logo

༄༅། །མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཧང་ངེ་བྱ་མདོ་དགོན་ཆེན་གྱི་ལོ་རྒྱུས་དང་གནས་བབ་ལ་ཐོག་མར་དཔྱད་པ།

རྩོམ་པ་པོ།:ལོ་བ་ཆོས་འཕེལ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པ། 2021ལོའི་དེབ་གཉིས་པ། དུས་ཚོད།:2021-10-15 ཀློག་གྲངས།:
༄༅། །མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཧང་ངེ་བྱ་མདོ་དགོན་ཆེན་གྱི་ལོ་རྒྱུས་དང་གནས་བབ་ལ་ཐོག་མར་དཔྱད་པ། 
ལོ་བ་ཆོས་འཕེལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ལོ་རྒྱུས་ཡིག་ཆ་དང་ཡུལ་དངོས་རྟོག་དཔྱོད་གཉིས་ཟུང་འབྲེལ་གྱིས་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཧང་ངེ་བྱ་མདོ་དགོན་ཆེན་ཕུན་ཚོགས་རྣམ་རྒྱལ་གླིང་གི་མིང་ཐོགས་ཚུལ་དང་། ཕྱག་བཏབ་པའི་ལོ་ཚིགས། འཆད་ཉན་དར་ཚུལ་བཅས་དང་། ད་དུང་དགོན་ཤུལ་ངོས་འཛིན་དང་། དགོན་པ་དང་ཨ་རིག་ཚོ་པའི་བར་གྱི་འབྲེལ་བ། དགོན་པ་ཉམས་རྒུད་དུ་གྱུར་པའི་རྒྱུ་རྐྱེན་དང་ད་ལྟའི་གནས་བབ་བཅས་ལ་དཔྱད་ཞིབ་བྱས་ཡོད། 
[གནད་ཚིག] ཧང་ངེ་བྱ་མདོ་དགོན་ཆེན། རྒྱལ་བ་བསོད་ནམས་རྒྱ་མཚོ། གནའ་ཤུལ་ངོས་འཛིན། ཨ་རིག་ཚོ་པ། 
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཆའི་མཚོན་རྟགས།] A
[རྩོམ་ཡིག་ཨང་རྟགས།] 1002-9060-2021-02-0065-13

        ལོ་རྒྱུས་ཡིག་ཆ་དང་ས་གནས་ངག་རྒྱུན་ཁྲོད་དུ་ཨ་རིག་དགོན་པའི་ཐོག་མའི་དགོན་མཚན་དུ་གྲགས་པའི་ཧང་ངེ་བྱ་མདོ་དགོན་ཆེན་ནི། མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཏེ་འདི་ལ་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པས་ཞིབ་འཇུག་གི་རིན་ཐང་དཔག་ཏུ་མེད་མོད། འོན་ཀྱང་ད་ལྟའི་བར་དུ་དགོན་རྙིང་འདིར་ཞིབ་འཇུག་བྱས་པའི་སྐོར་གྱི་དཔྱད་འབྲས་ཤིག་མཐོང་ཐོས་སུ་མ་གྱུར་པར་མ་ཟད། ས་གནས་ཀྱི་མི་རྣམས་ཀྱིས་ཀྱང་དགོན་པའི་མིང་ཙམ་ལས་འབྲེལ་ཡོད་ལོ་རྒྱུས་ཤེས་མཁན་ཤིན་ཏུ་དཀོན། ལྷག་པར་དུ་ས་གནས་ཀྱི་ལོ་རྒྱུས་དཔེ་དེབ་དང་དགོན་པའི་གདན་རབས་སོགས་སུའང་ཧང་ངེ་བྱ་མདོ་དགོན་པའི་མིང་ཙམ་ལས་འབྲེལ་ཡོད་ཀྱི་ལོ་རྒྱུས་སྐོར་ཅི་ཡང་བྲིས་མེད་པ་ནི་ས་གནས་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡིན་པས། ཁོ་བོས་སྤྱི་ལོ་2018ལོའི་ཟླ་8པའི་ཚེས་25ཉིན་དང་། 2020ལོའི་ཟླ་7པའི་ཚེས་19ཉིན། ཟླ་8པའི་ཚེས་12ཉིན་བཅས་སྔ་རྗེས་སུ་ཐེངས་གསུམ་ལ་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་(兴海县)ཐང་ནག་ཞང་(唐乃亥乡) སེང་ལྡེང་རུ་ཆེན་(桑当大队)ན་རྒན་སྡེ་པར་(那尔干村)ཆགས་པའི་ཧང་ངེ་བྱ་མདོ་དགོན་ཤུལ་དུ་ཡུལ་དངོས་རྟོག་དཔྱོད་ལ་ཕྱིན་ཏེ་ཁུངས་བཙུན་གྱི་ལོ་རྒྱུས་ཡིག་ཆ་དང་ཡུལ་དངོས་བཅར་འདྲི་བྱས་པ་བཅས་ལ་གཞི་བཅོལ་བ་དང་སྦྲགས། ཧང་ངེ་བྱ་མདོ་དགོན་པའི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་བཅས་ཀྱི་སྐོར་ནས་དཔྱད་པར་བྱ་བ་ལ།
དང་པོ། ཧང་ངེ་བྱ་མདོ་དགོན་པའི་མིང་ཐོགས་ཚུལ། 
        མདོ་སྨད་ཀྱི་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཨ་རིག་དགོན་པར་ཐོག་མའི་དགོན་མཚན་ནམ་ཡོངས་གྲགས་སུ་ཧང་ངེ་བྱ་མདོ་དགོན་ཆེན་དུ་འབོད་ལ། ས་གནས་ཀྱི་རྒན་པོ་བཀྲ་ཤིས་ཀྱིས་“དམངས་ཁྲོད་དུ་ཧང་ངེ་བྱ་མདོ་དགོན་པའི་མཚན་གཞན་ལ་བྱ་མདོ་མཚན་ཉིད་དགོན་ཆེན་ཟེར།”[1]ཞེས་པ་དང་། དགོན་རྙིང་འདིའི་མཚན་ཆ་ཚང་ལ་《རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་》ལས། “ཧང་ངེ་ཞེས་པའི་ཡུལ་གྲུར། ཕུན་ཚོགས་རྣམ་རྒྱལ་གླིང་འདུས་སྡེ་དང་བཅས་པ་གསར་དུ་བསྐྲུན་པའི་རབ་ཏུ་གནས་པ་མཛད།”[2]ཅེས་གསུངས་པ་དང་། རྗེ་གང་ཉིད་སྤྱི་ལོ་1578ལོར་ཧང་ངེ་བྱ་མདོ་དགོན་པར་ཕེབས་སྐབས། 《དེབ་ཐེར་མེས་པོའི་ཞལ་ལུང་》དུ། “ཨ་རིག་པས་དགོན་པ་དེའི་མིང་ཞུས་པར། ཏཱ་ལེ་བླ་མ་བསོད་ནམས་རྒྱ་མཚོས་ཕུན་ཚོགས་རྣམ་རྒྱལ་གླིང་ཞེས་བཏགས།”[3]ཞེས་དགོན་པར་མཚན་གསོལ་ཏེ་རབ་གནས་མཛད། ཧང་ངེ་བྱ་མདོ་དགོན་ཆེན་ཞེས་པ་ནི་སྐབས་དེའི་བླ་གྲྭ་དང་མང་ཚོགས་ཀྱིས་ཧང་ངེ་གཞུང་དང་བྱ་གཞུང་ལུང་པ་གཉིས་ཀྱི་འདྲེས་མཚམས་ཀྱི་སར་ཆགས་ཡོད་པས་ཧང་ཧེ་བྱ་མདོ་དགོན་པ་ཞེས་བཏགས་པ་ཞིག་ཡིན་པར་སྙམ། ཧང་ངེ་ཞེས་པའི་མིང་བརྡ་འདི་ནི་རབ་བྱུང་བདུན་པའི་ནང་ད་ལྟའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་སྟོད་སྨད་བར་གསུམ་དུ་སོག་པོ་དང་ཨ་རིག་འདྲེས་སྡོད་ཀྱི་དུས་སྐབས་ནས་ཡོད་པའི་ས་མིང་ཞིག་སྟེ། ཧང་ངེ་ནི་བོད་སྐད་དང་སོག་སྐད་གང་ཡིན་ཐད་བཞེད་ཚུལ་མི་མཐུན་པ་གཉིས་ཡོད་དེ། ལ་ལས་ཧང་ངེ་ནི་སོག་སྐད་དེ་“杭盖”[4]ཞེས་པའི་སྒྲ་ཟུར་ཆག་པ་སྟེ། སྔོན་ཆད་ཧང་གཞུང་དུ་ནགས་ཚལ་དང་སྤང་ལྗོངས་སོགས་ས་ཡི་དགེ་བཅུ་མ་ལུས་འཛོམས་པའི་གནས་ཕུན་སུམ་ཚོགས་པ་ཞེས་པའི་དོན་ཡིན་ཟེར། ཧང་ངེ་གཞུང་རྒྱུད་དང་བྱ་གཞུང་ལུང་པར་ཤིང་སེང་ལྡེང་དང་ཡོ་འབོག ལྕང་མ་སོགས་རྩི་ཤིང་ནགས་ཚལ་དང་། སྤང་ལྗོངས། ཆུ་བོ་དང་བྲག་རི་སོགས་གནམ་ས་ཁ་འཕྲོད་པ་ལྟ་བུར་ཆགས་ཡོད་པས་དོན་དངོས་དང་མཐུན་པར་མ་ཟད། ཧང་ངེ་དང་རྒྱང་ཐག་མི་རིང་བའི་གནས་སུ་ཡོད་པའི་ཁུ་ཤེ་ཐང་དང་། ཐི་ཝེ། སན་སི་བེ། ཨོ་མན། ཇི་རྒེ། ཧོལ་ཁ། བ་ཡན། ཏུའུ་ཐའེ། ཐོ་ལི། མོ་ཏོ། ཧ་ཅིན། བི་རི་ཝ་སི་སོགས་ས་མིང་རིག་གནས་མང་པོ་ཞིག་ད་ལྟའི་བར་མ་ཉམས་པར་ས་གནས་མང་ཚོགས་ཀྱི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས་ཧང་ངེ་ཞེས་པའི་མིང་ཚིག་འདིའང་སོག་སྐད་ཡིན་པ་བདེན་པར་གྲུབ་འདུག་ཟེར། ཡང་ལ་ལས་ཧང་ངེ་ནི་སྔོན་ཆད་ནས་ཡོད་པའི་བོད་ཀྱི་མིང་བརྡ་ཤ་སྟག་ཅིག་སྟེ་ས་གནས་ཀྱི་ཁ་སྐད་དུ་ས་རྫའི་མིང་ལ་ཧང་རྫ་ཟེར་ཞིང་། ཧང་གཞུང་དང་ཧང་ཆུང་རྫ་དམར་སྤུན་གསུམ་ཕྱོགས་ཀྱི་ས་མདོག་ཧྲིལ་པོར་ས་རྫ་དམར་པོའི་མདོག་ལྟར་དམར་ཤས་ཆེ་བས་ཧང་ཞེས་ཐོགས་ཤིང་། རི་དང་ལུང་པའི་དམའ་ཤོད་ཀྱི་གཞུང་ངམ་ངོས་ལ་ཁ་སྐད་དུ་ངེ་ཟེར་བས་ཧང་ངེ་ཞེས་ཐོགས་ཟེར། ཧང་གཞུང་ནི་ཨ་མྱེས་བྱ་སྒང་དང་གནས་མཆོག་བྲག་དཀར་སྤྲེལ་རྫོང་། ཨ་མྱེས་རི་རྒན་བཅས་རི་སུམ་འདུས་ཀྱི་མདོར་རི་བྲག་ཤིང་ནགས་ཀྱིས་བརྒྱན་པའི་ལུང་ཆེན་དེའི་མིང་ལ་ཟེར། ཧང་ངེ་ཞེས་པའི་མིང་བརྡ་འབྲི་སྟངས་ཀྱི་ཐད་《མདོ་སྨད་ཆོས་འབྱུང་》དུ། “ཧང་ངེ་”[5]ཞེས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁྲ་》རུ། “ཧང་ཨའེ་རི་རྒྱུད།”[6]ཅེས་པ། 《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས་》སུ། “ཧང་ངའེ་རི་རྒན།”[7]ཞེས་པ། 《ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་》དུ། “ཧ་ད་བྱ་མདོའི་དགོན།”[8]ཞེས་པ། 《བིས་མདོ་དགོན་ཆེན་གྱི་གདན་རབས་》སུ། “ཧ་ང་བྱ་མདོའི་དགོན།”[9]ཞེས་སོགས་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད་ནའང་ཡོངས་གྲགས་སུ་ཧང་ངེ་ཞེས་འབྲི་བར་རྒྱུགས་ཆེ། དེ་ལྟར་ཧང་ངེའི་ཉེ་འགྲམ་གྱི་རི་ཆུ་ཐང་གསུམ་གྱི་མིང་ལའང་ཧང་ཆུང་དང་། ཧང་གཞུང་། ཧང་ངེ་རི་རྒན་ཞེས་ཐོགས་ཡོད།《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ། “ཧང་ཆུ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧའེ་རྫོང་དུ་ཡོད།”[10]ཅེས་པའོ། ། 
        ཡང་ཧང་ངེ་བྱམས་མདོ་དང་ཧང་ངེ་བྱ་མདོ་ཞེས་བྱམས་དང་བྱ་ཞེས་འབྲི་སྟངས་གཉིས་ཡོད་པ་ལས་བྱ་མདོ་ཞེས་བྲིས་ཚེ་དོན་དངོས་དང་མཐུན་ཏེ། ཨ་མྱེས་བྱ་སྒང་མཐོན་པོའི་བྱང་ཕྱོགས་ཀྱི་ལུང་ཆེན་དེར་བྱ་གཞུང་ངམ་བྱ་ཁོག་ལུང་པ་དང་དེར་འབབ་པའི་ཆུ་ལ་བྱ་ཆུ་ཟེར། ཡང་བྱ་ཁོག་དང་ཧང་གཞུང་གཉིས་ཀྱི་འདྲེས་མདོའི་གོང་རོལ་གྱི་ཐང་ལེབ་དེར་ཆགས་ཡོད་པས་ཧང་ངེ་བྱ་མདོ་དགོན་ཞེས་ས་མིང་དགོན་མིང་དུ་ཐོགས་པ་རེད། ཧང་ངེ་ནི་ཁུངས་བཙུན་གྱི་ལོ་རྒྱུས་ཡིག་ཆ་དག་དང་ཞིབ་བསྡུར་བྱས་ཚེ་ཧང་ངེ་ཞེས་པའི་མིང་བརྡ་འདི་བྱུང་ནས་ཉུང་མཐར་ཡང་ལོ་ངོ་དྲུག་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་པས་ཞིབ་འཇུག་གི་རིན་ཐང་ཆེ་བའི་མིང་བརྡ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་ལྟ་ཞིན་ཧེ་ཞེས་པའི་རྫོང་མིང་འདི་བོད་སྐད་དུ་འདོགས་སྟངས་ཀྱི་ཐད་ནས་ཀྱང་ཞིན་ཧེ་རྫོང་དང་། བྲག་དཀར་རྫོང་། དར་མཚོ་རྫོང་། རྩི་གོར་ཐང་རྫོང་། ཧང་ངེ་རྫོང་། རི་རྒན་རྫོང་བཅས་རང་སྣང་གང་ཤར་གྱིས་འབྲི་བ་ལས། འདི་ལ་གཅིག་གྱུར་གྱིས་ལོ་རྒྱུས་ཀྱི་ཁུངས་ལུང་ལྡན་པའི་ཧང་ངེ་ཞེས་པ་འདི་ལ་གཞི་བཅོལ་ནས་ཧང་ངེ་རྫོང་ཞེས་པར་ཧང་རྫོང་ཞེས་ཚིག་སྡུད་བརྒྱབ་ནས་བཏགས་ཚེ་ཤིན་ཏུ་འོས་པར་འདོད། 
གཉིས་པ། ཧང་ངེ་བྱ་མདོ་དགོན་པ་ཕྱག་འདེབས་མཁན་དང་ལོ་ཚིགས་ཀྱི་སྐོར། 
        ཧང་ངེ་བྱ་མདོ་དགོན་པ་ཕྱག་འདེབས་གནང་མཁན་གྱི་ཐད་ནས།《རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་》སུ། “བོད་རབ་བྱུང་བདུན་པའི་ནང་ཆོས་རྗེ་བསམ་གཏན་འོད་ཟེར་གྱིས་ཨ་རིག་དགོན་ཐོག་མ་བཏབ་པ་ནི་ཧང་ངེའི་བྱ་མདོ་དགོན་ཡིན་ཏེ། འདི་ནི་གཙང་དགོན་པ་དང་། ཨ་རིག་ར་རྒྱ་དགོན་པ། ཨ་རིག་དགོན་ཆེན་སོགས་ཀྱི་འགོ་ཁུངས་ཡིན་པ་དང་། དུས་རབས་ཉི་ཤུ་པའི་འགོ་ནས་བཟུང་ཡབ་མེས་གོང་མ་རྣམས་ཀྱིས་ཨ་རིག་དགོན་པར་མི་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་ཟེར།”[11]ཞེས་པ་དང་། ཡང་འགའ་རེས་དགོན་པ་ཕྱག་འདེབས་མཁན་ནི་རྒྱལ་བ་བསོད་ནམས་རྒྱ་མཚོ་ཡིན་ཟེར་བའི་བཞེད་ཚུལ་གཉིས་ཡོད་པ་ལས་སྔ་མར་འཐད་དེ། 《བིས་མདོ་དགོན་ཆེན་གྱི་གདན་རབས》སུ། “ཧ་ངའི་གཞུང་དུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་གསུང་བཞིན་ཕུན་ཚོགས་རྣམ་རྒྱལ་གླིང་ཞེས་པ་ཞིག་བཏབས་པར་བཤད་པ་ལས་དེའི་སྔོན་དུ་གང་ཡོད་ཀྱི་ལོ་རྒྱུས་མ་མཐོང་ངོ་། །དེ་ཡང་རྗེའི་དངོས་སློབ་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་བྱ་བས་རྗེ་ཐམས་ཅད་མཁྱེན་པས་དགའ་ལྡན་འདེབས་པའི་སྔ་ལོ་ཆུ་རྟ་ལ་བཏབ་ཅེས་མཁས་པའི་དབང་བོ་བྲག་དགོན་བསྟན་པ་རབ་རྒྱས་ཀྱིས་གསུངས་ཏེ། དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ལ་རྣམ་འཇོམས་བསྟོད་པ་དང་གདུགས་དཀར་གྱི་བསྟོད་པ་རྒྱལ་བྱེ་མར་གྲགས་པ་ཞུ་བ་བོ་དེ་ལ་དགོངས་པར་གསལ་ལོ། །”[12]ཞེས་པ་ལྟར། ཆུ་རྟ་ལོར་(སྤྱི་ལོ་1402)ཧང་ངེ་བྱ་མདོ་དགོན་བཏབ། གཙང་དགོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པའི་རྡོ་བྱང་ལས། “སྔོན་ཧང་ངེའི་བྱ་མདོའི་དགོན་ཆེན་ལ་གཏོར་བཤིག་ཐེབས་པའི་གྲྭ་རྒྱུན་ཨ་རིག་གི་རུ་བ་དང་འདྲེས་ནས་འོང་བ་རྨང་གཞི་བྱས་ནས་དགོན་ཆེན་འདི་སླར་གསོས་ཐུགས་འདུན་སྟེང་ནས་བཏབ་པ་ཞིག་ཡིན་པས་དེ་ནས་བརྩིས་ན་ད་བར་དུ་ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པ་ཡོངས་གྲགས་ལྟར་ཡིན།”[13]ཞེས་པ་བཞིན། ཧང་ངེ་བྱ་མདོ་དགོན་ཆེན་ཕྱག་འདེབས་མཛད་ནས་ད་ལྟའི་བར་ལོ་ངོ་དྲུག་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད། 
        གཞན་《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》ལས། “མདོ་སྨད་ཨ་རིག་ཡུལ་གྱི་དགོན་སྡེ་ཁག་གི་པར་རིས།”[14]ཞེས་པའི་མདུན་ཤོག་ནང་མའི་ངོས་སུ་ཨ་རིག་གི་དགོན་སྡེ་མང་པོའི་པར་རིས་བཞག་ཡོད་པ་ལས་“ཨ་རིག་ཧང་ངེ་བྱ་མདོ་དགོན་ཆེན་ཕུན་ཚོགས་རྣམ་རྒྱལ་གླིང་།”[15]ཞེས་པ་འདྲ་པར་གྱི་ཨང་དང་པོར་བཞག་ཡོད་པ་ཙམ་གྱིས་ཀྱང་ཨ་རིག་དགོན་པའི་ཐོག་མ་ཡིན་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བ་གསལ་པོར་ཤེས་ཐུབ། ལྷག་པར་དུ་སྔོན་ཆད་ཧང་ངེ་བྱ་མདོ་དགོན་པར་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་སྟབས། རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོས་ཀྱང་གནས་དེར་ཆིབས་བསྒྱུར་གནང་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། ། 
