logo

༄༅།།བོད་ལུགས་གསོ་རིག་གི་དཔྱད་རྩོམ་འབྲི་ཚུལ་ཐད་ཀྱི་བསམ་གཞིག་འགའ།

རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-14 ཀློག་གྲངས།:
༄༅།།བོད་ལུགས་གསོ་རིག་གི་དཔྱད་རྩོམ་འབྲི་ཚུལ་ཐད་ཀྱི་བསམ་གཞིག་འགའ།
རྔོག་བུ་བདུད་མགོན་ཚེ་རིང་།

ནང་དོན་གནད་བསྡུས། གསོ་བ་རིག་པའི་རིག་གཞུང་ཞིབ་འཇུག་དང་བགྲོ་གླེང་། སློབ་སྦྱོང་། ཐོན་སྐྱེད་བཅས་ཀྱི་ཚ་རླབས་འཕྱུར་གྱིན་པའི་ཚན་རྩལ་གྱི་དུས་རབས་འདིར། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གསོ་བ་རིག་པར་ཆ་མཚོན་ན་ཡུལ་ལུང་ཞིག་གི་འཚོ་ཐབས་འཕྲོད་བསྟེན་རིག་པ་ནས་མི་རིགས་ཤིག་གི་ཤེས་རིག་རིག་གཞུང་གི་གྲུབ་ཆ་ཆེན་པོ་ཞིག་ཏུ་གྱུར་བ་དང་།  ཡང་རྒྱལ་ཡོངས་དང་འཛམ་གླིང་གི་རིག་གཞུང་གར་སྟེགས་སུ་གཙོ་འཁྲབ་དང་གཙོ་རྒྱུགས་རིག་གནས་ཀྱི་སྣེ་ཁྲིད་རིག་གནས་སུ་གྱུར་ནས་བོད་མི་རིགས་ཀྱི་ཤེས་རབ་དང་བརྩོན་འགྲུས་ཀྱི་ཉིང་བཅུད་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་དང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་དང་འགྲོ་མུས་སུ་མཆིས་པའི་སྒང་འདིར། ང་ཚོས་མི་ཆོས་དང་ཚན་རིག་གི་སྒང་ནས་བོད་ཀྱི་གསོ་རིག་ལ་ཞིབ་འཇུག་ནན་ཏན་བྱས་པའི་འབྲས་བུ་གཞན་ལ་སྟོན་ཚེ། དཔྱད་རྩོམ་ནི་དཔྱད་འབྲས教学研产ངོམ་ཁྱེར་བྱེད་པའི་བརྒྱུད་ལམ་དང་ཐབས་ལམ་གཙོ་གྲས་ཤིག་ཡིན་པས་དེ་ལ་གནའ་རབས་ཀྱི་བསྟན་བཅོས་རྩོམ་སྲོལ། དེང་རབས་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་རྩོམ་སྲོལ་གཉིས་ཟུང་འབྲེལ་སྒོས་དཔྱད་རྩོམ་ཚད་ལྡན་ཞིག་འབུལ་ཐུབ་ན་སྙམ་པའི་ཀུན་སློང་གིས་ཚང་མར་ཟུར་ལྟའི་དཔྱད་གཞི་ཙམ་དུ་བྲིས་པའོ། །
གནད་ཚིག བོད་ཀྱི་གསོ་རིག དཔྱད་རྩོམ་འབྲི་ཚུལ། བསམ་གཞིག 
གླེང་གཞི།
        འདིར་བོད་ཀྱི་གསོ་རིག་གི་དཔྱད་རྩོམ་འབྲི་ཚུལ་ཞེས་བརྗོད་ཚེ་དེ་ལ་གཞུང་ལུགས་རང་ཉིད་ནས་ཚད་གཞི་ཞིག་གཏན་འཁེལ་ཡོད་སྙམ་འདོད་མོད། ཚད་གཞི་འདི་ཟེར་རྒྱུ་ཞིག་ད་སྔ་བྱུང་མྱོང་མེད་ལ། བོད་ཀྱི་གསོ་རིག་གི་དཔྱད་རྩོམ་འབྲི་ཚུལ་གྱི་ཐད་ནས་དཔྱད་རྩོམ་སོགས་བྲིས་ཡོད་པའང་ཧ་ཅང་ཉུང་། མིག་སྔར་དྲ་ལམ་སོ་སོ་ན་བསྐུར་བཞིན་པའི་རྒན་རིན་ཆེན་བཀྲ་ཤིས་ཀྱིས་འཆད་ཁྲིད་རིག་གཞུང་དཔྱད་རྩོམ་ཇི་ལྟར་འབྲི་དགོས་ཞེས་པ་ཞིག་དང་། རྒན་ཀུན་དགའ་དབང་ཕྱུག་གིས་འཆད་ཁྲིད་དཔྱད་རྩོམ་གྱི་རྒྱུ་ཆའི་སྐོར་ཞེས་པ་འདི་གཉིས་གོ་མྱོང་བ་དང་། གཞན་བོད་ཀྱི་གསོ་རིག་ལ་ཐད་གར་འབྲེལ་བ་ཡོད་པ་ཉིས་སྟོང་བཅོ་ལྔ་ལོའི་ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་འདོན་ཐེངས་དང་པོར་རྒན་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས«ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་ཚུལ་སྐོར་བཤད་པ།»ཞེས་པ་ཞིག་བཀོད་ཡོད་པ་མཐོང་མྱོང་། དེ་བས་འདིར་བོད་ཀྱི་གསོ་རིག་གི་དཔྱད་རྩོམ་འབྲི་ཚུལ་ཐད་རྒྱལ་ཕྱི་ནང་གི་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་འབྲི་སྟངས་ལ་ཟུར་ལྟ་བྱེད་པ་དང་། བོད་ཀྱི་གཞུང་དང་བསྟན་བཅོས་རྩོམ་སྟངས་དང་དེའི་ཁྱད་ཆོས། བོད་ཀྱི་སྐད་དང་ཡི་གེའི་རང་ལུགས་ཀྱི་ཁྱད་ཆོས་དང་། བརྗོད་བྱ། རྗོད་བྱེད། ཚིག་གི་སྦྱོར་ལུགས། གོ་བ་ལེན་སྟངས། རྩོམ་ཉམས་ཐོན་མིན་བཅས་ཕྱོགས་སྣ་མང་ལ་བསམ་བློ་གཏོང་དགོས་པ་མ་ཚད། དཔྱད་གཞི་སྟེ་དཔྱད་པར་བྱ་བའི་ཡུལ་ལམ་གཞི། དྲི་གཞི། དོགས་གནད། ཐག་གཅོད་བྱེད་ཡུལ་གྱི་གནད་དོན་དང་འབྲེལ་ཏེ་རྩོམ་ལུས་གང་ལ་གང་འཚམ་གྱིས་བརྗོད་བྱའི་གནད་དམ་དགོས་པ། དཔྱད་ཞིབ་ཀྱི་གོ་རིམ། དཔྱོད་དགོས་པའི་དོན་སྙིང་། དེ་ལྟར་དཔྱད་པ་ལ་རྩོམ་པ་པོའི་ངོས་ནས་སྤྱི་ཚོགས་དང་འཚོ་བའི་ཁྲོད་ཀྱི་རིན་ཐང་། དཔྱད་མཁན་གྱི་ཀུན་སློང་ཡང་དག་པ། དཔྱད་པར་བྱ་བའི་ཡུལ་ཡང་དག་པ། དཔྱོད་པ་གཏོང་བའི་གོ་རིམ་ཡང་དག་པ། དཔྱད་འབྲས་ཀྱི་ཕན་ནུས་ཡང་དག་པ་བཅས་གསལ་བོར་སྟོན་ཐུབ་པ་དང་། ཀློག་པ་པོའི་ངོས་ནས་སྟབས་བདེ་མོས་ངང་རྟོགས་ཐུབ་པ་ནི་དཔྱད་རྩོམ་གྱི་མཐར་ཐུག་གི་དམིགས་ཡུལ་ཡིན་པར་འདོད། དེ་ལ་ཀླུ་ཚང་དགོན་རྒྱ་གྲོལ་ལགས་ཀྱིས། བློ་དང་ལྡན་ན་དཔྱད་རྩོམ་གྱིས། །མ་རིག་མུན་པ་གསལ་བར་བྱེད། །སྔོན་ཆད་གང་གིས་མ་ཤེས་པ། །ཆེད་དུ་དཔྱད་པ་དཔྱད་རྩོམ་ཡིན། །ཞེས་པ་ལ་ཁ་སྒང་སྟག་འབུམ་རྒྱལ་གྱིས། རྣམ་དཔྱོད་ཀྱི་ཁོ་ལག་རྫོགས་པའི་སྐྱེ་བོ་བློ་གྲོས་དང་ལྡན་པ་ཞིག་གིས་བྲིས་པའི་དཔྱད་རྩོམ་གྱིས། ཤེས་པར་བྱ་བའི་གནས་གང་ཞིག་སྔོན་གསལ་བོར་མ་བྱས་པ་དང་། གསལ་བར་ཅུང་ཙམ་བྱས་ཀྱང་ད་དུང་ཡང་མོག་མོག་པོར་འདུག་པའི་རྨོངས་མུན་གྱི་ཆ་ཕྲ་མོ་རྣམས་ཡོངས་སུ་བསལ་བར་བྱེད་ནུས་པ་ལྟར། དཔྱད་རྩོམ་ཞིག་འབྲི་བའི་དགོས་པ་གཙོ་བོའང་དེ་ག་རང་དུ་འདུག་སྟེ། མཁས་པ་གོང་མ་རྣམས་ཀྱིས་སྔར་མ་དཔྱད་པར་ལུས་པ་དང་། ཞིབ་འཇུག་པ་ཚོས་དཔྱད་འདོད་ཀྱང་བློ་རྩལ་གྱིས་རེ་ཞིག་མ་ལྕོགས་པར་ལུས་པའི་གནད་དོན་ག་གེ་མོ་ཞིག་རྩལ་དུ་བཏོན་ནས་ཆེད་དུ་ཞིབ་འཇུག་བགྱིས་པ་དེ་ལ་དོན་གྱིས་དཔྱད་རྩོམ་ཞེས་བྱའོ། །[4EB]ཞེས་སོ།།
དང་པོ། དཔྱད་རྩོམ་འབྲི་བའི་སྟ་གོན།
        གཅིག དེ་ཡང་བོད་ཀྱི་གསོ་བ་རིག་པ་འདིར་མཚོན་ན་རང་བྱུང་ཚན་རིག་གི་ཁོངས་སུ་གཏོགས་པ་མ་ཟད། བོད་ཀྱི་གསོ་རིག་དང་འབྲེལ་ཡོད་ཀྱི་རིག་ཚན་ལ། དངོས་ལུགས། སྐྱེ་དངོས། རྫས་འགྱུར། སྐར་རྩིས། ས་རྒྱུས། འབྱུང་ཁམས། སེམས་ཁམས་སོགས་རིག་ཚན་མང་བོར་འབྲེལ་བ་ཡོད་པར་མ་ཟད། འགྲོ་བ་མིའི་འཚོ་གནས་འགུལ་བསྐྱོད་ཀྱི་བྱ་བ་ཐམས་ཅད་ལ་རག་ལས་དམ་ཟབ་ཡོད་པས་ཁྱབ་རྒྱ་ཆེ་ལ་ནུས་སྟོབས་མཐའ་ཡས་པ་ཡིན། ང་ཚོས་བོད་ཀྱི་གསོ་བ་རིག་པའི་ཆ་ནས་དཔྱད་རྩོམ་གང་འདྲ་ཞིག་འབྲི་དགོས་ཡང་རིག་ཚན་གཞན་སྐོར་ཞིག་ལ་ཟུར་ལྟ་དང་སློབ་སྦྱོང་མི་བྱེད་རང་བྱེད་དུ་འགྱུར་ངེས། དེ་བས་ཐོག་མར་དཔྱད་གཞིའི་ཡིག་ཆ་སྣ་འཛོམས་ཤིག་ཉར་ཚགས་བྱས་ནས། འབྲེལ་ཡོད་ཀྱི་རིག་ཚན་གཞན་ལ་སློབ་སྦྱོང་བྱས་ཏེ་ཟིན་བྲིས་འབྲི་རྒྱུའི་གོམས་གཤིས་ཆགས་དགོས།  
        གཉིས། བརྗོད་བྱའི་དོན་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་ཁུངས་ལུང་། སྤྱི་ཚོགས། འཚོ་བ། གནས་ལུགས་འབྱུང་ལྡོག ཚན་རིག་གི་ལྟ་བ། དངོས་བོའི་ཆོས་ཉིད། ཡུལ་དངོས་ཁོར་ཡུག་སོགས་ལ་བརྟག་དཔྱད་ཡང་ཡང་བྱས་ནས་དཔྱད་བྱའི་བསམ་གཞིགས་སྨིན་ལོངས་རྫོགས་གསུམ་ལ་རམ་འདེགས་གང་ཐུབ་བྱེད་པ་ལས་གཞན། དེའི་སྐོར་གྱི་མཐོང་ཐོས་མྱོང་ཚོར་འཚོལ་བསྡུ་བྱས་ཏེ་ཡིག་ཚགས་ཉར་རྒྱུའི་གོམས་གཤིས་ཆགས་སུ་འཇུག་དགོས།
        གསུམ། དཔྱད་རྩོམ་མ་བྲིས་ཡར་སྔོན་ནས་དཔྱད་གཞི་ལ་བསམ་བློ་ཡང་ཡང་བཏང་ནས་ཐོག་མར་ཀླད་པའི་ནང་ལ་དཔྱད་རྩོམ་གྱི་སྒྲོམ་གཞི་ལྟ་བུ་ཞིག་ཆགས་སུ་འཇུག་རྒྱུ་དང་། མགོ་མཇུག་བར་གསུམ་ནས་དཀའ་ངལ་དང་གནད་དོན་གང་དག་ལ་ཐུག་ཡོང་བའི་བསམ་བློའི་གྲ་སྒྲིག་ཡོད་དགོས་པ་མ་ཟད། གནད་དོན་དེ་རིགས་ལ་ཕྲད་ཚེ་ཐག་གཅོད་ཀྱི་ལམ་སྣ་གང་ལ་ཞུགས་དགོས་པ། ཐབས་ཇི་ལྟ་བུས་སེལ་དགོས་པ། མཇུག་འབྲས་གང་ཡོང་བ་སོགས་ལ་ཞིབ་ཏུ་བསམ་བློ་གཏོང་དགོས།
