logo

༄༅།།《དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ》ཞེས་པའི་རྩིས་ལུགས་རྣམ་བཞིའི་ཐབས་ལམ་ལ་དཔྱད་པ།

རྩོམ་པ་པོ།: བཀྲ་ཤིས་ཚེ་དབང་། ཡོང་ཁུངས།:བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། དུས་ཚོད།:2021-06-02 ཀློག་གྲངས།:
གནད་བསྡུས། བོད་ཀྱི་སྲོལ་རྒྱུན་རྡེལ་རྩིས་ལ་ཞིབ་འཇུག་བྱེད་པར་དགུ་མཐའི་ནང་དོན་ནི་མེད་དུ་མི་རུང་བ་ཞིག་ཡིན། དཔྱད་རྩོམ་འདིར་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་ཆེས་རྨང་གཞིར་གྱུར་པའི་དགུ་མཐའ་དང་། བོད་ཀྱི་དཀར་ནག་རྩིས་ཀྱི་རྩ་བར་གྱུར་པ་ས་རིས་ཀྱི་རྩིས་ལུགས་རྣམ་བཞིའི་ཐབས་ལམ་《དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ》ཞེས་པའི་གཞུང་དོན་གྱི་ཚིག་སྒྲོས་བཞིན་དཔེར་བརྗོད་བཀོད་དེ་གསལ་འགྲེ ལ་བྱས་འདུག
གནད་ཚིག དགུ་མཐའ། ཐབས་ལམ། རྩིས་ལུགས་རྣམ་བཞི།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] O112 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-181-07
         སྲོལ་རྒྱུན་ནི་གསར་གཏོད་ཀྱི་རྨང་གཞི་ཡིན་ལ། སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་དམིགས་ཡུལ་ནི་གསར་གཏོད་དང་འཕེལ་རྒྱས་ཀྱི་ཆེད་དུ་ཡིན། བོད་ཀྱི་སྲོལ་རྒྱུན་སྐར་རྩིས་རིག་པ་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཡིན་ཞིང་། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཁར་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རིག་གནས་ཤིག་ཀྱང་ཡིན། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་ཀྱི་སྔོན་བྱོན་མེས་པོ་ཚོས་གྲང་ངར་གྱི་ས་མཐོའི་གནམ་གཤིས་དང་རང་བྱུང་ཁོར་ཡུག་གི་འགོག་རྐྱེན་ལ་འཐབ་རྩོད་བྱས་མཐར་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བར་ཕན་པའི་ཚན་རིག་ལག་རྩལ་