀པ་ལྟ་བུ་ཡིན།
       གཉིས། “ངོ་རྒོལ་གསུམ་དང་ཁེ་ཕན་གཉིས་” ཀྱི་འབྲོག་ཁུལ་གྱི་བཅོས་བསྒྱུར་སྐོར།
       བོད་ལྗོངས་ཀྱི་འབྲོག་ཁུལ་ནི་ཡངས་ཤིང་རྒྱ་ཆེ་བ་དང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༧༠ཙམ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འབྲོག་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་བྱ་སྐབས། “ཕྱུགས་ཟོག་ནི་ཐོན་སྐྱེད་རྒྱུ་ཆ་ཡིན་ལ་འཚོ་བའི་རྒྱུ་ཆའང་ཡིན་ཁར། གནོད་འཚེ་ཕོག་བདེ་ལ་གནོད་འཚེ་ཕོག་རྗེས་སླར་གསོ་བྱེད་དཀའ་བ་ཞིག་ཡིན་པ་དང་། དྲག་པོའི་ངོ་ལོག་ཟིང་འཁྲུག་གིས་འབྲོག་ཁུལ་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་”པ་སོགས་ལ་གཞིགས་ཏེ། “ཟིང་འཁྲུག་ལ་ངོ་རྒོལ་དང་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་” དང་“འབྲོག་པ་དང་འབྲོག་བདག་གཉིས་ཀར་ཁེ་ཕན་”ཡོད་པ་བཅས་“ངོ་རྒོལ་གསུམ་དང་ཁེ་ཕན་གཉིས་”ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད། དེ་ཡང་གོམ་སྟབས་དང་པོར། དམངས་གཙོའི་བཅོས་བསྒྱུར་གྱི་འགལ་རྐྱེན་ཏེ། ངོ་ལོག་ཟིང་འཁྲུག་པ་གཙང་སེལ་གྱིས་གཞི་རིམ་སྲིད་དབང་བཙུགས་ནས་ཟིང་འཁྲུག་ནང་ཞུགས་མཁན་འབྲོག་བདག་གི་ཕྱུགས་ཟོག་གཞུང་བཞེས་བཏང་བ་དང་། “སུས་ཕྱུགས་ཟོག་འཚོབ་དེ་ལ་ཕྱུགས་ཟོག་དབང་བའི་”རྩ་དོན་གཞིར་བཟུང་ཕྱུགས་ཟོག་བགོ་བཤའ་བརྒྱབ་སྟེ། ཟིང་འཁྲུག་ནང་ཞུགས་མེད་པའི་འབྲོག་བདག་གི་ཕྱུགས་ཟོག་ལ་སྲུང་སྐྱོབ་བྱས་ཡོད། གོམ་སྟབས་གཉིས་པར། མངའ་བདག་ཆེན་པོ་གསུམ་གྱི་འབྲོག་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་རྩ་མེད་བཏང་ཟིན་པའི་སྐོར་ཁ་གསལ་ཁྱབ་བསྒྲགས་བྱས་པ། གོམ་སྟབས་གསུམ་པར། འབྲོག་ཁུལ་གྱི་ཁྲལ་འུ་ལག་དང་སྐྱེད་ཆེའི་བུ་ལོན་རྩ་མེད་བཟོས་པ་དང་། ཆེས་ཚབས་ཆེའི་བཤུ་གཞོག་གི་རྣམ་པ་སྟེ། “སྐྱེད་མེད་འཆི་མེད་”ཀྱི་ཕྱུགས་ཟོག་བོགས་མར་གཏོང་བའི་རྣམ་པ་རྩ་མེད་བཟོས་ནས་“གཉིས་བརྒྱད་བོགས་ཆག”གི་བྱ་ཐབས་ལག་བསྟར་བྱས་པ་རེད།⒁   
       གསུམ། “ངོ་རྒོལ་གསུམ་དང་གཙང་རྩིས་གསུམ་”གྱི་དགོན་སྡེའི་བཅོས་བསྒྱུར་སྐོར།  
       དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བོད་ལྗོངས་ཁུལ་དུ་ཁྱོན་བསྡོམས་དགོན་སྡེ་ཁག་༢༦༧༦དང་། གྲྭ་བཙུན་མི་གྲངས་༡༡༤༩༢༥ཡོད་པ་དང་།  དགོན་སྡེ་ཁག་གིས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་བེད་སྤྱད་དེ་རྒྱ་ཆེའི་ཞིང་འབྲོག་མི་དམངས་ལ་བཤུ་གཞོག་གཏོང་བ་དང་གྲྭ་བཙུན་ཚོས་ཀྱང་ཐོན་སྐྱེད་ངལ་རྩོལ་ནང་མི་ཞུགས་པར་ཞིང་འབྲོག་མང་ཚོགས་རྣམས་ཀྱི་བསྙེན་བཀུར་ཞབས་ཏོག་ཁོ་ནར་བརྟེན་གྱི་ཡོད། དགོན་སྡེ་ཁག་ནི་བོད་ལྗོངས་ཁུལ་གྱི་གཞི་རྒྱ་ཆེ་ཤོས་ཀྱི་སྐྱེད་ཆེའི་བུ་ལོན་གྱི་བདག་པོ་ཡིན་ཏེ། སེ་འབྲས་དགེ་གསུམ་གྱི་སྐྱེད་ཆེའི་བུ་ལོན་ཁོ་ནར་ལོ་རེར་ཡོང་འབབ་འབྲུ་རིགས་སོན་ཁལ་ཁྲི་༢༨དང་དངུལ་སྲང་ཁྲི་༡༤༠༠ཡོད་པ་དེས་དགོན་སྡེ་གསུམ་པོའི་སྤྱིའི་ཡོང་འབབ་ཀྱི་༢༥%ནས་༣༠%བར་ཟིན་གྱི་ཡོད། དེ་མིན་ལྗོངས་ཡོངས་སུ་ཟིང་འཁྲུག་ནང་ཞུགས་མཁན་གྱི་དགོན་སྡེ་ཁག་༡༤༨༦ཡོད་པ་དེས་དགོན་པ་སྤྱིའི་གྲངས་འབོར་གྱི་༥༥%ཟིན་གྱི་ཡོད་ལ།⒂ བོད་ལྗོངས་ཀྱི་དགོན་སྡེ་ཁག་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གལ་ཆེའི་ཀ་རྟེན་ལྟ་བུ་ཞིག་ཡིན་ཞིང་།  དེར་“བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྟགས་ཐམ་ཕོག་ཡོད་”⒃པས། དེས་ན་དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་གྱི་ཁྲོད་“ཟིང་འཁྲུག་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ་” དང་། “ཆབ་སྲིད་ཀྱི་གནོད་འཚེ་གཙང་རྩིས་དང་གྲལ་རིམ་དབྱེ་བའི་གནོད་འཚེ་གཙང་རྩིས། དཔལ་འབྱོར་གྱི་བཤུ་གཞོག་གནོད་འཚེ་གཙང་རྩིས་”བཅས་“ངོ་རྒོལ་གསུམ་དང་གཙང་རྩིས་གསུམ་” གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིག ཟིང་འཁྲུག་ནང་ཞུགས་མེད་པའི་དགོན་སྡེ་ཁག་ལ་“མཐུན་སྒྲིལ་བྱ་རྒྱུ་གཙོ་བཟུང་དང་གནས་ལུགས་བཤད་ནས་འཐབ་རྩོད་བྱེད་པ། སྲུང་སྐྱོབ་འགག་གྲོལ། དབྱེ་བ་ཕྱེ་ནས་བལྟ་སྟངས་འཛིན་པ་”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་གྱིས་དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་བདེ་བླག་ངང་སྤེལ་ཡོད།
