logo

༄༅།།ཨ་མྱེས་བ་ཡན་གྱི་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།: ཀུན་བཟང་རྡོ་རྗེ། མཚོ་ལྷོ། ཡོང་ཁུངས།:མི་གསལ། དུས་ཚོད།:2021-10-08 ཀློག་གྲངས།:
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་བོད་རང་གི་གནས་རིའི་སྐོར་དང་འབྲེལ་བའི་དཔལ་ཁའི་ཨ་མྱེས་བ་ཡན་ཞེས་པའི་མིང་ཐོགས་ཚུལ་དང་དེར་གནས་པའི་གཞི་བདག དེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ད་ལྟའི་གནས་བབས། མ་འོངས་པའི་ཉེན་ཁ་བཅས་དོན་ཚན་ལྔའི་སྒོ་ནས་ས་གནས་ཀྱི་ངག་རྒྱུན་དང་གཏམ་རྒྱུད། རང་གི་བློས་ལྕོགས་ཚོད་བཅས་གཅིག་ཏུ་བསྒྲིལ་ནས་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཡོད།
[བརྡ་ཆད་གཙོ་བོ།] གནས་རི། བ་ཡན། སྟག་མཚོ་སྒང་།
                        གླེང་གཞི།
       སྤྱིར་གནས་རི་དང་འབྲེལ་བའི་རིག་གནས་འདི་ཡང་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་ཕྱོགས་གང་གི་ཆ་ནས་ཀྱང་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་མོད། མིག་སྔར་གནས་རིའི་སྐོར་ལ་དཔྱད་པ་བཏང་བ་མང་བོ་མེད་ལ། ཕྲ་རགས་ཀྱི་དཔྱད་རྩོམ་ཉུང་ངུ་རེ་ཡོད་པ་དག་ཀྱང་གནས་རི་ཆེ་བའི་ཁག་ཡིན་པ་ལས་ཆུང་བའི་རིགས་ནི་མཐོང་ཡུལ་དུ་མངོན་པ་ཤིན་ཏུ་ཉུང་བ་དང་། དེ་མིན་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གཞོན་ནུ་རྣམས་ལ་མཚོན་ནའང་རང་ཡུལ་གྱི་གནས་རི་འདི་དང་འདི་འོ་ཞེས་ཆ་རྒྱུས་རགས་ཙམ་ཞིག་བྱུང་ན་ཤིན་ཏུ་ལེགས་པར་འདོད་པ་སོགས་རྒྱུ་རྐྱེན་དུ་མར་བརྟེན་ཏེ་ཕྲན་གྱིས་རང་ས་གནས་ཀྱི་ཨ་མྱེས་བ་ཡན་ཞེས་པའི་གནས་རི་འདིའི་སྐོར་རགས་ཙམ་གླེང་ཡོད།
                དོན་ཚན་དང་བོ། ཨ་མྱེས་བ་ཡན་གནས་སའི་ཡུལ་དང་མིང་ཐོགས་ཚུལ།
       དེ་ཡང་ཨ་མྱེས་བ་ཡན་ཞེས་པ་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ་ཉེར་ལྔའི་ཆོད་པའི་མཚམས་སུ་གནས་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི་སུམ་སྟོང་དྲུག་བརྒྱ་བཅོ་བརྒྱད་ཡོད་ལ། སའི་གོ་ལའི་བྱང་གི་འཕྲེད་ཚད་35°53'དང་། ཤར་གྱི་གཞུང་ཚད་99°59'ཡི་མཚམས་སུ་ཡོད་ཅིང་། གནས་རི་འདི་ལ་མིང་ཐོགས་ཚུལ་གྱི་ཆ་ནས་བ་ཡན་དང་སྟག་མཚོ་སྒང་། བུམ་པ་རི་བཅས་འབོད་སྲོལ་དུ་མ་ཞིག་ཡོད།