        བཞི། མདོར་ན་གསོ་བ་རིག་པའི་རིག་ཚན་འདི་ལ་མཚོན་ན་ནད་ཐོག་ཞིབ་འཇུག་དང་སྨན་རྫས་ཞིབ་འཇུག་ལྟ་བུ་དངོས་ཐོག་ཚོད་ལྟ་དང་ཞིབ་འཇུག་གི་དཔྱད་རྩོམ་ཡིན་ན་དེ་ལ་དུས་ཡུན་ཅུང་རིང་བོའི་ནང་གི་ཞིབ་འཇུག་ཟིན་བྲིས། གྲངས་ཀ བསྡུར་ཚད་སོགས(ནད་པ་སོས་ཚད།)ཀྱི་རྒྱབ་རྟེན་ཡིག་ཚགས་སྔ་མོ་ནས་གྲ་སྒྲིག་ཡོད་དགོས། ཡིག་ཚགས་དེ་དག་ཁ་ཚང་ན་དཔྱད་རྩོམ་གྱི་སྒྲོམ་གཞིའང་རང་བཞིན་གྱིས་གྲུབ་ཟིན་པ་ཡིན། ལོ་རྒྱུས་དང་མི་སྣ། དཔེ་རྙིང་སོགས་ཀྱི་ཞིབ་འཇུག་དཔྱད་རྩོམ་ཡིན་ན་རང་གིས་གང་ཞིག་གསལ་བོར་བཤད་འདོད་པ་དེ་སྒྲུབ་བྱེད་ཀྱི་ལུང་གཙོ་བོ་ཡིན། དཔྱད་རྩོམ་གང་འདྲ་ཞིག་ཡིན་ཀྱང་རང་གི་ལྟ་བ་གང་ཡིན་པ་དང་གཅིག གཞན་དང་མི་མཐུན་སའི་ཁྱད་ཆོས་གང་ཞིག་བརྗོད་འདོད་པ་དང་གཉིས། སྔར་བཤད་མ་མྱོང་བའི་དཔྱད་འབྲས་གསར་བ་གང་ཞིག་ཀུན་གྱི་མིག་ལམ་དུ་སྟོན་འདོད་པ་དང་གསུམ་པོ་ནི་གཙོ་བོ་ནང་གི་གལ་བོ་ཆེ་ཡིན། དེ་ལ་ཡང་ཀླུ་ཚང་རྒྱ་གྲོལ་གྱིས། གཞན་གྱིས་ཡང་ཡང་གླེང་བ་དག །དཀྱུས་སུ་བསྒྲིགས་པ་དཔྱད་རྩོམ་མིན། །དེ་ཡིས་རྨོངས་པ་མི་བསལ་ན། །དཔྱད་རྩོམ་འབྲི་བའི་དགོས་པ་ཆུང་། །ཞེས་པ་ལ་ཁ་སྒང་སྟག་འབུམ་རྒྱལ་གྱིས། སྔོན་དུ་གཞན་གྱིས་ཡང་ཡང་གླེང་མྱོང་བ་དང་། དཔྱད་པ་བགྱིས་ཟིན་པའི་དཔྱད་འབྲས་རྣམས་ལ་གསར་དཔྱད་ཀྱི་སྲོག་ཞུགས་ཅི་ཡང་མེད་པར་རང་ཡང་རྗེས་འདེད་ཀྱིས་བསྐྱར་དཔྱད་བགྱི་བ་དང་། ཅི་ཙམ་དཔྱད་ཀྱང་དཔྱད་ཟིན་དེ་དག་ལས་གོམ་གང་ཡང་ཕར་བརྒལ་དཀའ་ཞིང་། དོགས་སློང་དང་དོགས་སེལ་སོགས་གཅིག་ཙམ་ཡང་རྙེད་དུ་དཀའ་ན་ནི་དཔྱད་རྩོམ་འབྲི་བའི་དགོས་པ་ཀུན་ནས་མ་འགྲུབ་པས། དེ་འདྲའི་དཔྱད་རྩོམ་ནི་འབྲི་བ་ལས་ཀྱང་མ་བྲིས་པས་དགོས་པ་ཆེའོ། །ཞེས་དང་། དཔྱད་གཞི་ཚགས་སུ་མ་ཆུད་ན། །རུ་འདྲེན་དཔའ་བོ་ལག་རྡུམ་འདྲ། །ཞིབ་འཇུག་གནད་དུ་མ་བཟུང་ན། །དཔྱད་གཞི་ཕྱོགས་བསྒྲིགས་བྱེད་པ་འདྲ། །ཞེས་པ་ལ་ཁ་སྒང་སྟག་འབུམ་རྒྱལ་གྱིས། ཟུར་ལྟའི་དཔྱད་གཞི་དག་གྲ་སྒྲིག་ཚགས་ཆུད་པ་ཞིག་མེད་པར་དཔྱད་རྩོམ་འབྲི་བ་ནི་དམག་གི་དཔུང་ཆེན་འདྲེན་མཁན་གྱི་དཔའ་བོ་ལ་ལག་པ་མེད་པ་དང་འདྲ་ལ། གཞན་ལུང་ཁུངས་རྐྱང་བ་ལ་མགོ་འཁོར་ནས་ལུང་གི་སྔ་མ་ལུང་གིས་བརྩེགས་ཏེ་རང་ལ་དཔྱད་པའི་ལང་ཚོ་ཅི་ཡང་མེད་པའི་ཚུལ་ཡང་དཔྱད་གཞི་ཕྱོགས་བསྒྲིགས་བགྱི་བའི་ལས་ཙམ་ལས་ཅི་ཞིག་ཨང་།[4EB]ཞེས་སོ། །
        དེ་ལྟར་དཔྱད་པར་བྱ་བའི་ཡུལ་དེས་སྤྱི་ཚོགས་དང་འཚོ་བ། ལས་རིགས་དང་ལས་སྒོ་སོགས་ཡར་རྒྱས་གོང་འཕེལ་ལ་ཕན་སྐྱེད་ཐོན་མིན་ལ་བརྟག་པ།  རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགྲོ་བ་མིའི་ཆོས་སྲོལ་གཉིས་ཀྱི་དགོངས་པ་དང་འགལ་བ་ཡོད་མེད་ལ་བརྟག་པ།  མི་རིགས་དང་ཕོ་མོ།  རིག་གནས་དང་ཡུལ་སྲོལ་སོགས་དང་རྒྱབ་འགལ་ཡིན་མིན་ལ་བརྟག་པ་བཅས་བྱས་ནས་ཞིབ་འཇུག་དང་དཔྱད་རྩོམ་གྱི་འགོ་རྩོམ་པར་བྱའོ། །
གཉིས་པ། དཔྱད་རྩོམ་གྱི་རིགས་དབྱེ།
        གཅིག ཆེད་དོན་དཔྱད་རྩོམ། མཁས་པ་གོང་མའི་དཔྱད་འབྲས་ལ་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་ཐད་གར་རང་གི་བསམ་ཚུལ་ལྟར་དཔྱད་བརྗོད་སྤེལ་བ་སྟེ། དཔེར་ན་རིག་ཚན་ག་གེ་མོའི་རིག་གཞུང་གནད་དོན་སྟོན་པའི་དཔྱད་རྩོམ་ལྟ་བུ། 专题型论文。这是分析前人研究成果的基础上,以直接论述的形式发表见解,从正面提出某学科中某一学术问题的一种论文。
