༄༅། །དཀར་ཆག་གྲགས་ཅན«དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ»ཞེས་པར་ཐོག་མར་དཔྱད་པ།
རྩོམ་པ་པོ།:སྐལ་བཟང་སྒྲོལ་མ།
ཡོང་ཁུངས།:རྩེར་སྙེག 2021ལོའི་དེབ་དང་པོ།
དུས་ཚོད།:2021-10-25
ཀློག་གྲངས།:
༄༅། །དཀར་ཆག་གྲགས་ཅན«དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ»ཞེས་པར་ཐོག་མར་དཔྱད་པ།
སྐལ་བཟང་སྒྲོལ་མ།
ནང་དོན་གནད་བསྡུས། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག་གིས་མཛད་པའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་ཅེས་པའི་བོད་ཀྱི་གནའ་དཔེ་དཀར་ཆག་དེ་ནི་དཔེ་རྒྱུན་དཀོན་རིགས་འཚོལ་བསྡུ་དང་རྩད་གཅོད། ཡིག་ཚང་གི་རིགས་དབྱེ་སོགས་ཀྱི་ཐད་ལ་རིན་ཐང་བླ་ན་མཐོ་བའི་དཀར་ཆག་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་མིག་སྔར་དཀར་ཆག་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་འབྲེལ་ཡོད་དཔྱད་འབྲས་ཤིན་ཏུ་དཀོན་པས། རྩོམ་འདིར་ཡིག་ཚང་རིག་པ་དང་ལྷག་དོན་ཡིག་ཚང་དཀར་ཆག་རིག་པའི་གཞུང་ལུགས་ལ་གཞིར་བྱས་ཏེ་དཀར་ཆག་འདིའི་སྐོར་ལ་ཕྱོགས་གསུམ་ནས་དཔྱད་པ་བྱས་ཡོད། དེ་ཡང་ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག་གི་དཀར་ཆག་རིག་པའི་དགོངས་དོན་དང་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་ཅེས་པའི་དཀར་ཆག་འདི་བརྩམས་པའི་ལོ་དང་། དཀར་ཆག་འདི་དང་བོད་ཀྱི་དཀར་ཆག་གཞན་དག་བསྡུར་ཏེ་དཀར་ཆག་འདི་ལ་མངའ་བའི་ཁྱད་ཆོས། དཀར་ཆག་འདིའི་ཐུན་མིན་གྱི་དགེ་མཚན། དཔེ་རྒྱུན་དཀོན་པོ་ཁག་གི་བཙལ་འཚོལ་དང་སྲུང་སྐྱོབ། པར་གཞི་ཞིབ་འཇུག་སོགས་ཀྱི་སྐོར་ལ་ཅུང་དཔྱད་པ་བྱས་ཡོད། གནད་ཚིག ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག ཐོ་ཡིག དཀར་ཆག དཔེ་དཀོན།
བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག(1803ནས1875)ནི། ད་ལྟའི་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྗོང་གི་ཁོངས་བྲག་དམར་ཞེས་པའི་ཡུལ་དུ། ཡབ་ནོའུ་ཁོ་དང་ཡུམ་གྱི་མཚན་མི་གསལ་བ་ཇེ་སང་ཡུམ་སྐྱབས་ཀྱི་བུ་མོ་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐོག་མའི་མཚན་ལ་གུ་རུ་རྒྱལ་མཚན་ཞེས་གསོལ་ཞིང་། ཆུང་དུས་ནས་རང་གི་སྐུ་ཞང་བླ་མ་ཨ་ཁུ་རྔ་བརྡུང་ཞེས་གྲགས་པ། མཚན་དངོས་དགེ་འདུན་རྒྱལ་མཚན་ཟེར་བ་དེ་ལ་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་བསླབས་ཤིང་། དགུང་ལོ་བཅུ་དྲུག་ལ་སོན་སྐབས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ནས་རབ་ཏུ་བྱུང་། དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས་ཤིང་མཚན་ལ་ཤེས་རབ་རྒྱ་མཚོ་ཞེས་གསོལ། གུང་ཐང་བསྟན་པའི་སྒྲོན་མེ་དང་དབལ་མང་པཎྜི་ཏ་སོགས་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ནས་ཐོས་བསམ་གླིང་དུ་སློབ་གཉེར་མཐིལ་ཕྱིན་པ་མཛད་པས་མཁས་པའི་གྲགས་པ་རྒྱས་ཤིང་། དབང་ལུང་མན་ངག་གི་མཛོད་ཆེན་པོར་གྱུར། དུས་སྐབས་དེར་དགོན་ཆེན་འདི་དང་མདོ་སྨད་ཕྱོགས་ཀྱི་ཆེ་གྲགས་གཉིས་ལྡན་གྱི་བླ་ཆེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གཙོ་བྱས་པའི་བླ་མ་སྤྲུལ་སྐུ་མང་བོ་དང་། མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་དགེ་བའི་བཤེས་གཉེན་ཞང་སྟོན་བསྟན་པ་རྒྱ་མཚོ་གཙོ་བྱས་པའི་མཁས་ཆེན་དུ་མའི་བླ་མར་གྱུར་ཅིང་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་དང་། དབང་རྒྱུད་སྡེ་བཞིའི་ཉམས་ལེན་ལ་འབད་པར་མ་ཟད། གསུང་རྩོམ་པོ་ཏི་མང་བོ་བརྩམས་ཤིང་པར་དུ་འཁོད་ཡོད་པའང་ཞོལ་པར་ལྟར་ན་པོད་བདུན་བཞུགས། དེ་ཡང་། “རྒྱལ་བ་གཉིས་པ་དང་མཚུངས་བཤེས་གཉེན་དུ་མའི་ཞབས་ཀྱི་པདྨོ་གཙུག་ཏུ་བསྟེན། །དབང་ལུང་མན་ངག་ཁྲིད་རྒྱུན་བདུད་རྩིས་ཁྱོད་ཐུགས་བུམ་བཟང་བྱུར་བུར་གཏམས། །ཐོས་བསམ་སྒོམ་སྒྲུབ་ཚུལ་བཞིན་བགྱིས་པས་ཆོས་ཀྱི་འཁོར་ལོས་སྒྲུབ་པ་ཐོབ། །ལྷ་དང་མི་བཅས་སྐྱེ་དགུས་བཏུད་འདི་ངོ་མཚར་གཏམ་གྱི་གླེང་གཞི་ཡིན། །”[1]ཞེས་བསྟོད་བསྔགས་ཕུལ་ཡོད་པ་ནི་ཁོང་ཉིད་ཀྱི་རྣམ་ཐར་གྱི་སྡོམ་ལྟ་བུ་ཞིག་གོ །
