logo

༄༅། །གནའ་ཡིག་པོེ་དང་པི་སོགས་ཀྱི་འགྱུར་བ་ལས་ཏུན་ཧོང་གཏེར་ཡིག་ཁག་ཅིག་གི་བྱུང་རིམ་ལ་བརྟག་པ།

རྩོམ་པ་པོ།:སྒོ་མེ་ཚེ་དབང་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-12 ཀློག་གྲངས།:
༄༅། །གནའ་ཡིག་པོེ་དང་པི་སོགས་ཀྱི་འགྱུར་བ་ལས་ཏུན་ཧོང་གཏེར་ཡིག་ཁག་ཅིག་གི་བྱུང་རིམ་ལ་བརྟག་པ།
སྒོ་མེ་ཚེ་དབང་རྣམ་རྒྱལ།
 [ནང་དོན་གནད་བསྡུས།]ཏུན་ཧོང་གཏེར་ཡིག་ཁྲོད་མིང་གཞིའི་ཡི་གེ་ཁག་ཅིག་ལ་དབྱངས་ཡིག་བརྩེགས་མར་བཀོད་པ་དཔེར་ན་པེེ་དང་པོེ་ལྟ་བུ་དང་། ཡང་ཁ་ཅིག་མིང་མཐའི་པ་བ་སོགས་ལ་དབྱངས་ཨི་སྲོག་ཏུ་ཞུགས་པས་པི་བྀ་ལྟ་བུར་མིང་མཐའ་དང་ཕྲད་གཉིས་ཀའི་བྱེད་ནུས་སུ་གྱུར་བའི་གནའ་ཡིག་ཁག་ཅིག་མཐོང་ཐུབ་སྟེ། དེ་དག་ནི་མིང་གཞིའི་ཡི་གེ་གང་ཞིག་ཕྲད་འི་དང་འིས་འདུས་པ་ལས་བྱུང་བ་དང་། དེ་ལྟ་བུའི་སྐུང་ཚུལ་ལ་པེེ་པོེ་དང་པི་བྀ་སོགས་རིགས་གཉིས་སུ་འདོད། ཡི་གེ་དེ་རིགས་སྦྱར་བའི་ཡིག་ཚང་རྣམས་ལ་ལེགས་པར་བརྟག་ཚེ་པོེ་པེེ་སོགས་ཀྱི་སྦྱོར་ཚུལ་སྔོན་ལ་བྱུང་ཞིང་། པི་བྀ་སོགས་ཕྱིས་ཙམ་ལ་ཡིན་དགོས་པ་མ་ཟད་འཕེལ་འགྱུར་གྱི་རིམ་པ་བཞི་ཙམ་བརྒྱུད་ཡོད། དེ་ལྟ་བུའི་ཐུན་མིན་གྱི་བརྡའི་སྦྱོར་ལུགས་ལ་བརྟེན་ནས་ང་ཚོས་ཡིག་ཚང་ཁག་ཅིག་གི་བྱུང་རིམ་དུས་སྐབས་གསུམ་དུ་དབྱེ་ཆོག་པར་འདོད།
[བརྡ་ཆད་གཙོ་བོ།] གནའ་ཡིག་པོེ་དང་པི། བརྡའི་སྦྱོར་ལུགས། ཏུན་ཧོང་གཏེར་ཡིག བྱུང་རིམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚོན་བྱང་།] A
[རྩོམ་ཡིག་ཨང་རྟགས།]1002-9060-2021-03-0054-11
གླེང་གཞི།
        བོད་ཀྱི་གནའ་རབས་ཡིག་ཚང་ཁྲོད་དེང་གི་སྐད་བརྡའི་སྦྱོར་ལུགས་དང་མི་མཐུན་པའི་ཚུལ་དེ་མིང་ཚིག་ཡི་གེ་གསུམ་གྱི་སྡེ་སོ་སོ་ན་ཚད་མི་འདྲ་བར་མངོན་ཡོད་དེ། དེ་ཡང་སྤྱི་ཆར་ཡི་གེའི་གཟུགས་དང་། ཡི་གེའི་སྦྱོར་བ། བརྡའི་སྦྱོར་ལུགས་བཅས་ཀྱི་ཐད་ནས་མངོན་པར་མཚོན། སྔ་མ་དཔེར་ན་གསལ་བྱེད་རྐྱང་པ་ཁག་ཅིག་གི་དཔུང་བ་དང་རྐང་ལག་སོགས་དྲང་ཐིག་གིས་ཡིག་མགོར་སྦྲེལ་ཡོད་ཅིང་། ཡི་གེའི་སྤོ་ཡང་ཧ་ལམ་དྲང་ཐིག་ཏུ་གནས་པས། ཡི་གེ་རྣམས་ཀྱི་སྤྱི་གཟུགས་ལེགས་སྦྱར་ནང་བཞིན་ཅུང་གྲུ་བཞིའི་ཚུལ་དུ་མཐོང་བ་རིམ་བཞིན་ཟུར་དང་སྒོར་ཤ་དོད་པར་གྱུར་ཡོད་པ་དང་། དབྱངས་ཡིག་སྔ་མ་གཉིས་ཀྱི་ཟླུམ་སྒོར་འཁྱིལ་སྟངས་དང་རྐང་ཐིག་བསྲིངས་ཚུལ། འགྲེང་བུའི་གསེག་ཚད་སོགས་ཀྱི་ཐད་ནས་ཀྱང་གང་ལ་དཔེ་བྱ་སའི་ཡི་གེའི་གཟུགས་ལས་རིམ་འགྱུར་བྱུང་ཚུལ་ཧ་ཅང་མངོན་གསལ་ཡིན། ཡི་གེའི་སྦྱོར་བའི་ཐད་ནས་དཔེར་ན་གནའ་དུས་སུ་ཀླུ་དབང་ལ་“ཁླུ་དབང་”དང་།[1] ཛྙཱ་ན་ལ་“དཉའ་ན།”[2] གཏད་ལ་“གཐད་”ལྟ་བུའི་བྲི་སྲོལ་བྱུང་ཡོད་པ་དང་། སྐད་རིགས་གཞན་གྱི་སྒྲ་གདངས་བོད་ཡིག་ཏུ་སོར་འཇོག་བྱས་པའི་ཁྲོད་དཔེར་ན་“禪門”ལ་“འཞན་འམུན།” “行時”ལ་“འཧེའུ་འཤེ།” “煩惱”ལ་“འཔྭན་འདྭའུ་”[3]ལྟ་བུའི་བརྡ་སྤྲོད་ཀྱི་གཞུང་ལས་བསྟན་པའི་ཡི་གེ་སྦྱོར་ལུགས་དང་ལྟག་སྤྲོད་དུ་སོང་བའི་ཡི་གེ་སྡེབ་སྟངས་མང་དུ་མཐོང་བ་རྣམས་རིམ་བཞིན་དེང་ལུགས་སུ་བསྒྱུར་བ་ཤེས། མིང་དང་ཐ་སྙད་ཀྱི་འགྱུར་བ་ནི་ཆེས་མངོན་གསལ་ལགས་པས་དཔེ་འདྲེན་གལ་ཆེར་མེད། དེ་མིན་བརྡའི་སྦྱོར་ལུགས་སུ་གཏོགས་པའི་ཕྲད་ཀྱི་གནའ་དེང་གི་འགྱུར་བ་ལ་ཕྲད་མང་ཉུང་གི་ཁྱད་པར་དང་། འཇུག་ཚུལ་ལམ་ཐོབ་ཐང་གི་ཁྱད་པར་སོགས་ཅི་རིགས་ཡོད་དེ། དཔེར་ན་ཡིག་ཚང་སྔ་གྲས་སུ་འབྲེལ་སྒྲའི་ཕྲད་ལ་ཁྱི་སོགས་སྦྱོར་ཞིང་ཡི་ཡིག་ཕྲད་དུ་སྦྱར་བ་ལྟོས་བཅས་སུ་ཅུང་ཕྱིས་ཙམ་ཡིན་པ། རྒྱན་སྡུད་ཀྱི་ཕྲད་ལ་དེང་གི་བརྡ་སྤྲོད་ཀྱི་ལུགས་སུ་ཀྱང་ཡིག་ཐོབ་ས་ཕལ་ཆེ་བར་གྱང་ཡིག་སྦྱོར་ཞིང་ཕྱིས་སུ་ཕྲད་དེ་ཉིད་མིང་དུ་བསྒྱུར་ཏེ་བསྟན་དོན་གཞན་དང་མ་ནོར་བའི་ཆེད་ཕྲད་ལས་བཏོན་པ་སོགས། དོན་ལ་འདི་ལྟ་བུའི་དཔེ་ནི་བགྲང་གིས་མི་ལོང་བར་ཡོད་ཅིང་། འདིར་བརྗོད་གཞིར་བཟུང་བའི་ཡི་གེ་པེེ་པོེ་དང་པི་བྀ་ལ་སོགས་པའང་དེ་ལྟ་སྟེ། ཡི་གེ་དེ་དག་སྣང་ངོར་འཆར་བ་བཞིན་བལྟས་ཚེ་གོང་བསྟན་ཡི་གེའི་སྦྱོར་བ་ཐུན་མོང་མ་ཡིན་པའི་ཚུལ་དུ་མཐོང་བ་དང་། སྔ་ཕྱིའི་ཡི་གེ་དང་རྗོད་པ་ཧྲིལ་པོ་ནས་དབྱེ་ཞིབ་བྱེད་དུས་བརྡའི་སྦྱོར་ལུགས་ལས་ཕྲད་ག་གེ་མོའི་སྦྱོར་ཚུལ་གྱི་འགྱུར་བ་ལྟ་བུར་ངེས་པ། གང་ལྟར་ཡང་ཡི་གེ་དེ་དག་གནའ་རབས་ཡིག་ཚང་དུ་མཐོང་ཡང་དེང་སྐབས་སྤྱོད་ཀྱིན་མེད་པ་ལྟར་རོ། །དེ་ན་ཏུན་ཧོང་གཏེར་ཡིག་གིས་མཚོན་པའི་བོད་ཀྱི་གནའ་རབས་ཡིག་ཚང་ཁག་ཅིག་ཀློག་འགྲེལ་སོགས་ཀྱི་ཚེ་ན་ཡི་གེ་དེ་དག་གི་བསྟན་དོན་དང་ཆོས་ཉིད་སོགས་ལ་རྒྱུས་ལོན་ཡོད་དགོས་ཀྱི། དེ་འདྲ་ལ་རྒྱུས་མེད་ཚེ་ཡིག་ཚང་དེ་དག་ལ་འཇུག་པའི་ཐབས་མེད་དོ། །ཡི་གེ་པེེ་པོེ་དང་པི་བྀ་སོགས་ལ་བརྟེན་པའི་ནུས་པ་གཞན་ཞིག་ནི། ཡི་གེ་དེ་རིགས་ཀྱི་འཕེལ་འགྱུར་ལ་གཞིགས་ཏེ་དེ་འབྲེལ་གྱི་ཡིག་ཚང་ཁག་གི་སྔ་ཕྱིའི་བྱུང་རིམ་ལ་དབྱེ་ཞིབ་བྱེད་ནུས་པ་དེ་ཡིན། ཡི་གེ་པོེ་པི་སོགས་ཀྱི་ཐད་ལ་སྔར་དཔྱད་པ་གནང་ཡོད་པ་མ་མཐོང་བས། གཤམ་དུ་ཡི་གེ་དེ་དག་གི་བྱུང་བ་དང་། སྦྱོར་ཚུལ། འགྱུར་རིམ། དེ་འབྲེལ་གྱི་ཡིག་ཚང་གི་བྱུང་རིམ་སོགས་ལ་དཔྱད་པ་ཅུང་ཙམ་ཞུ་བར་བྱ།