      ༡ དེ་ལས་བ་ཡན་ཞེས་པ་ནི་སོག་མིང་ཡིན་ཟེར་བ་དང་བོད་མིང་ཡིན་ཟེར་བའི་བཤད་སྲོལ་གཉིས་ཡོད་ལ། སྔ་མ་ནི་དུས་རབས་བཅུ་གཉིས་པའི་མགོ་ཙམ་ལ་སོག་པོ་གོ་ཏན་གྱི་དམག་གི་སྟོབས་ཤུགས་ཀྱིས་མདོ་སྨད་མཚོ་སྔོན་གྱི་ཡུལ་ཕྱོགས་འདི་གར་དབང་བསྒྱུར་སྐབས། ས་མིང་མང་བོ་ཞིག་སོག་སྐད་དུ་བསྒྱུར་ནས་འབོད་པས་རི་འདི་ལའང་སོག་སྐད་ཀྱིས་བ་ཡན་ཏེ་བོད་སྐད་དུ་ཕྱུག་པོའི་དོན།ཡིན་ལ་ཕྱིས་སུ་བ་ཡན་ཞེས་མིང་ཐོགས་པར་གྲགས། ཕྱི་མ་ནི་དེབ་ཐར་ཁྲ་བོ།ཞེས་པའི་ནང་དུ། "སྒེའུ་ལྷ་མོ་སྤུན་གསུམ་ཨ་མྱེས་བྲག་དཀར་སྤུན་གསུམ་གྱིས་བག་མར་བསུས་པར། ལྷ་སྲིན་སྡེ་བརྒྱད་དང་ཨ་མྱེས་དམག་དཔོན་ར་མདར་སླེབས་ཤིང་གཡུལ་བཀྱེས་པ་ན། ཨ་མྱེས་བ་ཡན་གྱིས་བར་འདུམ་བྱས་པས་དེ་ལ་བ་ཡན་ཟེར་བ་མ་ཡིན་པར་བར་ཡེད་དེ་ཨ་མདོའི་ཁ་སྐད་ཅིག་ཡིན་ལ། བར་འདུམ་དང་དོན་གཅིག་ཅེས་པའི་དོན་ཡིན་པས་མིང་དེ་ཟུར་ཆགས་ནས་བ་ཡན་"ཞེས་གྲགས་པར་བཤད། དུས་སྐབས་དེར་སོག་དམག་གིས་མདོ་སྨད་མཚོ་སྔོན་གྱི་ཡུལ་འདི་གར་དབང་བསྒྱུར་ནས་ས་མིང་མང་བོ་ཞིག་སོག་མིང་དུ་བསྒྱུར་ཡོད་ནའང་ས་མིང་ཡོད་ཚད་སོག་མིང་དུ་བསྒྱུར་ཡོད་པའི་ངེས་པ་མེད་པར་སྙམ་ལ། ཡང་བ་ཡན་ཞེས་པ་ནི་གནས་རི་འདི་གཅིག་པུའི་མིང་མ་ཡིན་པར་ས་གནས་གཞན་དང་གཞན་དུའང་བ་ཡན་ཞེས་པའི་གནས་རི་མང་བོ་འདུག་པས། དེ་དག་ཐམས་ཅད་ཀྱིས་བར་འདུམ་བྱས་ནས་མིང་དེ་ཟུར་ཆགས་སྟེ་བ་ཡན་ཞེས་ཐོགས་པ་ཨེ་ཡིན་ནམ་སྙམ། མདོར་ན་མིང་འདི་གཉིས་ཀྱི་གང་ཞིག་ཚད་མར་འཛིན་འོས་པ་བློ་དམན་བདག་འདྲས་ཁ་ཚོན་གཅོད་དཀའ་བས་ཕྱིས་སུ་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
     ༢ བུམ་པ་རི་ཞེས་པའང་ཕྱིའི་དབྱིབས་ཀྱི་ཆ་ནས་མིང་བཏགས་པ་ཞིག་ཡིན་པར་བཤད་ལ། ས་བསྟོད་སོགས་སུ།"ས་དཔལ་ཁའི་ཨ་མྱེས་བུམ་རི་འདི།། གཡུའི་བུམ་པ་བདུད་རྩིས་བཀང་འདྲ་རེད།།" ཅེས་ཨ་མྱེས་བུམ་རི་ཞེས་ཚིག་ཟིན་དུ་ཐོན་པའི་སྒྲ་དེ་ཟུར་ཆགས་ནས་བ་ཡན་ཞེས་ཟེར་སྲོལ་ཡང་ཡོད་པར་སྙམ་མོ། །
     ༣ སྟག་མཚོ་སྒང་ཞེས་པ་ནི་གནས་རི་འདི་ལ་གནའ་སྔ་མོ་ནས་དེ་ལྟར་དུ་འབོད་སྲོལ་ཡོད་པ་ཞིག་རེད་ལ། ༧ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་ལས་ཀྱང་རི་འདི་ལ་གནའ་དུས་ནས་སྟག་མཚོ་སྒང་ཞེས་འབོད་པར་གསུངས་ཡོད། ངག་རྒྱུན་ལྟར་ན་སྟག་མཚོ་སྒང་ཞེས་པ་ནི་ཕྱིའི་དབྱིབས་སྟག་ཅིག་དང་ཆ་འདྲ་བའི་རྒྱུ་མཚན་གྱིས་སྟག་མཚོ་སྒང་ཞེས་མིང་ཐོགས་པར་བཤད། གང་ལྟར་གནས་རི་འདི་ལ་ཕྱིའི་དབྱིབས་དང་ངག་རྒྱུན་གཏམ་རྒྱུད་སོགས་ཀྱི་སྒོ་ནས་མིང་ཐོགས་ཚུལ་མི་འདྲ་བ་རེ་འགའ་ཞིག་ཡོད་འདུག་མོད། དེང་སྐབས་ཚང་མས་ཨ་མྱེས་བ་ཡན་ཞེས་འབོད་པ་ཤུགས་ཆེ་ལ། བུམ་པ་རི་དང་སྟག་མཚོ་སྒང་ཞེས་ནས་བོས་ན་མང་བོ་ཞིག་གིས་ངོས་འཛིན་བྱེད་ཐུབ་ཀྱི་མེད། ད་དུང་ཡང་འདི་ལྟར་ལོ་མང་བོ་ཞིག་སོང་བ་ཡིན་ན་ཁྱད་ཆོས་ལྡན་པའི་མིང་འདི་དག་རྩ་མེད་དུ་འགྲོ་ཉེན་ཆེ་བས་ཀུན་གྱིས་དོ་སྣང་བྱ་རྒྱུ་གལ་ཆེ་བར་འདོད། དེའི་རྒྱུ་མཚན་གྱིས་གནས་རི་འདི་ལ་མིང་ཐོགས་ཚུལ་ག་ཙམ་ཡོད་པ་དང་མིང་དེ་དག་ཇི་ལྟར་ཐོགས་པའི་ཚུལ། དེའི་ངག་རྒྱུན་གཏམ་རྒྱུད་སོགས་ཀྱི་ཁྲོད་དུ་བོད་རང་གི་ཐུན་མིན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པས་ཀུན་གྱིས་མཁྱེན་པར་མཛད་དགོས།
               དོན་ཚན་གཉིས་པ། ཕྱིའི་ཆགས་དབྱིབས་དང་དེར་གནས་པའི་གཞི་བདག་ངོ་སྤྲོད།
       གནས་རི་འདིའི་ཆགས་དབྱིབས་ནི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རིས་གྲུབ་ཅིང་། ཡང་དེབ་ཐེར་ཁྲ་བོ།ལས་བ་ཡན་གཡུ་ཐོད་ཅེས་པ་ཞིག་བཀོད་ཡོད་ལ། དེའི་གཏམ་རྒྱུད་ཅིག་གི་ནང་དུ་ལུང་བསྟན་གྱི་ཚུལ་དུ་"སྔོན་ནས་སེང་གེ་འགྱིང་འདྲ། རྒྱབ་ན་འབྲོང་རྒན་ཉལ་འདྲ། རྗེས་ནས་བལྟས་ན་སྟག་མོ་འཆོངས་འདྲ། བ་ཡན་ཁྱེད་ཀྱི་བླ་རུ་ཡིན"ཞེས་བཀོད་འདུག་པར་གཞིགས་ན་ཕྱིའི་དབྱིབས་ཀྱི་ཆ་ནས་གཅིག་ཏུ་སྣང་མོད། དེ་ལ་བ་ཡན་གཡུ་ཐོད་ཅེས་གཡུ་ཐོད་སྦྱར་བའི་རྒྱུ་མཚན་རྩེ་མོ་གཡའ་རི་ཡིན་པས་ཡིན་ནམ་གསལ་བོ་ཤེས་མ་སོང་། དེ་མིན་གཅན་གཟན་རི་དྭགས་དང་འདབ་ཆགས་སོགས་མང་བོ་ཡོད་དེ། ཨ་བྲ་དང་ཝ། སྲེ་མོང་། བྱི་ལོང་། བྱི་བ། གླ་བ། རྒོ་དམར། སྤྱང་ཀི ཁ་ཤྭ། རི་བོང་སོགས་ཡོད་ལ། འདབ་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་ཐང་ནག གླག ཕོ་རོག གོ་བོ། སྲེག་པ། གོང་མོ། ཕུག་རོན། བྱེའུ་སོགས་སྣ་ཚོགས་པ་ཡོད། དེ་མིན་རི་མགོར་ལབ་ཙེ་ཡང་འགའ་ཞིག་ཡོད་པ་དང་ངག་རྒྱུན་ལྟར་ན་གནས་རི་འདིར་ལབ་ཙེ་སྟོད་མཁན་ནི་ཇི་དགེ་དཔོན་པོ་ལྷ་མགོན་ཚེ་རྒྱལ་གྱིས་སྤྱི་ལོ་1868ལོར་བསྟད་པར་མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས་》②ལས་བཀོད་འདུག དེང་སྐབས་ཚོ་བ་དང་སྡེ་བ་བྱས་ནས་ལབ་ཙེ་མང་བོ་བསྟད་ཡོད། གནས་རི་འདིའི་གཞི་བདག་གི་མཚན་ལ་ཨ་མྱེས་བ་ཡན་ཞེས་འབོད་པར་བཤད་ལ། འདིའི་གཞི་བདག་ཨ་མྱེས་བ་ཡན་ནི་སྐུ་མདོག་སྨུག་ལ་བཅིབས་པ་ངང་དཀར་ཆིབས་པ། ཁྲབ་མོག་འཁོར་གསུམ་བསྣམས་པ། ཕྱག་གཡས་ན་དབང་སྡུད་མཚོན་པའི་མདུང་རིང་བཟུང་བ། གཡོན་དུ་དགོས་འདོད་ཡིད་བཞིན་ཀྱི་ནོར་བུ་མཚོན་པའི་གསེར་གྱི་བུམ་པ་བཟུང་བའི་དམག་དཔོན་གྱི་ཆ་ལུགས་སུ་བྱས་ནས་དཔལ་ཁའི་གཡང་གི་རྟེན་ཕུར་གྱི་ཚུལ་དུ་བཞུགས་པས། ཀུན་གྱིས་བ་ཡན་གཏེར་གྱི་བདག་པོ་ཞེས་འབོད།