        གཉིས། རྩོད་སྒྲུབ་དཔྱད་རྩོམ། བསམ་བཞིན་མི་གཞན་པའི་རིག་ཚན་ཁྲོད་གྱི་གནད་དོན་དབྱུང་བ་སྟེ། ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་གཞན་གྱི་མི་འདང་སའམ་སྐྱོན་ཆ་ཐེར་འདོན་བྱེད་པ། རྩོད་སྒྲུབ་ཀྱི་རྣམ་པས་རང་གི་ལྟ་བ་འདོན་སྟངས་ཀྱི་དཔྱད་རྩོམ་འབྲི་ལུགས་ཤིག་ཡིན། 论辩型论文。这是针对他人在某学科中某一学术问题的见解,凭借充分的论据,着重揭露其不足或错误之处,通过论辩形式来发表见解的一种论文。
        གསུམ། མདོ་དོན་དཔྱད་རྩོམ། མཁས་པ་གོང་མའི་དཔྱད་འབྲས་ལ་གདེངས་འཇོག་དང་སྤྱི་སྡོམ་བྱས་ཏེ། གནའ་དེང་གི་མཁས་པས་རིག་ཚན་དེ་ལ་རིག་གཞུང་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་། ངོ་སྤྲོད་དང་དཔྱད་བརྗོད། རང་གི་ལྟ་བ་སོགས་རྒྱ་ཆེར་འདོན་པའི་དཔྱད་རྩོམ་རིགས་ཤིག་ཡིན། 综述型论文。这是在归纳、总结前人或今人对某学科中某一学术问题已有研究成果的基础上,加以介绍或评论,从而发表自己见解的一种论文。
        བཞི། ཕྱོགས་བསྡུས་དཔྱད་རྩོམ། གོང་གི་རྩོད་སྒྲུབ་རང་བཞིན་དང་མདོ་དོན་རང་བཞིན་གྱི་འབྲི་སྟངས་གཉིས་མཉམ་སྦྲགས་ཟུང་འབྲེལ་གྱིས་འགྲུབ་པའི་དཔྱད་རྩོམ་རིགས་ཤིག་ཡིན། 综合型论文。这是一种将综述型和论辩型两种形式有机结合起来写成的一种论文。
        ལྔ། དངོས་ཞིབ་དཔྱད་རྩོམ། དངོས་ཐོག་ཞིབ་འཇུག་གི་དཔྱད་རྩོམ་གྱི་རྒྱུ་ཆ་གཙོ་བོ་ནི་ཚོད་ལྟ་ཁང་དུ་ནད་དང་འབྲེལ་བའི་རྫས་འགྱུར་ཞིབ་འཇུག་བྱས་པའི་གནས་ཚུལ་དང་། ནད་ཐོག་ཏུ་ནད་ལ་གསོ་བཅོས་བྱས་པའི་གནས་ཚུལ། འཕྲོད་བསྟེན་གནད་དོན་ཐག་གཅོད་བྱེད་པའི་བར་བཅོས་ཐབས་ལམ་གྱི་འགྱུར་ལྡོག་གི་གནས་ཚུལ།  ད་དུང་ནད་ངོས་འཛིན་བྱེད་ཐབས་དང་། ནད་གསོ་བཅོས་བྱས་པའི་དྲག་སྐྱེད་འབྱུང་ཚུལ་ལ་སོགས་པའི་གནས་ཚུལ། [3J17]ཞེས་སོགས་གསུངས་པ་བཞིན་ཚན་རིག་ཞིབ་འཇུག་གི་ཐབས་ལམ་བེད་སྤྱད་ནས་དཔྱད་པ་གཏོང་བ་ལྟར་རོ། །
        དེ་ལྟར་དཔྱད་རྩོམ་ལ་ཞིབ་ཏུ་རིགས་དབྱེ་དགར་སྟངས་སྣ་ཚོགས་ཤིག་ཡོད་པ་ལས་དུས་རྒྱུན་བེད་སྤྱོད་གཏོང་བཞིན་པ་དང་མཐོང་མང་བའི་རིགས་ལ་གོང་གསལ་གྱི་རིགས་ལྔ་བོ་ལས་འཐུས་པར་བྱ།
གསུམ་པ། རྩོམ་ལུས་ཀྱི་སྐྱོན་བཞི།
        དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་གནད་བསྡུས། གནད་ཚིག གླེང་གཞི། རྩོམ་གཞུང་། མཇུག་བསྡུ་བཅས་དྲུག་པོ་ལས་རྩོམ་ལུས་ཧྲིལ་བོ་གྲུབ་པ་ཡིན། 
        གཅིག ཁ་བྱང་ཆེ་ལ་རྩོམ་གཞུང་གུ་དོག་པ་ནི་མགོ་ཆེ་ལ་ལུས་ཕྲ་བའི་སྐྱོན་དུ་འགྱུར།  
        གཉིས། གནད་ཚིག་གིས་བརྗོད་བྱའི་དོན་གྱི་གཙོ་གནད་སྟོན་མི་ནུས་བ་ནི་དབང་བོ་སྐྱོན་ཅན་ལྟ་བུར་འགྱུར་སྲིད། 
        གསུམ། ཡང་རྩོམ་གཞུང་བསྡུ་དྲགས་པ་དང་གསེད་དྲགས་ནའང་སྐེམ་ཆེས་བ་དང་ཚོ་ཆེས་བའི་སྐྱོན་ལྟར་འགྱུར་ངེས། 
        བཞི། ནང་དོན་གནད་བསྡུས་དང་མཇུག་བསྡུ་གཉིས་རྩོམ་གཞུང་གི་ནང་དོན་དང་ཡན་གར་ཏེ་འབྲི་བ་ནི་མགོ་རྔ་གཉིས་ལུས་དང་རོ་མི་གཅིག་པ་ལྟ་བུའི་སྐྱོན་དུ་འགྱུར་རོ།།  
བཞི་བ། ཁ་བྱང་གི་རེ་འདུན།