སྣ་ཚོགས་གསར་གཏོད་བྱས་ཡོད་ལ། ཚན་རིག་ལག་རྩལ་དེ་དག་གི་ཁྲོད་ནས་རྩིས་རིག་གི་བསམ་བློ་ནི་དེའི་ནང་གི་ཆ་ཤས་ཤིག་ཡིན། སྐབས་བབས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩིས་རིག་གཞུང་ལུགས་ལས་ས་རིས་ཐབས་བཞིའི་རྩིས་རྒྱག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ནི་གལ་འགངས་ཆེས་ཆེར་མཐོང་ནས། འདིར་《དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ》①ཞེས་པའི་ཚོག་དོན་གྱི་འགྲོས་དང་བསྟུན་ཏེ་རྣམ་བཞིའི་རྩིས་ལུགས་དཔེ་འགའི་ལམ་ནས་མདོར་བསྡུས་གླེང་བར་འདོད།
དང་པོ། བོད་ཀྱི་སྲོལ་རྒྱུན་དགུ་མཐའ།
         དགུ་མཐའ་ནི་ཐབས་བཞིའི་རྩིས་རྒྱག་གི་རྨང་གཞི་ཞིག་ཡིན་ལ། རྩིས་རིག་ཀུན་ལ་འཇུག་པའི་སྒོ་ཆེན་ཞིག་ཀྱང་ཡིན། 《དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ》ཞེས་པའི་བྱུང་བ་བརྗོད་པའི་ཡིག་ལམ་ད་ལྟ་འདྲེན་བྱེད་ཡུལ་དུ་མི་གསལ་ཡང་གཞུང་འདིའི་མཇུག་བསྡུའི་གཏམ་དུ་“འདི་རྣམས་ནི་རྗེ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་མཐའི་རྣམ་བཤད་ལས་བསྡུས་ཏེ་བྲིས་པ་ཡིན་ནོ། དེ་ལྟར་ན་དགུ་མཐའ།དུས་ཉི་མ།མདའ་ཡོན་ཟླ་བ།རི་མཁའ་རིའི་རི་མོ་བྱ་ཚུལ་དང་། གྲངས་ཀྱི་བརྡ་ཆད།དེ་ཉིད་ཉེར་ལྔ། ཡོན་ཏན་གསུམ་རྣམས་གོ་སླ་བར་བསྡུས་ཏེ་བརྗོད་ཟིན་ཏོ།”② ཞེས་འཁོད་པར་གཞིགས་ན་རྩིས་རིག་གསར་དུ་སློབ་པ་ལ་ཉེ་བར་མཁོ་བ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་འདི་ནི་རྗེ་ཐམས་ཅད་མཁྱེན་པ་ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡེ་རྗེས་(1717-1786)མཛད་པའི《གྲུབ་མཐའི་རྣམ་བཤད》ལས་བསྡུས་ཏེ་བྲིས་པ་ཞིག་ཡིན་པ་ར་སྤྲོད་བྱ་ནུས། དཔྱད་ཡིག་འདིའི་ནང་དགུ་མཐའི་སྒྲིག་སྟངས་ཀྱི་ཁྱད་ཆོས་ནི་གྲངས་ཀ་ཆེ་བ་ནས་ཆུང་བའི་བར་གྱི་གོ་རིམ་ལྟར་སྒྲིག་ཅིང་། བརྗེ་རེས་ངེས་སྲོལ་དང་སྦྲགས་མན་ངག་ལམ་ནས་