དང་པོ། ཏུན་ཧོང་གཏེར་ཡིག་ཁྲོད་ཡི་གེ་པེེ་པོེ་དང་པི་བྀ་སོགས་བྱུང་ཚུལ་བསྟན་པ།
        ང་ཚོས་ཏུན་ཧོང་གཏེར་ཡིག་གཙོ་བྱས་པའི་བོད་ཀྱི་གནའ་རབས་ཡིག་ཚང་ཁག་ཅིག་ཀློག་པའི་ཚེ་ན། ཡི་གེ་པེེ་པོེ་དང་པི་བྀ་སོགས་ཀྱིས་མཚོན་པའི་དེང་གི་ཡི་གེའི་སྦྱོར་ལུགས་དང་མི་མཐུན་པའམ་ཡང་ན་ཕྱིས་བྱུང་བརྡ་སྤྲོད་ཀྱི་གཞུང་ལས་བསྟན་པའི་ཕྲད་སྦྱོར་སྟངས་དང་ལྡོག་པའི་ཡི་གེ་འགའ་ཞིག་མཐོང་བ་སྟེ། དཔེར་ན། ཡིག་ཚང་pel.tib.0540པ་ལས། “དེ:ནྀ:གཞུང:གྱྀ:བྱེ:བྲག:།། ཕྱེད:པའོ:།།དེ:ལྟ:།ནའ:ཉན: ཐོས:པེེ:།ཐེག:པེེ།ཆོས:ལ:ནྀ:།།བརྟེནད:པའྀ:མྱི:། རིགས:སོ:།།”[4]ཞེས་པར་“ཉན:ཐོས:པེེ:།ཐེག:པེེ་”ཞེས་མིང་གཞིའི་ཡི་གེ་པ་ཡིག་ལ་འགྲེང་བུ་བརྩེགས་མའམ་ཀེ་ཤ་ཅན་ཞིག་མཐོང་བ་དང་། Pel.tib.1316-1པར། “མཐར་གྱིས་གནས་བེེ་སྙོམས་པར་འཇུག་པ་དགུ་ཡོངས་སུ་སྒྲུབ་པའོ། །”[5]ཞེས་མིང་གཞི་བ་ཡིག་ལ་འགྲེང་བུ་བརྩེགས་མར་བཀོད་པ། Pel.tib.0093པར། “ཆགས་པ་མ་ཆགས་ནམ་ཀེེ་ཚུལ་འདྲ་ཞིང། །”[6]ཞེས་མིང་གཞི་ཀ་ཡིག་ལ་འགྲེང་བུ་བརྩེགས་མ་ཅན་དང་། Pel.tib.0092པ་རུ། “ཟད་མྱི་ཤེས་ཕེེ་ཙིག་གང་ཞེ་ན། །”[7]ཞེས་མིང་གཞི་ཕ་ཡིག་ལ་འགྲེང་བུ་བརྩེགས་མར་ཡོད་པ་བཅས། མིང་གཞིའི་ཡི་གེ་ཀ་ག་ད་པ་བ་ཕ་སོགས་ལ་ཀེེ་གེེ་དེེ་པེེ་བེེ་ཕེེ་ལྟར་གྱི་དབྱངས་རྟགས་ཀེ་ཤ་ཅན་ནམ་འགྲེང་བུ་བརྩེགས་མར་སྦྱར་བའི་ཡིག་ཚང་མང་པོ་ཞིག་མཐོང་ཐུབ། དེ་བཞིན་དུ་དབྱངས་རྟགས་མི་འདྲ་བ་བརྩེགས་མར་སྦྱར་བ་པོེ་དང་ཕོེ་ལྟ་བུའང་འགའ་ཞིག་མཐོང་སྟེ། དཔེར་ན། IOL.Tib.750པ་རུ། “ཉེར་ཀར:ལྕང་བུར:བཙན་པོེ་བཀས:བཅདེ།” ཞེས་དང་། ཡང་ཡིག་ཚང་དེ་ཉིད་དུ། “ཁུད་པ:ཆེན་ཕོེ་འབངས:ཁྲྀ་སུམ:རྗེ་རྩང་བཞེར་ལ:ཕུལ་བར་ལོ་ཆིག”[8]ཅེས་མིང་གཞི་པ་དང་ཕ་ཡིག་ལ་པོེ་དང་ཕོེ་ལྟར་དབྱངས་རྟགས་མི་འདྲ་བ་གཉིས་བརྩེགས་མར་སྦྱར་བ་དང་། དེ་བཞིན་དུ་ཡིག་ཚང་དེ་གར། “བཙན་པོ:མལ་དྲོེ་བརྫེན་ཏང་ན་བཞུགས།”ཞེས་དང་། “མངན:གྱྀ་ཁབ་སོེ:ཁྲམ:སྤོས།”ཞེས་དང་། “དགུན་འདུན:སྒྲེགས:གྱྀ་བྱ་ཙལ:དྔ་ཅུ་བགོེ:རྟེའུ་མཀར་དུ་འདུསྟེ།”[9]ལྟ་བུའི་མིང་གཞིའི་ཡི་གེ་ད་ས་ག་ལ་སོགས་པར་དྲོེ་སོེ་གོེ་ལྟར་གྱི་དབྱངས་རྟགས་མི་འདྲ་བ་བརྩེགས་པའི་ཡི་གེ་དེང་སྲོལ་དང་མི་མཐུན་པ་ཁག་ཅིག་ཀྱང་མཐོང་བར་འགྱུར། གོང་བསྟན་དང་བྱེད་ནུས་མཚུངས་པའི་ཐུན་མིན་གྱི་ཡི་གེ་གཞན་ཞིག་ནི་པི་དང་བྀ་ལ་སོགས་པ་སྟེ། མིང་གཞིའི་ཡི་གེ་པ་དང་བ་ཡིག་སོགས་ལ་དབྱངས་ཡིག་ཨི་སྦྱར་བ་པི་པྀ་བི་བྀ་སོགས་གུག་གུ་ལུགས་ལྡོག་མིན་ཅི་རིགས་སུ་ཡོད་པའི་ཡི་གེ་ཁག་ཅིག་མཐོང་བ་དཔེར་ན། pel.tib.1301-1པར་“འདུ་བྱེད་མཚན་མྱེད་ཅེས་བྱ་བར་དེ་མྱི་དམྱྀགས་པི་ཚུལ་གྱིས་རབ་དུ་རྟོག་གོ། །”[10]ཞེས་དང་། Pel.Tib.1303-1པར། “དངོས་པོ་མྱེད་པྀ་ངོ་བོ་ཉིད་སྟོང་པ་ཉིད་ཀྱྀ་ཕྱིར་ས་བཞྀ་པ་དམྱིགས་སུ་མྱེད་དོའ། །”[11]ཞེས་པ་ལྟར་མིང་གཞི་པ་ཡིག་ལ་གུག་གུ་ལུགས་ལྡོག་མིན་གང་རུང་སྦྱར་བ་ཁག་ཅིག་དང་། ཡང་མིང་གཞི་བ་ཡིག་ཅན་ལ་དཔེར་ན། pel.tib.1301-1པར། “རྣམ་པ་ཐམས་ཅད་མཁྱེན་པ་ཉྀད་དང་ལྡན་བའྀ་ཡིད་ལ་བྱ་བས། ཚོར་བི་བདག་མྱེད་ཅེས་བྱ་བར་རྟོག་གོ།།”[12]ཞེས་དང་། ཡང་pel.tib.1310-1པར། “དགེ་བྀ་བཤེས་ཉེན། རྣམ་པ། ཡོངས་སུ་མ་བཟུང་བར་བྱང་ཅུབ་སེམས་དཔ་སེམས་དཔ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཡོངས་སུ་ཐོབ་པར་མྱྀ་ནུས་སོ། །”[13]ཞེས་མིང་གཞི་བ་ཡིག་ལ་གུག་གུ་ལུགས་ལྡོག་མིན་གང་རུང་དུ་སྦྱར་བ། དེ་བཞིན་དུ་སྔོན་རྗེས་ཀྱི་འཇུག་པ་ཅན་ལ་ཡང་“བྱང་ཆུབ་སེམས་དཔི་སྤྱོད་པ་བསམ་མྱི་ཁྱབ་།”[14]ཅེས་པ་ལྟར་ཏུན་ཧོང་གཏེར་ཡིག་ཏུ་དེང་གི་བརྡའི་སྦྱོར་ལུགས་དང་མི་མཐུན་པའི་ཡི་གེ་འདི་རིགས་སྦྱར་བའི་ཡིག་ཚང་བརྒྱ་ཕྲག་ལྷག་བཞུགས་སོ། །
        དེ་ན་གོང་བསྟན་ཡི་གེ་དེ་དག་གི་བྱེད་ནུས་ཇི་ལྟར་ལགས་ཤེ་ན། དེ་ནི་དུས་སྐབས་དེ་ཙམ་ལ་བྱུང་བའི་ཡི་གེ་སྐུང་ལུགས་ཤིག་སྟེ། སྐུང་ཡིག་གང་གི་བྱེད་ནུས་ནི་ཨི་ལྡན་གྱི་ཕྲད་དང་གཅིག་ཏུ་ཡོད་པ་རྗོད་པ་ཧྲིལ་པོ་བཀླགས་པས་ཤེས་པར་འགྱུར། དེ་ཡང་རྗེས་འཇུག་འ་དང་མཐའ་མེད་ཅན་ཀྱི་མིང་གཞིར་འཇུག་པས་ཕྲད་འི་དང་ཡི་གང་རུང་ལ་ངོས་འཛིན་ཞུས་ཆོག་པ་ལྟར་སྣང་ཞིང་། ལྷག་པར་དུ་ཡིག་ཚང་གཅིག་ལ་མིང་གཞི་མ་འདྲ་བ་དུ་མར་སྐུང་སྲོལ་སྔ་མའི་ལུགས་སུ་སྦྱར་བ་ཅན་ལ་འབྲེལ་སྒྲའི་ཕྲད་ཡི་ཡིག་མི་འབྱུང་བས། ཁོ་བོས་ཐོག་མར་ཕྲད་ཡི་ཡིག་ལ་བསམ་བློ་བཏང་བ་ཡིན་མོད། པེེ་དང་བེེ་ཁོ་ན་ཅན་གྱི་ཡིག་ཚང་ལ་ཕྲད་ཡི་དང་འི་ཡང་མཉམ་དུ་སྦྱར་ཡོད་པས་དེ་འདྲའི་ངེས་པ་མེད་པར་མཐོང་། སྤྱིར་བཏང་བོད་ཀྱི་གནའ་རབས་ཡིག་ཚང་ཁྲོད་ཀྱི་སྔ་ཆའི་ཡི་གེ་ལ་དབྱེ་ཞིབ་བྱེད་དུས། ཡིག་ཚང་སྔ་གྲས་ལ་འབྲེལ་སྒྲའི་ཕྲད་འི་ཡིག་ལས་ཕྲད་ཡི་ཡིག་སྦྱར་བ་མི་མཐོང་ཞིང་། དུས་རབས་དགུ་པའི་དུས་མགོ་ཙམ་ལ་ངེས་པའི་ཡིག་ཚང་ལ་ད་གཟོད་རིམ་བཞིན་ཕྲད་ཡི་ཡིག་སྦྱོར་སྲོལ་བྱུང་ཡོད་པར་གཞིགས་ན། སྐུང་ཡིག་དེ་དག་ནི་འབྲེལ་སྒྲའི་ཕྲད་འི་ཡིག་བསྐུངས་པར་ངོས་འཛིན་རིགས་པར་སེམས། དེ་བས་གོང་གི་ཚིག་རྣམས་རིམ་པ་བཞིན་“ཉན:ཐོས:པེེ:།ཐེག:པེེ་”ཞེས་པ་ཉན་ཐོས་པ་འི་ཐེག་པ་འི་ཞེས་དང་། “མཐར་གྱིས་གནས་བེེ་”ལ་མཐར་གྱིས་གནས་བ་འི། “ནམ་ཀེེ་ཚུལ་”ལ་ནམ་ཀ་འི་ཚུལ། “མྱི་ཤེས་ཕེེ་ཙིག་”ལ་མི་ཤེས་པ་འི་ཚིག “བཙན་པོེ་བཀས:བཅད་”ལ་བཙན་པོ་འི་བཀས་བཅད། “ཁུད་པ:ཆེན་ཕོེ་འབངས་”ལ་ཁུད་པ་ཆེན་པོ་འི་འབངས། “མལ་དྲོེ་བརྫེན་ཏང་”ལ་མལ་དྲོ་འི་བརྫེན་ཏང་། “ཁབ་སོེ:ཁྲམ:སྤོས་”ལ་ཁབ་སོ་འི་ཁྲམ་སྤོས། “བྱ་ཙལ:དྔ་ཅུ་བགོེ་”ལ་བྱ་ཙལ་དང་ཅུ་བགོ་འི། “མྱི་དམྱྀགས་པི་ཚུལ་”ལ་མི་དམིགས་པ་འི་ཚུལ། “དངོས་པོ་མྱེད་པྀ་ངོ་བོ་ཉིད་”ལ་དངོས་པོ་མེད་པ་འྀ་ངོ་བོ་ཉིད། “ཚོར་བི་བདག་མྱེད་”ལ་ཚོར་བ་འི་བདག་མེད། “དགེ་བྀ་བཤེས་ཉེན་”ལ་དགེ་བ་འྀ་བཤེས་གཉེན། “བྱང་ཆུབ་སེམས་དཔི་སྤྱོད་པ་”ལ་བྱང་ཆུབ་སེམས་དཔའ་འི་སྤྱོད་པ་ལྟར་དུ་ངེས་པར་བྱ་བ་དང་། གནའ་ཡིག་ཕལ་ཆེ་བར་མིང་གཞིའི་ཡི་གེ་དང་ཕྲད་འི་ཡིག་གཉིས་ཚེག་གིས་ཕྱེས་ནས་ཡོད་པ་ལྟར་རོ། །
གཉིས་པ། གནའ་ཡིག་པེེ་དང་པི་སོགས་ཀྱི་སྦྱོར་ཚུལ་བཤད་པ།
        གོང་བསྟན་སྐུང་ཡིག་སྦྱར་བའི་ཡིག་ཚང་རྣམས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བགྱིས་འབྲས་སུ། དེ་ནི་བཙན་པོའི་རྒྱལ་རབས་སྐབས་ནས་ཕྱིས་ཀྱི་དུས་རིམ་ངེས་ཅན་ཞིག་གི་ནང་སྔ་ཕྱིར་བྱུང་བའི་ཨི་ལྡན་གྱི་ཕྲད་སྐུང་ཚུལ་རིགས་གཉིས་སུ་ངེས་ཏེ། རིགས་དང་པོ་ནིPel.tib.1188Rཔར། “དེ་ལྟ:བུའི་ཚིག:གྱང་ཡང་དག་པར་གཤེགས་པེེ་གཆེས:པ:ཟབ་མོའི་ཆོས:བསྟནད་པ་ཡིན་ནོ་། །”[15]ཞེས་མཐོང་བའི་པེེ་ལྟར་གྱི་སྐུང་སྲོལ་དེ་ཡིན་ལ། ཡང་དག་པར་གཤེགས་པ་འི་གཅེས་པ་ཟབ་མོ་ཞེས་ཕྲད་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་པ་ཡིག་གི་སྟེང་དུ་འགྲེང་བུ་ཉིས་རྩེག་གམ་ཀེ་ཤ་ཅན་དུ་བྱས་ཡོད་པ་དང་། མིང་གཞིའི་ཡི་གེར་དབྱངས་རྟགས་ཡོད་པ་ཅན་ལ་དཔེར་ན། “སྟོང་གསུམ་གྱྀ་སྟོང་ཆེན་པོེ་ཁླུའྀ་དབང་པོས།།བཅོམ་ལྡན་འདས་ལ་གསོལད་པའ་།”[16]ཞེས་མིང་གཞིའི་ཡི་གེ་ལ་ཡོད་པའི་དབྱངས་ཡིག་གི་སྟེང་དུ་འགྲེང་བུའི་རྟགས་གཅིག་བསྲིངས་ནས་བཀོད། དེ་ལྟར་སྐུང་བའི་ཡིག་ཚང་ཕལ་ཆེ་བར་ཕྲད་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་པ་དང་བ་ཡིག་གཉིས་ཡིན་པ་མཐོང་ལ། དོན་ཆེན་གནད་བསྡུས་ལྟ་བུའི་ཡིག་ཚང་འགའ་ཞིག་ཏུ་དཔེར་ན། “བཙན་པོ:དབྱརད:མཚོ་བགོེ:བོལ:གངས:ན་བཞུགས་”[17]ཞེས་དང་། “ཀོང་ཅོེ་བློན:ཆོག་རོ་ཞྀན་ཀོང་ཕྱུང་སྟེ། ལང་གྲོ:ཁོང་རྩན་བཅུག་པེེ་རྩྀས་བགྱྀས།”[18]ཞེས་དང་། ཡང་“དེེ་ཙེ་གཙུག་ན་རིན་ཕོ་ཆེ་བྱང་ཆུབ་སེམས་དཔ་”[19]ཞེས་མིང་གཞི་པ་བ་ལས་གཞན་པའི་མཐའ་མེད་ཀྱི་ཡི་གེར་ཡང་ཕྲད་དེ་ལྟར་བསྐུངས། ཁོ་བོའི་མཐོང་ཚོད་ལྟར་བྱས་ན། ཕྲད་སྐུང་སྲོལ་འདིའི་རིགས་ལ་ནང་གསེས་སྦྱོར་སྟངས་གཉིས་ཙམ་སྣང་སྟེ། གཅིག་ནི་དབྱངས་རྟགས་མེད་པའི་མིང་གཞིའི་ཡི་གེ་རྐྱང་པར་གནས་པའི་སྐབས་སུ་འགྲེང་བུ་ཉིས་རྩེག་གམ་ཀེ་ཤ་ཅན་དུ་ཀེེ་དང་གེེ་པེེ་བེེ་ཕེེ་སེེ་ལྟ་བུར་བྲིས་ཡོད་པ་དང་། སྦྱོར་ཚུལ་གཞན་ཞིག་ནི་དབྱངས་རྟགས་ན་རོ་དང་འགྲེང་བུ་ཅན་གྱི་མིང་གཞིའི་ཡི་གེར་གོེ་དང་པོེ་ཕོེ་དེེ་ལྟར་ཏེ། སྔར་ཡོད་དབྱངས་རྟགས་ཀྱི་སྟེང་འགྲེང་བུ་གཅིག་བསྲིངས་པའོ། །དབྱངས་རྟགས་གུག་གུ་དང་ཞབས་ཀྱུ་ཅན་ལ་འགྲེང་བུ་བརྩེགས་མར་སྦྱར་ཡོད་པ་མ་མཐོང་། གཏེར་ཡིག་ལས་ཕྲད་འི