༄༅།།《བཙན་པོའི་དུས་ཀྱི་སྙན་ངག་ལ་དཔྱད་པ་དེང་གི་ཁྲི་གདུགས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-06-02
ཀློག་གྲངས།:

ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བྲིས་པའི་འགོ་བརྗོད།
༄༅།།འགོ་བརྗོད།
ཡིག་རྙིང་ཆེད་ལས་ཀྱི་འབུམ་རམས་པ་སློབ་བུ་པདྨ་ཚེ་རིང་ལགས་ནི་ཞིབ་འཇུག་སློབ་མའི་སྐབས་ནས་བཟུང་ཡིག་རྙིང་གི་ཆེད་ལས་སུ་ཞུགས་ཤིང་མི་ལོ་མང་པོར་དེའི་རྒྱུན་ལ་ཞུགས་པར་འབད་པ་གནང་སྟེ་གྲུབ་འབྲས་མི་དམན་པ་བླངས་དང་ལེན་བཞིན་ཡོད་ཅིང་། མིག་སྔར་མཁས་པའི་སྤྱན་སྔར་བཀྲམས་པའི«བཙན་པོའི་དུས་ཀྱི་སྙན་ངག་ལ་དཔྱད་པ་དེང་གི་ཁྲི་གདུགས»ཞེས་པའི་ཆེད་རྩོམ་འདི་ནི་ཡིག་རྙིང་ཞིབ་འཇུག་ལས་རིགས་ཐད་ཀྱི་དགའ་སྟོན་གསར་བ་ཞིག་ཡིན། བཙན་པོའི་དུས་ཀྱི་ཡིག་རྙིང་ནི་དུས་སྐབས་དེའི་སྲིད་འབྱོར་རིག་གསུམ་སོགས་རིག་གནས་ཀྱི་མངའ་ཁོངས་རྒྱ་ཆེ་བ་ཞིག་སྟེ། སྙན་ངག་ནི་དུས་སྐབས་དེའི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་ཁྲོད་རྒྱ་ཆེར་སྤྱོད་བཞིན་པའི་རྩོམ་སྟངས་ངེས་ཅན་ཞིག་ཡིན་ལ། དེར་ཆེ་ས་ནས་དབྱེ་ན་མགུར་དང་གླུ། ཤགས། སྙན་ངག་སོགས་མིང་གི་བརྗོད་ཚུལ་དུ་མ་ཡོད་ཅིང་རྩོམ་ལུགས་ཀྱང་མི་འདྲ་བ་སྣ་ཚོགས་ཡོད་པ་ནི་སྐབས་དེའི་ཡིག་རྙིང་གང་འཚམ་ཞིག་ཀློག་ན་ཤེས་ཐུབ། པདྨ་ཚེ་རིང་ལགས་ཀྱིས་དེ་དག་གི་རྣམ་པ་སྤྱིའི་ཁྱད་ཆོས་གཞིར་བྱས་ནས་སྔོན་རབས་མེས་པོ་རྣམས་ཀྱི་ངག་ནས་སྐྱོར་ཞིང་ལག་ནས་ཐོན་པའི་སྙན་ངག་དེ་རྣམས་ལ་ཞིབ་འཇུག་གི་སྲོལ་ཁ་ཞིག་གཏོད་པ་ནི་དཔྱད་རྩོམ་འདིའི་དགེ་མཚན་གྱི་ཆ་གཙོ་བོ་ཞིག་རེད།ལོ་རྒྱུས་ཀྱི་ངོས་ནས་བཤད་ན། བོད་ལ་དར་སྔ་བ་ནི་མགུར་གླུར་གྲགས་པའི་རྩོམ་སྟངས་དེ་ཡིན་ཞིང་།བཙན་པོའི་དུས་སུ་རྩོམ་སྟངས་དེ་ཡིག་ཐོག་གམ་ངག་ཐོག་ནས་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད། དཔེར་ན། དྲི་གུམ་བཙན་པོའི་སྲས་རྣམས་ཀྱིས་ཕ་གསོད་མཁན་གྱི་གཏེ་བོ་ལོ་ངན་ཕྱོགས་གཏོགས་དང་བཅས་པ་བཏུལ་བའི་རྗེས་སུ་འ་བ་ཉི་ཉེ་བ་ཉིད་སོགས་ཀྱི་གླུ་བླངས་ཏེ་ལོ་ངན་ནི་ཉེས་པ་ཅན་ཡང་དག་པ་ཡིན་ཞིང་བྱ་ཡི་ཕུང་པོ་རྣམ་པར་རྒྱས་པས་ནམ་མཁར་འཕུར་མ་ནུས་པར་མདུང་རྩེར་འཆི་བ་དང་། ཡོས་ཏེ་རི་བོང་གི་ཕུང་པོ་ཆེ་དྲགས་པས་འབྲོ་མ་ཐུབ་པར་རྡོག་ཐོ་འོག་ནས་འཆི་བའི་སྡུག་བསྔལ་མགོ་ཐོག་ཏུ་སླེབས་པ་ལྟར་ལོ་ངན་ནི་བློན་པོ་ཞིག་གི་ཚུལ་ལས་བརྒལ་ཞིང་རང་ཚོད་མ་ཟིན་པར་བཙན་པོར་རྒོལ་བའི་ལས་བསླངས་པས་ད་ལྟ་རང་སྡུག་རང་གིས་ཉོས་པ་ཡིན་ཚུལ་བརྗོད་པ་དང་། བཙན་མོ་སད་མ་ཀར་གྱིས་ཞང་ཞུང་གི་གནས་ཚུལ་དང་ཁོང་མོའི་གནས་སྐབས་ཀྱི་འཚོ་བ་མགུར་གླུའི་རྣམ་པའི་ངག་འཕྲིན་ལ་བསྐུར་ཏེ་ཞང་ཞུང་འདུལ་བའི་ཐབས་བསྟན་པ། སྲོང་བཙན་སྒམ་པོའི་དུས་སུ་ཁྱུང་པོ་སྤུང་སད་ཟུ་ཙེས་སྤུ་རྒྱལ་བཙན་པོར་མགོ་བཏགས་པའི་རྣམ་པ་དང་བྱས་རྗེས་ཅན་ལ་གཟིགས་སྐྱོང་ཆུང་ཚུལ་གྱི་འཁང་རའི་འདོད་བློ་མགུར་གླུའི་ལམ་ནས་བླངས་པ།དྭགས་པོ་འབངས་སུ་མངའ་བ་ལས་ལོག་པ་འདུལ་བར་རྒྱལ་བློན་ཚོགས་པའི་དུས་སུ་བཙན་པོའི་སྣམ་ཞུ་པར་དམའ་ཕབ་ཀྱི་གླུ་བླངས་པའི་དུས་སུ། སྣམ་ཞུ་པས་སླར་ཡང་ལན་དུ་གླུ་བླངས་པ་ནི་དེང་སང་གླུ་ཤགས་སུ་གྲགས་པའི་རྣམ་པ་ཡིན་པ། འདུས་སྲོང་མང་པོ་རྗེས་བློན་པོ་མགར་ཚང་གི་བུ་རྒྱུད་རྣམས་ཚར་གཅོད་པའི་དུས་སུ། གྱེ་དི་རིང་ནྀ་སང་ལྟ་ན། །དོག་སྲིན་ནྀ་སྦུར་བུ་འྀས། །བྱ་ལྟར་ནྀ་བཅོས་བཅོས་སྟེ། །གནམ་དུ་ནྀ་འཕུར་འདོད་ཀྱང༌། །འཕུར་དུ་ནྀ་འདབ་མ་མཆྀས། །འཕུར་དུ་ནྀ་འདབ་མཆིས་ཀྱང༌། །དགུང་སྔོ་ནི་ཕང་མཐོས་སྟེ། །སྤྲིན་ཀྱྀ་ནི་གོ་མྱི་འདའས། །ཡ་རུ་ནྀ་དགུང་མ་སླེབས། །མ་རུ་ནྀ་དོག་མ་སླེབས།མ་མཐོ་ནི་མ་དམའ་སྟེ། ། ཁྲ་འྀ་ནི་གཟན་དུ་གྱུརད། །བྱ་པུ་ནྀ་ལུང་ཆུངས་ན། །འབངས་ཤྀག་ནི་རྗེ་རུ་རེ། །མགར་བུ་ནྀ་རྗེ་རུ་རེ། །སྦལ་པ་ནི་འཔུར་དུ་རེ། །འབངས་ལས་ནྀ་རྗེ་རེ་བ། །མཐིང་བྲང་ནྀ་གྱེན་དུ་འགྱུར། །པ་བོང་ནི་རི་ལ་འདྲྀལ། །ཞེས་པ་སོགས་ཚིག་གི་སྡེབ་དང་སྦྱོར་བ་མགུར་གླུའི་རྣམ་པས་བླངས་པ་སོགས་ནི་དུས་སྐབས་དེར་སྙན་མོ་ངག་གི་ལམ་ནས་ཐོན་པའི་སྙན་ངག་སྟེ། མཐོན་པོ་རྒྱལ་སྲིད་ཀྱི་འཚོ་བ་ནས་དམའ་བ་དམངས་ཕལ་བའི་འཚོ་བའི་ཁྲོད་ཀྱི་དགྲ་འདུལ་གཉེན་སྐྱོང་སོགས་བྱ་བ་གང་དང་གང་ལའང་སྤྱོད་བདེ་དང་གོ་བདེ་ཅན་གྱི་རྩོམ་རིག་དེ་འདྲ་དར་པས། དུས་སྐབས་དེའི་མགུར་གླུ་ནི་དུས་སྐབས་དེའི་སྙན་ངག་ཡིན་ལ། མགུར་རམ་གླུའམ་ཤགས་སོགས་གདངས་དབྱངས་གྱེར་ནས་བརྗོད་མཁས་པ་དེ་ནི་དུས་སྐབས་དེའི་སྙན་ངག་པ་ཡིན།