དང་པོ། ཁོང་ཉིད་ཀྱི་དཀར་ཆག་རིག་པའི་དགོངས་དོན་དང་དཀར་ཆག་འདི་བརྩམས་པའི་ལོ།
འདིར་བརྗོད་པར་བྱ་བ་ནི་ཁོང་གི་གསུང་རྩོམ་ལས་དཀར་ཆག་གི་སྐོར་ཏེ། «དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ»ཞེས་བྱ་བའི་བསྟན་བཅོས་ཀྱི་སྐོར་ཡིན་ཞིང་། “དེ་ཡང་རྗེ་འདི་རང་རེའི་ཡིག་ཆའི་མཚོན་ཐལ་ཕྲེང་ཟུར་བཀོལ་སོགས་ཡིག་ཆ་ཀུན་ལ་འདྲིས་ཆ་ཆེ་ཞིང་། གསུང་རབ་ཀྱི་དགོངས་དོན་ལ་གོ་བ་གཏིང་ཚུགས་ཡོད་ནའང་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་དབེན”[2]ཞེས་གསུངས་ཡོད་པ་ལྟར། ཁོང་གི་རྣམ་ཐར་ལ་མཇལ་བའམ་ཡང་ན་དཀར་ཆག་འདི་ལ་མཇལ་ནའང་། ཁོང་ཉིད་ནི་དབང་ལུང་མན་ངག་གི་གཏེར་མཛོད་དུ་གྱུར་པ་ཞིག་ཡིན་པར་མ་ཟད། དཀར་ཆག་རིག་པའི་བསམ་བློའམ་ཡང་ན་བཤད་སྟངས་གཞན་ཞིག་ནས་བརྗོད་ན། བོད་ཀྱི་གསུང་རབ་སྡེ་ཚན་བགར་སྟངས་སྐོར་ལ་ཐུན་མིན་གྱི་ཐུགས་དཔྱོད་མངའ་བ་ཞིག་ཡིན་པ་སྟེ། སྔ་རབས་མཁས་པས་མཛད་པའི་གསན་ཡིག་གམ་ཐོབ་ཡིག དཀར་ཆག་སོགས་ལ་རྒྱུས་མངའ་ཆེན་པོ་ལྡན་ཁར་དེ་དག་ལ་དཔྱད་གཞིར་མཛད་དེ་དཀར་ཆག་འདི་ཉིད་མཛད་ཡོད་པ་རྟོགས་ཐུབ།
ཁོང་ཉིད་ཡིག་ཚང་ལ་གཅེས་ཤིང་དེ་དག་ཉར་ཚགས་ལ་སྤྲོ་བ་ནི་རྣམ་ཐར་ལས་ཀྱང་། “ཉིན་གཅིག་དགོན་པ་འདི་ན་སྣར་ཐང་བཀའ་འགྱུར་དཀོན་པའི་ད་ལན་དགོན་ལག་གཞན་ཞིག་གིས་གདན་དྲངས་སོང་སྐད་གསན་པས་དེ་མ་ལེགས་དགོན་པའི་ནང་རྟེན་ཕྱིར་ཤོར་བ་རེད་གསུང་། ཡང་ལན་གཅིག་འཇིགས་བྱེད་རྭ་པོཏ་དཔལ་པོཏ་གཉིས་བླུ་ཁ་སྐོར་རྒྱུ་རེད་ཟེར་བ་གསན་ཏེ། འདི་འདྲའི་དཔེ་དཀོན་པ་ཕྱི་ལ་ཤོར་ན་དགོན་པ་གནོད་རྒྱུ་རེད་གསུངས་ཤིང་ཁྲོན་སུམ་ཅུ་ཙམ་གྱིས་བླུས་ཏེ་གདན་འདྲེན་བྱས། རྟ་མགྲིན་ཆོས་སྐོར་ཞིག་ཁྲོན་བཅོ་ལྔས་བླུས། ཞེས་དང་། ཡང་ཁྲོན་གསུམ་གྱིས་ཐེ་བོ་སྤྲུལ་སྐུའི་ལམ་རིམ་ཟིན་བྲིས་བླུ་བར་མཛད”[3]ཅེས་སོགས་བྱུང་བ་ལས་རྟོགས་ཐུབ།