       བཞི། “གཙོ་གནད་འབུར་ཐོན་”གྱི་མཐའ་མཚམས་ཁུལ་དང་གྲོང་ཁྱེར་གྲོང་རྔལ་ཁག་གི་བཅོས་བསྒྱུར་སྐོར།
       མཐའ་མཚམས་ཁུལ་དང་གྲོང་ཁྱེར་གྲོང་རྡལ་ནི་དམིགས་བསལ་གྱི་ས་ཁོངས་ཤིག་ཡིན་པའི་ངོས་ནས་དེར་དམིགས་བསལ་གྱི་དངོས་ཡོད་གནས་ཚུལ་ཡོད། དེར་བརྟེན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་དམངས་ཀྱི་སྣེ་ཁྲིད་ནས་དམངས་གཙོའི་བཅོས་བསྒྱུར་བྱ་སྐབས་ས་ཁུལ་དེ་གཉིས་པོར་“ངོ་རྒོལ་གསུམ་”གྱི་ལས་འགུལ་དང་ཟུང་འབྲེལ་བྱས་པ་དང་ཆབས་ཅིག དེ་དག་གནས་ཡུལ་གྱི་དམིགས་བསལ་རང་བཞིན་ལ་གཞིགས་པ་དང་། ཁྱད་པར་མཐའ་མཚམས་ཁུལ་དང་གྲོང་ཁྱེར་གྲོང་རྡལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགན་ལེན་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས་བཅོས་བསྒྱུར་བྱས་ཡོད།   དེ་ཡང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་མཐོང་ཆེན་གྱིས་མཐའ་མཚམས་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པ། མཐའ་མཚམས་ཁུལ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས། དམངས་གཙོའི་བཅོས་བསྒྱུར་དངོས་སུ་འགོ་ཚུགས་སྐབས་ཞི་འཇམ་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ལས་རྣོ་ངར་ཆེ་བའི་གྲལ་རིམ་འཐབ་རྩོད་སོགས་ཀྱི་ལས་འགུལ་སྤེལ་མེད་ལ།  ལྷག་པར་དུ་མཐའ་མཚམས་ཁུལ་དུ་གནས་པའི་ལྷོ་པ་རིགས་ཀྱི་ཐོན་སྐྱེད་དང་འཚོབའི་དཀའ་ངལ་སེལ་ཐབས་བྱས་ཏེ། མཐའ་མཚམས་ས་ཁུལ་ཡོངས་སུ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ཡོང་ཐབས་བྱས་ཡོད། གཞན་ཡང་། མཐའ་མཚམས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ། ས་ཁུལ་ཆུང་ངུ་འགའ་རེར་དམངས་གཙོའི་བཅོས་བསྒྱུར་བྱས་མེད་པ་དཔེར་ན། གཞིས་རྩེ་ས་ཁུལ་གཏིང་སྐྱེས་རྫོང་གི་འདྲེན་ཐང་དང་སྐྱིད་རོང་རྫོང་གི་རུ་དང་འགྲམ། ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་ཡུལ་སྨད་དང་། དེ་བཞིན་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་མཐའ་མཚམས་གྲོང་ཚོགསུམ་བཅས་ལྟ་བུ་ཡིན།⒄
       བཟོ་ཚོང་ལས་རིགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་འཛིན་རྒྱུན་འཁྱོངས་བྱ་རྒྱུ་གཙོར་བཟུང་གིས་གྲོང་ཁྱེར་གྲོང་རྡལ་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པ། ཞིང་ཁུལ་དང་འབྲོག་ཁུལ། དགོན་སྡེ་བཅས་ལ་བཅོས་བསྒྱུར་བྱས་པ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་རྡལ་དུའང་ཟིང་འཁྲུག་ལ་ངོ་རྒོལ་དང་བྲན་བཀོལ་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ་བཅས་“ངོ་རྒོལ་གསུམ་”གྱི་ལས་འགུལ་སྤེལ་བ་དང་སྦྲགས། བཟོ་ཆོང་ལས་རིགས་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལག་བསྟར་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་འཛིན་རྒྱུན་འཁྱོངས་བྱས་པ་མ་ཟད།⒅ “དབུལ་ཕོངས་དང་སྤྲང་པོར་ཟས་གོས་བཀོད་སྒྲིག་དང་། འཁྱམ་པོའི་གནད་དོན་ཐག་གཙོད་ཀྱིས་ལས་ཀ་བཀོད་སྒྲིག ལག་ཤེས་བཟོ་ལས་ལ་རམ་སྐྱོར།  ཤང་གྲོང་དབར་གྱི་དངོས་ཟོག་བརྗེ་རེས་ལ་ཤུགས་སྣོན། རིམ་བཞིན་ཁྲོམ་རར་དོ་དམ་བཅས་བྱས་”⒆ཡོད། གོང་གསལ་བྱ་ཐབས་དེ་དག་གིས་བཟོ་ཚོང་ལས་རིགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པར་ནུས་པ་གང་ལེགས་ཐོན་ཏེ། དེས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བརྟན་ལྷིང་དང་གོ་རིམ་ལྡན་པའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད།
       བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ནི་“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ས་ཁུལ་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བར་གཞིགས་ཏེ། ཞིང་ཁུལ་དང་། འབྲོག་ཁུལ། དགོན་སྡེ། དེ་བཞིན་མཐའ་མཚམས་ཁུལ་དང་གྲོང་ཁྱེར་གྲོང་རྡལ་བཅས་ཁག་བཞི་ལ་སྤེལ་བ་དེས། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་འཕོ་འགྱུར་ཡོང་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་དཔེར་ན། “དུས་མཚམས་གཉིས་” དང་“བླུ་ཉོ་” བྱས་པའི་ཞིང་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་གྱིས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རང་ལུས་རང་དབང་དང་ཐོན་སྐྱེད་འཚོ་བའི་རྒྱུ་ཆ་ཐོབ་ནས་མི་སྒེར་ལ་བཅིངས་འགྲོལ་ཐོབ་པ་དང་།  “ངོ་རྒོལ་གསུམ་དང་ཁེ་ཕན་གཉིས་”ཀྱི་འབྲོག་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་འབྲོག་ལས་ལ་བརྟན་ཚུགས་ངང་འཕེལ་རྒྱས་བྱུང་བ། “ངོ་རྒོལ་གསུམ་དང་གཙང་རྩིས་གསུམ་”གྱི་དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་གྱིས་སྐྱ་བོའི་འཚོ་བའི་ཁྲོད་ཀྱི་ཆོས་ལུགས་ཀྱི་དམིགས་བསལ་དབང་ཆ་རྩ་མེད་མཐར་ཕྱིན་པར་སོང་ཞིང་། ཆོས་སྲིད་སོ་སོར་གྱེས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀས་བཀོད་རྒྱུད་འཛིན་གྱི་ཆོས་ལུགས་ཁྲོད་ནས་བཅིངས་འགྲོལ་ཐོབ་པ། “གཙོ་གནད་འབུར་ཐོན་”གྱི་མཐའ་མཚམས་དང་གྲོང་ཁྱེར་གྲོང་རྡལ་གྱི་དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་ནན་དུ་དམིགས་ཏེ་བཟོ་ཚོང་ལས་རིགས་ལ་སྲུང་སྐྱོབ་དང་། བརྟན་ཚུགས་ངང་འཕེལ་རྒྱས་འགྲོ་བའི་མཐའ་མཚམས་ཀྱི་ཁོར་ཡུག་ཅིག་བཏོད་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བརྟན་ལྷིང་རྒྱུན་བསྲིང་གི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱུང་བ་ལྟ་བུའོ། མདོར་ན། བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་མཐར་ཕྱིན་པ་བཏང་བ་དང་།  “གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་”མེད་པ་བཟོས་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བཅིངས་འགྲོལ་ཐོབ་ཅིང་། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་འཕོ་འགྱུར་ཡོང་བར་རྨང་རྡོ་གལ་ཆེན་ཞིག་བཏིང་ཡོད།
གསུམ་པ། བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་བྱུང་བའི་ཁྲོད་དམངས་གཙོའི་བཅོས་བསྒྱུར་གྱིས་བཟུང་བའི་གལ་ཆེའི་དོན་སྙིང་སྐོར།
       དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་ཞིང་། བོད་ལྗོངས་ཁུལ་གྱི་ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་དེ་ཉིད་“བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་ཞིང་འབྲོག་མང་ཚོགས་སྒེར་ལ་དབང་བའི་ལམ་ལུགས་སུ་འགྱུར་ལྡོག་བཏང་”⒇བས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་ལུས་རང་དབང་དང་བཅིངས་འགྲོལ་ཡོངས་སུ་ཐོབ་པ་དང་།   ཆབས་ཅིག་བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་ཡང་དེ་བསྟུན་གྱིས་འཕོ་འགྱུར་ཆེན་པོ་བྱུང་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་དེས། ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ལ་འཕོ་འགྱུར་བྱུང་བ་དང་། གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླའི་འབྲེལ་བ་ཡོངས་སུ་མཇུག་སྒྲིལ་བ་སོགས། དམངས་གཙོའི་བཅོས་བསྒྱུར་བྱས་པ་ལས་ཐོབ་པའི་གྲུབ་འབྲས་ཆེན་པོ་དེ་དག་གིས་བོད་ལྗོངས་ཀྱི་མི་རིགས་ཁག་དབར་གྱི་འབྲེལ་བ་(ལྷག་པར་དུ་བོད་རྒྱའི་དབར་གྱི་འབྲེལ་བ་)ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ཐོབ་པ་མ་ཟད། བོད་ལྗོངས་ཀྱི་མི་རིགས་ཁག་དབར་དང་། དེ་བཞིན་བོད་ལྗོངས་ཀྱི་མི་རིགས་ཁག་དང་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་གྱི་མི་རིགས་ཁག་དབར་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་འབྲེལ་བ་ཞིག་ཐོག་མར་ཆགས་ཡོད་དེ།   
       གཅིག དམངས་གཙོའི་བཅོས་བསྒྱུར་གྱིས་ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ་དེས། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ཁྲོད་ཞིང་ཁུལ་དུ་སྤེལ་བའི་“ངོ་རྒོལ་གསུམ་དང་ཆག་ཡང་གཉིས་”ཀྱི་ལས་འགུལ་གྱིས་བྲན་གཡོག་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། གཞུང་བཞེས་བཏང་བའི་ས་ཞིང་དང་དེ་མིན་གྱི་ཐོན་སྐྱེད་རྒྱུ་ཆ་ཁག་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་བགོ་བཤའ་བརྒྱབ་པས།ཁོང་ཚོདེ་ནས་བཟུང་ཞིང་བྲན་བདག་པོའི་ས་ཞིང་བོགས་མར་བླངས་ནས་འཚོབ་སྐྱེལ་མི་དགོས་པ་བྱུང་བ་དང་། ཆབས་ཅིག་རྒྱ་ཆེའི་ཞིང་བྲན་ཚོར་བཤུ་གཞོག་གཏོང་བའི་སྐྱེད་ཆེའི་བུ་ལོན་ཡང་རྩ་མེད་བཏང་བ་བཅས་ལས་རྒྱ་ཆེའི་ཞིང་བྲན་རྣམས་སྡུག་རྩུབ་ཆེ་བའི་བཤུ་གཞོག་ལས་ཐར་ཐུབ་པ་བྱུང་ཡོད། དེ་མིན་རྒྱ་ཆེའི་ཞིང་བྲན་རྣམས་ལ་ས་ཞིང་དང་རྒྱུ་ནོར་གྱི་ཐད་བདག་དབང་དང་རང་ལུས་རང་དབང་ཡོངས་སུ་ཐོབ་པས། གཞན་བརྟེན་གྱི་གནས་ལས་བྲལ་ཏེ་རང་དབང་འདྲ་མཉམ་གྱི་སྤྱིའབངས་ཀྱི་ཐོབ་ཐང་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་པའི་ནང་དུ་ཐེ་ཞུགས་བྱེད་དབང་བྱུང་ཡོད། གཞན་ཡང་།“བློ་ཉོའི་”སྲིད་ཇུས་ལག་བསྟར་གྱིས་ཟིང་འཁྲུག་ནང་ཞུགས་མེད་པའི་ཞིང་བྲན་བདག་པོའི་ས་ཞིང་དང་གཞིས་ཀ་སོགས་ཐོན་སྐྱེད་འཚོ་བའི་རྒྱུ་ཆ་རྣམས་བླུ་ཉོ་བྱས་སྟབས། སེར་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་དེ་དག་བོད་ལྗོངས་མི་དམངས་ཡོངས་ལ་དབང་བའི་ཐོན་སྐྱེད་འཚོབའི་རྒྱུ་ཆར་འགྱུར་ཐུབ་པ་བྱུང་ཡོད།
       མི་རིགས་ཁག་དབར་གྱི་འབྲེལ་བའི་གྲུབ་སྟངས་ནི་མི་དང་མིའི་འབྲེལ་བ་ལས་འཕེལ་རྒྱས་སོང་བ་ཞིག་དང་། མི་རིགས་ཁག་གི་མི་དམངས་རྣམས་ཀྱི་རྒྱུན་གཏན་འཚོ་བའི་འབྲེལ་འདྲིས་ཁྲོད་ཆགས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འབྲེལ་བ་ཞིག་ཡིན། མི་རིགས་ཁག་གི་མི་དམངས་ནི་མི་རིགས་ཁག་དབར་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ནང་དུ་ཞིབ་ཕྲའི་ལག་ལེན་བྱེད་མཁན་གཙོ་བོ་དང་དེ་ཉིད་མཚོན་པར་བྱེད་མཁན་ཞིག་ཡིན་པས། མི་རིགས་གང་ཞིག་ལ་རང་ལུས་རང་དབང་ཐོབ་པ་དེས་མི་རིགས་ཁག་ནང་ཁུལ་དང་དེ་བཞིན་མི་རིགས་ཁག་དབར་གྱི་འབྲེལ་བར་འཕེལ་རྒྱས་དང་འཕོ་འགྱུར་ཡོང་བར་གལ་ཆེའི་ཤུགས་རྐྱེན་ཐེབས་ངེས། ལྷག་པར་དུ་མི་རིགས་ཁག་དབར་གྱི་འབྲེལ་བའི་ཐད་གལ་ཆེའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་ངེས་ཡིན། དེ་ཡང། དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་འབྲེལ་བར་འཕོ་འགྱུར་རླབས་ཆེན་ཡོང་རྒྱུར་གལ་ཆེའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པས། བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་དེ་ཡང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་མི་རིགས་འབྲེལ་བ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གི་མི་རིགས་འབྲེལ་བའི་ཕྱོགས་སུ་འཕོ་འགྱུར་ཆེན་པོ་བྱུང་ཡོད།
       གཉིས། དམངས་གཙོའི་བཅོས་བསྒྱུར་གྱིས་“ཆོས་སྲིད་ཟུང་འབྲེལ་” གྱི་ཆབ་སྲིད་ལམ་ལུགས་རྩ་མེད་བཏང་བས།བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་འགྱུར་ལྡོག་འགྲོ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད། བོད་ས་གནས་སྲིད་གཞུང་གི་“ཆོས་སྲིད་ཟུང་འབྲེལ་”གྱི་ལམ་ལུགས་ནི་ཞིང་བྲན་བདག་པོས་ཞིང་བྲན་ལ་གྲལ་རིམ་གྱི་བཤུ་གཞོག་དང་གཉའ་གནོན་གཏོང་བའི་ལག་ཆ་ཞིག་དང་།  བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་དང་འཕོ་འགྱུར་འགྲོ་བར་བཀག་འགོག་བྱེད་པའི་འགག་གནད་ཅིག་ཡིན། དམངས་གཙོའི་བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དང་། ལྷག་པར་དུ་དགོན་སྡེར་བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱོན་ཡོངས་ནས་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་གིས་“ངོ་རྒོལ་གསུམ་དང་གཙང་རྩིས་གསུམ་”གྱི་ལས་འགུལ་སྤེལ་ཏེ། བོད་ལྗོངས་ཀྱི་ཆོས་ལུགས་དང་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཆེན་པོ་བྱས་པ་དང་། སྐྱ་བོའི་ཆབ་སྲིད་དང་དཔལ་འབྱོར་ལ་ཐེ་ཇུས་བྱེད་པའི་ཆོས་ལུགས་ཀྱི་དབང་ཆ་དང་། ཆོས་ལུགས་ཀྱིས་བོད་ལྗོངས་ཀྱི་ཆབ་སྲིད་ཁྲོད་བཟུང་བའི་དམིགས་བསལ་དབང་ཆ་ཚང་མ་མེད་པ་བཟོས་པས། ཆོས་དང་སྲིད་གཉིས་ཁག་ཁག་ཏུ་གྱུར་བ་དང་“ཆོས་སྲིད་ཟུང་འབྲེལ་”གྱི་ཆབ་སྲིད་ལམ་ལུགས་རྩ་མེད་མཐར་ཕྱིན་པ་གཏོང་ཐུབ་པ་བྱུང་ཡོད། དེས་གཅིག་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཆབ་སྲིད་དང་ཆོས་ལུགས་ཐད་རང་བདག་རང་དབང་བྱུང་བ་དང་། གཉིས་ནས་གྲལ་རིམ་འགལ་ཟླའི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་གྲལ་རིམ་ཡོངས་སུ་རྩ་མེད་སོང་བ་དང་མི་རིགས་དབར་འགལ་ཟླ་བཟོ་མཁན་གྱི་“ཆོས་སྲིད་ཟུང་འབྲེལ་”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ཡང་ཆབས་ཅིག་རྩ་མེད་དུ་སོང་བས། བོད་ལྗོངས་ཀྱི་མི་རིགས་ཁག་གི་འབྲེལ་བ་གོང་འཕེལ་དང་འཕོ་འགྱུར་འགྲོ་བའི་འཕེལ་རིམ་ཡང་ཇེ་མགྱོགས་སུ་སོང་ཡོད།
       གསུམ། དམངས་གཙོའི་བཅོས་བསྒྱུར་གྱིས་མི་རིགས་ཀྱི་མཐོ་རིམ་མི་སྣ་ཁག་དང་མཐུན་སྒྲིལ་བྱེད་ཐུབ་པ་བྱུང་བ་དེས་བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་འཕོ་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད། དམངས་གཙོའི་བཅོས་བསྒྱུར་བྱེད་སྐབས་“ང་ཆོའི་བྱེད་ཕྱོགས་ནི་ཡུན་རིང་མཉམ་ལས་དང་། དེ་སྔ་ང་ཚོདང་ཡུན་རིང་མཉམ་ལས་བྱེད་མྱོང་མཁན་རྣམས་མི་བརྗེད་པ་”དང་། “མཐུན་སྒྲིལ་བྱས་ན་ཕན་ཐོགས་ཡོད་ཅིང་། ཁྱེད་ཚོར་ཕན་ལ་ང་ཚོར་ཡང་ཕན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མར་ཕན་པ་”དེ་ཡིན་པར་བརྟེན། ཞིབ་ཕྲའི་བཅོས་བསྒྱུར་གྱི་ཁྲོད་“ཡར་ཐོན་གྱི་ཕྱོགས་ལ་ལངས་ནས་བཅོས་བསྒྱུར་བྱ་དགོས་པའི་འདོད་ཚུལ་འཛིན་མཁན་གྱི་གསར་བརྗེའི་སྐུ་དྲག་དང་། དེ་མིན་ཕྱོགས་གཉིས་ཀར་མི་ལྷུང་མཁན་གྱི་བར་གནས་མི་སྣ་ཁག་ལ་” “མི་རིགས་མ་རྩ་རིང་ལུགས་ལ་འཛིན་པའི་བླུ་ཉོའི་སྲིད་ཇུས་ལག་བསྟར་གྱིས་ཁོ་པ་ཚོར་གྱོང་གུན་མི་འཕོག་པ་བྱས་ཡོད།”﹙21﹚ གོང་གསལ་གྱི་བྱ་ཐབས་དེ་འདྲ་སྤྱད་པར་བརྟེན། དམངས་གཙོའི་བཅོས་བསྒྱུར་ལ་བཀག་འགོག་བྱེད་པའི་འགོག་ཤུགས་ཆུང་དུ་སོང་ཡོད་ལ། རྒྱལ་གཅེས་མཐོ་རིམ་མི་སྣ་ཁག་གཅིག་གིས་ཧུར་བརྩོན་ཆེན་པོས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པས། བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་སྟོབས་ཤུགས་དེ་ཡང་ཇེ་ཆེར་སོང་ཡོད། དེ་ཡང་ཁ་གསལ་བར་བཤད་ན། བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་བསྒྱུར་བའི་བརྒྱུད་རིམ་ཁྲོད་བོད་ལྗོངས་ཀྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་དང་འཕོ་འགྱུར་ཐད་རྒྱབ་སྐྱོར་བྱེད་མཁན་དང་དེའི་ནང་ཞུགས་མཁན་གྱི་ཡར་ཐོན་སྟོབས་ཤུགས་ཁག་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ་ཐུབ་པ་བྱུང་སྟེ། བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་གཏོང་ཆེད་མཐུན་སྒྲིལ་བྱ་ཐུབ་པའིསྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་ཐུབ་པ་དང་། མི་རིགས་འབྲེལ་བར་འཕོ་འགྱུར་གཏོང་བའི་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པ་བྱུང་བ་བཅས། མཐར་བོད་ལྗོངས་ཀྱི་རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་དང་མཉམ་འབྲེལ་གྱིས་བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་རླབས་ཆེན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
           ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བོད་ལྗོངས་ཁུལ་དུ་“དམངས་གཙོའི་བཅོས་བསྒྱུར་བྱས་ནས་བཤུ་གཞོག་ལམ་ལུགས་མེད་པར་བཟོས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་འདྲ་མིན་རྩ་མེད་དུ་བཏང་བ།  ཐོན་སྐྱེད་ཀྱི་འབྲེལ་བ་རྙིང་པར་འགྱུར་ལྡོག་བཏང་”﹙22﹚བ་དེ་ནི། “ངལ་རྩོལ་མི་དམངས་རྣམས་བཤུ་གཞོག་ལམ་ལུགས་ཀྱི་ཁྲོད་ནས་བཅིངས་འགྲོལ་བཏང་བའི་རླབས་ཆེན་གྱི་རྒྱལ་ཁ་ཅིག་”ཡིན་ལ། “ངལ་རྩོལ་མི་དམངས་ལ་ཐོབ་པའི་བཅིངས་འགྲོལ་ཆེན་པོ་ཞིག་དང་ལམ་ལུགས་ལ་ཐོབ་པའི་བཅིངས་འགྲོལ་ཞིག་ཡིན།”﹙23﹚ དམངས་གཙོའི་བཅོས་བསྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་མཐར་ཕྱིན་བཏང་བས། དེས་ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ལ་འགྱུར་བ་བྱུང་བ་དང་། བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་རྩ་བའི་རང་བཞིན་གྱི་འཕེལ་རྒྱས་དང་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད་ལ། མི་རིགས་འབྲེལ་བ་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་པའི་“ཆོས་སྲིད་ཟུང་འབྲེལ་”གྱི་ཆབ་སྲིད་ལམ་ལུགས་དེ་ཡང་ཆབས་ཅིག་རྩ་མེད་དུ་སོང་ཞིང་། བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་འགྱུར་ལྡོག་འགྲོ་བའི་འཕེལ་རིམ་ཇེ་མགྱོགས་སུ་སོང་ཡོད། ཕྱོགས་མཚུངས་དམངས་གཙོའི་བཅོས་བསྒྱུར་ཁྲོད་མཐུན་སྒྲིལ་བྱ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་ཐུབ་པ་བྱུང་བས། བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་བདེ་བླག་ངང་ནས་འགྱུར་བར་སྟོབས་ཤུགས་གཅིག་སྒྲིལ་བྱུང་ཡོད། མདོར་ན། “བོད་ལྗོངས་འཕེལ་རྒྱས་འགྲོ་བའི་ནང་ཁུལ་གྱི་འགོག་རྐྱེན་རྣམས་གཙང་སེལ་མཐར་ཕྱིན་པ་བྱུང་ནས་”འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཀྱི་བོད་ལྗོངས་ཀྱི་མི་རིགས་འབྲེལ་བ་ཞིག་ཆགས་རྒྱུར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་དང་འགན་ལེན་གལ་ཆེན་བྱས་ཡོད།
བཞི་པ། མཇུག་བསྡུའི་གཏམ།
       བོད་རྙིང་པའི་“ཆོས་སྲིད་ཟུང་འབྲེལ་” གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་“སྤྱི་ཚོགས་ཀྱི་རྣམ་པའི་ཐད་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཁོངས་སུ་གཏོགས་ཤིང་། ཆབ་སྲིད་ཀྱི་སྒྲིག་གཞིའི་ཐད་ནས་ཆོས་སྲིད་ཟུང་འབྲེལ་གྱི་ཁོངས་སུ་གཏོགས་པ་ཡིན། དམངས་གཙོའི་བཅོས་བསྒྱུར་བྱས་ནས་དེ་ཉིད་རྩ་མེད་བཟོས་པའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་དེ་ཡིན།”﹙24﹚བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ལ་ཐོབ་པའི་རླབས་ཆེན་གྱི་རྒྱལ་ཁ་ནི། “མར་ཁེ་སི་རིང་ལུགས་བོད་ལྗོངས་སུ་དྲིལ་བསྒྲགས་དང་ཁྱབ་གདལ་བྱས་པ་དང་འབྲེལ་དེ་ཉིད་བོད་ལྗོངས་གསར་པའི་འདུ་ཤེས་འཛིན་སྟངས་ཀྱི་མཛུབ་སྟོན་བསམ་བློར་གྱུར་པ་དང་།......བསམ་བློའི་ཐོག་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་ཐོབ་ནས་མི་རྣམས་ཀྱི་གཙོ་གཞིའི་འདུ་ཤེས་འཛུགས་ཐུབ་པ་བྱུང་”﹙25﹚སྟེ་ཞིབ་ཕྲའི་ལག་ལེན་ཐོག་འཁྱོལ་ཐུབ་པ་བྱུང་བ་དེ་ཡིན། དེ་ལྟ་བུའི་རླབས་ཆེན་དང་ཞིབ་ཚགས་པའི་ལག་ལེན་གྱིས་བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། དེའི་རྒྱུ་མཚན་ཡང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཐུན་སྒྲིལ་དང་དབུ་ཁྲིད་འོག མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་རྩ་བའི་རིགས་པ་དང་བྱ་ཐབས་དེ་ཉིད་ཀྲུང་གོའི་དོན་དངོས་དང་། བོད་ལྗོངས་ཁུལ་གྱི་ཞིབ་ཕྲའི་གནས་ཚུལ་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་གྱིས་ཞིང་ཁུལ་དང་འབྲོག་ཁུལ། དགོན་སྡེ་བཅས་དང་། དེ་མིན་མཐའ་མཚམས་དང་གྲོང་ཁྱེར་གྲོང་རྡལ་ཁག་ལ་གཙོ་གནད་ཡོད་པ་དང་དབྱེ་བ་ཡོད་པ། གོམ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་དམངས་གཙོའི་བཅོས་བསྒྱུར་བྱས་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་རླབས་ཆེན་ཡོང་བར་གལ་ཆེའི་རྨང་གཞི་འདིང་ཐུབ་པ་བྱུང་བས་ཡིན།
       དེ་ཡང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བ་ལྟར། “མར་ཁེ་སི་རིང་ལུགས་ཀྱིས་ཐེངས་དང་པོར་མི་དམངས་ཀྱི་ལངས་ཕྱོགས་ཐོག་ལངས་ནས་མིའི་རིགས་ཀྱི་རང་དབང་བཅིངས་འགྲོལ་གྱི་ལམ་བུ་འཚོལ་ཞིབ་དང་། ཚན་རིག་གི་རིགས་པའི་གཞུང་ལུགས་ཐོག་ནས་གཉའ་གནོན་མེད་པ་དང་བཤུ་གཞོག་མེད་པ། མི་ཚང་མ་འདྲ་མཉམ། མི་ཚང་མར་རང་དབང་ཡོད་པའི་ཕུགས་བསམ་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་ཆེད་ལམ་སྟོན་མཛད་”﹙26﹚ཡོད། བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་རྩ་བའི་རིགས་པ་དང་བྱ་ཐབས་ཀྱིས་མཛུབ་ཁྲིད་བྱས་ཏེ་དེ་ཉིད་བོད་ཀྱི་ཞིབ་ཕྲའི་ལོ་རྒྱུས་གནས་ཚུལ་དང་ཟུང་འབྲེལ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡོངས་སུ་རྩ་མེད་བཟོས་པ་དང་། “འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་”བཅས་ཀྱི་རྣམ་པ་གསར་པའི་མི་རིགས་ཀྱི་འབྲེལ་བ་འཛུགས་རྒྱུར་འགོག་རྐྱེན་བཟོ་བའི་འབྱུང་རྩ་སྟེ། “གྲལ་རིམ་བཤུ་གཞོག་དང་གྲལ་རིམ་འགལ་ཟླ་”མེད་པ་བཟོས་ཐོག བོད་ལྗོངས་ཁུལ་གྱི་མི་རིགས་འབྲེལ་བ་ལ་ལོ་རྒྱུས་རང་བཞིན་གྱི་དམངས་གཙོའི་བཅོས་བསྒྱུར་ཁྲོད་འཕོ་འགྱུར་རླབས་ཆེན་བྱུང་ཞིང་།  བཤུ་གཞོག་དང་འགལ་ཟླའི་མི་རིགས་ཀྱི་འབྲེལ་བ་དེ་ཡང་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཀྱི་རྣམ་པ་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་བྱུང་ཡོད། དུས་རབས་གསར་པ་དང་བསམ་བློ་གསར་པའི་འོག ང་ཚོས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རླབས་ཆེན་གྱི་ལག་ལེན་གྲུབ་འབྲས་དང་དམངས་གཙོའི་བཅོས་བསྒྱུར་གྱིས་བོད་ལྗོངས་ཀྱི་མི་རིགས་འབྲེལ་བར་འཕོ་འགྱུར་རླབས་ཆེན་བྱུང་བའི་ལོ་རྒྱུས་ཀྱི་ཕན་ནུས་སེམས་ལ་དམ་པོར་བཅངས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་གྱིས་ཧུར་བརྩོན་ཆེན་པོས་“འདྲ་མཉམ་དང་མཐུན་སྒྲིལ།  ཕན་ཚུན་རོགས་རམ། འཆམ་མཐུན་”བཅས་ཀྱི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཐུན་མོང་ཐོག་གོང་འཕེལ་གྲ་རྒྱས་དང་།  ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་དུ་འབད་འཐབ་བྱེད་དགོས། །
       མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
       ① ཞི་ཅིན་ཕིང་། 《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཚོགས་ཆེན་ཐོག་གི་གསུང་བཤད་》མི་དམངས་ཉིན་རེའི་ཚགས་པར། ༢༠༡༡ལོའི་ཟླ་༧ཚེས་༢༠
       ② མར་ཁེ་སི་དང་ཨེན་ཀི་སི། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》ཞེས་པ་ནི་《མར་ཁེ་སི་དང་ཨིན་ཀི་སིའི་གསུང་རྩོམ་གཅེས་བསྡུས་》ནང་འཁོད། མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
       ③ ཅིན་པིང་ཀའོ། 《མི་རིགས་འབྲེལ་བའི་རིགས་པའི་གཞུང་ལུགས་སྤྱི་བཤད་》ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༠༧ལོ།
       ④ པདྨ་མཚོ། 《དམངས་གཙོའི་བཅོས་བསྒྱུར་དང་བོད་ཀྱི་ལོ་རྒྱུས་འཕོ་འགྱུར་ཆེན་པོ་》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག་》རྒྱ་ཡིག་དཔར་མ། ༢༠༡༨ལོའི་དུས་དེབ་གསུམ་པར་འཁོད།
       ⑤ ཅང་བིང་། ཧོང་ཀྲུའུ་སོགས། 《ཀྲུང་གོའི་མི་རིགས་གནད་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་》ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་།
       ⑥ མི་དམངས་དྲ་བ། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་》
       ⑦ ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བོད་ཀྱི་ལས་དོན་སྐོར་གྱི་ཡིག་ཚང་བདམས་བསྒྲིགས་》(༡༩༤༩ནས་༢༠༠༠ལོ་)ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༠༥ལོ།
       ⑧ ཅིན་པིང་ཀའོ། 《ཀྲུང་གོའི་མི་རིགས་རིགས་པའི་གཞུང་ལུགས་སྐོར་གྱི་བགྲང་བྱ་ཉི་ཤུའི་(༡༩༧༨ནས་༡༩༩༨ལོ་)ཞིབ་འཇུག་》ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༠༠ལོ།
       ⑨ ཧོང་ཀོང་ཞོལ། ཧྲི་ལན་ཀྲུའུ། 《ཀྲུང་གོ་གསར་པའི་མི་རིགས་འབྲེལ་བ་》ཤ་མན་དཔེ་སྐྲུན་ཁང་། ༡༩༩༩ལོ།
       ⑩ ཀྲའུ་ཨེན་ལའེ། 《མི་རིགས་ལས་དོན་གྱི་གྲུབ་འབྲས་དང་ལས་འགན་》རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་ནས་བསྐྲུན། 《ཀྲུང་གོ་གུང་ཁྲན་ཏང་གི་གཙོ་བོའི་དབུ་ཁྲིད་རྣམ་པས་མི་རིགས་ཀྱི་འབྲེལ་བའི་སྐོར་གླེང་བ་》མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༤ལོ།
       ⑾ ཧོང་ཀོང་ཞོལ། ལིའི་ཧུང་ལད་སོགས། 《དེང་སྐབས་ཀྲུང་གོའི་མི་རིགས་ལས་དོན་》དེང་སྐབས་ཀྲུང་གོའི་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༣ལོ།