གསུམ་པ། ཧང་ངེ་བྱ་མདོ་དགོན་པའི་དགོན་ཤུལ་ངོས་འཛིན་དང་དགོན་མ་ལག་གི་སྐོར། 
        བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་རྙིང་ཧང་ངེ་བྱ་མདོ་དགོན་ཆེན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཐང་ནག་ཞང་སེང་ ལྡེང་རུ་ཆེན་ན་རྒན་སྡེ་པར་ཆགས་ཡོད་ཅིང་། ཞིན་ཧེ་རྫོང་ནས་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་བཅུ་ཡས་མས་ཀྱི་སའི་གོ་ལའི་གཞུང་ཐིག་གི་100º05´དང་འཕྲེད་ཐིག་35º49´གནས་སུ་ཆགས་ཡོད་ལ། རྒྱ་མཚོའི་ངོས་ལས་སྨི་2820ཡོད། དགོན་པ་ཆགས་སའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་བརྒྱ་ལྷག་ཟིན་ཡོད།《མདོ་སྨད་ཆོས་འབྱུང་》དུ། “རྨ་ཆུའི་ཁུག་སོའི་ནུབ་ངོས་ཨ་རིག་གི་ས་ཧང་ངེ་གཞུང་དུ་སྔོན་གྱི་དགོན་རྙིང་ཕུན་ཚོགས་རྣམ་རྒྱལ་གླིང་། དེ་དང་ཉེ་བར་ཙ་རི་དང་བྱིན་རླབས་མཉམ་པ་བྲག་དཀར་སྤྲེལ་རྫོང་།”[16]ཞེས་པ་དང་། “རྨ་ཆུའི་ཁུག་སོ་ནུབ་ངོས་ན་ཨ་རིག་གི་ས་ཆ་ཡོད།”[17]ཅེས་པ་ལྟར། ཐང་ནག་ཡུལ་ཚོར་འབབ་པའི་རྨ་ཆུའི་ནུབ་ཕྱོགས་སུ་ཧང་ཆུ་དང་ཧང་གཞུང་། བྱ་ཁོག བྱ་ཆུ། ཧང་ངེ་བྱ་མདོ་དགོན་བཅས་ཡོད་པ་དང་། ཧང་ངེ་བྱ་མདོ་དགོན་པ་ནས་སྤྱི་ལེ་བཅུ་ཙམ་གྱི་ལྷོ་ནུབ་ཀྱི་མཚམས་སུ་ཙ་རི་གཉིས་པར་གྲགས་པའི་མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་དགོན་པ་ཡོད། 
        ཧང་ངེ་བྱ་མདོ་དགོན་པ་ནི་ཨ་རིག་ཚོ་པའི་དགོན་པ་ཡོངས་ཀྱི་མ་དགོན་ཡིན་པས་ཨ་རིག་དགོན་ཆེན་དང་ཨ་རིག་རྫ་ཕུག་དགོན། གཙང་དགོན་པ། རྭ་རྒྱ་དགོན་པ། ད་ལྟའི་ཞིན་ཧེ་རྫོང་འབྲོང་ཐི་ཡུལ་ཚོའི་རྡོ་རྫོང་གད་པ་གཡང་ར་དང་ཆོས་སྒང་དགོན་པ་སོགས་དགོན་ལག་ཆེ་མ་ཆུང་གསུམ་མང་པོ་ཡོད། རྗེ་བློ་བཟང་རྡོ་རྗེས་བརྩམས་པའི་《བཀྲ་ཤིས་ཆོས་སྒང་དགོན་པའི་གདན་རབས་》སུ། “ཆོས་སྒང་དགོན་པའི་གཞི་འདི་ནི་སྔོན་ཆད་ལོ་མང་པོ་སོང་བའི་རྐྱེན་གྱིས་དགོན་པའི་མཚན་དང་། དེ་འདེབས་མཁན་དང་། སྐུ་གསུང་ཐུགས་ཀྱི་རྟེན་གང་བཞུགས་པ་དང་། དགེ་འདུན་གྱི་གྲངས་ཇི་ཙམ་བཞུགས་པ་སོགས་མི་ཤེས་ཀྱང་། ཨ་རིག་རྣམས་ཀྱི་དགོན་པའི་ཤུལ་ཡིན་ཞེས་དེང་སྐབས་འདིར་གནས་པའི་ལོ་རྒས་པོ་རྣམས་ཀྱིས་གཏམ་དུ་གླེང་བ་ནི་ཡང་དག་པའི་རྟགས་བསླུ་བ་མེད་པར་གསལ་ཏེ། དགོན་པ་དེ་བཏབ་པའི་སྐབས་སུ་ས་འོག་ནས་ལི་སྐུ་དང་སོ་ཕག་སོགས་མང་པོ་སྣ་ཚོགས་བྱུང་བར་བཤད།”[18]ཅེས་པ་ལྟར། ད་ལྟའི་ཞིན་ཧེ་རྫོང་གི་མངའ་ཁོངས་ཀྱི་དགོན་རྙིང་དག་གི་གནའ་ཤུལ་ནི་ཨ་རིག་དང་ཧང་ངེ་བྱ་མདོ་དགོན་ཆེན་ལ་འབྲེལ་བ་དམ་པོ་ཡོད། 
བཞི་པ། རྒྱལ་དབང་རིམ་བྱོན་དང་ཧང་ངེ་བྱ་མདོ་དགོན་ཆེན་གྱི་དངོས་བརྒྱུད་ཀྱི་འབྲེལ་བའི་སྐོར། 
        གཅིག རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་ཏེ་འཆད་ཉན་སྤེལ་ཚུལ། 
        དེ་བཞིན་《དེབ་ཐེར་མེས་པོའི་ཞལ་ལུང་》དུ། “རྒྱལ་པོ་ཨལ་ཐན་ཧན་གྱིས་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཚོ་སྔོན་དུ་གདན་འདྲེན་ཞུས་པ་མེ་གླང་སྤྱི་ལོ་1577ལོར། དབྱང་ཧྭ་ཟི་དགོན་པར་ཕེབས་འབྱོར་བྱུང་སྟེ་རྒྱལ་པོ་ཨལ་ཐན་ཧན་དང་ཞལ་འཛོམས་བྱུང་། ཨལ་ཐན་ཧན་གྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ། ཏཱ་ལེ་བླ་མ་བཛྲ་དྷ་ར་ཞེས་པའི་མཚན་གནས་ཕུལ་ཏེ་སོག་པོའི་བླ་མར་བསྟེན་ནས་དབང་ལུང་མང་དུ་གསན།”[19]ཞེས་པ་དང་། སྤྱི་ལོ་1578ལོར་རྒྱལ་བ་བསོད་ནམས་རྒྱ་མཚོས་ཧང་ངེ་བྱ་མདོ་དགོན་པར་ཨ་རིག་དང་སོག་པོའི་དད་ལྡན་མང་ཚོགས་ལ་གདུགས་དཀར་གྱི་རྗེས་གནང་སོགས་བཀའ་ཆོས་གསུངས་ཤིང་ཞལ་བཀོད་གནང་བ་སོགས་གསལ་པོ་རེད། 《མདོ་སྨད་ཆོས་འབྱུང་》དུ། “འདུས་སྡེའི་སློབ་དཔོན་ཆོས་རྗེ་བརྩོན་འགྲུས་བཟང་པོ་བསྐོས་པར་གསུངས་པ་སྐུ་འབུམ་དུ་ཆོས་སྡེ་གསར་བཏབ་ཀྱི་སློབ་དཔོན་དེ་ཡིན་འདྲ། སྐུ་འབུམ་གདན་རབས་སུ་བརྩོན་འགྲུས་རྒྱལ་མཚན་བཟང་པོ་གསུངས།”[20]ཞེས་པ་དང་། དེ་ལ་《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་》ལས། “འདུལ་འཛིན་ཆོས་རྗེ་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་དང་། ཚོ་བ་ལྔའི་ནང་སོས་གཙོ་བོའི་སྦྱིན་བདག་རྣམས་ལ་ཙོང་ཁའི་ལྟེ་བའི་གནས་འདིར་དགོན་སྡེ་ཞིག་ཚུགས་ན་འཕྲལ་ཕུགས་ལེགས་ཚུལ་དང་། འཛུགས་ཀྱང་ངེས་པར་དགོས་པའི་བཀའ་ལུང་བཟང་པོ་སྩལ་པ་ཀུན་གྱི་དགའ་དང་སྤྲོ་བཞིན་སྤྱི་བོར་མནོས་ཏེ་ཁ་ཞེ་གཉིས་ཀའི་སྒོ་ནས་དང་དུ་བླངས། རྒྱལ་དབང་རིན་པོ་ཆེ་ཉིད་ནས། ཉིད་ཀྱི་འདྲ་ཐང་། ལྷ་མོའི་རྟེན་ཐང་། ཆོས་སྐྱོང་གི་རྟེན་ཐང་བཅས་སྩལ་ནས། ས་འདུལ་དང་གནས་ལ་བྱིན་ཆེན་དངོས་སུ་ཕབ་པའི་བཀའ་དྲིན་བསྐྱངས།”[21]ཞེས་པ་དང་། ཡང་“རྗེ་བདག་ཉིད་ཆེན་པོའི་གདན་ས་ཁྱད་པར་ཅན་འདིར། ཐོག་མར་དགེ་འདུན་གྱི་སྡེ་བཙུགས་པའི་ལོ་རྒྱུས་བརྗོད་པ་ལ། དེ་ཡང་ཐོག་མར་སྒོམ་ཆེན་བརྩོན་འགྲུས་རྒྱལ་མཚན་དཔལ་བཟང་པོས། སྤོང་བ་བསམ་གཏན་ལ་གཞོལ་བའི་དགེ་འདུན་བདུན་ཕྲག་གཅིག་བཞུགས་པའི་སྒྲུབ་སྡེ་ཞིག་བཏབ། དེ་ནས་རིམ་གྱིས་བཅུ་ཕྲག་ལྔར་འཕེལ་བ་བྱུང་། སྒྲུབ་སྡེ་ཆགས་པའི་གནས་ལ་ད་ལྟ་དགོན་པ་ལུང་བར་འབོད་པ་དེ་ཡིན། ཏཱའི་མིང་རྒྱལ་རབས་བཅུ་བཞི་པ་ཝང་ལི་ཁྲིར་བཞུགས་གནམ་ལོ་ལྔ་པ་རབ་བྱུང་བཅུ་པའི་མེ་གླང་སྟེ་སྤྱི་ལོ་1577ལོར་སྒོམ་ཆེན་པ་དེ་ཉིད་ཀྱིས་ཐུགས་བཀོད་གནང་སྟེ།”[22]ཞེས་པ་ལྟར། དགེ་བའི་བཤེས་གཉེན་ཆེན་མོ་ཆོས་རྗེ་བརྩོན་འགྲུས་བཟང་པོ་ཧང་ངེ་བྱ་མདོ་དགོན་པའི་སློབ་དཔོན་དུ་བསྐོས་ཏེ་འཆད་ཉན་རྒྱ་ཆེར་དར་བར་མཛད། ལྷག་པར་དུ་ཧང་ངེ་བྱ་མདོ་དགོན་པ་ནི་མདོ་སྨད་ཡུལ་གྱི་ཆེས་སྔ་གྲས་ཀྱི་དགོན་རྙིང་གྲགས་ཅན་ཞིག་ཡིན་པ་ལོ་རྒྱུས་ཡིག་ཆ་ལས་གསལ་པོར་ཤེས་ཐུབ་སྟེ།《ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་》དུ། “སྔོན་ཚེ་ཅོ་ནེའི་གཡེར་བ་དང་། །མེན་ཇོའུ་ཆོས་སྡེ་ཆོས་རྫོང་དང་། །མཛོ་མོ་མཁར་དང་བིས་མདོ་དང་། །ཧ་ད་བྱ་མདོའི་དགོན་སོགས་སུ། །མདོ་སྔགས་བཤད་གྲྭ་ཡུན་རིང་དར། །”[23]ཞེས་གསུངས་ཤིང་དམངས་ཁྲོད་དུའང་བྱ་མདོ་མཚན་ཉིད་དགོན་ཆེན་ཟེར། 