དེ་ལྟར་དཀར་ཆག་རིགས་པའི་བསམ་བློ་མངའ་ཞིང་། དཀར་ཆག་གི་ཕྱག་ལས་ལ་ཐུགས་གཉེར་གནང་བས། མི་ཚེའི་མཛད་སྤྱད་མཐའ་དག་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དང་མཚུངས་པ་དང་། ཀློང་རྡོལ་བླ་མ་ཉིད་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཕན་ཚུན་བླ་སློབ་ཏུ་གྲུབ་ཅིང་ཁོང་གཉིས་དབུས་ནས་མཇལ་སྐབས་གསུང་མཆིད་ཡོད་པ་སོགས་ལ་གཞིར་བྱས་ཏེ་རྗེ་འདི་ཉིད་ཀློང་རྡོལ་བླ་མའི་སྤྲུལ་པར་ཡང་གྲགས་པ་ལྟར་རོ། །[4] དཀར་ཆག་འདི་ཉིད་ནི“འདིར་རང་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་འགོད་པར་བྱ་སྟེ། རྒྱུ་མཚན་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་དཔེའི་དཀར་ཆག་གསུང་རབ་འབུམ་སྡེའི་སྣང་བརྙན་རྣམ་པར་བཀྲ་བ་དྲི་བྲལ་ནོར་བུའི་མེ་ལོང་ལས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་དངོས་ནི་སྙིང་རྗེའི་སྙིང་བོ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན་ཡང་། དེ་ཉིད་ཆོས་སྤྱོད་ཀྱི་བྱ་བ་ལ་རག་ལས། སོ་སྐྱེ་རྣམས་ལུང་ལ་བརྟེན་དགོས་པས་མི་བརྗེད་པའི་གཟུངས་མ་ཐོབ་པ་ཚུན་ལུང་གི་ཚིག་ཀྱང་མི་འཆོལ་བ་དང་། དྲན་པ་གསོ་བའི་ཆེད་དུ་བསྟན་བཅོས་ཡི་གེར་བཀོད་པ་མེད་དུ་མི་རུང་བས། སྟོན་པ་ཞལ་བཞུགས་པའི་དུས་ནས་སྲོལ་དར་བ་ལྟར་བསྟན་པའི་རྨང་གཞིར་གལ་ཆེ། དེ་ཡང་ཟང་ཟིང་གིས་མཆོད་པ་ཡང་བསྙེན་བཀུར་བ་ཡིན་མོད། བསྙེན་བཀུར་གྱི་གཙོ་བོ་ཀློག་པ་ཐོས་བསམ་དང་། ཐོས་དོན་སྒྲུབ་པས་ཉམས་སུ་ལོན་པ་ཉིད་ཡིན་ལ། དེ་ཡང་རྩ་བའི་སེམས་ཀྱིས་མིང་གི་སྒོ་ནས་འཛིན་པ་སྔོན་དུ་འགྲོ་དགོས་པས་མཚན་བྱང་གལ་ཆེ། གསུངས་པས་རང་ཉིད་ཚེ་རབས་ཀུན་ཏུ་གསུང་རབ་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱིས་སྤྱོད་པའི་སྨོན་ལམ་གྱི་རྟེན