བགྲངས་ཤིང་སྦྱོང་མཁན་རྣམས་ལ་བློ་འཛིན་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དཔེར་ན། བརྒྱད་ཀྱི་མན་ངག་ལ་བརྒྱད་གཅིག་གཅིག་བརྒྱད་བརྒྱད་ཡིན་ལ་ཞེས་པ་ནས་བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ་ཞེས་པ་དང་། གསུམ་གྱི་མན་ངག་ལ་གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན་ཞེས་པ་ནས་གསུམ་གསུམ་ལ་ནི་དགུ་ཡིན་ནོ་ཞེས་གྲངས་ཀ་གཅིག་མཐུན་ཐོག་ནས་མཚམས་བཞག་ཡོད་ཅིང་། གཞན་རྣམས་ཀྱང་དེ་དང་རིགས་འདྲ་བའོ། །རྩ་ཚིག་གི་གོ་དོན་ལག་ལེན་བྱ་ཚུལ་ནི་ཚིག་དེར་བརྒྱད་གཅིག་གཅིག་བརྒྱད་ཅེས་པ་ནི་བརྒྱད་ཀྱིས་གཅིག་བསྒྱུར་བ་དང་གཅིག་གིས་བརྒྱད་བསྒྱུར་བ་གཉིས་ཀ་བརྒྱད་རང་ཡིན་ལ་གྲངས་མང་ཉུང་ལ་འགྱུར་བ་མེད་དོ། །དེ་བཞིན་དུ་བརྒྱད་ཀྱིས་གཉིས་དང་གཉིས་ཀྱིས་བརྒྱད་བསྒྱུར་བ་བཅོ་དྲུག་ཡིན་པ་སོགས་ཤེས་པར་བྱ་ཞིང་། བརྒྱད་ཀྱིས་གཅིག་བསྒྱུར་བ་ནི་མང་པོས་ཉུང་ངུར་བསྒྱུར་བ་ཡིན་ལ། གཅིག་གིས་བརྒྱད་ལ་བསྒྱུར་བ་ནི་ཉུང་བས་མང་བར་བསྒྱུར་བ་ཡིན། བརྒྱད་ཀྱིས་བརྒྱད་བསྒྱུར་བ་ནི་མཉམ་པས་མཉམ་པར་བསྒྱུར་བ་ཡིན་པས་གཞན་རྣམས་ཀྱང་དེ་བཞིན་ཡིན་ནོ། །
གཉིས་པ། བོད་ཀྱི་སྲོལ་རྒྱུན་རྩིས་ལུགས་རྣམ་བཞིའི་རྩིས་རྒྱག་གི་ཐབས་ལམ་བཤད་པ།
         རྩ་ཚིག་ལས། “རྩིས་རིག་སློབ་པ་ལ་ཐོག་མར་རི་མོའི་ལག་ལེན་ལ་བྱང་དགོས་ལ། འབྲི་བགྲང་སོགས་བྱ་ཚུལ་ནི། འབྲི་བགྲང་སྣོ ན་པ་རང་གི་གཡས། །བསྒྱུར་བགོད་འཕྲི་བ་གཡོན་ནས་བརྕམ། །བསྒྱུར་བྱེད་མཐའ་ཡི་ཐིག་ལེ་རྣམས། །བསྒྱུར་བྱ་དེ་ཡི་བྲལ་མཐར་བཀོད། །བསྒྱུར་བྱ་སྟོང་པར་བསྒྱུར་རྒྱུ་མེད། །བསྒྱུར་བྱེད་སྟོང་ན་བསྒྱུར་གཞི་དབྱི། །བསྒྱུར་བགོད་བར་སྟོང་ཐིག་ལེས་འཛིན། །བསྒྱུར་གཞིའི་འོག་ཏུ་བསྒྱུར་བྱེད་ཀྱིས། །ཐ་མ་བཞག་ནས་རིམ་བཞིན་བསྒྱུར། །གཅིག་གིས་བསྒྱུར་ལ་འཕེལ་འགྲིབ་མེད། །བསྒྱུར་བའི་དོན་ནི་བསྒྱུར་བྱ་དེ། །བསྒྱུར་བྱེད་གྲངས་སུ་སྤེལ་བའོ། །བགོད་ལ་རྐྱང་དང་སྦྲགས་མ་གཉིས། །སྦྲགས་བགོད་འོག་མའི་ཚོད་དང་སྦྱོར། །བགོད་བྱེད་མཐའ་དབུས་ཐིག་ལེ་རྣམས། །རང་གནས་འཛིན་ལས་བགོད་ནུས་མེད། །མ་ཐོབ་ནོར་སྐལ་ཐིག་ལེ་བྱིན། །བགོད་བྱེད་སྟོང་ན་བགོ་བྱ་མེད། །བགོད་པའི་དོན་ནི་བགོ་བྱ་དེ་། །བགོད་བྱེད་གྲངས་སུ་སྡུད་པ་ཡིན། །གོང་དུ་གཅིག་འཕར་བཅུར་འགྱུར་ཏེ། །བརྒྱ་སོགས་རིམ་པས་ཤེས་པར་ནུས། །འཕྲི་དུས་བཅུ་སོགས་རིམ་པར་ཕབ། །ལྷག་དེ་རང་རང་གནས་སུ་བཞག །ཐིག་ལེ་གྲལ་འགོར་འབྱུང་མི་སྲིད། །རབ་འབྱམས་ཤེས་བྱ་ཀུན་བརྩི་ཡང་། །བསྒྱུར་བགོད་ཐམས་ཅད་དེ་ལྟར་ཡིན། །”③ཞེས་པ་ལྟར་དཔེར་ན་གྲངས་ཀ་403ལྟ་བུ་འབྲི་བ་དང་བགྲངས་དུས་དེ་ནི་མེ་མཁའ་རྒྱ་མཚོ་ཞེས་མེ་ནི3དང་། མཁའ་ནི་0 རྒྱ་མཚོ་ནི་4ལྟར་གཡས་ནས་གཡོན་དུ་གྲངས་ཀ་403གྱི་གོ་རིམ་བཞིན་འབྲི་བ་ལྟ་བུའོ། །དཔེར་ན་མདའ་ཡོན་ཟླ་བ་ཞེས་པའི་མདའ་ནི་5དང་། ཡོན་ནི་3ཟླ་བ་ནི་1གི་མིང་ཡིན་ཞིང་། བརྒྱ་སོ་ལྔའི་གོ་རིམ་ལྟར་མི་བརྗོད་པར་ལྔ་ནས་ཡར་བཟློ ག་སྟེ ་བརྗོད་པ་ལྟ་བུ་དང་གྱེན་དུ་བགྲངས་བའོ། བསྲེ་བ་ནི་རང་གི་གཡས་ཕྱོགས་ནས་གཡོན་ཕྱོགས་སུ་རྩི་དགོས་ཤིང་། བསྒྱུར་བ་དང་། བགོས་པ། འཕྲི་བ་གསུམ་ནི་རང་གི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་བརྩམ་དགོས་པ་ཤེས་པར་བྱའོ། །སྒྱུར་བྱེད་ཀྱི་མཐའམ་གཅིག་གནས་ལ་སོགས་པར་ཐིག་ལེ་ཡོད་པ་རྣམས་ནི་བསྒྱུར་བྱ་དེ་གའི་གྲལ་མཐའི་མཇུག་ཏུ་བཀོད་དེ་བསྒྱུར་བར་བྱ། བགོད་བྱེད་ཀྱི་གཅིག་གནས་ལ་སོགས་པར་ཐིག་ལེ་ཡོད་ན་དེས་བགོ་བྱའི་མ་མཐའི་གནས་རྣམས་བཀག་གོ །བསྒྱུར་བྱ་སྟོང་པའམ་ཐིག་ལེ་ཡིན་ན་བསྒྱུར་གཞི་འཕྱིས་ཏེ་ཐིག་ལེ་བཀོད་དགོས་སོ། །བསྒྱུར་བའི་གོ་དོན་ནི་གང་བསྒྱུར་བྱའི་གྲངས་དེ་སྒྱུར་བྱེད་གྲངས་ཀས་ལྡབ་འགྱུར་དུ་སྤེལ་བའོ། །གྲངས་གཅིག་གི་བསྒྱུར་བ་ལ་མང་ཉུང་མེད་པར་རང་ཉིད་ཡིན་ལ། གྲངས་གཉིས