               དོན་ཚན་གསུམ་པ། ཨ་མྱེས་བ་ཡན་གྱི་ལོ་རྒྱུས་བརྒྱུད་རིམ།
      ༡ གནས་རི་འདི་ལ་སྔོན་ནས་ད་ལྟའི་བར་དུ་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་འགྱུར་བ་མང་བོ་ཞིག་བྱུང་ཡོད་པ་ངག་རྒྱུན་ལས་ཀྱང་ཤེས་ཐུབ་ལ། འདིར་ངག་རྒྱུན་ཅུང་རིང་བོ་ཞིག་བཀོད་ཡོད་པ་དེ་ནི་ཨ་མྱེས་རྨ་ཆེན་གཙོ་བྱས་པའི་ཙོང་ཁ་སྡེ་ཁམས་སུ་ཡོད་པའི་ཙོང་ཁའི་སྐྱེས་རི་སོགས་གཞི་བདག་འགའ་མཉམ་དུ་འཛོམས་ནས་ཤ་ཁྲལ་དང་རྩྭ་ཁྲལ། འབྲུ་ཁྲལ་ལ་སོགས་པ་བསྡུ་བའི་ཕྱོགས་ལ་གྲོས་བྱས་ཏེ་ཁྲལ་དེ་དག་རང་བཞིན་གྱིས་བསྡུ་ཐུབ་མཁན་ཡོད་དམ་ཞེས་དྲིས་པར་གཅིག་ཀྱང་མ་བྱུང་ལ། དེ་ནས་བརྒྱན་འཕངས་ཏེ་སོག་ཡུལ་གྱི་ཨ་མྱེས་གསེར་ལྡན་ཞེས་པ་དེ་ལ་རྩྭ་ཁྲལ་བབས་པ་དང་རྩེ་འདུས་རི་ཞེས་པ་དེ་ལ་ཤ་ཁྲལ་བབས། ཙོང་ཁའི་སྐྱེས་རི་ལ་འབྲུ་ཁྲལ་བབས་པར་བཤད། དེ་ནས་ཙོང་ཁའི་སྐྱེས་རིའི་ཞིང་བ་མང་ཚོགས་ཀྱིས་དཀའ་སྡུག་མང་བོ་མྱངས་ནས་ལོན་པའི་འབྲུ་དེ་དག་ལེན་པར་ཐུགས་ཀྱིས་མ་བཟོད་པར་ཁྲལ་མ་བསྡུས་པར་བུ་ཆུང་ཞིག་ཏུ་སྤྲུལ་ཏེ་རི་འདབས་སུ་སླེབས་ནས་བུ་མོ་ར་རྫི་མ་ཞིག་དང་འཕྲད་པར་ཁོང་གཉིས་ཀྱིས་འབའ་རྡེའུ་འཕངས་ནས་བསྡད། ཨ་མྱེས་གསེར་ལྡན་གྱིས་སྟོན་ཁར་ཡུལ་ཕྱོགས་དེ་གའི་རྩྭ་ཐམས་ཅད་མེར་ཤོར་དུ་བཅུག་སྟེ་རྩྭ་ཁྲལ་བསྡུས་པ་དང་། རྩེ་འདུས་རིས་ཧོར་སེང་ཆུ་ལ་བསྐྱུར་ནས་ཤ་ཁྲལ་བསྡུས། དེ་ནས་ཁྲི་ཀ་ས་ཆར་ཡོད་པའི་ཨ་མྱེས་སྲིན་པོ་ནི་ཁྲལ་དཔོན་ཡིན་པས་གཞི་བདག་རྣམས་ཀྱིས་ཁྲལ་བསྡུས་པ་ཐམས་ཅད་ཁོང་ལ་སྤྲོད་དགོས་པ་རེད། སྐབས་དེར་ཙོང་ཁའི་སྐྱེས་རི་ལ་ཁྲལ་སྤྲོད་རྒྱུ་མ་བྱུང་བས་ཨ་མྱེས་སྲིན་པོ་ཐུགས་ཁྲོས་ཏེ་སྐྱེས་རིའི་མགོ་ན་གངས་དཀར་གྱི་སྟོད་གཡོགས་ཤིག་ཡོད་པ་དེ་འཕྲོག་ནས་མགོ་ལ་ཕྱགས་མས་བརྒྱབ་སྟེ་རྨ་ཁ་བཟོས་ཀྱང་བཟོད་གསོལ་གྱིས་བཞུགས་འདུག་པར། ཡང་ཐོག་གིས་རྒྱག་ཏུ་བཅུག་སྟེ་ཁོང་གི་རྩེད་རོགས་ར་རྫི་མ་དེ་བསད་ནས་ཤུལ་དུ་འབའ་རྡོ་དག་ལུས་འདུག་པ་དེ་དེང་སྐབས་ཡང་མཐོང་རྒྱུ་ཡོད་པར་བཤད། དུས་དེར་ཨ་མ་ཟོར་དགུའི་བུ་དང་ཙོང་ཁའི་སྐྱེས་རིའི་ཚ་བོ་སྟེ་ཨ་མྱེས་བ་ཡན་ཁོང་ཁྲོ་ལངས་ཏེ་ཨ་མྱེས་སྲིན་པོས་བརྙས་བཅོས་མང་བོ་བྱས་སོང་། ང་རང་ངའི་ཨ་ཞང་ཨ་མྱེས་རྨ་ཆེན་ལ་ཞུ་གཏུག་ཏུ་འགྲོ་རྒྱུ་ཡིན་ཞེས་རྒྱ་སྟག་ཅིག་ལ་སྤྲུལ་ཏེ་ཨ་མྱེས་རྨ་ཆེན་ཕྱོགས་སུ་འཁོར་ནས་ངར་སྒྲ་ལན་གསུམ་བསྒྲགས་པར། རི་ཐམས་ཅད་སྐྲག་སྟེ་གཡས་བཅད་གཡོན་བཅད་བྱས་ནས་ཐད་ཀར་ཨ་མྱེས་རྨ་ཆེན་གྱི་འགྲམ་རག་ཏུ་ལམ་བྱས་པ་རེད་ཟེར།  དེ་ནི་དེང་སྐབས་ཡང་གནམ་གཤིས་བཟང་དུས་ཨ་མྱེས་བ་ཡན་གྱི་དབུ་རྩེར་སོང་ནས་བལྟས་ན། རི་ཐམས་ཅད་གཡས་གཡོན་ཏུ་བཀར་ནས་ཨ་མྱེས་རྨ་ཆེན་ལྷང་ངེར་མཐོང་ཐུབ་པ་ནི་དེའི་རྐྱེན་གྱིས་ཡིན་པར་བཤད། སྐབས་དེར་ཁོང་ལམ་ལ་ཆས་དུས་ཞང་བོ་ཙོང་ཁའི་སྐྱེས་རིས་ཁོང་ལ་གསེར་བྱེ་བྲེ་གང་དང་། ཨ་མ་ཟོར་དགུས་འོ་མ་འབྲོང་རྭ་གང་ལམ་གྲོ་ལ་བྱིན། དེ་ནས་ཁོང་ཡར་དཔལ་ཁ་ས་ཆར་ཐོན་སྐབས། དམར་འབྲིང་ཁྱུང་རྫ་ཞེས་རི་མཐོན་པོ་ཞིག་ཡོད་པ་དེས་རྟ་ཕོ་ཆེན་ཁྱུ་ཞིག་བཅད་ནས་རྟ་རྫི་དང་བཅས་ཏེ་ཕུལ་ནས་ཁྱེད་ཡར་ལ་མ་འགྲོ་གནས་འདིའི་མགོན་སྐྱབས་སུ་བཞུགས་རོགས་ཞེས་དང་། ཡང་ཨ་མྱེས་རྫ་རྒན་ཞེས་པ་དེས་ལུག་ཁྲི་ཚོ་གཅིག་ལུག་རྫི་དང་བཅས་ཏེ་ཕུལ་ནས་གནས་དེར་བཞུགས་པའི་འབོད་སྐུལ་བཏང་། སྐབས་དེར་ཁོང་སྟག་གི་རྣམ་པར་སྤྲུལ་ཏེ་མཆོང་ནས་ཡོང་སྐབས་ཨ་མྱེས་རྫ་རྒན་བྱིས་པ་མང་བོར་སྤྲུལ་ཏེ་བེའུ་རྫི་ན་ལག་རྡང་སྦྲེལ་ཏེ་རྩེད་ནས་ཡོད་པ་ཞིག་བྱས་པར། ཨ་མྱེས་བ་ཡན་གྱིས་བྱིས་པ་དེ་ཚོར་གནོད་འཚེ་ཐེབས་པར་དོགས་ནས་གློ་བུར་དུ་བསྡད་པས་རྒྱབ་ཀྱི་གསེར་ཕྱེ་ཕོས་ནས་གསེར་གྱི་ཐང་མ་བདལ་བ་ལྟར་ས་དེར་བཀྲམ་པ་དང་། དེ་ནི་དེང་སྐབས་ཨ་མྱེས་བ་ཡན་གྱི་འདབས་རོལ་དུ་ཆགས་པའི་གསེར་གཞུང་སྡེ་བ་ཞེས་པ་དེའི་མིང་ཐོགས་ཚུལ་ལ་བཤད། དེ་དུས་ཁོང་གིས་དེར་བལྟས་ཙམ་བྱས་ཏེ་ཕྱིར་འཁོར་དུས་ལག་གི་འོ་མ་འབྲོང་རྭ་གང་བོ་ཡང་ཕོས་ནས་དཔལ་ཁའི་མཚོ་རུ་གྱུར་བར་བཤད། དེ་ནི་ཨ་མྱེས་བ་ཡན་གྱི་སྔོན་དུ་མཚེའུ་ཞིག་ཡོད་པ་དེའི་ཆགས་ཚུལ་དུ་བཤད། དེ་ནས་ཁོང་གིས་འདིར་ངལ་གསོ་ཙམ་བྱེད་ཅེས་ཁོང་ལ་གཡོག་པོ་ཞིག་ཡོད་པ་དེ་རྨ་ཆུའི་ཁར་ཆུ་ལེན་དུ་མངགས་ནས་ཇ་བསྐོལ་ཟེར་དུས། གཡོགས་པོ་སོང་ནས་ཆུ་བླངས་ཏེ་ཡོང་རག་བར་དུ་ནམ་ལངས་ནས་འགྲོ་མ་ཐུབ་པར་གནས་དེར་ཇི་སྲིད་བར་དུ་བཞུགས་འདུག་པར་བཤད། དེ་བས་གནས་རི་འདི་ནི་རི་ཁེར་སྐྱེས་ཤིག་ཡིན་ལ་རི་ཡོང་དང་བུ་ཁེར་སྐྱེས་ལ་སྡོངས་གྲོགས་བླ་ལྷག་མཛད་པ་ཞིག་ཡིན་པའི་བཤད་སྲོལ་ཡང་ཡོད། གོང་གི་གཏམ་རྒྱུད་ནང་བཀོད་པའི་ས་མིང་ཆུ་མིང་ཐོགས་ཚུལ་གྱི་སྐོར་དེ་ལོས་བདེན་སྙམ་པ་ཞིག་ཡིན་མོད། འོན་ཀྱང་། དེ་དག་བདེན་མིན་ནི་ཁོ་བོ་ལྟ་བུ་ཞིག་གིས་ཁ་ཚོན་གཅོད་དཀའ་ལ་སྐབས་བབས་ཀྱི་བརྗོད་བྱའང་མིན། གང་ལྟར་ངག་རྒྱུན་འདི་ལས་རིག་གནས་ཀྱི་རིན་ཐང་མང་བོ་ཞིག་གསལ་བོར་མཚོན་ཡོད་པར་འདོད་ལ་ངག་རྒྱུན་ལོ་རྒྱུས་ཀྱང་མང་བོ་ཞིག་ཤེས་ཐུབ། གོང་དུ་བཤད་ཟིན་པའི་གནས་རིའི་མིང་ཐོགས་ཚུལ་སྐབས་ཀྱི་སྟག་མཚོ་སྒང་ཞེས་པ་དེའང་གཏམ་རྒྱུད་འདི་དང་སྦྱར་ན་ཆ་འགྲིག་པ་ཞིག་བྱུང་འདུག་པར་སྙམ། ད་དུང་ཡང་ངག་རྒྱུན་འདི་དང་འདིས་མཚོན་པ་རེ་འགའ་ཡོད་ཀྱང་ཚིག་ཉོག་མང་བར་དོགས་པ་སོགས་ཀྱིས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱའོ། །
      ༢ དེ་ཡང་གནས་རི་འདི་ནི་སྔོན་ཆད་ནགས་ཚུལ་སྟུག་པོས་གང་ཡོད་པར་བཤད་ལ། དེ་ནི་ངག་རྒྱུན་ཙམ་མ་ཡིན་པར་༧ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་དཀའ་སྡུག་དང་བྱང་ཆུབ།ཅེས་པའི་ནང་དུའང་"སྟག་མཚོ་སྒང་གཤིན་རྗེའི་ཆོས་རྒྱལ་རེད། ཟེར་བའི་སྟག་མཚོ་སྒང་ནི་ཨ་མྱེས་བ་ཡན་རྫ་བྲག་ཁེར་སྐྱེས་ཐང་གང་ནས་བལྟས་ཀྱང་ལྷང་ངེར་མཐོང་བ་དེ་རེད། དེའི་ངོས་ན་ནགས་རྫུབ་ཀྱང་ཡོད་ལ་རི་དྭགས་སྣ་ཚོགས་ཀྱང་འཛོམས། རྩྭ་ཆུ་འཛོམས་པའི་སྟོད་ཀྱི་འབྲོག་ས་རྨ་ཆུ་དང་ཐག་ཉེ་བོ་ཡོད།" ཅེས་བཀོད་ཡོད་པ་ལྟར་ན་གནས་རི་འདི་ནི་སྔོན་ནགས་ཀྱིས་ཁེབས་ནས་ཡོད་པ་གསལ་བོར་ཤེས་ཐུབ་ལ། གཞན་ཡང་སྔོན་ཆད་རྨ་ཕ་རོལ་དེ་དེང་གི་མང་རྫོང་ས་ཆར་ཡོད་པའི་ཐར་ཤུལ་ཞེས་པའི་ས་དེའི་རྒན་པ་ཚོས་རི་འདི་ལ་"བྱང་གི་རི་ནག་ཁ་ཤོ་"ཞེས་འབོད་སྲོལ་ཡང་ཡོད་ལ། རྒྱུ་མཚན་རི་འདི་ནི་ཐར་ཤུལ་ཞེས་པའི་ས་དེའི་བྱང་ཕྱོགས་སུ་ཡོད་པ་དང་། དེའི་སྟེང་དུ་རང་བྱུང་གི་ནགས་ཚལ་སྟུག་པོ་ཡོད་པས་རྒྱང་ནས་བལྟས་ཚེ་ནག་ཤས་ཆེ་བ་ཡོད་པ་དང་། ཐར་ཤུལ་ཞེས་པའི་ས་དེ་རུ་བལྟས་ཚེ་རི་འདི་ནི་གཡས་གཡོན་གཉི་ག་མཐོ་ཞིང་དཀྱིལ་དམའ་བ་བཅས་ཀྱི་ཆ་ནས་"བྱང་གི་རི་ནག་ཁ་ཤོ་"ཞེས་ཟེར་སྲོལ་ཡོད་པར་བཤད། དེ་མིན་དེང་སྐབས་ཀྱི་རྒན་པ་ཚོའི་ངག་ལས་ཀྱང་གནས་རི་འདི་ནི་སྔོན་ཆད་ནགས་ཀྱིས་ཁེབས་ཡོད་པར་མ་ཟད། དེར་ནགས་སྡོང་སྣ་ཚོགས་པ་ཡོད་པར་བཤད། དེར་བརྟེན་གནས་རི་འདི་ནི་སྔོན་ནགས་ཚལ་སྟུག་པོ་ཡོད་པ་ཞིག་ཡིན་པ་བསྙོན་དུ་མེད། དེང་སྐབས་སྔོན་གྱི་ནགས་ཚལ་སྟུག་པོ་དེ་ལྟ་བུ་ཞིག་ཕར་ཞོག  ཐ་ན་སྡོང་རྐང་འགའ་ཡང་རྙེད་དཀའ་བའི་ཚོད་དུ་སླེབས་འདུག ཉེ་སྔོན་ཡུལ་ངོས་སུ་སོང་ནས་བཙལ་བ་ན་སྔོན་ནགས་བཅད་པའི་ཤུལ་མང་བོ་མཐོང་རྒྱུ་ཡོད་ལ། འདིས་མིའི་རིགས་ཀྱི་ཧམ་སེམས་ལས་བྱུང་ཤ་སྟག་ཡིན་པ་ར་སྤྲོད་བྱུང་ཡོད་པར་འདོད། འདི་ཡང་ཁོར་ཡུག་ལ་སྲུང་སྐྱོབ་དང་རང་བྱུང་ཁམས་ལ་གཅེས་སྤྲས་མ་བྱས་པའམ་བྱེད་མ་ཐུབ་པའི་དན་རྟགས་ཤིག་ཅི་ལ་མིན།
                  དོན་ཚན་བཞི་བ། ཨ་མྱེས་བ་ཡན་གྱི་ད་ལྟའི་གནས་བབ།
       གནས་རི་འདི་སྔོན་ཆད་ནགས་ཚལ་གྱིས་ཁེངས་ཤིང་གཅན་གཟན་རི་དྭགས་དང་འདབ་ཆགས། རྩྭ་རྩི་ཤིང་ལ་སོགས་པ་མང་བོ་འདུས་པའི་གནས་རི་ཁྱད་མཚར་བ་ཞིག་ཡིན་མོད།  དུས་རབས་ཀྱི་དཀྱོགས་མཚམས་དང་མིའི་རིགས་ཀྱི་བསམ་བློའི་འགྱུར་ལྡོག་སོགས་འདྲ་མིན་སྣ་ཚོགས་ཀྱི་དབང་གིས་རིམ་གྱིས་ནགས་ཐམས་ཅད་ཕལ་ཆེར་ཤུལ་མེད་དུ་གྱུར་འདུག་ལ། སྔར་ཡོད་ཀྱི་གཅན་གཟན་རི་དྭགས་སོགས་ཀྱང་མང་བོ་ཞིག་མཐོང་ཡུལ་དུ་མི་མངོན་པར་གྱུར་ཡོད། དེང་སང་ཡང་བསང་ཕུད་པའི་ཤུལ་དུ་གད་སྙིགས་མང་བོ་གང་སར་གཏོར་བ་དང་དར་ལྕོག་མང་བོ་རླུང་གིས་བསྐྱོད་མ་ཐུབ་པར་གང་སར་བཀྲམ་ནས་གད་སྙིགས་ལྟ་བུར་གྱུར་ཡོད་པ་སོགས་ཀྱིས་ཁོར་ཡུག་ལ་གནོད་པ་མང་བོ་ཐེབས་ཀྱིན་འདུག  དེང་སྐབས་སྡེ་བ་དང་འཚོ་བ། ཚོགས་པ་སོགས་གང་རུང་རེས་མོས་སུ་འཁོར་ནས་སྐབས་རེར་ཁོར་ཡུག་ལ་གཙང་སྦྲ་བྱེད་ཀྱིན་ཡོད་མོད། དེ་ཙམ་གྱིས་འདང་གིན་མེད་པ་མ་ཟད། མུ་མཐུད་དུ་ཇེ་རྫོབ་ཏུ་འགྲོ་བའི་ཉེན་ཁ་འདུག དེ་བས་སོ་སོའི་མ་བསྐུལ་དང་བླངས་ཀྱིས་ཁོར་ཡུག་ལ་གཙང་སྦྲ་དང་གནས་རི་ལ་སྲུང་སྐྱོབ་བྱེད་མ་ཐུབ་ཀྱང་རང་གི་གད་སྙིགས་ལ་རང་གིས་བདག་པོ་བརྒྱབ་སྟེ་ཁོར་ཡུག་ལ་གནོད་པའི་ལས་མི་སྤེལ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་སྙམ་བྱུང་། 
                   དོན་ཚན་ལྔ་བ། ཨ་མྱེས་བ་ཡན་གྱི་མ་འོངས་པའི་གནས་བབ།
      དེ་ཡང་ལོ་རྒྱུས་ཤེས་པའི་དགོས་པ་ནི་དུས་ད་ལྟ་དང་འབྱུང་འགྱུར་གྱི་ལམ་ཁ་མ་ནོར་བར་སྟོན་པར་བྱེད་ཆེད་ཡིན་ལ། གནས་རི་འདི་ལ་ཆ་མཚོན་ནའང་སྔོན་ཆད་ཧ་ཅང་བརྗིད་ཉམས་ལྡན་ལ་ཕུན་ཚོགས་ཀྱིས་ཕྱུག་པ་ཞིག་ཡིན་པ་ངག་རྒྱུན་དང་ལོ་རྒྱུས་ལས་ཤེས་ཐུབ། དེང་སྐབས་གནས་རིའི་མདངས་ཡལ་ནས་སྔོན་གྱི་གནས་བབ་ལ་ཡང་ཡང་བསམ་ནས་བལྟས་པ་ཡིན་ན་སྐྱོ་སྣང་སྐྱེ་བའི་ཡུལ་ལས་མ་འདས། གནས་རི་འདིའི་ལོ་རྒྱུས་དང་སྔོན་གྱི་གནས་བབ་སོགས་