་དང་། དོན་དུ་གཉེར་བ་རྣམས་ལ་དཔེ་རྒྱུན་བཙལ་བར་བསྐུལ་བའི་ཕྱིར་བཀོད་པ”[5]ཞེས་གསུངས་གནང་ཡོད་པ་ལྟར། དཔེ་རྒྱུན་མི་ཉམས་པའི་ཆེད་དུའམ་གསུང་རབ་བསྟན་བཅོས་དཀོན་པོ་ཁག་གི་འཕྲིན་ལས་རྒྱུན་མི་ཆད་པར་འཕེལ་བའི་རྒྱུ་རུ་བརྩམས་པ་ནི་རྟོགས་སླ་ཞིང་། བསྟན་བཅོས་འདིའི་རྩ་བ་རྗེ་ཉིད་དགུང་ལོ་ལྔ་བདུན་ལ་ཕེབས་སྐབས་སྤྱི་ལོ་ལྟར་ན1859ལོར་ཐོག་མར་བརྩམས་གྲུབ་པ་ནི་རྣམ་ཐར་ལས།“འདི་སྐབས་དཔེ་དཀོན་པ་འགའ་ཞིག་ཕྱག་བྲིས་མཛད་པའང་གྲུབ”[6]ཅེས་གསལ་བ་ལས་རྟོགས་ཐུབ། ཡིན་ནའང་། རྗེ་ཉིད་ཀྱིས་དཔེ་དཀོན་དཀར་ཆག་འདི་ལ་ཕྱིས་སུའང་མུ་མཐུད་ནས་ཁ་སྣོན་མཛད་ཡོད་པར་སྙམ་སྟེ།“དེ་ནས་གཟིམ་ཆུང་ནས་ཉིན་ཁ་ཤས་ལ་དཔེ་དཀོན་པ་འགའ་ཞིག་གི་ཐོ་ཉིད་ནས་གསར་སྒྲིགས་གནང་།”[7]ཞེས་རྣམ་ཐར་ལས་རྗེ་ཉིད་དགུང་ལོ་རེ་གཅིག་པ་ལ་ཕེབས་པའི་ཆུ་ཕག་ལོའི(སྤྱི་ལོ1863ལོ)ཧོར་ཟླ་དྲུག་པའི་ནང་གི་མཛད་པའི་སྐབས་སུ་འདི་ལྟར་བྱུང་བས་སོ། །
གཉིས་པ། དཀར་ཆག་འདིའི་སྒྲིག་གཞི་དང་ཁྱད་ཆོས།
དེ་ཡང་དཀར་ཆག་འདི་ནི་སྒྲིག་རིམ་གསལ་ཞིང་། དེ་དག་གི་སྔ་ཕྱིའི་གོ་རིམ་གཏན་ལ་ཕབ་པ་ནི་གཏན་ཚིགས་ཀྱི་རང་བཞིན་ཅན་ཞིག་སྟེ། སྡེ་ཚན་གཙོ་བོ་ཉེར་གཅིག་དང་། དེ་དག་སོ་སོར་ནང་གསེས་ཀྱི་སྡེ་ཚན་དབྱེ་རུང་ཁག་ལའང་ནང་གསེས་ཀྱི་དབྱེ་བ་གསལ་བོར་བསྟན་ཡོད་པ་རེའུ་མིག་གི་ལམ་ནས་སྟོན་པར་བྱ་བ་ལ།
གཅིག དཀར་ཆག་འདིའི་ཁྱད་ཆོས་གླེང་བ།
1.སྒྲིག་གཞིའི་དམིགས་བསལ་གྱི་ཁྱད་ཆོས།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས།“རྗེ་ཤེས་རབ་རྒྱ་མཚོས་དཀར་ཆག་བསྒྲིགས་སྐབས་ཐོག་མར་ལོ་རྒྱུས་རྣམ་ཐར་སྐོར་བཀོད་པ་ནི། སྔོན་བྱོན་གྱི་སངས་རྒྱས་བྱང་སེམས། མཁས་གྲུབ་རྒྱལ་བློན་རྣམས་ཀྱི་ལོ་རྒྱུས་ཤེས་ནས་དེ་དག་མིག་དཔེར་བལྟས་ཏེ་རང་ཉིད་མི་ཚེ་གཅིག་གི་མདུན་ལམ་ལ་རྒྱང་རིང་གི་ཆོད་སེམས་འཛུགས་ཐུབ་པའི་ཆེད་ཡིན་ལ། དེ་ནས་ལམ་རིམ་བློ་སྦྱོང་སོགས་བཀོད་པ་ནི། གཞུང་རྒྱ་ཆེན་པོ་ལ་ཐོས་བསམ་བྱེད་པའི་བློ་གྲོས་དམན་པ་རྣམས་ཀྱིས་དེ་དག་ལ་བལྟས་ནས་རང་ཉིད་ཀྱི་སེམས་རྒྱུད་འདུལ་ཐབས་བྱེད་དགོས་པ་ཤེས་པའི་ཆེད་དང་། དེ་རྗེས་གཞུང་ཆེན་པོ་ལྔ་དང་གསང་སྔགས་སྐོར་བཀོད་པ་ནི་བློ་གྲོས་ཆེ་ཞིང་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་ལམ་ཐུན་མོང་བ་དབུ་མ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པ་ཕར་ཕྱིན། ཐེག་པ་དམན་པའི་ལམ་སྟོན་པ་མཛོད། ཐེག་པ་ཆེ་ཆུང་གཉིས་ཀྱི་ལམ་གྱི་རྩ་བ་འདུལ་བ། རིགས་པའི་གཞུང་ལུགས་ཀྱི་སྒོ་འབྱེད་པ་རྣམ་འགྲེལ། དེ་དག་གི་དོན་བསྡུས་པ་གྲུབ་མཐའ། ཐེག་པ་ཆེན་པོའི་ལམ་གྱི་ཟབ་དོན་གསང་སྔགས་བཅས་གཙོ་བོར་སློབ་སྦྱོང་བྱེད་དགོས་པ་དང་། རྒྱ་གར་དང་། བོད་སྐད་ཀྱི་སྒྲ་རིག་པ། རིག་གནས་ཆུང་བ་ལྔ་སོགས་ཞར་བྱུང་དུ་སློབ་ཐུབ་ན་ལེགས་ལ། མེད་ན་ཡང་སྙིང་ཐག་པ་ནས་ཆོས་བྱེད་མཁན་ལ་ཆད་པའི་སྐྱོན་མེད་པ་ལ་དགོངས་པ་རེད”[8]ཅེས་ཕྱོགས་བསྡོམས་ཀྱི་ཚུལ་དུ་དཔྱད་བརྗོད་གནང་ཡོད་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་རེད་ལ། དཀར་ཆག་འདིའི་སྒྲིག་གཞི་གསལ་བར་མཐོང་ཐུབ་པའི་མེ་ལོང་ཞིག་ཀྱང་རེད། སྒྲིག་གཞི་འདི་ལྟར་གཏན་ལ་ཕབ་ཡོད་པ་དེས། ཚེ་བློས་བཏང་གིས་རྒྱལ་བའི་གསུང་རབ་སྤྱི་དང་བྱེ་བྲག་ཀུན་ལ་འཇུག་པའི་རབ་ཏུ་བྱུང་བ་རྣམས་ལ་བསླབ་པ་སློབ་གཉེར་གྱི་ལམ་བུ་ཞིག་བསྟན་པར་མ་ཟད། སློབ་གཉེར་གྱི་དཀའ་སླའི་རིམ་པ་དང་། གཞུང་དོན་གྱི་རྩ་བ་དང་ཡན་ལག་གི་ཁྱད་པར། རང་རྒྱུད་དང་འཚམ་པའི་ཐོས་དོན་འཚོལ་ཚུལ། དེ་བཞིན་དོ་གལ་ཆེ་ཆུང་གི་རྣམ་བཞག་ཅིག་ཀྱང་བསྟན་ཡོད་པར་སྙམ་པས། འདི་ནི་དཀར་ཆག་འདིའི་སྒྲིག་གཞིའི་ཐད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད་ལ། དཀར་ཆག་མཛད་པ་པོ་གང་དེའི་ཐུགས་དཔྱོད་ལ་རྒྱུས་ལོན་ཐུབ་པའི་བརྩམས་ཆོས་གལ་ཆེན་ཞིག་ཀྱང་རེད།
2.སྔ་རབས་ཀྱི་དཀར་ཆག་ལ་དཔྱད་གཞི་མཛད་པའི་ཁྱད་ཆོས།