་གསུམ་ལ་སོགས་པས་བསྒྱུར་ན་གྲངས་ཀ་གོང་དུ་འཕེལ་ལོ། །བསྒྱུར་བྱའམ་སྒྱུར་བྱེད་དང་བགོད་བྱེད་ཀྱི་བར་གྱི་གནས་དེ་ཐིག་ལེས་འཛིན་ཞིང་། བགོད་བྱེད་ཀྱི་མཐའམ་གཅིག་གནས་དང་དབུས་སམ་དཀྱིལ་དུ་ཐིག་ལེ་ཡོད་ན། རང་ཉིད་ཀྱི་གནས་འཛིན་པ་ལས་བགོས་པའི་ནུས་པ་མེད། བགོས་བྱེད་ལ་མ་ཐོབ་པའམ་མ་འདང་ན་ཐོབ་སྐལ་དུ་ཐིག་ལེ་སྟེར་བའོ། །བགོས་པ་ལ་རྐྱང་བགོས་དང་སྦྲགས་བགོས་གཉིས་ཡོད་ཅིང་། རྐྱང་བགོས་ནི་དགུ་མན་ཆད་ཀྱི་གྲངས་ཀྱི་བགོས་པ་ལ་ཅི་ཙམ་ཐོབ་ན་དེ་ཙམ་སྟེར་བ་དང་། བཅུ་གཅིག་ལྟ་བུ་གྲངས་སྦྲགས་ནས་བགོས་པ་ནི་སྦྲགས་བགོས་ཡིན་ལ། བགོ་བྱས་མི་འདང་བའི་ཚེ་དེའི་ཚོད་དང་སྦྱར་ནས་བགོ་དགོས་པ་ལྟར་བགོས་བྱེད་ཀྱི་བགོ་གཞི་སོ་སོར་མི་བགོ་བར་སྦྲགས་མའི་གྲངས་འོག་མ་དང་བསྟུན་ནས་བརྩི་དགོས་པ་ཡིན་ནོ། འཕྲི་དུས་སམ་གསིལ་བའི་སྐབས་སུ་མ་འདང་ན་བཅུ་གནས་ནས་གནས་ཕབ་སྟེ་འཕྲི་བ་དང་། བཅུ་གནས་ནས་གནས་ཕབ་པ་དེས་ཀྱང་མ་འདང་ན་བརྒྱ་གནས་ནས་གནས་ཕབ་སྟེ་འཕྲི་བའི་ལྷག་མ་དེ་རང་རང་གནས་སུ་འཇོག་དགོས། ཐིག་ལེ་ནི་གནས་ཀྱི་གྲལ་འགོར་འབྱུང་མི་སྲིད་ལ་སོགས་པའི་མཐའ་ཡས་པའི་ཤེས་བྱ་ཐམས་ཅད་བརྩི་ནའང་བསྒྱུར་བ་དང་བགོས་པ་ཐམས་ཅད་དེ་ལྟར་ཡིན་ནོ། །སྤྱིར་ན་བསྒྱུར་བ་ནི་གྲངས་མང་པོར་སྤེལ་བ་དང་། བགོས་པ་ནི་གྲངས་ཉུང་ངུར་བསྡུས་པ་དང་། བསྲེ་བ་ནི་གྲངས་གཞན་ནས་བསྣན་པ་དང་། འབྲིད་པ་ནི་གྲངས་ལ་ཕྲིས་ནས་དོར་བ་ཡིན།
གསུམ་པ། བོད་ཀྱི་སྲོལ་རྒྱུན་རྩིས་ལུགས་རྣམ་བཞིའི་རྩིས་རྒྱག་ངོ་སྤྲོད།
         གཅིག བསྲེ་རྩིས་རྩི་ཐབས།
         སྤྱིར་བསྲེ་བ་ནི་གྲངས་སོ་སོར་གནས་པ་རྣམས་གཡས་ནས་བརྩམས་ཏེ་གཅིག་ཏུ་བསྡོམས་པའི་ཆེད་ཡིན་ལ། དེ་ནི་གྲངས་གཉིས་སམ་གཉིས་ལས་མང་བའི་གྲངས་བསྲེས་ནས་ཁྱོན་བསྡོམས་གྲངས་ཇི་ཙམ་ཡིན་པ་འཚོལ་བར་གོ་དགོས་ཀྱི་ཡོད།
         1.གཅིག་གནས་གྲངས་ཕན་ཚུན་བསྲེ་བའི་ཐབས་ཤེས།
         དཔེར་ན། 3+7+1ལྟ་བུར་མཚོན་ན།