སློབ་དཔོན་དབྱུག་པ་ཅན་གྱི«སྙན་གཞུང་མེ་ལོང་མ»ནི་དུས་རབས་བདུན་པའི་ནང་ཙམ་ལ་རྒྱ་གར་ཤར་ལྷོ་མཁས་པའི་རྩོམ་རྩལ་ལས་ཐོན་ཞིང་། མགུར་གླུའི་རྩོམ་སྟངས་ལས་ཁྱད་ཆེ་ཞིང་ཉམས་འགྱུར་མི་འདྲ་བའི་རྒྱན་སྣ་ཚོགས་ཕྱོགས་བསྡུས་བྱས་པའི་རྩོམ་གཞུང་རྨད་དུ་བྱུང་བ་ཞིག་ཡིན། དེ་བོད་ལ་འགྱུར་དུས་ནི་ས་སྐྱའི་མཁས་པ་ཤོང་དཔང་རྣམ་གཉིས་ཀྱི་དུས་ཡིན་མོད། གཞུང་དེར་གསལ་པའི་རྩོམ་སྟངས་མི་ཉུང་བ་ཞིག་ནི་བཙན་པོའི་དུས་ཀྱི་ཡིག་རྙིང་རྣམས་སུ་བྱུང་བས། བཙན་པོའི་དུས་ཀྱི་ལོ་ཙཱ་བ་རྣམས་ཀྱིས«སྙན་གཞུང་མེ་ལོང་མ»ཡི་གཞུང་བོད་ལ་མ་འགྱུར་གོང་ནས་ཆོས་གཞུང་དང་རྩོམ་རིག་སྒྱུར་རྩོམ་ཁྲོད་དུ་རྒྱ་གར་འཕགས་པའི་ཡུལ་གྱི་སྙན་ཚིག་རྩོམ་རིག་ལོ་ཙཱ་བྱས་ནས་སྤེལ་བའི་ལག་ལེན་གནང་། རྗེ་ས་པཎ་གྱིས«མཁས་འཇུག»ཏུ། འདི་ལྟ་བུའི་སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང་།བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས། སྤྲོས་པ་དེ་ཙམ་ཞིག་ལས་རེ་ཞིག་བཞག་གོ། །ཞེས་གསུངས་པ་ལྟར་བཙན་པོའི་དུས་སུ་མགུར་གླུའི་ཚིག་ཉམས་ལ་སྦྱར་བའི་རྩོམ་རིག་དར་ཆེ་བས་སྙན་ངག་སྟེ་འཕགས་ཡུལ་མཁས་པའི་རྩོམ་ལུགས་ནི་དེ་ཙམ་ཞིག་དར་མི་ཆེ་ཡང་། སྐབས་དེར་བོད་ལ་རྒྱ་གར་མཁས་པའི་སྙན་ངག་རྩོམ་རིག་བྱུང་ཡོད་པ་གོང་གསལ་རྒྱུ་མཚན་དག་གི་ངོས་ནས་ཁས་ལེན་དགོས་པ་ཞིག་རེད། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T.24པ་ལས«འ༹ཁོར་བའྀ༹་ཚུལ་བསྟན་པ»ཞེས་པ་དང་«ཤེས་རབ་བརྒྱའ་པ་ཞེས་བྱ་བ་རབ་དུ་བྱེད་པའོ»ཞེས་པ། དེབ་འདིར་འཁོད་པའི«འཕྲུལ་གི་བྱིག་ཤུ་མོའི་བཀའ»དང་«གནམ་ཆེད་ཕོས་གནང་བའི་བསླབ་བྱ»ལྟ་བུ་ནི་བསླབ་བྱའི་རྩོམ་རིག་ཏུ་གཏོགས་པ་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་I.O