       ⑿《བོད་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་》རྩོམ་འབྲི་ཁང་། 《ཞིང་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་》ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་བོད་རིག་པའི་དཔྱད་ཡིག་དྲ་བ།
       ⒀ ང་ཕོད་ངག་དབང་འཇིགས་མེད། 《བརྗེད་པར་དཀའ་བའི་༡༩༥༩ལོ།—བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག》རྒྱ་ཡིག་དཔར་མ། ༡༩༩༩ལོའི་དུས་དེབ་གཉིས་པ།
       ⒁《བོད་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་》རྩོམ་འབྲི་ཁང་། 《འབྲོག་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་》ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་བོད་རིག་པའི་དཔྱད་ཡིག་དྲ་བ།
       ⒂《བོད་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་》རྩོམ་འབྲི་ཁང་། 《དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་》ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་བོད་རིག་པའི་དཔྱད་ཡིག་དྲ་བ།
       ⒃ ཀྲའུ་ཨེན་ལེ། 《པཎ་ཆེན་ཨེར་ཏེ་ནི་དང་གླེང་མོལ་བྱས་པ་》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས་བསྒྲིགས་པའི་《བོད་ཀྱི་ལས་དོན་སྐོར་གྱི་ཡིག་ཚང་བདམས་བསྒྲིགས་(༡༩༤༩ནས་༢༠༠༥ལོ་》ནང་འཁོད། ཀྲུང་གུང་ཡིག་ཚང་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༠༥ལོ།
       ⒄ 《བོད་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་》རྩོམ་འབྲི་ཁང་། 《གྲོང་ཁྱེར་གྲོང་རྡལ་དང་མཐའ་མཚམས་ཁུལ་གྱི་དམངས་གཙོའི་བཅོས་བསྒྱུར་》ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་བོད་རིག་པའི་དཔྱད་ཡིག་དྲ་བ།
       ⒅ ཝང་གྲེན། 《བོད་ཀྱི་ཤེས་བྱའི་སྐོར་གྱི་ལས་བྱེད་པའི་ཀློག་དེབ་》མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ལོ།
       ⒆ཡང་ཧྥུའུ་ཅིང་། 《བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ཚན་ཞིབ་དོ་དམ་པུའུ་ནས་བསྒྲིགས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཞིབ་འཇུག་》(སྟོད་ཆ)ནང་འཁོད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་། ༢0༡༤ལོ།
       ⒇མའོ་ཙེ་ཏུང་། 《 པཎ་ཆེན་ཨེར་ཏེ་ནི་དང་གླེང་མོལ་བྱེད་པ་》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་ནས་བསྒྲིགས་པའི་《མའོ་ཙེ་ཏུང་གི་མི་རིགས་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་》ནང་འཁོད། ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ།
       ﹙21﹚མའོ་ཙེ་ཏུང་། 《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་ནས་བསྒྲིགས་པའི་《མའོ་ཙེ་ཏུང་གི་མི་རིགས་ལས་དོན་སྐོར་གྱི་གསུང་རྩོམ་གཅེས་བསྡུས་》ནང་འཁོད། ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ།
       ﹙22﹚ཧའོ་ཧྲེ་ཡོན། 《ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་གནདདོན་ཐག་གཙོད་བྱེད་ཕྱོགས་སྐོར་》ཅང་ཤིའི་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ལོ།
       ﹙23﹚ཝང་རྨའོ་ཞ། 《ཏེང་ཞའོ་ཕིང་དང་བོད་ཀྱི་ལས་དོན་སྐོར། —ཞི་བའི་བཅིངས་འགྲོལ་ནས་བསྒྱུར་བཅོས་སྐོ་དབྱེའི་བར་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོ།
       ﹙24﹚ཁྲེན་ཡ་ལན། 《མར་ཁེ་སི་རིང་ལུགས་ཀྱི་མཐོང་རྒྱའི་ཁྲོད་ཀྱི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག་》རྒྱ་ཡིག་དཔར་མ། ༢༠༡༨ལོའི་དུས་དེབ་གཉིས་པར་འཁོད།
       ﹙25﹚ཝང་ཁྲུན་ཧོན། 《མར་ཁེ་སི་རིང་ལུགས་བོད་དུ་དྲིལ་བསྒྲགས་ཁྱབ་སྤེལ་དང་ཤུགས་རྐྱེན་ཇི་ལྟར་བྱུང་བའི་སྐོར་》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག་》རྒྱ་ཡིག་དཔར་མ། ༢༠༠༨ལོའི་དུས་དེབ་གཉིས་པ།
       ﹙26﹚ཞི་ཅིན་ཕིང་། 《མར་ཁེ་སི་འཁྲུངས་ནས་ལོ་ངོ་༢༠༠འཁོར་བའི་ཚོགས་ཆེན་ཐོག་གི་གསུང་བཤད་》
འབྲེལ་ཡོད་འོས་སྦྱོར།