         གོང་གི་གྲངས་གསུམ་སྣོ ན་ཚེ། འོག་མ་7དང་1ནི་བསྲེ་རྒྱུ་དང་སྟེ ང་མ་3ནི་བསྲེ་གཞི་ཡིན། འོག་མ་ནས་གྱེན་དུ་བསྲེ་བའི་ཚེ་1དང་7བསྲེ་བས་8ཅེས་བརྗོད་ཅིང་གཉིས་པོ་བསུབ་ནས་བདུན་གྱི་གནས་སུ་བརྒྱད་འབྲི་དགོས། བརྒྱད་གསུམ་ལ་བསྲེས་ནས་བཅུ་གཅིག་ཅེས་བཅུ་གོང་དང་གཅིག་གནས་སུ་བརྗོད་ཅིང་བསུབ་འབྲི་བྱ།
         ས་གཞོང་ནང་གི་རྩི་ཐབས་གཤམ་གསལ།
 
         2.གནས་མང་གྲངས་ཕན་ཚུན་བསྲེ་བའི་ཐབས་ཤེས།
         དཔེར་ན། 136+257 ལྟ་བུར་མཚོན་ན།
         སྔོན་ལ་136དང་257གཤམ་གསལ་ལྟར་ས་གཞོང་དུ་བཀོད་ཅིང་། 136ནི་བསྲེ་གཞི་དང་257ནི་བསྲེ་རྒྱུ་ཡིན། 6དང་7བསྲེས་ན་13ཞེས་པ་ལྟར་6དང7བསུབ་ནས་གནས་གོང་མ་3དང་5ཡི་འོག་ཏུ་གཅིག་བྲིས་པ་དང་བདུན་དྲུག་གི་སྟེང་དུ་3བྲིས་ནས་དེ་རྗེས་གསུམ་ལྔ་གཅིག་བསྲེ་བས་9ཞེས་གསུམ་ལྔ་གཅིག་བསུབ་ཅིང་དེའི་བཅུ་གནས་སྟེང་དུ་9འབྲི་དགོས་ལ། གཅིག་གཉིས་བསྲེ་བས་གསུམ་ཞེས་གཅིག་གཉིས་བསུབ་ནས་བརྒྱ་གནས་སྟེ ང་དུ་གསུམ་འབྲི་དགོས། དེ་ལྟར་བརྩིས་ཟིན་པས་དེའི་ཐོབ་གྲངས་ནི་393ཡིན།
         ས་གཞོང་ནང་གི་རྩི་ཐབས་གཤམ་གསལ།
 
         གཉིས། སྒྱུར་རྩིས་རྩི་ཐབས།
         སྒྱུར་བ་ནི་གྲངས་ཤིག་གི་ལྡབ་གྲངས་འཚོལ་བའི་ཐབས་ཤེས་ཤིག་ཡིན་ལ། དེ་ནི་གཡོན་ནས་བརྩམས་ཏེ་བསྒྱུར་དགོས་ཤིང་ཐོག་མར་གཅིག་གི་འོག་ཏུ་དགུ་འབྲི། དེ་ལ་སྔར་ནས་བྲིས་པའི་གཅིག་དེ་ནི་བསྒྱུར་གཞི་ཡིན་ལ་དེའི་འོག་ཏུ་བྲིས་པའི་དགུ་ནི་བསྒྱུར་བྱེད་ཡིན་ནོ། དེར་བརྟེན་ང་ཚོས་ཤེས་གསལ་ལྟར་དགུས་གཅིག་བསྒྱུར་ན་དགུ་རང་དུ་འགྱུར་བས་ངག་ཏུ་དགུ་གཅིག་གཅིག་དགུ་དགུ་རང་ཡིན་ཞེས་བརྗོད་ཅིང་དགུ་དང་གཅིག་གཉིས་ཀ་བསུབ་ནས་གཅིག་གནས་སུ་དགུ་འབྲི་བ་དང་། འདིར་ངག་ཏུ་གྲངས་བརྗོད་པ་ནི་ཁ་ལག་གཉིས་ཀ་བྱང་བའི་ཕྱིར་ཡིན་ལ་འོག་མ་ཐམས་ཅད་ལ་དེ་ལྟར་ཡིན།
         དཔེར་ན། 12×9ལྟ་བུར་མཚོན་ན།
         སྔོན་ལ་བསྒྱུར་གཞི་12ས་གཞོང་དུ་འབྲི་ཞིང་དེ་རྗེས་སྒྱུར་བྱེད་9དེ་1གི་འོག་ཏུ་བྲིས་རྗེས་1དང་9བསྒྱུར་ན་9ཐོབ། 1དང་9བསུབ་རྗེས་བཅུ་གནས་1གི་སྟེང་དུ་9བྲིས། སྒྱུར་བྱེད་9དེ་2ཀྱི་འོག་ཏུ་བྲིས། 2དང་9བསྒྱུར་ན་བཅོ་བརྒྱད་ཡིན་ལ་2དང་9བསུབ་ནས་1དེ་བཅུ་གནས་ཀྱི་འོག་ཏུ་བྲིས་ཤིང་། 8དེ་གཅིག་གནས་ཀྱི་སྟེ ང་དུ་འབྲི་དགོས། དེ་རྗེས་གནས་སོ་སོའི་གྲངས་སྣོ ན་ན་108ཐོབ།
         ས་གཞོང་ནང་གི་རྩི་ཐབས་གཤམ་གསལ།
 
         གསུམ། འཕྲི་རྩིས་རྩི་ཐབས།
         འཕྲི་རྩིས་ནི་གྲངས་ཤིག་གི་འབོར་གྲངས་ལས་གྲངས་གཞན་ཞིག་གི་འབོར་གྲངས་འཕྲི་རྗེས་ལྷག་མར་ལུས་པའི་འབོར་གྲངས་འཚོལ་བའི་རྩི་ཐབས་ཤིག་ལ་ཟེར། འཕྲི་རྩིས་ནི་གོང་གི་བསྲི་རྩིས་དང་མི་འདྲ་བར་གཡོན་ནས་གཡས་སུ་བརྩི་བའི་ཐབས་ཤེས་ཤིག་ཡིན་ལ། གལ་ཏེ་འཐེན་བྱའི་གྲངས་དེ་འཐེན་བྱེད་གྲངས་ལས་ཆེ་བ་ཡོད་ཚེ་གནས་གོང་མ་ནས་གཅིག་གཡར་ཏེ་རྩིས་རྒྱག་བྱ་རྒྱུ་ཡིན།
         དཔེར་ན། 597 −89ལྟ་བུར་མཚོན་ན།
         སྔོན་ལ་597བྲིས་རྗེས་གྲངས་དེའི་བཅུ་གནས་ནས་89ཡིས་བཅུ་གནས་འཐེན་རྗེས་1ཐོབ། དེ་འཐེན་བྱའི་གྲངས་9ཡི་སྟེ ང་དུ་འབྲི་རྒྱུ་དང་། འཐེན་བྱའི་གྲངས་9དང་འཐེན་བྱེད་གྲངས་8བསུབ་ཅིང་། དེ་རྗེས་འཐེན་བྱའི་གྲངས་དེ་517ལ་འགྱུར་ཞིང་། 7ནས་9འཐེན་ན་མི་འདང་བས་གནས་གོང་མ་ན་1གཡར་རྗེས་འཐེན་ན་ལྷག་གྲངས་508ཐོབ།
         ས་གཞོང་ནང་གི་རྩི་ཐབས་གཤམ་གསལ།
 
         བཞི། བགོད་རྩིས་རྩི་ཐབས།
         བགོད་རྩིས་ནི་སྒྱུར་རྩིས་དང་འཐེན་རྩིས་བེད་སྤྱད་ནས་གྲངས་ཀ་ཞིག་ཆ་ཁ་ཤས་ལ་བགོས་ན་ཆ་རེར་ག་ཚོད་ཡིན་པ་འཚོལ་བའི་རྩི་ཐབས་ཤིག་ཡིན། དེ་ནི་གཡོན་ནས་བརྩམས་ཤིང་བགོ་གཞི་དང་བགོད་བྱེད་ལ་བརྟེ ན་ནས་ཆ་ག་ཚོད་ཐོབ་པ་གཏན་འཁེལ་བྱ་བ་ཞིག་ཡིན།
         དཔེར་ན། 4179 ÷ 7 ལྟ་བུར་མཚོན་ན།
         སྔོན་ལ་བགོད་བྱེད་གྲངས་7དེ་བགོ་གཞིའི་གྲངས་ཀྱི་གཡོན་ངོས་སུ་བྲིས་ནས་གཡས་ངོས་སུ་4179བྲིས་རྗེས་བདུན་ལྔ་སོ་ལྔ་ཞེས་བགོས་ཐོབ་5བཀོད་ཅིང་། བགོ་གཞི་679ལ་འགྱུར། བདུན་དགུ་དྲུག་ཅུ་གསུམ་ཞེས་བགོས་ཐོབ་9བཀོད་ཅིང་བགོ་གཞི་49ཡིན། བདུན་བདུན་ཞེ་དགུ་ཞེས་བགོས་ཐོབ་7སྤྲད་རྗེས་ལྷག་གྲངས་མེད་པས་ཐོབ་གྲངས་ནི་597ཐོབ།
         ས་གཞོང་ནང་གི་རྩི་ཐབས་གཤམ་གསལ།
བཞི་པ། མཇུག་བསྡུའི་གཏམ།
         བོད་ཀྱི་རྩིས་གཞུང་རིག་པའི་རྩིས་རྒྱག་དངོས་ཀྱི་ནང་དགུ་མཐའ་བྱང་ཆུབ་པོས་བེད་སྤྱོད་ཐུབ་པའི་ཐོག་སྣོན་འཐེན་སྒྱུར་བགོད་ཀྱི་ཐབས་བཞིའི་རྩིས་རྒྱག་སྦྱངས་བརྩོན་མཐར་ཕྱིན་པ་ཞིག་ཡོང་བ་བྱེད་དགོས་ལ། 《དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ》ཞེས་པ་ལས་“རྩིས་རིག་སློབ་པ་ལ་ཐོག་མར་རི་མོའི་ལག་ལེན་ལ་བྱང་དགོས”ཞེས་པ་དང་། དེའི་གཞུང་ལུགས་ཚུལ་བཞིན་ཤེས་དགོས་ན་“ལུས་ཀྱི་ལག་ས་རིས་དང་མ་བྲལ། ངག་དགུ་མཐའ་དང་མ་བྲལ། ཡིད་གནས་གཞན་དང་མ་བྲལ”ཞེས་གསུངས་པ་ལྟར་ལུས་ངག་ཡིད་གསུམ་མ་བྲལ་བ་གསུམ་གྱི་རྩ་དོན་ཐོག་ནས་དགུ་མཐའ་དང་སྒྱུར་བགོད་འཕྲི་སོགས་ཀྱི་རྩིས་རྒྱག་ཤེས་བྱ་བྱང་ཆུབ་པ་སྦྱངས་ཏེ་བོད་ཀྱི་ཤེས་རིག་དང་དཔལ་འབྱོར་འཕེལ་རྒྱས་ཐོག་ལ་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུར་འབད་བརྩོན་གནང་གལ་ཆེ་ཞེས་ཞུའོ། །
         མཆན་དང་དཔྱད་གཞིའི་ཡིག་རིགས།
         [1] ལྕང་སྐྱ་རོལ་པའི་རྡོ་རྗེ། གྲུབ་མཐའི་རྣམ་བཤད། (དེ་ལས་བཏུས་པར་གསུངས་ཀྱང་འདིར་ཁོ་བོས་དཔེ་གཟུགས་དཔར་སློག་གཞིར་བྱས་པ་ཡིན།)(ནང་ཁུལ་དཔེ་ཆ།)
         [2] དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ནང་ཁུལ་དཔེ་ཆ་དཔར་སློག ཤ25
         [3] དགུ་མཐའ་སོགས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ནང་ཁུལ་དཔེ་ཆ་དཔར་སློག ཤ1 ཤ2
འབྲེལ་ཡོད་འོས་སྦྱོར།