        ཁ་བྱང་ནི་རྩོམ་ཡིག་ཧྲིལ་བོའི་ནང་དོན་གྱི་བཅུད་བསྡུས་ཏེ་ཚིག་ཉུང་བ། (ཡིག་འབྲུ་ཉི་ཤུ་ལས་མི་བརྒལ་བ།)དོན་འདུས་པ། གཞན་གྱིས་མ་རྙེད་ཅིང་མ་དྲན་པའི་དོན་དང་ལྟ་བ་གསར་བ། མདོར་ན་བྱེ་བྲག་གི་དོན་སྟོན་ནུས་ལ་བརྗོད་བདེ་ཞིང་གོ་སླ་བ་ཞིག་ཡིན་ན་འོས། [1DK] རྩོམ་གྱི་ཁ་བྱང་རྩོམ་ལུས་དང་རན་པ་མ་ཡིན་པར་ཁ་བྱང་ཆེ་ལ་རྩོམ་གཞུང་གུ་དོག་པ་ནི་མགོ་ཆེ་ལ་ལུས་ཕྲ་བའི་སྐྱོན་དུ་འགྱུར་བ་དཔེར་ན། ༡ བོད་ཀྱི་གསོ་རིག་ལས། གསོ་རིག་རྒྱུད་བཞི་ལས། མན་ངག་རྒྱུད་ལས་སོགས་ཁུངས་ལུང་གི་མགོ་བོ་ཆེ་ཆེར་བཏགས་པའི་ཁ་བྱང་མགོ་ཆེ་ལྟ་བུ།  ༢ རོབ་ཙམ།  རགས་ཙམ། མདོ་ཙམ། ཅུང་ཙམ། སྤྱི་ཙམ་སོགས་གནད་ལ་མི་འཁེལ་ཞིང་བྱེ་བྲག་ཏུ་འབབ་ས་མེད་པའི་ཁ་བྱང་གི་མཇུག་མ་སྦོམ་དྲགས་པ། ༣ དྲང་སྲོང་དགྱེས་པའི་དགའ་སྟོན། བདུད་རྩིའི་བུམ་པ། རྒྱ་མཚོའི་འཇུག་ངོགས། ཤེལ་དཀར་མེ་ལོང་སོགས་དཔེ་དང་དཔེ་ཅན་དོ་མི་མཉམ་པ་དང་བསྟན་བཅོས་ཀྱི་མཚན་ལྟ་བུ། ལུས་དང་རྒྱན་མི་མཚུངས་བའི་ཁ་བྱང་སོགས་ཀྱིས་མཚོན་པའི་མགོ་ལུས་ཆ་མི་འགྲིག་པའི་ཁ་བྱང་གི་རིགས་ནི་ཀློག་པ་པོ་ཞིག་གི་ཆ་ནས་ཡིན་ནའང་འདྲ། དུས་དེབ་སོགས་ཀྱི་རྩོམ་སྒྲིག་པ་ཞིག་གི་ངོས་ནས་བལྟས་ཚེ་ཁ་བྱང་དེ་མཐོང་མ་ཐག་རྩོམ་གྱི་ནང་དོན་ལ་ལྟ་མི་འདོད་པར་སུན་སྣང་སྐྱེས་ཡོང་བ་ཡིན། ཡང་ཁ་བྱང་གི་མཇུག་ཏུ་སྐོར་ལ་དཔྱད་པ། སྐོར་བརྗོད་པ། སྐོར་གླེང་བ།ཞེས་སྐོར་གྱི་ཚིག་འདི་འབྲི་རྒྱུར་ཧ་ཅང་དགའ་མཁན་མང་པོ་ཡོད། སྐོར་ཞེས་ཚེ་བརྗོད་གཞི་དེ་དང་འབྲེལ་བའི་མཐའ་འཁོར་དང་བཅས་པ་ལ་གོ་བས། བརྗོད་བྱ་བྱེ་བྲག་པ་ཞིག་གི་སྟེང་ལ་འབབ་མི་ཐུབ་པ་དང་། དམིགས་བསལ་གྱི་གནད་དོན་གང་ཡིན་གསལ་བོར་སྟོན་མི་ནུས་པ། ཐག་གིས་མི་ཆོད་པ། ཚོགས་པ་ལྟ་བུ་སྤྱི་སྒྲ་འབྱུང་བས་ཡིག་ངོར་ཅུང་ཟད་མི་བདེ་བ་ཡིན། «བོད་ཀྱི་གསོ་རིག་ལས་ལུས་ཀྱི་ཆགས་རྒྱུ་ཁུ་ཁྲག་སེམས་གསུམ་གྱི་སྐོར་ལ་མདོ་ཙམ་དཔྱད་པ་དྲང་སྲོང་དགྱེས་པའི་དགའ་སྟོན།»ལྟ་བུའི་ཁ་བྱང་ལ་མཚོན་ན་གོང་དུ་བཤད་པའི་སྐྱོན་དེ་རིགས་ཕལ་ཆེ་བ་ཚང་ཡོད། ང་ཚོས་དཔྱད་རྩོམ་གྱི་ཁ་བྱང་ལ་བསམ་བློ་གཏོང་དུས་ཐོག་མར་རྩོམ་ཡིག་འདི་རྒྱལ་སྤྱིའི་དུས་དེབ་དང་། རྒྱལ་ནང་གི་ཡིག་རིགས་གཞན་གྱི་དུས་དེབ། བོད་ཡིག་གི་དུས་དེབ་ཡིན་ཀྱང་གསོ་རིག་ཆེད་ལས་ཀྱི་དུས་དེབ་མ་ཡིན་པ་སོགས་ལ་བསྐུར་རྒྱུ་ཡིན་ཕྱིན་ཁ་བྱང་གི་འགོ་ལ་«བོད་ཀྱི་གསོ་རིག་ལས་་་་་་»ལྟ་བུ་བཀོད་ན་ཆོག་མོད། ཡང་«ཀྲུང་གོའི་བོད་ཀྱི་གསོ་རིག»་དང་«གངས་ལྗོངས་གསོ་རིག»ལྟ་བུ་བོད་ཀྱི་གསོ་རིག་གི་ཆེད་ལས་དུས་དེབ་ལ་འགོད་དགོས་ཚེ་གོང་གི་«བོད་ཀྱི་གསོ་རིག་ལས་་་་་་»ལྟ་བུ་བྲིས་ན་བསྐྱར་བཟློས་རེད་བསམ་སོང་། ཐད་ཀར་བརྗོད་བྱ་གང་ཡིན་པ་དེ་གསལ་བོར་བཀོད་ཆོག དཔེར་ན། «ཆགས་རྒྱུ་ཁུ་ཁྲག་སེམས་གསུམ་ལ་དཔྱད་པ།»ལྟ་བུ་རེད། དེ་ལ«ཀྲུང་གོའི་བོད་རིག་པ།»2013ལོའི་དེབ་དང་པོའི་ནང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས«ཁྲ་འབྲུག་དགོན་པའི་ཅོང་ཡིག་དང་ཞོལ་རྡོ་རིང་ཡི་གེ་ཕབ་བཤུས་ནོར་བཅོས་སུ་འབྲེལ་བའི་དཔྱད་པ་ཕྲན་བུ།»[2J20]ལྟ་བུ་དང་། «ཀྲུང་གོའི་བོད་ཀྱི་གསོ་རིག»2018ལོའི་དེབ་དང་པོའི་ནང་ཕག་མོ་སྒྲོལ་མས«པགས་ནད་ཤ་བཀྲའི་རྒྱུ་ལ་དཔྱད་པ།»ཞེས་པའི་ཁ་བྱང་འདི་རིགས་ལ་མཚོན་ན། ཐད་གར་དུ་བརྗོད་བྱའི་སྟེང་ལ་བབས་ཏེ་གང་བཤད་བྱའི་གནད་དོན་དེ་ཉིད་ཚིག་ཉུང་ལ་དོན་གསལ་བོའི་སྒོ་ནས་སྟོན་ཐུབ་ཡོད་པ།  
ལྔ་བ། ནང་དོན་གནད་བསྡུས།
        གནད་དུ་འཁེལ་ཞིང་དཔྱད་རྩོམ་གྱི་དོན་འདུས་པས་ནང་དོན་ཧྲིལ་བོ་ངོ་སྤྲོད་ཐུབ་ཅིང་། ཁོང་དུ་ཆུད་སླ་བ། ཚིག་ཉུང་ཞིང(ཡིག་འབྲུ་ཉིས་བརྒྱ་ལས་མི་བརྒལ་བ།)དུས་ཐུང་ངུའི་ནང་དཔྱད་རྩོམ་ཞིབ་འཇུག་གི་རྒྱུ་དང་འབྲས་བུ། རང་ཉིད་ཀྱི་ལྟ་གྲུབ་གསལ་བོར་སྟོན་ནུས་པའི་ཉིང་བསྡུས་སམ་རྩོམ་ཐུང་ཞིག་ཡིན་དགོས། ནང་དོན་གནད་བསྡུས་སུ་འབྲི་མི་རུང་བའི་གནས་བདུན་ནི།  