མ་ཤེས་ཚེ། རི་འདི་ནི་སྔོན་ཆད་ནས་འདི་ལྟ་བུ་ཞིག་ཡིན་པའི་སྣང་བ་སྐྱེས་ཏེ་དེ་ལ་སྲུང་སྐྱོབ་དང་གཅེས་འཛིན་ཀྱི་འདུ་ཤེས་མི་སྐྱེ་ལ། ད་དུང་ཡང་འདི་ལྟར་ཁོར་ཡུག་ལ་སྲུང་སྐྱོབ་དང་དོ་སྣང་མེད་པའི་ཁར་འབག་བཙོག་བྱས་ན་མ་འོངས་པར་ས་ནག་དང་བྱེ་ཐང་ཅན་དུ་མི་འགྱུར་བའི་ངེས་པ་མེད་ལ། རང་གི་ཕ་མེས་ཡང་མེས་དག་གི་རང་ནས་སྲོང་སྐྱོབ་དང་གཅེས་འཛིན་བྱས་ཏེ་འོངས་པའི་ཤུལ་བཞག་གི་འཚོ་གནས་འདི་ང་ཚོའི་དུས་ལ་སླེབས་དུས་རང་གིས་མེད་པར་བཟོས་པ་ཡིན་ན་རང་སྐལ་རང་གིས་བཅད་པ་དང་མི་རབས་རྗེས་མ་དག་ལ་བསམ་ནའང་ངོ་གནོང་དགོས་པའི་ཡུལ་མ་འདས།  དེར་བརྟེན་རང་ཁོ་ནས་ཁེ་ཕན་ལས་མི་བསམ་པའི་ཐ་མལ་གྱི་རིགས་དེ་མི་བྱེད་པར་མི་རབས་རྗེས་མ་དག་ལའང་བསམ་ཤེས་བྱས་ནས་ཁོར་ཡུག་ལ་ཕྱོགས་ཡོང་ནས་སྲུང་སྐྱོབ་དང་དོ་སྣང་བྱས་ཏེ། ཕ་ཤུལ་བུ་ཡིས་ཟིན་པ་དང་ཁབ་ཤུལ་སྐུད་པའི་ཟིན་རྒྱུ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས།
མཇུག་བསྡུ་བ།
       ད་རེས་རང་ཡུལ་གྱི་དཔལ་ཁའི་ཨ་མྱེས་བ་ཡན་ཞེས་པའི་གནས་རི་འདི་ལ་འདི་ཙམ་ལས་གླེང་སློང་མ་ནུས་པ་དང་། གོང་གི་དོན་ཚན་གསུམ་པའི་ནང་དུ་ས་གནས་གཞན་དང་གཞན་གྱི་གནས་རི་ཡང་རེ་འགའ་འདུག་པས་དེ་དག་གནས་གང་དུ་ཡོད་པ་དང་། དེ་དག་གི་མིང་ཡིག་ཐོག་ཏུ་ཇི་ལྟར་བཀོད་ཡོད་པའི་མཆན་སོགས་ཀྱང་འདེབས་མ་ཐུབ་པར་འཕྲོ་ཆགས་སུ་ལུས། ད་དུང་ངག་རྒྱུན་གཏམ་རྒྱུད་དག་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་ཡིན་པས་ཡུལ་སྐད་འདྲེས་ཆེ་བ་སོགས་ཞེན་ཆ་དང་ནོར་འཁྲུལ་མང་བོ་ཡོད་སྲིད་པས་ཁྱེད་ཀློག་པ་བོ་རྣམས་ཀྱིས་བཟོད་གསོལ་ཡོད་པར་ཞུ།
དཔྱད་གཞིའི་ཡིག་ཆ།
①《ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ། ལྕམ་རིག་སྲས་ཀྱིས་རྩོམ་སྒྲིག་བྱས་ཤིང་ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་གིས་༢༠༡༡ལོའི་ཟླ་༡༢པར་པར་གཞི་དང་བོ་བསྒྲིགས་པའི་ཤོག་གྲངས་༡༠༥བར་གསལ།
②《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས། ལབ་ཙེ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༦ལོའི་ཟླ་༡བོར་པར་ཐེངས་དང་བོ་དཔར་བའི་ཤོག་གྲངས་༡༡༥པར་གསལ།
③《དཀའ་སྡུག་དང་བྱང་ཆུབ།སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༤ལོའི་ཟླ་༡༢པར་པར་ཐེངས་དང་བོ་དཔར་བའི་ཤོག་གྲངས་༩པར་གསལ།

 
འབྲེལ་ཡོད་འོས་སྦྱོར།