        གཉིས། རྒྱལ་དབང་ལྔ་པ་ཧང་ངེ་བྱ་མདོ་དགོན་པར་ཕེབས་ཡོད་མེད་ཀྱི་དོགས་གཞི། 
        《དུ་ཀུ་ལའི་གོས་བཟང་》ལས། “ཧང་ངེ་གཞུང་ལས་ཁྱུང་ཐོད་དང་ཉེ་བར་ཨ་རིག་སྟོད་པ་བརྒྱ་སྐོར་གྱིས་རྟ་སུམ་ཅུ་ཙམ་བསྟར།”[24]ཞེས་པེ་ཅིན་དུ་ཆིབས་ཁ་བསྒྱུར་བའི་སྐབས་སུ་ད་ལྟའི་ཞིན་ཧེ་རྫོང་གི་ཧང་ངེ་གཞུང་བརྒྱུད་ནས་ཕེབས་པ་གསལ་པོ་ཡིན་པར་མ་ཟད། ཞིན་ཧེའི་ཆུ་འགག་དང་དཀར་པོ་ཐང་སོགས་ནི་ཐང་བོད་གནའ་ལམ་གྱི་ལམ་ཐིག་གཙོ་བོ་ཞིག་ཡིན་པས་སྐྱེས་ཆེན་རྣམས་ཀྱི་ཕེབས་ལམ་དང་མགར་ཁྲི་འབྲིང་སོགས་ཀྱི་དམག་རྒྱག་སའི་ས་ཚིགས་གཙོ་བོ་ཞིག་ཡིན། 《དུ་ཀུ་ལའི་གོས་བཟང་》དུ། “ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲི་རྙིང་པ་ཞིག་འདུག་པའི་སྟེང་ནས་སོག་བོད་ཀྱི་ཁྲོམ་ཆེ་བ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་བྱས།”[25]ཞེས་ཧང་གཞུང་དང་རྒྱང་ཐག་མི་རིང་བའི་ཆུ་འགག་ཡུལ་ཚོའི་ཆུ་འགག་བཞུགས་ཁྲི་ཞེས་གྲགས་པའི་རྒྱལ་དབང་སྐུ་ཕྲེང་གསུམ་པའི་བཞུགས་ཁྲིའི་སྟེང་ཨ་རིག་རྣམས་ལ་ཆོས་གསུངས་པ་དང་། སྤྱི་ལོ་1652ལོར་“མར་ཁ་རབ་འབྱམས་པ་དང་ཨ་རིག་དཔལ་བཟང་གིས་གཙོས་བསུ་མི་སུམ་ཅུ་ལྷག་སླེབས། ཕྱག་རྟེན་དུ་རྟ་སུམ་ཅུ་དང་གསེར་ཞོ་དྲུག་ཅུ་བསྟར། ཨ་རིག་དཀར་པོ་ཐང་དུ་ཡོང་དགོས་ཟེར་བ་ལྟར་ཁས་བླངས། མཚོ་སྨན་ཕྱུག་མོ་སྤུན་ལྔའི་ནང་ཚན་ལྡོང་ར་མཚོན་ནག་དང་བེའུ་དུག་མཚོ་གཉིས་ཀྱི་འགྲམ་བརྒྱུད། རི་ཟུར་ཞིག་ནས་སྨ་ཆེན་སྦོམ་ར་ལ་གསོལ་མཆོད་ཕུལ་ཞིང་འཕྲིན་ལས་བཅོལ། ཉེར་དྲུག་ལ་དུག་མཚོ་ཁར་ཨ་རིག་ཚེ་དར་དང་སོག་པོ་བརྒྱ་ཙམ་ལ་བྱིན་རླབས་བྱས།”[26]ཞེས་གསུངས་པ་བཞིན། ད་ལྟའི་ཞིན་ཧེ་རྫོང་ཆུ་ཁོལ་ཞང་བོང་སྟག་གོང་མའི་ས་ཆ་དཀར་པོ་ཐང་ནས་ཞག་གསུམ་བཞུགས་ཤིང་། “མེར་གན་བཀའ་བཅུ་བ་ཤེས་རབ་རྒྱ་མཚོས་བསྐུལ་ངོར། གོང་ས་ལྔ་བ་ཆེན་མོ་མཆོག་གིས་སྲིད་གསུམ་དྲེགས་པའི་གཙོ་བོ་རྨ་ཆེན་སྦོམ་རའི་གསོལ་མཆོད་རྩེ་མོ་རབ་དཀར་མ་བརྩམས།”[27]ཞེས་པ་དང་།《མདོ་སྨད་ཆོས་འབྱུང་》དུ། “ཀུན་གཟིགས་ལྔ་བས་རྨ་ཆེན་གྱི་གསོལ་མཆོད་རྩེ་མོ་རབ་དཀར་མ་བརྩམས་པའི་གནས་ཨ་རིག་ཆུ་ཚན་དུ་གྲགས་པ་རང་བྱུང་ཁྲུས་ཀྱི་རྫིང་བུ་ཡོད།”[28]ཅེས་པ་སོགས་ཀྱིས་ལྔ་པ་ཆེན་མོ་མཆོག་ཞིན་ཧེ་རྫོང་གི་མངའ་ཁོངས་ཨ་རིག་དཀར་པོ་ཐང་དང་ཨ་རིག་ཆུ་ཚན། ཨ་རིག་ཧང་ངེ་གཞུང་སོགས་སུ་ཆིབས་བསྒྱུར་གནང་སྟེ་ཨ་རིག་དང་སོག་པོའི་དད་ལྡན་མང་ཚོགས་ལ་ཆོས་གསུངས་པ་གསལ་ཐག་ཆོད། དེ་བས་ཁོང་ཨ་རིག་ཧང་ངེ་གཞུང་བརྒྱུད་དེ་ཕེབས་སྐབས་ཧང་ངེ་བྱ་མདོ་དགོན་པར་གནས་འབྲེལ་གནང་ཡོད་པར་སྙམ་མོ། ། 
        གསུམ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཧང་ངེ་བྱ་མདོ་དགོན་པར་ཕེབས་ཡོད་པའི་འདོད་ཚུལ། 
        དེ་ཡང་《མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་》སུ། “ཚངས་དབྱངས་པ་ཨ་རིག་ཡུལ་དུ་སོང་ནས། ཨ་རིག་བན་དེ་གྲགས་པ་དབང་ཕྱུག་ཚང་གི་ཨ་མཆོད་བྱས་ནས། བརྒྱད་སྟོང་བ་བཀླག་པའི་ལོ་རྒྱུས་ཡོད།”[29]ཅེས་པའི་སྐབས་དེར་ཨ་རིག་གི་ས་ཆ་ནི་ཨ་རིག་བན་དེ་གྲགས་པ་དབང་ཕྱུག་གིས་དབང་བསྒྱུར་རམ་མགོ་བདག་བྱས་ཡོད་པའི་ད་ལྟའི་ཞིན་ཧེ་རྫོང་གི་མངའ་ཁོངས་ཧང་གཞུང་སྟོད་སྨད་བར་གསུམ་དང་སྤྲེལ་རྫོང་། ཧོལ་ཁ་སོགས་ལ་གོ་དགོས། དེ་ལྟར་《ཚངས་དབྱངས་རྒྱ་མཚོའི་གསང་རྣམ་》དུ། “ཨ་རིག་གི་ཡུལ་དུ་རྒས་པོ་བནྡེ་སྐྱབས་ཀྱིས་ཀྱང་དད་འདུན་ཆེ་བ་དང་། དེའི་རྒད་མོས་ཀྱང་ཤིན་ཏུ་བྱམས་པར་བྱས་ཏེ་རེ་ཞིག་བཞུགས་དགོས་ཞེས་ཡང་ཡང་བཤོལ་བ་ལྟར་ཟླ་ངོ་གཉིས་ཙམ་བསྡད། བརྒྱད་སྟོང་པ་བཏོན། ཁོང་རྣམས་ལ་ལས་འབྲས་ཀྱི་ཆོས་བཤད་པས་ཤིན་ཏུ་དད་དེ་ཕྱིར་གཞན་ལ་ངའི་རྒྱུ་མཚན་མི་བཤད་པའི་དམ་བཅའ་བྱས། གོས་ཀྱི་ལྭ་བ་སེར་པོ་དེ་ཁོང་ལ་དད་རྟེན་དུ་བྱིན། ཐམས་ཅད་ལ་བཀའ་བསྒོ་དང་། སྐ་རགས་ཀྱི་ཁ་ཚར་ལས་མདུད་པ་རེ་བྱས་ཏེ་བྱིན།”[30]ཞེས་ཨ་རིག་གི་ཚོང་པ་རྣམས་ཟི་ལིང་ནས་ཡར་འགྲོ་བ་དང་ལྷན་དུ་ཨ་རིག་བནྡེ་ཡི་ས་ཆར་ཕེབས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》སུ། “ཨ་རིག་དཔོན་པོ་བན་དེ་སྐྱབས་ནི། རབ་བྱུང་བཅུ་གཅིག་པའི་ས་ཕག་(ཕྱི་ལོ་1659)ལོའི་ཡས་མས་སུ་འཇོག་ཐི་ལྷ་རི་དེའུ་དཀར་གྱི་ཉེ་འདབས་སུ་སྐྱེས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་(ཕྱི་ལོ་1706)ལོར་ཁོང་ཉིད་ཚོང་ལ་འགྲོ་བའི་ལམ་ཁར་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཇལ་ནས་ཁྱེད་ངེད་རྣམས་དང་མཉམ་དུ་ཨ་རིག་ཏུ་ཨེ་ཕེབས་ཞེས་དྲིས་པར། རྐང་པ་ན་ནས་འགྲོ་མི་ཐུབ་པར་འདུག་བྱས་པས། གཡག་གླང་སྒ་བསྟད་པ་ཞིག་ལ་བསྐྱོན་ནས་ཨ་རིག་གི་ཡུལ་དུ་ཞུས།”[31]ཞེས་པའི་སྐབས་ཀྱི་ཨ་རིག་ནི་ཨ་རིག་སྨད་མ་སྟེ་ཧང་ངེ་གཞུང་རྒྱུད་ཀྱི་སྟོད་སྨད་བར་གསུམ་གྱི་སར་ངོས་འཛིན་དགོས་པར་མ་ཟད། དེ་དུས་ཨ་རིག་བནྡེ་སྐྱབས་ཀྱིས་ཆུ་སྔོན་གཡའ་རིའི་ཕྱོགས་བཞི་མཚམས་བརྒྱད་དེ་སྤྲེལ་རྫོང་དགོན་པའི་གཡས་གཡོན་དང་ཧང་ངེ་གཞུང་རྒྱུད་སོགས་ཀྱི་ཨ་རིག་གི་རུ་སྡེ་རྣམས་ཀྱི་མགོ་བདག་གཙོ་བོ་ཡིན་པས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཡང་ཨ་རིག་བན་དེ་ཚང་དུ་ཕེབས་ཏེ་ཟླ་བ་གཉིས་ཀྱི་དུས་ཡུན་ལ་བཞུགས་ཡོད་པས་ཧང་ངེ་བྱ་མདོ་དགོན་པར་ཡང་གནས་འབྲེལ་བཞག་ཡོད་པར་སྙམ། 