        གཅིག དཔྱད་གཞིའི་འབྱུང་ཁུངས་དང་རྒྱབ་ལྗོངས་སོགས་རྩོམ་ཡིག་གི་ནང་དོན་ལས་འདས་པའི་མཚམས་སྦྱོར་དང་ངོ་སྤྲོད་རང་བཞིན་གྱི་ཚིག་འབྲི་མི་རུང་བ།   
        གཉིས། རང་གིས་རང་ལ་དཔྱད་གཏམ་དང་གདེངས་འཇོག་ཚུལ་གྱི་ཚིག་འབྲི་མི་རུང་བ།   
        གསུམ། རྩོམ་གཞུང་ལ་ཁ་གསབ་དང་འགྲེལ་བཤད་རང་བཞིན་གྱི་ཚིག་འབྲི་མི་རུང་བ།  
        བཞི། ལུང་ཚིག་དྲངས་མི་ཆོག་པ།  
        ལྔ། རྩོམ་ཡིག་འདི་དང་དཔྱད་རྩོམ་འདི་ལྟ་བུའི་ཚིག་འབྲི་མི་ཆོག་པ།   
        དྲུག སྨྱུག་ཐོགས་པའམ། བདག་གིས། ཕྲན་གྱིས་སོགས་སྐྱེ་བུ་མཆོག་གི་སྒྲ་བཞག་མི་ཆོག་པ།  
        བདུན། འགོ་བརྗོད་དང་མཇུག་སྡུད་སྐབས་ཀྱི་ནང་དོན་ཇི་མ་ཇི་བཞིན་དུ་མི་སྤོར་བ།
དྲུག་པ། གནད་ཚིག་འབྲི་སྟངས།
        དཔྱད་རྩོམ་གྱི་ཁ་བྱང་དང་། གནད་བསྡུས། དངོས་གཞི་གསུམ་ལས་ཡང་དང་ཡང་དུ་འབྱུང་ལ། དཔྱད་བྱའི་ནང་དོན་གཙོ་བོ་སྟོན་ནུས་ཤིང་དྲ་ལམ་དང་གྲངས་མཛོད་སོགས་ལས་འཚོལ་བཤེར་བྱས་ཚེ་སྟབས་བདེ་མོས་ངང་རྙེད་སླ་བའི་མིང་དང་ཚིག་ཡིན་དགོས། 
བདུན་པ། རྩོམ་གཞུང་གི་ནང་དོན།
        བོད་ཀྱི་གསོ་བ་རིག་པའི་དཔྱད་རྩོམ་འབྲི་ཚུལ་གྱི་ཐད་ལ་ནང་དོན་གྱི་ཆ་ནས་ཕལ་ཆེར། གསོ་རིག་ལོ་རྒྱུས། ཡིག་ཚང་ཞིབ་འཇུག གཞུང་ལུགས་ཞིབ་འཇུག བརྟག་བཅོས་ཞིབ་འཇུག སྨན་རྫས་ཞིབ་འཇུག མན་ངག་མྱོང་བྱང་སོགས་ཚན་པ་དྲུག་གིས་དགར་ཆོག དེའང་མཐའ་གཅིག་ཏུ་དེ་དྲུག་པོར་གཏོགས་དགོས་པའི་ངེས་པའང་མ་མཆིས་ཏེ་རང་རང་གི་དཔྱད་བྱའི་དོན་ལ་དམིགས་ནས་ཚན་པ་གསར་བ་གང་ལ་གང་འཕྲོད་བཟོས་ཆོག་པ་ཡིན། གསོ་རིག་ལོ་རྒྱུས་ལྟ་བུར་མཚོན་ན་ཡོངས་གྲགས་ལྟར་ལོ་རྒྱུས་མི་སྣ་ལ་ཞིབ་འཇུག འགྲོ་ཕན་གླིང་ལྟ་བུའི་སློབ་གླིང་དང་གྲྭ་ཚང་གི་གྲུབ་སྟངས་དང་ཆོ་གའི་ལག་ལེན་ལ་ཞིབ་འཇུག གསོ་རིག་དར་རྒུད་དང་མི་སྣ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ཞིབ་འཇུག་བཅས་གཙོ་བོར་སྟོན་པའི་དཔྱད་རྩོམ་གྱི་རིགས་ཤིག་ཡིན་པས་དེ་ལ་རྩོད་སྒྲུབ་དཔྱད་རྩོམ་གྱི་འབྲི་ཐབས་བེད་སྤྱད་དེ་སྔོན་གྱི་ལོ་རྒྱུས་ཡིག་ཚགས་ནང་མ་འདུས་བ། མི་གསལ་བ། རང་གི་ལྟ་བ་དང་མི་མཐུན་པའི་གནད་དོན་ཕྱིར་དབྱུང་སྟེ། ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་གཞན་གྱི་མི་འདང་སའམ་སྐྱོན་ཆ་ཐེར་འདོན་བྱེད་པ་དང་། རྩོད་སྒྲུབ་ཀྱི་རྣམ་པས་རང་གི་ལྟ་བ་འདོན་སྟངས་ཀྱི་དཔྱད་རྩོམ་འབྲི་ལུགས་འདི་ཤིན་ཏུ་མང་བ་ཡིན། ཡང་ལ་ལས་མདོ་དོན་དཔྱད་རྩོམ་སྟེ། སྔོན་བྱོན་མཁས་པའི་གསུངས་ལ་གདེངས་འཇོག་དང་སྤྱི་སྡོམ་བྱས་ཏེ། དེའི་ཁྱད་ཆོས་དང་ཡོན་ཏན་གཞན་ལ་ངོ་སྤྲོད་དང་དཔྱད་བརྗོད། རང་གི་ལྟ་བ་སོགས་རྒྱ་ཆེར་འདོན་པའི་རྩོམ་ལུགས་འདི་བེད་སྤྱོད་པའང་ཡོད། གང་ལྟར་ཡང་དཔྱད་གཞིའི་དོན་དང་འཚམ་པའི་སྒོ་ནས་རྩོམ་ལུགས་གང་ལ་གང་འཚམ་གྱིས་སྦྱོར་ཚུལ་ཤེས་དགོས། བརྟག་བཅོས་ཞིབ་འཇུག་དང་སྨན་རྫས་ཞིབ་འཇུག་ལྟ་བུར་མཚོན་ན་དངོས་ཞིབ་དཔྱད་རྩོམ་སྟེ། དངོས་བཤེར་ཁང་དུ་ནད་སྨན་འབྲེལ་བའི་རྫས་འགྱུར་ཞིབ་འཇུག་བྱས་པའི་གནས་ཚུལ་དང་། ནད་ཐོག་ཏུ་ནད་ལ་གསོ་བཅོས་བྱས་པའི་གནས་ཚུལ། འཕྲོད་བསྟེན་གནད་དོན་ཐག་གཅོད་བྱེད