.737Dཔ«རཱ་མ་ཎའི་རྟོགས་བརྗོད»ཀྱི་ཚན་པ་ལས། དཔལ་བརྗོད་འཕྲུལ་གྱྀ་བརྟེན་གྲོགས་ལྷ་མོ་འདྀ། །ཁྱོད་ལ་འཚམ་ཞེས་ཀུན་སྟོད་སྐུ་མྱི་ངས། །མགོ་འཕང་དམའ་ཞིང་སྐབསུ་ཟུར་མྱིག་ཆན། །ཡིད་ཙམ་མཛུམ་ཞིང་གཞོག་སྟེགས་ཚུལ་ལས་མཁས། །འཇོ་སྒེག་ཆེ་ཞིང་བྱྀ་བྱད་དག་ལ་བརྩོན། །ལྷ་མོ་ནང་ན་དཀོན་བ་འདྀ་བཞེས་ཤིག །ཅེས་པ་ལྟ་བུ་ནི་བཙུན་མོ་སི་ཏའི་མཛེས་ཉམས་བརྗོད་པའི་སྙན་རྩོམ་ཡིན་པ་དང་། ཀྱེ་འ༹ཇམ་དཔལ་བསམས་པ་མཐའ༹་དག་གང་བས་འ༹ཛངས། །ཡམ་ཙན་ངག་ལ་དབང་བས་བསམས་ངག་དམ་པ་ཆད་། །མངའ༹་འ༹བར་ཞལ་མདང་གསལ་བས་གཞན་ལས་སྤགས་པར་བཟང་། །ཟབ་ལ་ཡངས་པར་གནས་བས་། །ཐམས་ཅད་མཉམ་པར་མཛད་། །ཅེས་པ་ལྟ་བུ་ནི་ཆོས་དང་འབྲེལ་བའི་བྱ་དཀའི་སྙན་ངག་གི་ལམ་ནས་བྲིས་པ་ཞིག་སྟེ། འདི་དག་གི་ངོས་ནས་ཞིབ་ཏུ་འཇུག་པའི་ལས་བརྩམས་ན། བོད་ཀྱི་རིག་གནས་སྤྱི་ཚུལ་ཇི་ལྟར་དར་ལུགས་ཀྱི་ལོ་རྒྱུས་ངེས་པར་འགྱུར་བས། ཡིག་རྙིང་ལ་ཞིབ་འཇུག་བྱེད་པ་དང་བྱེ་བྲག་ཏུ་ཏུན་ཧོང་སོགས་གནའ་བོའི་ཡིག་རྙིང་ཁྲོད་ཀྱི་ཚིག་རྒྱན་འགོད་ཚུལ་སོགས་ལ་ཞིབ་འཇུག་བྱེད་པར་ཡུན་རིང་པོའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད།
པདྨ་ཚེ་རིང་ལགས་ཀྱིས་ཆེད་རྩོམ་འདིར་སྙན་ཚིག་དང་མགུར་གླུའི་དཔེ་མང་པོ་དྲངས་པ་ཙམ་མ་ཡིན་པར་སྙན་ངག་དེ་དག་དང་འབྲེལ་བའི་ལོ་རྒྱུས་རྒྱབ་ལྗོངས་དང་། ཡིག་རྙིང་གི་འབྲི་སྲོལ་དང་ནང་དོན་སོགས་སྣེ་མང་པོ་ནས་འགྲེལ་བ་དང་དཔྱད་ཞིབ་མང་དུ་གནང་བ་ནི་རྗེས་རབས་གསར་སློབ་པ་རྣམས་ཀྱི་ལམ་སྟོན་དུ་འགྲོ་བའི་ཤེས་བྱའི་ནོར་བུ་ལྟར་གྱུར་ཅིང་། ཚང་མས་སྔོན་རབས་ཀྱི་ཤེས་རིག་རྒྱུས་ལོན་པར་ལྡེ་མིག་ལྟ་བུའི་ནུས་པའམ་དགེ་མཚན་གྱིས་ཕྱུག་པ་ཞིག་ཡིན་པར་བརྗོད་རུང་བས་རྗེས་སུ་ཡི་རང་གི་གནས་སུ་གྱུར། འདིར་མ་འོངས་པའི་བོད་རིག་པར་ཞིབ་འཇུག་བྱ་བའི་མངའ་ཁོངས་ནས་སྔར་ལས་ལྷག་པའི་གྲུབ་འབྲས་གསར་བ་ལོན་པར་རེ་སྨོན་དང་བཅས་ཁ་སྒང་བཀྲ་ཤིས་ཚེ་རིང་དུ་འབོད་པས་གྲོང་ཁྱེར་ལན་གྲུ་ནས་༢༠༢༠ལོའི་ཟླ་༨པའི་ཚེས་༡༥ཉིན་སྤེལ་བ་དགེ།
རྩོམ་པ་པོ་ངོ་སྤྲོད།

འབྲེལ་ཡོད་འོས་སྦྱོར།