        བཞི། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཧང་ངེ་བྱ་མདོ་དགོན་པར་ཕེབས་ཡོད་མེད་ཀྱི་དོགས་གཞི། 
        《དཔག་བསམ་རིན་པོ་ཆེའི་སྙེ་མ་》རུ། “སྤོམ་རའི་རི་ཞལ་ཡང་རྒན་རབས་ཀྱིས་དྲན་མ་མྱོང་བ་ལྟ་བུའི་ཤིན་ཏུ་གསལ་བར་བསྟན། དེ་ནས་མི་རིང་བར་བསྟན་འཛིན་ཆིང་ཝང་སོགས་དཔོན་གཡོག་བརྒྱ་སྐོར་ཕེབས་བསུར་འབྱོར་པར་མཇལ་ཁ་གནང་། ཨ་རིག་གི་ཚ་ཆུ་ཁར་ཕེབས།”[32]ཞེས་པ་དང་། “དེ་ནས་ཨ་རིག་སེར་སྐྱ་ཁྲི་ཚོར་ཉེ་བར་མཇལ་ཁ་གནང་སྐབས་ཁོ་པ་ཚོ་དད་པའི་གདུང་ཤུགས་ཤིན་ཏུ་ཆེ་བས་གཟིམས་གུར་ནང་དུ་ཚམ་ཚོམ་མེད་པར་འཚངས་པ་དཔོན་ཁག་རྣམས་ཀྱིས་བཀག་ཀྱང་མ་ཁེགས་པ་སོགས་ནི་རང་བཞིན་དྲང་ཞིང་མཛེས་ལམ་མ་ཡིན་པའི་དད་པ་མ་བཅོས་པ་སྙིང་ཐག་པ་ནས་སྐྱེས་པའི་རྟགས་སུ་མངོན་ནོ། །”[33]ཞེས་པ་ལྟར། ཨ་རིག་ཆུ་ཚན་ཁར་ཕེབས་ཏེ་དད་ལྡན་མང་ཚོགས་ལ་ཆོས་གསུངས་པ་གསལ་པོ་ཡིན། དེ་བཞིན་ཧང་ངེ་བྱ་མདོ་དགོན་ཆེན་ནས་ཧང་ངེ་གཞུང་དང་ཧང་ཆུང་། ཨ་རིག་དཀར་པོ་ཐང་། ཨ་རིག་ཆུ་ཚན་བཅས་ཀྱི་བར་དུ་ལམ་ཐག་རིང་པོ་མེད་པའི་རྒྱུ་མཚན་གྱིས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་གནས་འདིར་ཕེབས་ཏེ་གནས་འབྲེལ་བཞག་ཡོད་པར་སྙམ། 
        མདོར་ན། 《མདོ་སྨད་ཆོས་འབྱུང་》དུ། “ཆུ་བྱི་ལོར་ཤིང་བཟའ་སྤྲུལ་བའི་སྐུ་ལ་གདན་ས་གཏད་དེ་ཉིད་བྱ་བཏང་གི་ཚུལ་གྱིས་མདོ་སྨད་ཀྱི་སྒྲུབ་སྡེ་ཆེར་དང་། ཧང་ངེ་བྱ་མདོ་ཨ་རིག་ཆུ་སྔོན་གྱི་ཁ་ན་ལྕང་མའི་ནགས་ཡོད་པ་ཙོ་མོ་ངོ་ཟེར་བར་ཡུན་རིང་བཞུགས། སྡོང་བོ་རྣམས་ལ་སྙན་ཤལ་འཐེན། རྒྱུ་མཚན་ཞུས་པར། འདི་ཕལ་བ་མིན། འདི་རེ་རེའི་རྩ་བ་ནས་བསྐལ་བཟང་གི་སངས་རྒྱས་རེ་རེས་ཐུགས་བསྐྱེད་པ་གྲངས་མི་ཟིན་གསུངས།”[34]ཞེས་ཨ་རིག་དགེ་བཤེས་ཆེན་མོས་གསུང་ཚིག་དེའི་ཤུགས་ནས་ཀྱང་སྔོན་ཆད་ཧང་ངེ་བྱ་མདོ་དགོན་ཆེན་དུ་གནམ་གྱིས་ས་བཀབ་པ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་ཕེབས་ཤིང་ཆོས་འཆད་ཉན་གྱི་བསྟན་པ་ཆེས་ཆེར་དར་འཕེལ་བྱུང་ཡོད་པ་གསལ་པོར་རྟོགས་ཐུབ། 
ལྔ་པ། ཧང་ཧེ་བྱ་མདོ་དགོན་པ་དང་ཨ་རིག་ཚོ་པའི་བར་གྱི་འབྲེལ་བ། 
        སྔོན་ཆད་ཨ་རིག་ཅེས་པའི་བོད་ཀྱི་ཚོ་ཁག་ཞིག་མདོ་སྨད་ཀྱི་གཞི་འཛིན་ཐོག་མ་བྱས་ཏེ་གཞི་སྡོད་བྱས་ནས་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད་པས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་ཤུལ་དང་ངག་རྒྱུན་མང་པོ་ཡོད་དེ། དེ་ལ་《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》སུ། “ཆུ་སྔོན་ཆུ་བོའི་སྟོད་ཀྱི་གཡས་ལུང་དང་། དགུ་ཁོག ཁྱེབ་གཞུང་ཆུ་བོའི་སྟོད་ཀྱི་གཡོན་ལུང་། མཛོ་རྒན་རྭ་བར་གྱི་ལྷོ་ཕྱོགས་སོགས་རྨ་ཆེན་གྱི་ཤར་ལྷོ་ནུབ་གསུམ་གྱི་ས་ཁུལ་དུ་ཡོད་པ་ལ་ཨ་རིག་སྟོད་མ་དང་། རྒུ་དང་ཁྱེབ་ཀྱི་སྨད་གཞུང་། ཆུ་ཚན་མན་གྱི་ཧང་ངེའི་ཁོག་བཅས་སུ་གནས་པ་ལ་ཨ་རིག་སྨད་མ་ཟེར། ཨ་རིག་གི་རུ་སྡེ་རྣམས་ནི་ཨ་ཆེན་གངས་རིའི་ནུབ་ངོས་ནས་བཟུང་། རྨ་ཆེན་གངས་རིའི་གཡས་ཁོག་དང་། གཡོན་ཁོག སྡོམ་ཁོག དགུ་ཁོག རྭ་རྒྱ། ཧང་ངེ་ཆུ་སྔོན། འབྲོང་ཐི། ཆུ་ཚན། སྟོང་རི་མཚོ་ནག མཚོ་སྐྱ་རེངས་སྔོ་རེངས། མཛོ་རྒན་ར་བར་སོགས་སུ་ཡོད།”[35]ཅེས་པ་ལྟར། སྔོན་ཆད་ཨ་རིག་ཚོ་པའི་རུ་སྡེ་རྣམས་ཧང་ངེ་གཞུང་རྒྱུད་ཀྱི་སྟོད་སྨད་བར་གསུམ་དུ་ཁྱབ་ཡོད་པ་དང་། ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གཏམ་རྒྱུད། གནའ་ཤུལ་དངོས་རྫས་སོགས་གང་ལ་བརྟག་དཔྱད་བྱས་ཀྱང་ཨ་རིག་རྣམས་ལ་དད་པ་བརྟན་ཅིང་རང་ཚུགས་ཡོད་པ། སྟོབས་འབྱོར་ལྡན་ཞིང་རང་བཞིན་དྲང་བ་ཞིག་ཡིན་པས། 《མདོ་སྨད་ཆོས་འབྱུང་》དུ། “དཀར་བོ་ཐང་དུ་འབོད་པར་ཨ་རིག་ཅེས། །དུས་ཀུན་གཡོ་མེད་བརྟན་པའི་དད་གུས་མཐུ། །ལྷུན་པོ་འབུམ་གྱིས་མཚོན་མིན་ཁྱབ་འཇུག་གི། །ཤུགས་དྲག་དཔུང་གི་སྟོབས་ཀྱིས་འཕྲོག་ནུས་མིན། །”[36]ཞེས་རྒྱལ་དབང་ལྔ་པ་ཆེན་མོས་སྤྱི་ལོ་1652ལོར་ཨ་རིག་དཀར་པོ་ཐང་ནས་བསྔགས་བརྗོད་གནང་ཡོད། 
        《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》སུ། “ཨ་རིག་དཔོན་པོ་བན་དེ་གྲགས་པ་དབང་ཕྱུག་ནི། ཆུ་སྔོན་གཡའ་རིའི་འདབས་ཀྱི་བྲག་ཕུག་ཅིག་ཏུ་ཨ་རིག་གི་བུད་མེད་སྤྲང་མོ་ཆོས་ལ་ཤིན་ཏུ་དད་པ་ཅན་ཞིག་གི་བུ་རུ་སྐྱེས།”[37]ཞེས་པ་བཞིན། ཆུ་སྔོན་གཡའ་རི་ནི་ཧང་ངེ་བྱ་མདོ་དགོན་པའི་ལྷོ་ནུབ་ཀྱི་མཚམས་སུ་ཡོད་པའི་ཨ་རིག་ཡུལ་གྱི་གཞི་བདག་མཐུ་རྩལ་ཅན་ཞིག་ཡིན། ཨ་རིག་བན་དེ་ནི་ངག་རྒྱུན་ལོ་རྒྱུས་ཡོད་པའི་ཨ་རིག་ཚོ་པའི་མི་སྣ་གལ་ཆེན་ཞིག་ཡིན་པར་མ་ཟད། ཧང་ངེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཨ་རིག་ཚོ་པའི་དཔོན་པོ་ཡིན། དེ་བཞིན་ཨ་རིག་འཇོག་རྡོ་དང་ཨ་རིག་སོ་དེའུ། ཨ་རིག་ཕྱག་དོང་སོགས་ཨ་རིག་དང་འབྲེལ་བའི་མིག་མཐོང་ལག་ཟིན་གྱི་ཤུལ་བཞག་དངོས་པོ་དང་གཏམ་རྒྱུད་ངོ་མཚར་བ་མང་པོ་ཡོད་ཀྱང་ཡིག་ཚོགས་ཀྱི་དབང་གིས་རེ་རེ་བཞིན་བྲི་བར་མ་སྤོབས། 
        མདོར་ན། ཧང་ངེ་བྱ་མདོ་དགོན་པ་དང་ཨ་རིག་ཚོ་པའི་བར་གྱི་འབྲེལ་བ་ནི་ལྷ་སྡེ་དང་མཆོད་ཡོན་གྱི་འབྲེལ་བ་སྟེ། ཧང་ངེ་བྱ་མདོ་དགོན་པའི་གཞི་ཆགས་ས་དང་རྟེན་བཞེངས་སོགས་ཀྱི་ཐད་ཨ་རིག་ཚོ་པས་མཐུན་རྐྱེན་རྒྱ་ཆེན་པོ་སྦྱར་ཡོད་པར་མ་ཟད། དགོན་པའི་བདག་པོ་དང་གྲྭ་བཙུན་རྣམས་ཀྱང་ཨ་རིག་ཚོ་པའི་མི་ཡིན་པས་ཨ་རིག་ཧང་ངེ་བྱ་མདོ་དགོན་ཆེན་ཞེས་ཀུན་ལ་རླུང་ལྟར་གྲགས་པའོ། ། 