་པའི་བར་བཅོས་ཐབས་ལམ་གྱི་འགྱུར་ལྡོག་གི་གནས་ཚུལ། ད་དུང་ནད་ངོས་འཛིན་བྱེད་ཐབས་དང་། ནད་གསོ་བཅོས་བྱས་པའི་དྲག་སྐྱེད་འབྱུང་ཚུལ་ལ་སོགས་པའི་གནས་ཚུལ། སྨན་གྱི་རོ་ནུས་རྫས་འགྱུར་གྱི་ཚོད་ལྟའི་ཟིན་བྲིས། ནད་ཐོག་གི་ཕན་ནུས་དང་ལྡོག་ནུས་ཟིན་བྲིས་སོགས་དོན་དངོས་ཞིབ་དཔྱོད་ཀྱི་ཐབས་ལམ་བེད་སྤྱོད་བཏང་ནས་འབྲི་བ་འདི་ཤིན་ཏུ་མང་། མན་ངག་མྱོང་བྱང་ལྟ་བུར་མཚོན་ན་རང་གི་ལག་ལེན་ཁྲོད་བྱུང་བའི་ཉམས་མྱོང་དེ་དག་སྤྱི་སྡོམ་གྱི་ཚུལ་དུ་ཇི་བཞིན་བཀོད་པའི་དཔྱད་རྩོམ་གྱི་རིགས་ཡིན་པས་མདོ་དོན་དཔྱད་རྩོམ་སྟེ། གཞན་གྱིས་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་། རང་གི་ལྟ་བ་རྒྱ་ཆེར་འདོན་པའི་རྩོམ་ལུགས་ཀྱི་ཁྱད་ཆོས་བེད་སྤྱོད་པ་ཡིན། དེ་ལ་ཡང་ཀླུ་ཚང་རྒྱ་གྲོལ་གྱིས། དཔྱད་བྱའི་འབྲས་བུ་དགོས་པ་གཙོ། །དཔྱོད་པའི་གཞི་ལ་ཡིག་ཚང་གཙོ། །དཔྱོད་པའི་ཚུལ་ལ་ལུང་རིགས་གཙོ། །དཔྱོད་ལྡན་དག་ལ་གཟུ་བོ་གཙོ། །ཞེས་པར་ཁ་སྒང་སྟག་འབུམ་རྒྱལ་གྱིས། དཔྱད་རྩོམ་ཞིག་བྲི་སྙམ་པའི་ཚེ་ལ་ཐོག་མར་དེའི་འབྲས་བུ་ལ་དགོས་པ་ཡོད་མེད་ཐད་ནས་བསམ་བློ་གཏོང་རྒྱུ་གལ་ཆེ། དེ་ནས་དཔྱད་རྩོམ་དངོས་སུ་འབྲི་སྒང་ལ་ཡིག་ཚགས་ཀྱི་རམ་འདེགས་དང་སྒྲུབ་བྱེད་ཀྱི་ལུང་ཁུངས་གཙོ་བོར་འཛིན། དེ་ལའང་མགོ་མཇུག་ཀུན་ཏུ་ལུང་རིགས་གཉིས་ཡ་མ་བྲལ་བའི་སྒོ་ནས་གང་ལ་གང་བསྟུན་དང་ལྷག་པར་རིགས་པ་གཙོ་བོར་གནང་དགོས་ཏེ། མི་རིགས་དང་གྲུབ་མཐའ། ཡུལ་ཕྱོགས་སོགས་ཀྱི་ཕྱོགས་རིས་འཐེན་འཁྱེར་སྤང་ནས་བློ་གཟུ་བོ་དྲང་མོ་ཞིག་གི་ལམ་ནས་འབྲི་རྒྱུ་ནི་གཙོར་མཐོང་ངོ་། །[4EB]ཞེས་སོ།།
        གཅིག དཔྱད་རྩོམ་གྱི་སྒྲོམ་གཞི་གཏན་ལ་ཕབ་སྟེ་ཁ་སྐོང་བའི་ཚུལ་གྱིས་ཡང་སྐོར་བསྐྱར་སྐོར་དུ་བལྟས་ཏེ་ཁུངས་ལུང་དྲངས་ནས་ནང་དོན་ལ་ཁ་གསབ་རྒྱག་པ་དང་། ཚིག་སྦྱོར་གྱི་སྡེབ་ཁ་ཇེ་ལེགས་ཇེ་གསལ་ལ་གཏོང་བ། ཡིག་ནོར། བསྐྱར་བཟློས། ཚིག་ལྷག ཤོམ་ཚིག ཟུར་ཟ་ལྟ་བུ་ལ་སོགས་པའི་སྐྱོན་ཆ་སེལ་བ།  
        གཉིས། ཐག་གཅོད་བྱ་རྒྱུའི་གནད་དོན་དེ་ལ་ལུང་དང་ཚད་མས་སྒྲུབ་དགོས་པ་མ་ཟད། རང་གི་ལྟ་བ་ཐེར་འདོན་དང་། གཞན་དང་མི་འདྲ་སའི་ཁྱད་ཆོས་གང་ཡོད་ཟུར་འདོན། སྔར་མ་གྲགས་པའི་ལྟ་བ་གསར་བ་ཡོད་ན་བརྗོད་གཞི་གཙོ་བོར་བཟུང་ནས་ཁ་གསལ་བ། ཚིག་ཉུང་བ། དོན་འདུས་པ། གནད་གྲོལ་བ། བློ་སྒོ་འབྱེད་པ་བཅས་ཀྱི་རྩ་དོན་གཙོ་བོར་བཟུང་ནས་འབྲི་དགོས་པ་ལས། བསྐྱར་བཟློས། ཚིག་ཉོག དོན་མི་གསལ་བ། འབྲས་བུ་མི་ཐོན་པ། རྒྱང་བསྐོར་བ། འབྲེལ་མེད་པ་སོགས་ཀྱི་སྐྱོན་དེ་རིགས་ལ་དོགས་ཟོན་ནན་མོ་བྱེད་དགོས། ལྷག་པར་དུ་མི་རིགས་ཕན་ཚུན། ཆོས་ལུགས་ཕན་ཚུན། ཕོ་མོ་དང་ཡུལ་སྲོལ་བཅས་ཀྱི་བར་ལ་འགལ་བ་དང་ཕྱོགས་ཞེན་མེད་པར་ལུགས་མཐུན་སྒོས་དངོས་ཡོད། བདེན་དྲང་གི་ལྟ་བ་བཟུང་ནས་འབྲི་རྒྱུ་ཧ་ཅང་གཙོ། 
བརྒྱད་པ། ས་བཅད་འཇོག་སྟངས།
        དཔྱད་རྩོམ་གྱི་སྐབས་སུ་ལེའུ་དང་སྐབས། མདོ་སོགས་བསྟན་བཅོས་རྩོམ་སྟངས་ཀྱི་ས་བཅད་འཇོག་སྟངས་ལ་ལད་མོ་མི་བྱེད་པར། དང་པོ། གཅིག ༡ () སོགས་གོ་རིམ་བཞིན་གང་ལ་གང་འཚམ་གྱིས་བཀོལ་སྤྱོད་བྱེད་པ། ཀླད་ཀྱི་གླེང་གཞི་དང་འོག་གི་མཇུག་བསྡུ་བ་གཉིས་ལ་རྒྱུན་བཀོལ་དུ་ས་བཅད་ཀྱི་གྲངས་ཀ་མི་འཇོག
དགུ་བ། དཔྱད་རྩོམ་གྱི་དཔྱད་གཞིའི་ཡིག་ཆ་འཇོག་སྟངས།
        གཅིག དཔྱད་གཞིར་དྲངས་བའི་དཔེ་དེབ་དང་དཔྱད་ཡིག་མཚོན་རྟགས།