་ཡིག་སྐུང་ཚུལ་རིགས་གཉིས་པ་ནི། འབྲེལ་སྒྲའི་ཕྲད་འི་ཡི་གུག་གུ་དེ་གང་འཇུག་ཡུལ་དུ་གྱུར་བའི་མིང་གཞིའི་ཡི་གེ་རྐྱང་བའི་སྟེང་བསྲིངས་ཤིང་འ་ཡིག་དོར་བ་སྟེ། དཔེར་ན། Pel.tib.0699པ་རུ། “ཆུ་བོ་ལ་ཡང་བཞི་སྟེ། སྲེད་པི་ཆུ་བོ་དང་། མ་རིག་པི་ཆུ་བོ་དང་། ལྷག་མི་ཆུ་བོ་དང་། ང་རྒྱལ་གི་ཆུ་བོ་ཀུན་ལ་ཞོན་ནས་། འ༹ཁོར་བའི༹་གླུང་ཕྱོགས་སུ་ཞུགས་ནས་། སྡུག་བསྔལ་ལས་ཐར་པི་དུས་མྱེད་དེ་། དེ་ལ་ཆུ་བོ་ཞེས་བྱ་འོ༹། །”[20]ཞེས་པ་ལས་མཐོང་བའི་“སྲེད་པི་བྱ་བ་དང་། མ་རིག་པི། ལྷག་མི། ཐར་པི་དུས་”ལྟ་བུ་སོགས་ནི་སྲེད་པ་འི་བྱ་བ་དང་། མ་རིག་པ་འི། ལྷག་མ་འི། ཐར་པ་འི་དུས་ལྟར་གྱི་འབྲེལ་སྒྲའི་ཕྲད་འི་ཡིག་མིང་གཞི་པ་ཡིག་ལ་བསྐུངས་པ་ལས་གྲུབ་པ་དང་། དེ་བཞིན་དུ་དཔེར་ན། “གསེར་ཡང་དག་པ་ནི་མགར་བི་ཐབས་པི་མཁས་པི་མཐུ་འི༹་དབང་གིས་མོས་པ་ཅི་ལྟ་བ་བཞིན་དུ་རྒྱན་རྣམ་པ་སྣ་ཚོགས་སུ་བྱས་སྟེ།”[21]ཞེས་པར་“མགར་བི་དང་། ཐབས་པི། མཁས་པི་མཐུ་”ཞེས་པ་མགར་བ་འི་ཐབས་པ་འི་མཁས་པ་འི་མཐུ་འི་སོགས་ཚིག་གཅིག་ལ་འབྲེལ་སྒྲའི་ཕྲད་དུ་མ་བརྩེགས་པའི་ཕྲད་རྣམས་སྔ་མའི་མིང་གཞིའི་ཡི་གེ་བ་དང་པ་ཡིག་སྟེང་བསྐུངས་ནས་གྲུབ་པ་ལ། གཏེར་ཡིག་ལས་མཐོང་བའི་སྐུང་ཡིག་འདིའི་རིགས་ཧ་ལམ་མིང་གཞིའི་ཡི་གེ་པ་དང་བ་ཡིག་གཉིས་ལ་བྱས་ཡོད་མོད། གོང་གི་ལུང་ཚིག་ཏུ་མཐོང་བའི་“ལྷག་མི་”ཞེས་པ་ལྟ་བུའི་མིང་གཞིའི་ཡི་གེ་གཞན་ལ་སྦྱར་བའང་རེ་གཉིས་མཐོང་ཐུབ། སྦྱོར་ཚུལ་ཐད་ད་དུངPel.tib.0780པ་རུ་“ཆོས་སྣང་འ༹བྀ་ཆོམ་སྤྲུལ་ལ་ཡང་རྣམ་པ་གཉིས་སྟེ་འ༹ཇྀག་རྟེན་གྱི་ཁམས་བསྟན་པའྀ༹་ཆོམ་ཕྲུལ་དང། འ༹ཁོར་བསྡུད་པ་འྀ༹་ཆོམ་ཕྲུལ་ལོ་། །”[22]ཞེས་པ་ལྟར་གྱི་“ཆོས་སྣང་འ༹བྀ་ཆོམ་སྤྲུལ་”ལྟ་བུ་ནི་ཆོས་སྣང་བ་འྀ་ཆོམ་སྤྲུལ་ཡིན་ངེས་མོད། ལུང་སྐད་སོགས་ཀྱི་སྒྲས་རྐྱེན་བྱས་ཏེ་སྔོན་འཇུག་འ་ཡིག་ཅིག་སྦྱར་བ་དང་།[23]ཡང་དཔེར་ན། “བྱང་ཆུབ་སེམས་དཔི་སྤྱོད་པ་བསམ་མྱི་ཁྱབ་།”[24]ཞེས་སེམས་དཔའ་འི་ཞེས་པའི་རྗེས་འཇུག་འ་དང་ཕྲད་འི་ཡིག་གི་མིང་གཞིའི་འ་ཡིག་གཉིས་དོར་ཏེ་གུག་གུའི་རྟགས་ཐད་ཀར་མིང་གཞི་པ་ཡིག་གི་སྟེང་བསྲིངས་ཡོད་ལ། དེ་ལྟ་བུའི་སྐུང་སྲོལ་ཡང་ཡིག་ཚང་འགའ་རེར་མཐོང་། སྐུང་སྲོལ་འདི་དང་རིགས་སྔ་མ་གཉིས་མི་འདྲ་ས་ཞིག་ལ་རིགས་ཕྱི་མ་འདིར་བྱེད་སྒྲའི་ཕྲད་འིས་ཡིག་ཀྱང་ཚུལ་དེ་ལྟར་བསྐུངས་ཡོད་དེ། དཔེར་ན། Pel.tib.0284པ་ལས། “ལྗགས་དྲིལ་པ་དཀན་གཏོགས་པྀས་སྒྲས་སྤ་བསྐུངས་པ།”[25]ཞེས་“དཀན་གཏོགས་པ་འྀས་སྒྲས་སྤ་བསྐུངས་པ་”ཞེས་པའི་ཕྲད་འིས་ཡིག་མིང་གཞི་པ་ཡིག་ལ་བསྐུངས་ཡོད་པར། དོན་ལ་བྱེད་འབྲེལ་གྱི་ཁྱད་པར་ཙམ་ལས་གྲུབ་ལུགས་གོང་དང་གཅིག་འདྲར་སྣང་། རིགས་འདི་ལ་གཏོགས་པའི་ཡིག་ཚང་རྣམས་ལས་མཐོང་བའི་བསྐུང་བྱའི་ཨི་ལྡན་གྱི་ཕྲད་ནི་འི་དང་འིས་ཡིན་པ་དང་། སྐུང་བྱེད་མིང་གཞིའི་ཡི་གེ་པ་དང་བ་ཡིག་སོགས་ལ་སྐུང་ཚུལ་པི་པྀ་བི་བྀ་ལྟར་རོ། །གོང་བསྟན་སྐུང་ཡིག་རིགས་གཉིས་སྦྱར་བའི་ཡིག་ཚང་གཅིག་ལ་ཕྲད་འི་ཡིག་སྐུང་མིན་སྣ་ཚོགས་སུ་མཐོང་ཞིང་། དུས་སྐབས་གཅིག་ཏུ་ངེས་པའི་ཡིག་ཚང་རྣམས་ལའང་ཕྲད་སྐུང་ཚུལ་འདི་སྤྱད་མ་སྤྱད་ཅི་རིགས་སུ་ངེས།
        ཡི་གེ་སྐུང་ཚུལ་པེེ་པོེ་དང་པི་བྀ་སོགས་ཀྱིས་མཚོན་པའི་སྐུང་ཡིག་དེ་དག་གི་གྲུབ་སྟངས་ཇི་ལྟར་ལགས་ཤེ་ན། སྔ་མ་དབྱངས་ཡིག་བརྩེགས་མར་བཀོད་པའི་ཡི་གེ་པེེ་དང་པོེ་སོགས་ཀྱི་གྲུབ་ལུགས་ནི་སཾ་སྐྲྀ་ཏའི་སྒྲའི་མཚམས་སྦྱོར་ལུགས་སུ་ཨ་ཨི་ལ་ཨེ་ཞེས་མིང་གཞི་རྐྱང་པའི་སྲོག་གི་དབྱངས་ཨ་དང་ཚུར་རོལ་འབྲེལ་སྒྲའི་ཕྲད་ཀྱི་དབྱངས་ཨི་འདུས་པ་ལས་པེ་ལྟར་དང་། དེ་ཉིད་དབྱངས་ལྡན་གྱི་ཡི་གེ་དང་མི་ནོར་བའི་ཆེད་ཀེ་ཤ་ཅན་དུ་བྲིས་ཤིང་། དབྱངས་རྟགས་དང་ལྡན་པའི་མིང་གཞིའི་ཡི་གེའི་སྟེང་འགྲེང་བུ་གཅིག་གིས་པོེ་ལྟར་དུ་མཚོན་པར་བྱས་པ་ལྟ་བུར་འགྲེལ་ཡང་མི་འགལ་བ་ཙམ་མཐོང་། ལེགས་སྦྱར་གྱི་སྒྲའི་སྡེབ་སྟངས་དང་ཡི་གེ་བརྩེགས་སྟངས་ཀྱི་རིགས་ལམ་དེ་བོད་ཀྱི་གནའ་ཡིག་ལ་སྤྱད་པ་ཤིན་ཏུ་མང་ཞིང་། འདི་ཡང་དེ་འདྲའི་རིགས་ལ་གཏོགས་པའི་ངེས་ཤེས་ཟབ་མོ་རྙེད། རིགས་ཕྱི་མ་ནི་ཨི་ལྡན་གྱི་ཕྲད་འི་ཐོབ་སའི་མིང་མཐའ་དང་མིང་གཞིའི་པ་བ་སོགས་ལ་ཕྲད་འི་ཡི་སྲོག་གི་དབྱངས་ཨི་ཡར་སྦྱར་ཞིང་མིང་གཞི་འ་ཡིག་དོར་བའི་སྐུང་སྲོལ་ཞིག་སྟེ། དེ་ལ་མིང་མཐའ་དང་ཕྲད་གཉིས་ཀའི་བྱེད་ནུས་སུ་གྱུར་བ་མཐོང་ཐུབ། དེང་སྐབས་གོང་ཞུས་ཡི་གེ་དག་བཀོད་སྤྱོད་མེད་ཀྱང་སྐུང་ཡིག་གི་རིགས་ལམ་ཕྱི་མ་དེ་ཉིད་དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་བཞིན་ནོ། ། 