དྲུག་པ། ཧང་ངེ་བྱ་མདོ་དགོན་པ་ཉམས་རྒུད་དུ་གྱུར་པའི་རྒྱུ་རྐྱེན། 
        སྔོན་དུས་ཨ་རིག་དང་སོག་པོ། མགོ་ལོག བློན་ཆོས་སོགས་ཕན་ཚུན་བར་ཕྱི་ནང་གི་འགལ་ཟླ་དང་འཁྲུག་རྩོད་ཀྱི་དབང་གིས་ཨ་རིག་ཚོ་པ་རིམ་བཞིན་ཡུལ་ཤུལ་དང་མགོ་ལོག་ར་རྒྱ། སོག་རྫོང་། ཆབ་ཆ། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྐང་ཚ། མདའ་བཞི། མདོ་ལ། མང་རྫོང་སོགས་བརྒྱུད་དེ་འཐོར་ཞིག་ཏུ་གྱུར།《རྨ་ལྷོ་སོག་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག་》ལས། “ས་ལུག་(1559)ལོར་ཤར་སོག་པོའི་རྒྱལ་པོ་ཨལ་ཐན་ཧན་གྱི་དམག་སྡེ་ནུབ་མཚོའི་(མཚོ་སྔོན་པོ)སར་ཐོན་ནས་ས་བཟུང་སྟེ་བསྡད། སོག་བོད་འབྲེལ་བ་བཟང་ཞིང་མངའ་ཐང་དར།”[38]ཞེས་པ་དང་། ཡང་“ཆུ་འབྲུག་(1652)ལོ་དར་རྒྱས་པཱོ་ཤོག་ཐུའི་རུ་བ་སྤོར་ཡོང་དེ་རིམ་བཞིན། མང་། འབལ། བྱ། རྩེ་བཞིའི་ས་ཁུལ་བཟུང་ནས་འབངས་སྡེ་དར་རྒྱས་སུ་སོང་། ཁང་ཞིས་ཁྲི་ལོ་བཞི་བ་ཤིང་སྦྲུལ་(1665)ལོ་དར་རྒྱས་པཱོ་ཤོག་ཐུས་དམག་དྲངས་ཏེ་རེ་སྐོང་སྟོད་སྨད། རྡོ་སྦིས། བིས་མདོ། གཡའ་རུ་ཆུ་སྔོན་དུ་ཡོད་པའི་ཨ་རིག་ཀྱང་དར་རྒྱས་པཱོ་ཤོག་ཐུའི་འབངས་སྡེ་ལ་བཀོལ།”[39]ཞེས་པ། 《སྟོང་འཁོར་ཞབས་དྲུང་བསོད་ནམས་རྒྱ་མཚོའི་གསུང་འབུམ་》དུ། “སྤྱི་ལོ་1723ལོར། མཚོ་སྔོན་ཕྱོགས་སུ་སོག་དམག་འོངས་ཏེ་དམག་འཁྲུག་ཆེན་པོ་བསླངས་ནས་མདོ་རྒྱུད་རྒྱ་མཚོས་ཕྱག་བཏབ་པའི་མདོ་མཁར་དགོན་སོགས་མདོ་སྨད་བྱང་རྒྱུད་ཀྱི་དགོན་པ་མང་པོ་མེར་བསྲེགས་ཏེ་སྐུ་འབུམ་ཁྲི་པ་ཆུ་བཟང་རིན་པོ་ཆེ་སོགས་དགེ་འདུན་པ་མང་པོ་བཀྲོངས།”[40]ཞེས་པ། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》སུ། “རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ཕྱི་ལོ་1782ལོར་འབྲོང་ཐི་དང་ཧང་ཁོག་སོགས་སུ་ཨ་རིག་དང་མགོ་ལོག བློན་ཆོས་སོགས་འཁྲུགས་པས།”[41]ཞེས་པ་ལྟར། བློན་ཆོས་ཀྱི་རུ་སྡེ་རྣམས་རེབ་གོང་ཕྱོགས་ནས་ཞིན་ཧེ་རྫོང་གི་ས་ཕྱོགས་སུ་རུ་བུད་པར་བརྟེན་རིམ་གྱིས་ཨ་རིག་གི་རུ་སྡེ་དང་འགལ་ཟླ་སྣ་ཚོགས་བྱུང་ཡོད་པ་བཤད་ཅི་དགོས། རྡོ་གྲུབ་ཆེན་ཚང་གིས་“ཤར་རྨ་རྒྱལ་སྦོམ་རའི་གཡས་ཟུར་ན། །འབྲོང་མ་ལ་བུ་འཁྱིལ་ཨ་རིག་རྣམས། །མཚོ་འཐུང་གི་རྫ་ལ་གཤར་ན་བཟང་། །”[42]ཞེས་ལུང་བསྟན་པ་དང་། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》སུ། “དུས་རབས་བཅུ་བཞི་བའི་སྐབས་སུ་ལྡོང་འབྲིའི་ཟིང་ཆ་ཆེན་པོ་ཞིག་བྱུང་བའི་སྐབས་སུ་ཨ་རིག་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་ཨ་རིག་སྟོང་རུ་མ་དང་དབྱིག་རུ་མ་སོགས་ཚོ་བ་འགའ་ཞིག་ཉ་མཚོའི་སར་སྤོར་བ་ལ་ད་ལྟའི་ཡུལ་ཤུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་ཁོངས་སུ་ཡོད། ལྡོང་འབྲུའི་ ཟིང་ཆ་བྱུང་བ་ནས་བཟུང་མདོ་སྨད་ཀྱི་འབྲོག་སྡེ་ཆེན་པོ་ཨ་རིག་ཅེས་པ་འདི་ཡང་ཐོག་མར་འཐོར་འགོ་བརྩམས།”[43]ཞེས་པ་ལྟར། ཨ་རིག་གི་རུ་སྡེ་རྣམས་རིམ་གྱིས་ཕྱོགས་ཀུན་འཐོར་བའི་འགོ་བརྩམས་པ་དང་། “སྣ་ཚོགས་ཞེས་པ་ཆུ་རྟ་ཕྱི་ལོ་1762ལོར་རོང་བོ་བློན་ཆོས་ཀྱི་རུ་སྡེ་དེ་ཡུལ་རེབ་གོང་ཕྱོགས་ནས་བྱ་གཞུང་དུ་ཐོན་ཡོད་པའི་ནང་གི་རུ་བ་སྐོར་ཞིག་གིས་ཨ་རིག་བེ་ཧུ་དབང་ཕྱུག་ལ་ས་གཡར་ཏེ་ཧང་ངེའི་ཁོག་ཏུ་ཨ་རིག་དང་འདྲེས་སྡོད་བྱས།”[44]ཞེས་པ་དང་།《མདོ་སྨད་ཆོས་འབྱུང་》དུ། “ཁྲི་ཆེན་སྤྲུལ་སྐུ་བསྟན་པའི་ཉི་མས། ཨ་རིག་རབ་འབྱམས་པ་མཁས་བཙུན་ལ་འབྲོང་ཐིའི་མདོར་དགོན་པ་འདེབས་དགོས་ཚུལ་བཀའ་གནང་།”[45]ཞེས་པ། 《དེབ་ཐེར་མེས་པོའི་ཞལ་ལུང་》དུ། “སྔོན་ཨ་རིག་ཧང་ངེ་བྱ་མདོ་དགོན་འཇིགས་པའི་རྗེས། ཨ་རིག་ཕོ་སྐོར་ངག་དབང་བསོད་ནམས་ཟེར་བ་ལྷ་སར་སོང་ནས་དགེ་བཤེས་བླངས་ནས་ཨ་རིག་ཏུ་ཡོང་། སྔགས་སའི་མཚོ་སྟག་རྒྱབ་ཀྱི་ནགས་རྡོ་རྫོང་དུ་དགོན་པ་བཏབ་པའི་ཨ་རིག་དགོན་ཆེན་དུ་གྲགས། དེང་སང་མཚོ་སྔོན་སྟོད་ཨ་རིག་གུར་སྒར་ དེ་ཡིན།”[46]ཞེས་མཚན་ཉིད་རྒྱས་པར་བཙུགས་ཤིང་། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་》སུ། “རྡོ་རྫོང་གད་པ་གཡང་ར་ཞེས་པའི་མིང་ཐོགས་དོན་ནི། ཨ་རིག་མེས་པོའི་གཉེན་སྟོན་སྐོར་གྱི་བཤད་པ་གཏམ་གྱི་རུ་མ་ལས། བློན་ཆེན་པོས་གོ་ཁྲབ་གྱོན་འདྲ་ཞིག་ཡོད་ནོ། །ས་རྡོ་རྫོང་ཨ་མྱེས་ཁྲབ་ཆེན་ཡིན་ནས་ཟེར་གི། །ཕྱག་དར་དཀར་ཐད་ལ་འཐེན་འདྲ་ཞིག་ཡོད་ནོ། །ས་རྡོ་རྫོང་ཁ་ལམ་རིང་མོ་ཡིན་ནས་ཟེར་གི། །རྟ་ར་རར་སྲུང་རྟགས་བཏགས་འདྲ་ཞིག་ཡོད་ནོ། །ས་རྡོ་རྫོང་གད་པ་གཡང་ར་ཡིན་ནས་ཟེར་གི། །འདི་ཨ་རིག་དགོན་ཆེན་ཆགས་སའི་གནས་གཞི་ཡིན་ནས་ཟེར་གི། །”[47]ཞེས་པ་ལྟར། སྔོན་ཧང་ངེ་བྱ་མདོ་དགོན་ཆེན་ཉམས་རྒུད་དུ་གྱུར་རྗེས་འབྲོང་ཐིའི་རྡོ་རྫོང་འགག་གི་གད་པ་གཡང་ར་ཡོད་སར་ཨ་རིག་དགོན་ཆེན་ནམ་འབྲོང་ཐིའི་རྡོ་རྫོང་དགོན་པ་ཆགས་པ་གསལ་པོར་རྟོགས་ཐུབ། 《མདོ་སྨད་ཆོས་འབྱུང་》དུ། “ད་ལྟ་བཙུན་པ་རེ་གཉིས་སྡོད་པའི་དགོན་ཆུང་ཞིག་ཡོད།”[48]ཅེས་པ་ལྟར་སྤྱི་ལོ་1834ལོའི་ཡས་མས་སུ་ཧང་ངེ་བྱ་མདོ་དགོན་པ་ཉམས་རྒུད་དུ་གྱུར་ཏེ་བཙུན་པ་རེ་གཉིས་ལས་མེད་པ་གསལ་པོར་ཤེས་ཐུབ་པ་དང་། ཡང་“རྒྱ་ལི་གོང་མ་སེར་བྱེས་བྱ་བྲལ་དགེ་བཤེས་སྟག་ཕྲུག་ཅེས་པ་གྲོང་ཡུལ་དུ་མི་ཕེབས་པས་ཨ་རིག་འཇོག་འཐིའི་ལྷ་རི་ཏེའུ་དཀར་ཞེས་པའི་མདུན་དུ་དགོན་པ་བཏབ་པ་མགོ་ལོག་གིས་གཏོར། དེ་ནས་ཧང་ངེའི་རི་རྒན་གྱི་འདབས་སྒར་ཆག་ཏུ་སྤོས་པ་རྭ་ངན་གྱིས་གཙེ་བས་འཇང་ཆུང་དུ་སྤོས་ཀྱང་ད་ལྟ་སྟོངས།”[49]ཞེས་སྐབས་དེར་མགོ་ལོག་དང་རྭ་ངན། སོག་པོ། བློན་ཆོས་སོགས་ཀྱིས་འཐབ་རྩོད་འཁྲུག་ལོང་དང་ཇག་རྐུས་འཕྲོག་གསུམ་གྱི་ཁྲོད་ནས་ཨ་རིག་གི་རུ་སྡེ་དང་དགོན་སྡེ་རྣམས་རིམ་གྱིས་འཐོར་ཞིག་ཏུ་གྱུར་པ་དང་ཨ་རིག་གི་རུ་སྡེ་གནས་གཞན་དུ་སྤོས་པ་དང་བསྟུན་ནས་དགེ་འདུན་པ་རྣམས་ཀྱང་འདུག་མ་བཟོད་པར་རང་རང་གི་རུ་རྗེས་བསྙེགས་པ་ཡིན། 