        དེབ་དཀྱུས་མ་ལ།M ཕྱོགས་བསྒྲིགས་ཀྱི་དེབ་ལ།G ཚགས་པར་ལ།N སྙན་ཞུ་ལ།R གློག་རྡུལ་སྤྱི་བསྒྲགས་ལ།EB འོད་སྡེར་ལ།CD ཁེ་བདག་ལ།P རིག་དེབ་ལ།J སློབ་གནས་དཔྱད་རྩོམ་ལ།D ཚོགས་འདུའི་ཟིན་ཐོ་ལ།C འཁོར་འབྲེལ་དྲ་རྒྱ་ལ།OL  སྒྲ་སྡེར་ལ།DK སྒྲ་ཐག་ལ།MT གྲངས་མཛོད་ལ།DB
        གཉིས། མཉམ་འཇོག་བྱེད་དགོས་ས།
        རྩོམ་གཞུང་གི་སྐབས་སུ་ལུང་འདྲེན་བྱེད་དགོས་ཚེ་ཐོག་མར་དཔེ་མིང་དང་དེ་ནས་ལུང་འདྲེན་བཀོད་པ་དང་། མཇུག་ཐོག་ཏུ[ ]ནང་དུ་གོང་གི་དཔྱད་གཞིའི་ཡིག་ཆ་དང་པོ་དང་གཉིས་པ་གསུམ་པ་སོགས་ཀྱི་ཨང་གྲངས་ཐོག་མར་བཀོད་རྗེས།[1] Pཤོག་ངོས་མཚོན་བྱེད་ཀྱི་རྟགས་འདི་འགོད་པར་བྱ། [1P]དེ་ནས་ཤོག་ངོས་གྲངས་ཀ་འགོད་པར་བྱ།[1P34]ལྟ་བུའོ།། [1P34]འདི་ལ་མཚོན་ན1གིས་དཔྱད་གཞིའི་ཡིག་ཆའི་ཨང་རིམ་མཚོན་ལ། Pཡིས་དཔྱད་གཞིའི་ཡིག་ཆའི་ཤོག་ངོས་མཚོན། 34ཡིས་ཡིག་ཆའི་ཤོག་གྲངས་མཚོན་པའོ། །ཡང་ལན་རེར་ལུང་འདྲེན་གྱི་ཚིག་དེ་དཔེ་ཆ་དངོས་ལས་མ་རྙེད་ཀྱང་དཔེ་ཆ་གཞན་པ་ནས་མཐོང་ནའང་དཔེ་མིང་དེ་ཉིད་དཔྱད་གཞིའི་གྲས་སུ་བཞག་ཆོག་པ་མ་ཟད། དེའི་ཤོག་ངོས་སོགས་གསལ་བོར་བཀོད་པས་ཀྱང་ཆོག
        གསུམ། དཔྱད་གཞིའི་ཡིག་ཆ་འགོད་སྟངས།
        ༡ གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། གསོ་རིག་རྒྱུད་བཞི།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992.12
        ༢ བོད་སྨན་སློབ་གསོ་དང་ཞིབ་འཇུག[J] བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། 2017ལོའི་དེབ་དྲུག་པ།
        ༣ གུར་མགོན་སྐྱབས། དེབ་ཐེར་དཀར་པོའི་ཁྲིད། [MT] ཀླུ་ཐང་བོད་རྒྱའི་འཕྲིན་སྟེགས། 2018lལོར།
        དེ་ལྟར་རྩོམ་གཞུང་དང་རྩོམ་མཇུག་གི་དཔྱད་གཞི་མཚོན་རྟགས་དང་དཔྱད་ཡིག་འགོད་སྐབས་གོ་རིམ་མཉམ་དགོས་པ་མ་ཟད།  ཤོག་ངོས་དང་ལོ་ཟླ་སོགས་གསལ་བོར་འགོད་དགོས།
མཇུག་བསྡུ་བ།
        རྩོམ་སྒྲིག་ཁང་གང་དུ་བསྐུར་ནའང་དཔྱད་རྩོམ་གཞན་གང་དུ་མ་བཀོད་པའི་རྩོམ་ཡིག་གསར་བ་ཡིན་དགོས་ལ། དཔྱད་རྩོམ་གྱི་ལྟ་བ་གསལ་བོར་བརྗོད་དགོས་པ་དང་། བརྗོད་དོན་གནད་དུ་ཐིངས་པ། སྒྲུབ་བྱེད་གོ་རིམ་ངེས་ཅན་དང་ཁུངས་བཙུན་པ། གསར་དཔྱད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ཚིག་ཉུང་ལ་དོན་འདུས་པ། ཤོག་ངོས་བཅུ་ལྷག་ལས་མི་བརྒལ་བ་བཅས་གལ་ཆེ། 
        དཔྱད་རྩོམ་ཁ་བྱང་། རྩོམ་པ་པོའི་མིང་། ལས་ཁུངས་དང་ལས་ཐོབ། ནང་དོན་གནད་བསྡུས། གནད་ཚིག་བཅས་རྒྱ་བོད་ཡིག་རིགས་གཉིས་ཀྱིས་འབྲི་དགོས། རྩོམ་གཞུང་། དཔྱད་གཞིའི་ཡིག་ཆ། རྩོམ་པ་པོ་ངོ་སྤྲོད་དང་འབྲེལ་གཏུག་ཨང་གྲངས། སྦྲག་ཨང་སོགས་ཞིབ་ཚགས་འབྲི་དགོས།
དཔྱད་གཞིའི་ཡིག་ཆ།
1. རིན་ཆེན་བཀྲ་ཤིས། རིག་གཞུང་དཔྱད་རྩོམ་ཇི་ལྟར་འབྲི་དགོས། དྲ་ལམ་སྒྲ་ཐག [EB]
2. ཀྲུང་གོའི་བོད་རིག་པ། པེ་ཅིན་ཉིག་ཧྲན་ཧྲི་ཞིན་པར་ཁང་།[J] 2013ལོའི་དེབ་དང་པོ།
3. ཀྲུང་གོའི་བོད་ཀྱི་གསོ་རིག མཚོ་སྔོན་ཟི་ལིང་བདེ་ལུང་པར་ཁང་།[J] 2015ལོའི་དེབ་དང་པོ།
4. ཀླུ་ཚང་རྒྱ་གྲོལ། ཨ་མྱེས་གཉན་ཆེན་འཕྲིན་སྟེགས། [EB] 2018དྲ་རྩོམ།
5. དཀོན་མཆོག་རྒྱལ་མཚན། བོད་ཀྱི་གསོ་བ་རིག་པའི་ཚན་རིག་ཞིབ་འཇུག་གི་གཞུང་ལུགས་དང་ཐབས་ལམ་ཇུས་འགོད། [M] མི་རིགས་དཔེ་སྐྲུན་ཁང་། 2015ལོར་སྐྲུན།
འབྲེལ་ཡོད་འོས་སྦྱོར།