གསུམ་པ། གནའ་ཡིག་པེེ་དང་པི་སོགས་ཀྱི་འགྱུར་རིམ་ལ་བརྟེན་ནས་གཏེར་ཡིག་ཁག་ཅིག་གི་སྔ་ཕྱིའི་བྱུང་རིམ་བཤད་པ།
        དེ་ཡང་གོང་དུ་ཞུས་པ་བཞིན་གཏེར་ཡིག་ཁྲོད་ཀྱི་ཡིག་ཚང་ཁག་ཅིག་ལ་མིང་སྔ་ཕྱིའི་བར་ཨི་ལྡན་གྱི་ཕྲད་འི་དང་འིས་ལྟ་བུ་འཇུག་པའི་ཚེ་ན། ཕྲད་གང་དེ་འཇུག་ཡུལ་དུ་གྱུར་བའི་མིང་གཞིའི་ཡི་གེར་བསྐུངས་ཏེ་པེེ་དང་པི་ལྟ་བུའི་འབྲི་སྲོལ་ཞིག་དར་ཡོད་པར་འདུག་ཅིང་། དེ་ལྟར་བསྐུངས་པའི་ཡིག་ཚང་རྣམས་གཤིབ་བསྡུར་གྱིས་ཤེས་ཐུབ་པ་ནི། སྐུང་ཡིག་དེ་དག་ལ་འཕེལ་འགྱུར་གྱི་རིམ་པ་དུ་མ་གསལ་བར་འབྱེད་དུ་ཡོད་དེ། དེ་ཡང་འབྲེལ་ཡོད་ཡིག་ཚང་དང་སྦྱར་ནས་ཅུང་ཞུས་ན། ཡིག་གཟུགས་དང་མིང་བརྡ་སོགས་ཕྱོགས་དུ་མ་ནས་བལྟས་པས་ཡིག་ཚང་སྔ་གྲས་ཀྱི་རིགས་སུ་གྱུར་བ་ཨང་རྟགསPel.tib.1288/IOL.Tib750/B.M8212(187)/
Pel.tib.0092/ Pel.tib.1185/Pel.tib.1172/Pel.tib.1188R/Pel.tib.0540/Pel.tib.0590/Pel.tib.0595/Pel.tib.0608
པ་ལ་སོགས་པར་མིང་གཞིའི་ཡི་གེ་ལྟོས་མེད་ལ་ཕྲད་པེེ་དང་པོེ་ལྟར་བསྐུངས་ཡོད་པར་འདུག་སྟེ། དེའི་ཚུལ་དཔེར་བརྗོད་འགའ་ལ་བརྟེན་ནས་ཤེས་པར་བྱ་བ་ལ། Pel.tib.0092པ་རུ། “བྱང་ཆུབ་སེམས་དཔའ༹་དེེ་རྫུ་འ༹ཕྲུལ་གྱི་རྐང་པ་དེ་དག་ལས་ཡོངསུ་བྱས་པའོ། །”ཞེས་དང་། ཡང་“དེེ་ཙེ་གཙུག་ན་རིན་ཕོ་ཆེ་བྱང་ཆུབ་སེམས་དཔ”[26]ཞེས་དང་། Pel.tib.0540པ་ལས། “འ༹དུ:བྱེད:ལ: འ༹ཇུག:ཕེེ:རྣཾས:གྱིས:ནི:།”[27]ཞེས་དང་། Pel.tib.0540པ་རུ། “ཁྱོད:ཀྱིས:།རྒྱལ:པོ:སྔ:མཻ:།ཆོས:དྲང: པོེ:།སྲིང(ཕྲེང349) དཻ:ཚེ:ཁྱེའུས:།།དེ:ལྟ:བུ:བྱས།(ཕྲེང351) ཤཻ:མྱྀག:གྀས:བལྟས”(ཕྲེང418)[28]ཞེས་དང་། “གག་གིས་ཀུན་དུ་བཟང་ཕོ་སྥྱོད་ཕེེ་སྨོན་ལམ་འ༹དྀ་འ༹ཅང་ཤྀང་སྟོན་བའོ། །”[29]ཞེས་པ་ལྟར་མཐའ་མེད་ཀྱི་མིང་གཞིའི་ཡི་གེ་ངེས་མེད་ལ་དེ་ལྟར་བསྐུངས་ཡོད་པ་དང་། དོན་ཆེན་གནད་བསྡུས་སོགས་ཡིག་ཚང་ཁག་ཅིག་གི་དཔེ་བརྗོད་དོན་ཚན་གོང་མར་བསྟན་ཟིན་པས་འདིར་ཡང་བསྐྱར་འདྲེན་པར་མི་བྱ་ཞིང་། ཡིག་ཚང་དེ་རིགས་ལས་མངོན་པའི་ཡི་གེའི་གཟུགས་དང་། མིང་དང་ཐ་སྙད། བརྡའི་སྦྱོར་བ། དེ་མིན་ཡིག་ཚང་འགའ་རེའི་ནང་དོན་སོགས་ཕྱོགས་མང་པོ་ཞིག་ནས་དབྱེ་ཞིབ་བྱེད་དུས། གོང་བསྟན་དང་རིགས་མཐུན་པའི་ཡིག་ཚང་རྣམས་མ་མཐའ་ ཡང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྲིད་ཀྱི་དུས་སྟོད་དམ་ཡང་ན་དེའི་ཡར་སྔོན་དུ་བྱུང་བར་བསམ་བློ་བཏང་ཆོག་པ་ཡིན། དེ་ནས་ཡིག་ཚངPel.tib.0082/ Pel.tib.0235/Pel.tib.0550/Pel.tib.0596/Pel.tib.1281-1/Pel.tib.1299/ Pel.tib.1300/Pel.tib.1316-1པ་ལ་སོགས་པར་པེེ་དང་བེེ་ཁོ་ན་ལས་མིང་གཞིའི་ཡི་གེ་གཞན་ལ་དེ་འདྲར་སྐུང་ཚུལ་མི་མཐོང་ཞིང་། དེ་ལསPel.tib.0550 དང་Pel.tib.1281སོགས་ནི་རྩོམ་གཞན་དུ་མིང་དང་ཐ་སྙད་ཀྱི་འགྱུར་བ་གླེང་སྐབས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་དུ་ངོས་འཛིན་ཞུས་ཟིན་པ་ལྟར།[30] འབྲེལ་སྒྲའི་ཕྲད་པེེ་དང་བེེ་ཁོ་ན་མཐོང་བའི་ཡིག་ཚང་དག་ནི་བཙན་པོ་ཁོང་གི་སྐུ་རིང་དུ་བྱུང་བར་འདོད་དེ། བཙན་པོ་ཁོང་གི་སྐུ་རིང་བརྐོས་པར་ངོས་འཛིན་པའི་བྲག་རྐོས་ཡི་གེར། “་་་དཾ་པེེ་ཆོས་ཀྱི་གཞུང་འདི་དག་སུས་ཐོས་ནས་རྟོགསྟེ་ཡི་རང་ཕ། བླ་ན་མྱེད་པེེ་བྱང་ཆུབ་གྱི་ཕྱིར་བགྱི་བ་ཡིན་ཏེ།”[31]ཞེས་པེེ་བེེ་ཁོ་ན་སྦྱར་བ་དེའང་དོན་འདིའི་སྒྲུབ་བྱེད་དུ་བཞག་ཆོག །ཡེར་པའི་རྡོ་རྐོས་གཅིག་ལ། “དགེསློངམརྒྱལབེེ བློགྲོས་”ཞེས་པའི་མཚན་འདིར་“བའི་ལ་བེེ་”ལྟར་དུ་བསྐུངས་ཡོད་ཀྱང་། ཡེར་པའི་རྡོ་རྐོས་ཀྱི་ལོ་ཚིགས་ཐད་བསྟན་པ་ཕྱི་དར་གྱི་དུས་མགོར་ཆ་འཇོག་བྱེད་མཁན་ཙམ་ལས་ད་སྔའི་ཡན་ལ་ཆེད་དོན་དཔྱད་པ་གནང་མཁན་བྱུང་མེད་མོད། ཡེར་པར་བཞུགས་པའི་རྡོ་རྐོས་བཞི་ཀའི་ཚེག་སྦྱོར་སྟངས་(ཚེག་མེད་དང་དཀྱིལ་ཚེག)དང་། ཡིག་གཟུགས་ཀྱི་ཁྱད་ཆོས། གོང་བསྟན་རྡོ་ཡིག་ལ་སྦྱར་བའི་སྐུང་ཡིག་སོགས་ནས་བལྟས་ཚེ་མ་མཐའ་ཡང་དུས་སྐབས་འདི་ལ་འོས་པ་ཙམ་སྣང་། ད་དུང་རྡོ་ཡིག་གཅིག་ལ་“བློནལེགསསུཾརྗེཀླུདཔླ་”ཞེས་པའི་སུམ་གྱི་མ་ཀོར་སྐུང་ལུགས་དེ་ཡང་བཙན་པོ་འདི་བའི་སྐུ་རིང་དར་ཆེ་བའི་ཡིག་སྲོལ་ཞིག་ཏུ་ངོས་འཛིན་རུང་བ་ཡིན། ཡེར་པའི་རྡོ་རྐོས་ལ་ད་དུང་མཚན་ཡིག་ལས་འཕྲོས་པའི་ལོ་རྒྱུས་མི་སྣ་སོགས་ཀྱི་ངོས་ནས་དཔྱད་གལ་ཆེ་བས། འདིར་ཡི་གེའི་ཁྱད་ཆོས་ཁོ་ནར་མཐོང་བའི་དུས་སྐབས་འདི་དང་མཐུན་པའི་ཆ་ཙམ་ཞུས་པ་ཡིན་གྱི་གཅིག་ཆོད་ཀྱི་གཏམ་ནི་མིན། བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་རྡོ་རིང་དང་བྲག་རྐོས་མཐོང་ཚོད་དུ་གོང་ཞུས་གཉིས་ལས་གཞན་གང་ལའང་སྐུང་ཡིག་དེ་ལྟར་སྦྱར་བ་མ་མཐོང་བས་ཡིག་ཚང་གི་དཔང་པོ་གཞན་དུ་འཇོག་དཀའོ། །གོང་སྨོས་ཡིག་ཚང་དེ་དག་ལ་ཡིག་གཟུགས་སོགས་བརྟག་ཐབས་གཞན་གང་ནས་བལྟས་ཀྱང་ཧ་ལམ་དུས་སྐབས་དེ་ཙམ་དུ་འཁེལ་ཡོད་ན། བཙན་པོ་འདི་བའི་སྲིད་ཀྱི་དུས་སྟོད་ཙམ་ལ་མིང་གཞིའི་ཡི་གེ་ཁྱད་མེད་དུ་འཇུག་པའི་སྲོལ་ལས་རིམ་བཞིན་མིང་གཞི་པ་དང་བ་ཁོ་ན་ལ་འཇུག་པར་བསྒྱུར་བ་དང་། སྲས་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་གི་ཡིག་ཚང་ལ་ཕྲད་འི་ཡིག་སྐུང་སྲོལ་གཞན་དར་ཁྱབ་ཆེ་བར་གཞིགས་ན། བཙན་པོ་ཡབ་ཀྱི་སྲིད་མཇུག་ཡས་མས་ཤིག་ལ་སྲོལ་དེ་ཡང་མེད་པར་བསྒྱུར་རམ་སྙམ། 
        གཏེར་ཡིག་ལས་མཐོང་བའི་སྐུང་ཡིག་པི་བྀ་དང་པིས་བྀས་སོགས་ཀྱང་དུས་སྐབས་ངེས་ཅན་ཞིག་ཏུ་བྱུང་བའི་བྱེད་འབྲེལ་གྱི་ཕྲད་འི་དང་འིས་སྐུང་སྟངས་ཤིག་སྟེ། སྐུང་ཡིག་དེ་དག་སྦྱར་བའི་ཡིག་ཚང་རྣམས་བྲིས་པའི་དུས་སྐབས་ཇི་ལྟར་ངོས་འཛིན་པར་བྱ་ཞེ་ན། གཏེར་ཡིག་ཁྲོད་ཀྱི་ཡིག་ཚང་སྔ་གྲས་སམ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་མ་བཟུང་གོང་གི་ཡིག་ཚང་དུ་ངོས་འཛིན་རུང་པ་དག་ལ་ཕྲད་སྐུང་ཚུལ་དེ་ལྟ་བུ་སྦྱར་ཡོད་པ་མ་མཐོང་ཞིང་། སྐུང་ཡིག་དེ་འདྲ་སྦྱར་བའི་ཡིག་ཚང་སྔ་ཤོས་ཀྱང་བཙན་པོ་ཁོང་གི་སྲིད་མཇུག་ཙམ་ལ་ངོས་འཛིན་དུ་རིགས་པའི་ཡིག་ཚང་ལགས་ན། པི་དང་བྀ་ལྟ་བུའི་སྐུང་སྲོལ་འདི་ཉིད་གསར་དུ་བཏོད་པ་ནས་དོན་ཚན་གོང་མར་བསྟན་པའི་སྐུང་སྲོལ་གྱི་བྱེད་ནུས་རིམ་གྱིས་ཉམས་པར་གྱུར་བ་དང་། སྔར་ཡོད་པེེ་བེེ་ལྟར་གྱི་སྐུང་སྲོལ་གྱི་རིགས་ལམ་ལ་སྐབས་དོན་པི་བི་ཡིས་ཚབ་བྱས་པ་ཨེ་ཡིན་སྙམ་བྱུང་ལ། དེ་འདྲར་འདོད་པའི་རྒྱུ་མཚན་ནི་ཕྲད་སྐུང་སྲོལ་གྱི་རིགས་ལམ་སྔ་ཕྱི་གཉིས་ལས་གྲུབ་པའི་སྐུང་ཡིག་སྦྱར་བའི་ཡིག་ཚང་བརྒྱ་ཕྲག་ལྷག་བཞུགས་པ་རྣམས་སུ་རིགས་སྔ་ཕྱི་གཉིས་མཉམ་བསྲེས་ཀྱིས་སྦྱར་བ་གཅིག་ཀྱང་མཐོང་ལམ་དུ་མ་བྱུང་བས་སོ། །སྐུང་ཡིག་འདིའི་རིགས་མཐོང་བའི་ཡིག་ཚང་རྣམས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེའི་སྨད་དམ་ཡང་ན་ཁྲི་གཙུག་ལྡེ་བཙན་གྱི་སྲིད་ཀྱི་དུས་སྟོད་ནས་ཕྱིས་ཀྱི་དུས་ཡུན་རིང་མོ་ཞིག་ཏུ་བྲིས་བཤུས་བྱུང་བར་ངོས་འཛིན་རིགས་ཏེ། སྐུང་ཡིག་འདིའི་རིགས་སྦྱར་བའི་སྔ་ཆའི་ཡིག་ཚངPel.tib.0100/Pel.tib.1299/Pel.tib.1310སོགས་ནས་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་གྱུར་བའི་ཕྱིས་སུ་ངེས་པའི་ཡིག་ཚངPel.tib.0097པ་འབའ་ཙེ་སྱོང་ལ་ཆེད་དུ་བཞེངས་པའི་མདོ་སྡེ་སོགས་དང་། དེ་ནས་ཡིག་གཟུགས་གཅིག་འདྲར་སྣང་ཞིང་། གུག་གུ་ལུགས་ལྡོག་ཅན་མི་མཐོང་ཞིང་ཕྲད་ཀྱི་ཐོབ་ཐང་རྣམས་ཀྱང་ཧ་ལམ་དེང་གི་འགྲོས་ལྟར་ལགས་པའི་ཡིག་ཚངPel.tib.0620/Pel.tib.0632/Pel.tib.0639/Pel.tib.0641/Pel.tib.0679/ Pel.tib.0680/Pel.tib.0681/Pel.tib.0683/Pel.tib.0684/Pel.tib.0972སོགས་ལྟོས་བཅས་སུ་གཏེར་ཡིག་ཁྲོད་བྲིས་བཤུས་ཀྱི་དུས་སྐབས་ཅུང་འཕྱི་བའི་གྲས་སུ་འདོད་པ་རྣམས་ལ་ཡང་སྐུང་ཡིག་དེ་ལྟར་མཐོང་བས། སྐུང་ཡིག་དེའི་རིགས་རྒྱུན་རིང་པོར་བཀོལ་སྤྱོད་གནང་ཡོད་པ་ཤེས། གོང་བསྟན་གྱི་ཚུལ་འདིར་དབྱེ་ཞིབ་བྱེད་པར་ཡིག་ཚང་གང་དག་ལ་ཕྲད་ཇི་ལྟར་བསྐུངས་ཡོད་པའི་ཚུལ་གསལ་བོར་ངེས་དགོས་པས། རྩོམ་མཇུག་གི་ཟུར་བཀོད་རེའུ་མིག་ལས་དེ་དོན་ཤེས་པར་བྱ། 
        མདོར་ན་གོང་བསྟན་ཕྲད་སྐུང་སྲོལ་རིགས་གཉིས་པོ་དུས་རིམ་མི་འདྲ་བར་བྱུང་ཡོད་པ་ལ་བརྟེན་ནས། སྐུང་ཡིག་རིགས་དེ་གཉིས་སྦྱར་བའི་ཡིག་ཚང་རྣམས་ཁྲི་ལྡེ་སྲོང་བཙན་གྱི་སྲིད་མཇུག་ཡས་མས་ཀྱི་སྔ་ཕྱིའི་དུས་མཚམས་གང་ལ་གཏོགས་པ་གསལ་ཙམ་ཤེས་ཐུབ་པ་དང་། སྐུང་སྲོལ་རིགས་སྔ་མའི་ནང་ཚན་དུ་ཁྲི་ལྡེ་སྲོང་བཙན་གྱི་སྲིད་ཀྱི་དུས་སྟོད་སྔོན་གྱི་ཡིག་ཚང་དང་། ཁོང་གི་སྲིད་རིང་གི་ཡིག་ཚང་གཉིས་ཀྱང་ཅུང་གསལ་བོར་འབྱེད་ཐུབ་པར་འདུག་ཅིང་། ཕྲད་པི་དང་བི་སྦྱོར་སྲོལ་དུ་གྱུར་བའི་ཕྱིས་ཀྱི་དུས་རིམ་དང་བཅས་ཏེ་དུས་སྐབས་གསུམ་གྱི་ཡིག་ཚང་གི་ཚུལ་ལ་གསལ་ཁ་ཅུང་ཙམ་འདོན་ཐུབ་པར་འདོད། ཕྲད་འི་ཡིག་སྐུང་སྲོལ་རིགས་སྔ་ཕྱི་གཉིས་གཅིག་དར་གཅིག་རྒུད་ཀྱི་དུས་མཚམས་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་དུ་འདོད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