        བཅིངས་འགྲོལ་ཡར་སྔོན་དུ་ཨ་རིག་ཧང་ངེ་དགོན་པའི་ཉེ་འགྲམ་གྱི་བྲག་ཕུག་དང་ཨ་རིག་འབྲོང་ཐི་དང་ཨ་རིག་ཆུ་སྔོན་གཡའ་རི། གསེར་ཁོག ལུང་བཟང་། ཆུ་རག་གཡག་སྙིང་སོགས་སྔོན་ཨ་རིག་གིས་གཞི་འཛིན་སའི་ས་ཆ་བཙན་ས་དང་བྲག་ཕུག་སོགས་སུ་གཞི་ཤོག་ནག་གི་ངོས་སུ་གསེར་དངུལ་གྱིས་བྲིས་ཤིང་གླེགས་ཐག་གི་ཨ་ལོང་གསེར་ཡིན་པའི་དཔེ་ཆ་མང་པོ་བྲག་རི་བཞིན་བརྩིགས་ཡོད་པ་རྒན་པོ་རྣམས་ཀྱི་ཁྲོད་དུ་མཐོང་མཁན་མང་པོ་འདུག་སྟེ། དེའང་ཞིབ་ཏུ་བསམ་གཞིག་བྱས་ཚེ་སྔོན་ཨ་རིག་གི་སྡེ་རྣམས་ཕྱོགས་ཀུན་འཐོར་བའི་སྐབས་སུ་དཔེ་ཆ་དེ་དག་བྲག་ཕུག་སོགས་སུ་སྦས་ཏེ་བྲོས་སོང་བ་ཤེས་ཐུབ། རྗེས་སུ་རིམ་གྱིས་གསུང་རབ་དེ་དག་ལས་སྐོར་ཞིག་ས་ཆུ་མེ་རླུང་ལ་འཐིམས་པ་དང་སྐོར་ཞིག་ཚོང་པ་རྣམས་ཀྱིས་ཚོང་རྫས་སུ་བྱས་ཤིང་འགའ་རེ་དད་ལྡན་པ་རེ་གཉིས་ཀྱིས་དད་པའི་རྟེན་དུ་ཉར་བ། ལ་ལ་ཞིག་ནི་མེར་བསྲེགས་པ་སོགས་ཀྱི་བར་ཆད་སྣ་ཚོགས་ཀྱི་དབང་གིས་ད་ལྟ་རྨེག་མེད་དུ་གྱུར་འདུག ཧང་ངེ་བྱ་མདོ་དགོན་པ་ཉམས་རྒུད་དུ་གྱུར་རྐྱེན་གཙོ་བོ་ནི་ཨ་རིག་དང་མགོ་ལོག་སོགས་རུ་སྡེ་ཕན་ཚུན་བར་འཁྲུག་རྩོད་སྣ་ཚོགས་རབ་དང་རིམ་པར་བྱུང་བའི་རྗེས་སུ། རིམ་བཞིན་དུས་ཟིང་དང་“རིག་གསར་”སོགས་ཀྱི་གོད་ཆག་གིས་ཀྱང་བར་ཆད་དང་ཤུལ་མེད་དུ་བཟོས་ཡོད་པ་རེད། 
བདུན་པ། ཧང་ངེ་བྱ་མདོ་དགོན་པའི་ད་ལྟའི་གནས་བབ། 
        ད་ལྟ་ཧང་ངེ་བྱ་མདོ་དགོན་ཤུལ་དུ་བོད་རིགས་ཁྱིམ་ཚང་བཞི་བཅུ་དང་ཧུའེ་རིགས་ཁྱིམ་ཚང་ཉི་ཤུ་བཅས་ཁྱོན་བསྡོམས་དུད་ཁྱིམ་དྲུག་ཅུ་ལྷག་འདྲེས་སྡོད་བྱས་པའི་ཞིང་སྡེ་ཆུང་ཆུང་ཞིག་ཆགས་ཡོད། དགོན་ཤུལ་དུ་ས་ཞིང་དང་གཞུང་ལམ། ཁང་ཁྱིམ་སོགས་འཛུགས་སྐྲུན་བྱས་ཡོད་པས་ད་ལྟ་དགོན་ཤུལ་གྱི་གྱང་ཆག་དང་ས་གྱང་གི་མཆོད་རྟེན་ཆེན་པོ་གཉིས་གསུམ་གྱི་ཤུལ་ཙམ་ལས་གཞན་ལྟ་ས་མཇལ་ས་ཅི་ཡང་མེད། ས་དེའི་སྡེ་དམངས་རྣམས་ནི་སྔོན་ཆད་ཞོན་ཧྭ་དང་ཀ་མདོ། ཚེ་རིག་ཡུལ་ཚོ་སོགས་ནས་གནས་འདིར་ཡོང་དུས་དགོན་པ་སྔ་མོ་ནས་འཇིག་ཟིན་པའི་སྟབས་ཀྱིས། སྔོན་ཆད་དགོན་རྙིང་འདིར་སྐུ་གསུང་ཐུགས་རྟེན་གང་དག་ཡོད་པ་དང་ད་ལྟ་རྟེན་རྙིང་གང་དག་ལྷག་ལུས་སུ་གྱུར་ཡོད་པའི་སྐོར་ནས་སུ་ལའང་གསལ་པོ་ཞིག་བཤད་ཡས་མི་འདུག ཡིན་ན་ཡང་ཁོ་ཚོས་རིམ་གྱིས་ས་དེར་གཞི་བཟུང་ནས་ཁང་ཁྱིམ་འཛུགས་སྐྲུན་དང་ས་ཞིང་གཉེར་ཏེ་ས་རྐོ་རྡོ་སློག་བྱེད་པའི་སྐབས་སུ། “སྐབས་དེར་ས་འོག་དང་བྲག་ཕུག་སོགས་ནས་གསེར་དངུལ་གྱིས་བྲིས་པའི་དཔེ་རྙིང་དང་སྨན་སྐུ། ཟངས་སྐུ་སོགས་མང་པོ་རྙེད། དགོན་ཤུལ་གྱི་མཆོན་རྟེན་དང་གྲྭ་ཤག ནང་ཆེན། བྱམས་ཁང་། མགོན་ཁང་། ཇ་ཁང་། ཆོས་ར། གོས་སྐུ་བཤམས་ཤུལ་སོགས་དགོན་པ་སྤྱིའི་རྒྱ་ཁྱོན་ལ་ཕལ་ཆེར་ས་མུའུ་བརྒྱ་ལྷག་ཡོད་ཀྱང་། གྲྭ་ཤག་རྐྱང་རྐྱང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་ས་མུའུ་ཉི་ཤུ་ལྷག་ལས་མེད་པར་སྙམ། འདུ་ཁང་ནང་དུ་གྲྭ་ཚང་སུམ་བརྒྱ་ལྷག་ཤོང་ཚོད་རེད། ཆོས་རའི་ནང་དུ་གྲྭ་པ་སྟོང་ལྷག་ཤོང་ཚོད་རེད། ང་ལོ་བཅུ་གཅིག་བཅུ་གཉིས་ཡིན་དུས་སུ་དགོན་པའི་འདུ་ཁང་དང་ཆོས་ར། མཆོན་རྟེན་སོགས་ཀྱི་གྱང་ཆག་མོད་པོ་འདུག་”[50]ཅེས་རྒན་པོ་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་པ། ཡང་དགོན་ཤུལ་དུ་ཤིང་དཔར་མེ་ཚིག་མ་དང་ཐལ་སྤུངས། སོལ་བ་སོགས་མོད་པོ་ ཡོད་པས་དགོན་པ་དེ་ནི་སྔོན་ཆད་མེ་ཡིས་འཇིགས་སོང་བ་ར་སྤྲོད་བྱེད་ཐུབ། 
        གཞན་མཐོ་ཚད་ལ་སྨི་བདུན་བརྒྱད་ཡས་མས་དང་ཞེང་ཚད་ལ་སྨི་གཅིག་ལྷག་ཡོད་པའི་ས་གྱང་གི་མཆོད་རྟེན་ཆེན་པོ་བང་རིམ་ཉིས་བརྩེགས་ཅན་གྱི་མཆོད་རྟེན་ཆེ་ཆུང་མི་འདྲ་བ་གསུམ་དང་གས་ཆག་ཤོར་བའི་སོ་ཕག་འབྲུག་རིས་མ་དང་། ཨ་ལགས་ཆུ་ཀཱ་སྐུ་ཕྲེང་ལྔ་པས་དགོན་ཤུལ་གྱི་གོང་རོལ་དུ་ཡོད་པའི་གནས་རིའི་གཞི་བདག་གི་མཚན་ལ་ཨ་མྱེས་དགོ་རྩེ་ཁྱུང་དམར་ཞེས་གསོལ་བ། རྗེས་སུ་གཙང་པཎྜི་ཏའི་ཞལ་བཀོད་ལྟར་བཞེངས་པའི་ཨ་མྱེས་དགོ་རྩེ་རྡོ་རྗེ་དཔལ་བཟང་གི་ཞལ་ཐང་དང་། ཆོས་སྒོ་ཕྱེས་རྗེས་སུ་བཞེངས་པའི་གྱན་གསུམ་བཞི་ཙམ་གྱི་སྡེ་པའི་མ་ཎི་ཁང་དང་དེར་བཞུགས་པའི་མ་ཎི་འཁོར་ཆེན་དང་སྐུ་གསུང་ཐུགས་རྟེན་རེ་གཉིས། གཞན་《ཧང་གཞོང་གསེར་སྨུག་ལྗོངས་ཀྱི་མ་ཎི་དུང་སྒྲུབ་ཀྱི་བཅའ་ཡིག་འདོད་འཇོ་ནོར་བུའི་འཕྲེང་མཛེས་》ཞེས་པ་སོགས་ལས་ཅི་ཡང་མེད། དེ་བས་ད་ལྟ་ཧང་ངེ་བྱ་མདོ་དགོན་ཆེན་གྱི་མིང་ཙམ་ལས་གནའ་ཤུལ་རྗེས་དྲན་གྱི་རྡོ་རིང་ཙམ་ཡང་བསླང་ཐུབ་མེད་པ་ནི་ས་གནས་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡིན། དེ་ལྟར་ཞིབ་འཇུག་གི་རིན་ཐང་དང་དོན་སྙིང་ཆེན་པོ་ལྡན་ཡང་ཕྲན་ལ་རྒྱུ་ཆ་དང་ཉམས་མྱོང་སོགས་གང་ཐད་ནས་ཞན་ཆ་མི་ཉུང་བ་ཞིག་ཡོད་པས། དཔྱོད་ལྡན་རྣམས་ཀྱིས་མུ་མཐུད་ནས་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས་སོ། །

མཆན་དང་ལུང་ཁུངས།
[1] བཀྲ་ཤིས། (1934-) ཞིན་ཧེ་རྫོང་ཐང་ནག་ཞང་སེང་ལྡེང་རུ་ཆེན་ན་རྒན་སྡེ་པའི་མི། 2020ལོའི་ཟླ་8པའི་ཚེས་12ཉིན་བཅར་འདྲི་བྱས། 
[2] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། 《རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ》 [M] ལྷ་ས། ཤིང་པར། ཤོག་ངོས་187 
[3] དྲུང་ཡིག་དབང་ཆོས་སྐྱབས་ཀྱིས་བརྩམས། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བསྒྲིགས། 《དེབ་ཐེར་མེས་པོའི་ཞལ་ལུང》 [M] བྲིས་མ། ཤོག་ངོས་66 
[4] 杭盖是蒙古语,即山林中的草地。