རིགས་སྔ་མའི་སྐུང་སྲོལ་དུ་གྱུར་བའི་པེེ་དང་བེེ་ཁོ་ན་སྦྱར་བའི་ཡིག་ཚང་དང་། རིགས་ཕྱི་མ་པི་དང་བི་སྦྱར་བའི་སྔ་ཆའི་ཡིག་ཚང་རྣམས་ལ་རྗེས་འཇུག་མ་ཡིག་མིང་གཞིའི་ཡི་གེའི་སྟེང་སྒོར་ཐིག་ཏུ་བསྐུངས་པའི་སྐུང་ཡིག་མང་དུ་མཐོང་ཞིང་། དེ་འདྲ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་བཞེངས་པའི་རྡོ་རིང་དང་བྲག་རྐོས་ཡི་གེ་ལས་བཙན་པོ་ཁོང་གི་སྐུ་དུས་ཀྱི་ཡིག་ཚང་གི་ཁྱད་ཆོས་ཤིག་ཏུ་རློམ་ཆོག་སྟེ། ད་ལྟའི་ཆ་ལ་མཐོང་ཐུབ་པའི་བཀའ་གཙིགས་རྡོ་རིང་དང་། བྲག་རྐོས་སྨོན་ལམ་སོགས་ཀྱི་ཡི་གེ་ལ་མ་ཡིག་སྒོར་ཐིག་ཏུ་བསྐུངས་པའི་སྐུང་ཡིག་དེ་འདྲ་སྦྱར་བ་ཧ་ལམ་བཙན་པོ་ཁོང་གི་སྐུ་རིང་དུ་ངེས་པས། དོན་དེས་ཀྱང་ར་འཕྲོད་པ་ཙམ་སྣང་། དཔྱད་མཚམས་འདིར་སླེབས་དུས་ང་ཚོས་སྐུང་ཡིག་དེ་དག་འཕེལ་འགྱུར་རིམ་པ་བཞི་ཙམ་བརྒྱུད་མྱོང་བར་ངེས་ཤེས་འདྲོངས་ཐུབ་སྟེ། ཐོག་མར་ཨ་ཨི་མཚམས་སྦྱོར་གྱིས་དབྱངས་རྟགས་མེད་པའི་མིང་གཞི་རྐྱང་པ་དཔེར་ན་པའི་བའི་སོགས་ལ་པེ་བེ་ལྟར་གྱི་སྐུང་ཚུལ་བྱུང་ཡོད་པར་ཆ་འཇོག་བྱེད་རུང་བ་དང་། དེ་ནས་དབྱངས་ལྡན་གྱི་ཡི་གེ་གཞན་དང་མ་ནོར་བའི་ཆེད་དུ་འགྲེང་བུ་བརྩེགས་མར་སྦྱར་བ། དེ་ཡང་མིང་གཞི་ལྟོས་མེད་ལ་དབྱངས་བརྩེགས་མར་སྦྱོར་སྟངས་པེེ་བེེ་ཅོེ་དེེ་ཕོེ་སོེ་སོགས་ཀྱི་སྲོལ་དུ་འཕེལ་བ། བར་སྐབས་ཤིག་ལ་མིང་གཞི་ལྟོས་མེད་ལ་བསྐུང་བའི་སྲོལ་ཉམས་ཤིང་པ་དང་བ་ཁོ་ན་ལ་པེེ་བེེ་ལྟར་དུ་སྐུང་སྲོལ་གཅིག་གྱུར་བྱུང་བ། མཇུག་མཐར་མིང་གཞི་པ་དང་བ་ཡིག་གཙོར་བྱས་ཏེ་པའི་བའི་ལ་པི་བྀ་སོགས་ཀྱི་སྐུང་ཚུལ་བྱུང་ཞིང་། སྐུང་ཡིག་དེའི་རིགས་རྒྱུན་རིང་ཙམ་དུ་སྤྱད་པ་བཅས་འཕེལ་རིམ་བཞིའི་དུས་མཚམས་འབྱེད་རུང་བ་ལྟར་མཐོང་ཞིང་། དེ་ལས་འཕེལ་རིམ་ཕྱི་མ་གསུམ་ལོ་རྒྱུས་ཀྱི་སྐབས་གང་ལ་འཁེལ་བའི་དུས་མཚམས་དང་བཅས་པ་དོན་ཚན་གོང་མར་ཞུས་ཟིན་པ་དང་། འཕེལ་རིམ་སྔ་མ་ནི་སྐུང་ཡིག་རིགས་སྔ་མ་སྟེ་པེེ་བེེ་སོགས་ཀྱི་ཐོག་མའི་རྣམ་པར་རྗེས་དཔག་ལ་བརྟེན་པ་སྟེ། ལོ་ཕྱུག་གྲོང་ཚོའི་བྲག་ལྷ་མོའི་སྦྱར་བྱང་དུ། “་་་མྱྀ་སྐྱེ་བེ་སེམས་ཅན་ཀྱྀས་དོན་ཀྱང་བྱ། དེ་ལྟར་དེ་བཞྀན་མ་ལུས་པེ།”[32]ཞེས་བེ་དང་པེ་སྐུང་སྲོལ་གྱི་རྗེས་ཤུལ་དུས་ད་ལྟའི་བར་དུ་མཇལ་རྒྱུ་ཡོད་པས། དེ་ཡང་ཁུངས་ལུང་མེད་པའི་འོལ་ཚོད་ཙམ་ལ་བརྟེན་པ་མ་ཡིན་ནོ། །
མཇུག་སྡུད།
        སྤྱིར་ན་གོང་བསྟན་ཨི་ལྡན་གྱི་ཕྲད་སྐུང་སྲོལ་པེེ་དང་པི་སོགས་ནི་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ཡིག་སྲོལ་ཡིན་པར་ཞུ་དཀའ་སྟེ། བཙན་པོའི་རྒྱལ་རབས་སྐབས་གཞུང་ཕྱོགས་ནས་བཙུགས་པའི་རྡོ་རིང་ལས་ཡི་གེ་སྐུང་སྲོལ་སྣ་ཚོགས་ཤིག་མཐོང་ཡང་། གོང་བསྟན་གྱི་ལུགས་ལྟར་བསྐུངས་པའི་ཡི་གེ་གཞུང་ཕྱོགས་ཀྱི་རྡོ་རིང་གང་ལའང་སྦྱར་མེད་ཅིང་། དུས་སྐབས་དེའི་སྔ་ཕྱིར་བཞེངས་པའི་རྡོ་རྐོས་དང་། བྲག་ཡིག ཅོང་དྲིལ་གྱི་ཡི་གེ། ཐ་ན་གཞུང་ཕྱོགས་ནས་ཤ་ཅུ་སོགས་སུ་བཏང་བའི་བཀའི་ཤོག་དྲིལ་རྣམས་ལའང་ཧ་ལམ་སྐུང་ཡིག་དེའི་རིགས་མི་མཐོང་བས་དང་། ཡང་ཅིག་ན་གཏེར་ཡིག་ཁྲོད་སྐུང་ཡིག་དེ་རིགས་མཐོང་བ་ཡང་ནང་གསེས་ཡིག་ཚང་ཁག་ཅིག་ཡིན་པ་ལས། དུས་སྐབས་ངེས་ཅན་གྱི་ཡིག་ཚང་སྤྱི་ལ་ཁྱབ་པ་སོགས་ཀྱི་ཚུལ་དུ་གྱུར་མེད་པས། ཡི་གེ་སྐུང་སྲོལ་དེ་ཡང་གཞུང་ཕྱོགས་ནས་ཁྱབ་བརྡལ་དུ་བཏང་བའི་ཡོངས་ཁྱབ་ཀྱི་སྦྱོར་ལུགས་ཤིག་ཏུ་མི་འདོད་མོད། ཡིག་སྲོལ་དེ་རིགས་ལ་བརྟེན་ནས་ཡིག་ཚང་གི་དུས་རིམ་བརྟག་པར་རིན་ཐང་ཆེ་ཞིང་། ལྷག་པར་དུ་གོང་བསྟན་གྱི་རིགས་ལམ་ལས་གྲུབ་པའི་སྐུང་ཡིག་ལ་དུས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དེ་འདྲ་ཏུན་ཧོང་གི་རྒྱའི་ཡིག་ཚང་གི་ལོ་ཚིགས་དཔྱོད་སྐབས་རྒྱལ་མོ་ཝུ་ཙེ་ཐེན་གྱི་སྐུ་དུས་གསར་དུ་བསྣན་པའི་ཝུ་ཀྲུའུ་ཡིག་གསར་ལ་བརྟེན་ནས་སྐབས་བསྟུན་གྱི་ཡིག་ཚང་ངོས་འཛིན་བྱ་བའི་ནུས་པ་དང་ཆ་འདྲ་བར་བཤད་ཆོག ཆེད་དོན་ཞུ་རྒྱུ་ཞིག་ནི་སྔ་མ་སྔ་མར་བྱུང་བའི་ཡིག་སྲོལ་གང་དེ་ཕྱིས་ཀྱི་དུས་རིམ་ནང་སྔར་རྒྱུན་མུ་རུ་འཛིན་མཁན་ཡང་ཡོད་སྲིད་པ་ལགས་པས། དེ་འདྲའི་སྐབས་སུ་ཐབས་ལམ་གཞན་གྱི་དཔྱད་པ་གྲོགས་སུ་བཅོལ་གལ་ཆེའོ། །
ཟུར་བཀོད། གོང་བསྟན་སྐུང་ཡིག་སྦྱར་བའི་ཡིག་ཚང་ཁག་ཅིག་དཔེར་བརྗོད་དུ་བསྟན་པ།
1.སྐུང་ཡིག་པེེ་དང་ཕོེ་སོགས་སྦྱར་བའི་ཡིག་ཚང་ཁག་ཅིག་གི་ཨང་རྟགས་དཔེར་དྲངས་པ།
2.སྐུང་ཡིག་པི་དང་པྀ་སོགས་སྦྱར་བའི་ཡིག་ཚང་ཁག་ཅིག་གི་ཨང་རྟགས་དཔེར་དྲངས་པ།