[5] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་214 
[6] རྩོམ་སྒྲིག་པ། སྐལ་ལོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁྲ》 [Z] མཚོ་སྔོན་ཡ་ཧྥིན་ཚོན་ལྡན་པར་འདེབས་ཚད་ཡོད་འགན་ལེན་ཀུང་ཟི། 2010ལོ། 
[7] སྔགས་ས་དགེ་བཤེས། 《སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་165 
[8]《ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ》 [M] (པོད་དང་པོ) ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤོག་ངོས་342 
[9] བིས་པ་འཇམ་དབྱངས་གྲགས་པ། སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས། ངག་དབང་དགེ་འདུན། 《བིས་མདོ་དགོན་ཆེན་གྱི་གདན་རབས》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་5 
[10] ཀྲང་དབྱི་སིན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། 《བོད་རྒྱ་ཚིག་མཛོད་ཆེན་མོ》 [Z] (སྨད་ཆ) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་3062
[11]《རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས》 (གཙང་ཨ་རིག) [G] (པོད་བཞི་པ) གློག་རྡུལ་དེབ། ཤོག་ངོས་3 
[12] བིས་པ་འཇམ་དབྱངས་གྲགས་པ། སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་བློ་གྲོས། ངག་དབང་དགེ་འདུན། 《བིས་མདོ་དགོན་ཆེན་གྱི་གདན་རབས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་5 
[13] མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་2013ལོའི་ཟླ་7པའི་ཚེས་1ཉིན་བཙུགས་པའི་གཙང་དགོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པའི་རྡོ་བྱང་ལས་བཤུས། 
[14][15] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། མདུན་ཤོག་ནང་མ།
[16][17] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་23; 214 
[18] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་214 
[19] ཞིན་ཧེ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས།《གསེར་གྱི་ལྷ་དར》 [J] མཚོ་ལྷོ། མཚོ་ལྷོ་ཏིན་ཆིན་པར་སྐྲུན་ཁང་། 2011ལོ། ཤོག་ངོས་74 
[20] དྲུང་ཡིག་དབང་ཆོས་སྐྱབས་ཀྱིས་བརྩམས། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བསྒྲིགས། 《དེབ་ཐེར་མེས་པོའི་ཞལ་ལུང》 [M] བྲིས་མ། ཤོག་ངོས་66
[21] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་43 
[22] ཀུན་མཁྱེན་འཇིགས་མེད་དབང་པོ་སོགས། 《སྐུ་འབུམ་གདན་རབས་མུ་ཏིག་འཕྲེང་བ》[M] སྐུ་འབུམ་བྱམས་པ་གླིང་། 2015ལོ། ཤོག་ངོས་159-160 
[23]《ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ》 [M] (པོད་དང་པོ) ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999.3 ཤོག་ངོས་342 
[24][25] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། 《རང་རྣམ་དུ་ཀུ་ལའི་གོས་བཟང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་365; 363-364
[26] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། 《རང་རྣམ་དུ་ཀུ་ལའི་གོས་བཟང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་363 
[27] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་28 
[28] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་27 
[29] བློ་བཟང་སྙན་གྲགས། 《མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་51 
[30] ལྷ་བཙུན་ངག་དབང་རྡོ་རྗེ། 《ཚངས་དབྱངས་རྒྱ་མཚོའི་གསང་རྣམ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་33
[31] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་29 
[32][33] ལྕང་སྐྱ་རོལ་པའི་རྡོ་རྗེ། 《དཔག་བསམ་རིན་པོ་ཆེའི་སྙེ་མ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་44; 45 
[34]བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་261
[35][36] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་25; 16 
[37] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་216 
[38][39]《རྨ་ལྷོ་སོག་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག》 [M] (དེབ་དང་པོ) སྲིད་གྲོས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། ནང་ཁུལ་ཡིག་ཆ། 1996ལོ། ཤོག་ངོས་98; 106 
[40]《སྟོང་འཁོར་ཞབས་དྲུང་བསོད་ནམས་རྒྱ་མཚོའི་གསུང་འབུམ》 [M ] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་3 
[41][42][43] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་58; 16; 43 
[44][45] དྲུང་ཡིག་དབང་ཆོས་སྐྱབས་ཀྱིས་བརྩམས། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བསྒྲིགས། 《དེབ་ཐེར་མེས་པོའི་ཞལ་ལུང》 [M] བྲིས་མ། བྲིས་མ། ཤོག་ངོས་133; 126-127 
[46] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་217
[47] ཞོ་བཟང་དགེ་འདུན་ཚུལ་ཁྲིམས། 《ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་139 
[48][49] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་215; 265
[50] བཀྲ་ཤིས། (1934- ) ཞིན་ཧེ་རྫོང་ཐང་ནག་ཞང་སེང་ལྡེང་རུ་ཆེན་ན་རྒན་སྡེ་པའི་མི། 2020ལོའི་ཟླ་8པའི་ཚེས་12ཉིན་བཅར་འདྲི་བྱས། 


ལོ་བ་ཆོས་འཕེལ། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་སྐད་ཡིག་ལྟེ་གནས་ཀྱི་ལོ་ཙཱ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།