3.སྐུང་ཡིག་བི་དང་བྀ་སོགས་སྦྱར་བའི་ཡིག་ཚང་ཁག་ཅིག་གི་ཨང་རྟགས་དཔེར་དྲངས་པ།
མཆན་དང་ལུང་ཁུངས།
[1]Pel.tib.0444པ་སྤྲིན་ཆེན་པོའི་མདོཞེས་པའི་ཡིག་ཕྲེང78པ་ལས་དྲངས།
[2]Pel.tib.0845པ་སྒྲ་སྦྱོར་བམ་པོ་གཉིས་པཡི་ལྡེབ་ཅ་པའི་སྲིབ་ངོས་ཀྱི་ཡིག་ཕྲེང2པ་ལས་དྲངས།
[3]Pel.tib.1228པ་རྒྱ་གར་ལྷོ་ཕྱོགས་ཀྱི་བསམ་གཏན་མཁན་པོ་བོདྷི་དྷརྨའི་སྒོམ་ཐབས་རྒྱ་བོད་སྒྲ་འགྱུར་མཡི་ཡིག་ཕྲེང29 19 18པ་བཅས་ལས་དྲངས། 
[4]pel.tib.0540པ་མྱ་ངན་ལས་འདས་པ་ཆེན་པོ་ཆོས་ཀྱི་ཡི་གེ་བམ་པོ་དྲུགཅེས་པའི་ཡིག་ཕྲེང534དང535པ་ལས་དྲངས།
[5]Pel.tib.1316-1པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པདུམ་བུ་གཉིས་པ་བམ་པོ་ཞེ་དགུ་པའི་ཡིག་ཕྲེང98པ་ལས་དྲངས།
[6]Pel.tib.0093-2པ་འཕགས་པ་འབྱུང་བ་མྱེད་པའི་གཞུང་གི་དོནཞེས་བྱ་བ་ཡིག་ཕྲེང56པ་ལས་དྲངས།
[7]Pel.tib.0092པ་འཕགས་པ་གཙུག་ན་རིན་པོ་ཆེས་དྲིས་པ་ཐེག་པ་ཆེན་པོའི་མདོཞེས་བྱ་བའི་་ཡིག་ཕྲེང128པ་ལས་དྲངས།
[8]IOL.Tib750པ་དོན་ཆེན་གནད་བསྡུསཀྱི་ཡིག་ཕྲེང70དང141པ་ལས་དྲངས།
[9]IOL.Tib750པ་དོན་ཆེན་གནད་བསྡུསཀྱི་ཡིག་ཕྲེང65 110 229པ་བཅས་ལས་དྲངས།
[10]pel.tib.1301-1པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པབམ་པོ་ཉེར་དགུ་པ་ལས་དྲངས། ཡིག་ཕྲེང65-23
[11]Pel.tib.1303-1པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པདུམ་བུ་དང་པོ་བམ་པོ་རེ་གཅིག་པ་ལས་དྲངས། ཡིག་ཕྲེང40-3 
[12]pel.tib.1301-1པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པབམ་པོ་ཉེར་དགུ་པ་ལས་དྲངས། ཡིག་ཕྲེང65-13
[13]pel.tib.1310-1པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པདུམ་བུ་བཞི་པ་བམ་པོ་དང་པོ། ཡིག་ཕྲེང31-9
[14]pel.tib.0097-1པ་མྱི་ཟད་པི་གཏེར་བསྟན་པི་མདོཞེས་བྱ་བའི་ཡིག་ཕྲེང2པ་ལས་དྲངས།
[15]Pel.tib.1188Rཔ་དམ་ཆོས་ཐོར་བུཞེས་པའི་ཡིག་ཕྲེང19དང20པ་ལས་དྲངས།
[16]Pel.tib.0444པ་སྤྲིན་ཆེན་པོའི་མདོཡི་ཡིག་ཕྲེང78པ་ལས་དྲངས། 
[17]IOL.Tib750པ་དོན་ཆེན་གནད་བསྡུསཀྱི་ཡིག་ཕྲེང197པ་ལས་དྲངས།
[18]IOL.Tib750པ་དོན་ཆེན་གནད་བསྡུསཀྱི་ཡིག་ཕྲེང206པ་ལས་དྲངས།
[19]Pel.tib.0092-1པ་འཕགས་པ་གཙུག་ན་རིན་པོ་ཆེས་དྲིས་པ་ཐེག་པ་ཆེན་པོའི་མདོཡི་ཡིག་ཕྲེང139པ་ལས་དྲངས། 
[20]Pel.tib.0699པ་སེམས་གཞག་པའི་ཐབས་སོགས་བསྟན་པཞེས་པའི་ཡིག་ཕྲེང13དང14པ་ལས་དྲངས།
[21]Pel.tib.0097-1པ་མྱི་ཟད་པི་གཏེར་བསྟན་པི་མདོཡི་ཡིག་ཕྲེང84པ་ལས་དྲངས།
[22]Pel.tib.0780-3པ་སྔགས་ཀྱི་ཆོ་གཞེས་པའི་ཡིག་ཕྲེང108ནས111པའི་བར་དྲངས།
[23]Pel.tib.0780-3པར་ཁ་བརྒྱད་དུ་སྣང་འ༹བྀ་་་ཐུ་རྗེ་ལྡན་འ༹བྀ་་་གཏོང་འ༹བྀ་དུས་མྱེད་་་གསང་འ༹བྀ་ཞལ་ལས་(ཡིག་ཕྲེང78)སོགས་འ༹བྀ་ཡིག་འདི་ཐོན་ཐེངས་མང་ཡང་། ཡིག་ཚང་གཞན་དུ་འབྲི་ཚུལ་དེ་འདྲ་བ་མ་མཐོང་ན་ཡུལ་སྐད་སོགས་ཀྱི་གདངས་ལས་བྱུང་བ་མིན་ནམ་སྙམ།
[24]Pel.tib.0097-1པ་མྱི་ཟད་པི་གཏེར་བསྟན་པི་མདོཞེས་པའི་ཡིག་ཕྲེང2པ་ལས་དྲངས།
[25]Pel.tib.0284པ་ཡི་དམ་སྒོམ་ཚུལ་དང་ཆོ་གཞེས་པའི་ཡིག་ཕྲེང23པ་ལས་དྲངས།
[26]Pel.tib.0092-1པ་འཕགས་པ་གཙུག་ན་རིན་པོ་ཆེས་དྲིས་པ་ཐེག་པ་ཆེན་པོའི་མདོཡི་ཡིག་ཕྲེང97དང139པ་ལས་དྲངས།
[27]Pel.tib.0540པ་ཕར་ཕྱིན་གཞུང་བཤད་པཞེས་པའི་ཡིག་ཕྲེང30པ་ལས་དྲངས།    
[28]Pel.tib.0590པ་མྱ་ངན་ལས་འདའས་པ་ཆེན་པོ་ཆོས་གྱྀ་ཡི་གེ་བམ་པོ་དྲུགཅེས་པ་ལས་དྲངས།  
[29]Pel.tib.0151པ་ཕགས་པ་ཀུན་དུ་བཟང་ཕོ་སྤྱོད་ཕའྀ༹་སྨོན་ལམ་ཅེན་ཕོ་འ༹གྲེལད་ཕའྀ༹་མདོཡི་ཡིག་ཕྲེང302པ་ལས་དྲངས།
[30]སྒོ་མེ་ཚེ་དབང་རྣམ་རྒྱལ། ཏུན་ཧོང་གཏེར་ཡིག་གི་བྱུང་རིམ་ལོ་ཚིགས་ཞིབ་འཇུག [D] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་བསླབ་གནས་དཔྱད་རྩོམ། 2020ལོ། ཤོག་ངོས119པ།
[31]སེར་ཤུལ་འདན་ཁོག་གི་ལོ་ཕྱུག་གྲོང་ཚོར་ཡོད་པའི་བྲག་ལྷ་མོའི་སྐུའི་སྦྱར་བྱང་གི་ཡིག་ཕྲེང3པ་དང4པ་ལས་དྲངས།
[32]སེར་ཤུལ་འདན་ཁོག་གི་ལོ་ཕྱུག་གྲོང་ཚོར་ཡོད་པའི་བྲག་ལྷ་མོའི་སྐུའི་སྦྱར་བྱང་གི་ཡིག་ཕྲེང1པ་ལས་དྲངས།

སྒོ་མེ་ཚེ་དབང་རྣམ་རྒྱལ། མཚོ་སྔོན་ཁྲི་ཀའི་མི། འབུམ་རམས་པ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན།

རྩོམ་འདི་ཀྲུང་གོའི་བོད་རིག་པ༢༠༢༡ལོའི་དེབ་གསུམ་པའི་སྟེང་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།