དཀར་ཆག་འདི་ཉིད་ནི་སྔ་རབས་མཁས་པས་མཛད་པའི་དཀར་ཆག་ཁག་ལ་དཔྱད་གཞིར་མཛད་ཡོད་པ་ནི། དཀར་ཆག་འདི་ཉིད་ལ་མཇལ་ན་གསལ་བར་རྟོགས་ཐུབ་ཅིང་། འདིར་དཔེར་མཚོན་ཙམ་བཀོད་ན། གོང་དུ་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་དཔེའི་དཀར་ཆག་གསུང་རབ་འབུམ་སྡེའི་སྣང་བརྙན་རྣམ་པར་བཀྲ་བ་དྲི་བྲལ་ནོར་བུའི་མེ་ལོང་ལས། ཞེས་ལུང་འདྲེན་གནང་ཡོད་པ་ལྟར། གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེའི་ཕྱག་དཔེའི་དཀར་ཆག་ལ་དཔྱད་གཞི་མཛད་ཡོད་པ་དང་།“བ་སོ་ཆོས་རྒྱན་གྱི་རྣམ་ཐར་འབྲོང་རྩེ་ལྷ་བཙུན་གྱིས་མཛད་པ།”[9]ཞེས་པ་སོགས་ལས། ཀློང་རྡོལ་བླ་མའི་དགེ་ལུགས་པའི་བླ་མ་ཁག་ཅིག་གི་གསུང་འབུམ་དཀར་ཆག་ཅེས་པ་ལ་དཔྱད་གཞི་མཛད་ཡོད་པ་རྟོགས་ཐུབ་སྟེ། ཀློང་རྡོལ་བླ་མའི་རྣམ་ཐར་རྟ་ཚག་རྗེ་དྲུང་གིས་མཛད་པ་ལྟར་ན། རྣམ་ཐར་འདི་ནི་ཀློང་རྡོལ་བླ་མས་གཙང་གི་ཡུལ་ཞིག་ནས་མཇལ་བ་རྗེས་སུ་བརྩད་མ་ཆོད་པའི་སྐོར་སོགས་བཀོད་ཡོད་པ་ལྟར་རོ། །[10]
གསུམ་པ། དཀར་ཆག་འདིའི་དགེ་མཚན།
(1) དཔེ་རྒྱུན་དཀོན་པོ་ཁག་བཙལ་བ་དང་དེ་དག་ལ་སྲུང་སྐྱོབ་ཀྱི་དགེ་མཚན་ལྡན་པ།
དེ་ཡང་། “དཀར་ཆག་ནི་གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་ཡིན”ཞེས་གསུངས་པ་ལྟར། དཀར་ཆག་ལ་དཔེ་དེབ་བདག་གཉེར་སྲུང་སྐྱོབ་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་། ལྷག་དོན་དཔེ་རྒྱུན་དཀོན་པོ་ཁག་གི་དཀར་ཆག་ནི་དེ་བས་ཀྱང་རིན་ཐང་ཆེ་བ་སྨོས་ཅི་དགོས། དཔེ་རྒྱུན་དཀོན་པོ་མང་བོ་ཞིག་ནི་བྲིས་མའི་རྣམ་པ་ཅན། པར་ཤིང་བརྐོས་མེད་ཅིང་། བྲིས་མའང་མང་བོ་མཇལ་རྒྱུ་མེད་པའི་རིགས་ཡིན་ཞིང་། དེ་དག་ལས་མང་ཆེ་ཤས་ནི་གཞུང་གི་དཀའ་གནད་དང་། ལོ་རྒྱུས་རྣམ་ཐར། དེ་བཞིན་རིག་གནས་ཀྱི་སྐོར་སོགས་ཡིན་གཤིས། ཉར་ཚགས་ཀྱི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་། རིག་དངོས་ཀྱི་རིན་ཐང་། མཛེས་དཔྱོད་ཀྱི་རིན་ཐང་སོགས་གཞི་གཅིག་ཏུ་འབྲེལ་ཡོད་པ་སྨོས་ཅི་དགོས། དེ་དག་ལ་སྲུང་སྐྱོབ་ཡག་པོ་ཐུབ་ཚེ། གཞུང་ལུགས་ཀྱི་དཀའ་གནད་དང་ལོ་རྒྱུས་ཀྱི་གསང་བ་སོགས་མང་བོ་ཞིག་རྟོགས་ཐུབ། རིན་ཐང་སྣ་མང་གཞི་གཅིག་ཏུ་འབྲེལ་བའི་དཔེ་རྒྱུན་དཀོན་པོ་འདི་དག་ཀྱང་ཐོག་མར་དཀར་ཆག་ལ་བརྟེན་ནས་བཙལ་དགོས་ཤིང་། དཀར་ཆག་ལ་མ་བརྟེན་ཐབས་མེད་ཆགས་ཡོད། དཔེར་ན་དཀར་ཆག་འདི་ལས། “མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛོད་འགྲེལ་འདི་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཕྱག་དཔེའི་ཁྲོད་དུ་བཞུགས་པར་རྣམ་ཐར་ལས་བཤད།”[11]ཅེས་པ་ལས། དཔེ་དཀོན་འདིའི་གནས་སྟངས་སྐོར་རྟོགས་ཐུབ་ཅིང་། དཀར་ཆག་རིག་པའི་གཞུང་ལུགས་ལྟར་ནའང་དཀར་ཆག་ལ་དཔེ་ཆའི་གནས་སྟངས་རྟོག་ཐུབ་པའི་མཛུབ་སྟོན་གྱི་ནུས་པ་ལྡན་པར་བསྟན་ཡོད་པ་ལྟར། གལ་སྲིད་ལྕང་སྐྱ་མཆོག་གི་ཕྱག་དཔེ་རྣམས་དུས་ད་ལྟའང་བཞུགས་ཡོད་སྲིད་ན། དཔེ་དཀོན་འདི་ཡང་མྱུར་སྐྱོབ་ཐུབ་པ་སྨོས་ཅི་དགོས་མོད་ཀྱང་ད་ནི་མཁའ་ཡི་པད་མོའི་ཟླ་རུ་གྱུར་ཡོད་ངེས།
དེང་སྐབས་འཛམ་གླིང་འདིར་བོད་ཀྱི་ཡིག་ཚང་འཚོལ་བསྡུ་དང་ཉར་ཚགས། དེ་བཞིན་དེང་རབས་ཚན་རིག་གི་ཐབས་ལམ་སྤྱད་ནས་སྲུང་སྐྱོབ་མཛད་མཁན་གྱི་ངེས་དོན་གྱི་སློབ་དཔོན་ཆེན་པོ་ཇེན་ཧྲི་མེ་སིས་སམ(Gene Smith,1936-2010)བོད་སྐད་ཀྱི་མཚན་དུ་འཇམ་དབྱངས་རྣམ་རྒྱལ་ཞུ་བ་མཆོག་གིས་ཀྱང་། དང་ཐོག་བོད་ཀྱི་གནའ་དཔེ་འཚོལ་བསྡུའི་ཕྱག་ལས་ལ་འཇུག་སྐབས། དཔལ་ས་སྐྱའི་མཁས་དབང་སྡེ་གཞུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མས་ཁོང་ལ་དཀར་ཆག་འདི་དཔྱད་གཞིར་གནང་བར་བཤད།[12] དེ་བཞིན་རྒྱ་བོད་ཀྱི་རིག་གཞུང་སྨྲ་བའི་མཛོད་འཛིན་བསོད་ནམས་རྒྱ་མཚོའམ་མཚན་དངོས་ཧྭང་མིང་ཤིན( 黄 明 信,1917—2017) ཞུ་བ་མཆོག་གིས་ཀྱང་། ཐོ་ཡིག་འདིར་བསྟན་པའི་གསུང་འབུམ་དཀར་ཆག་ལས་གསུང་འབུམ་ལྔ་བཅུའི་མཚན་བྱང་བླ་བྲང་དགོན་པའི་དཔེ་མཛོད་དཀར་ཆག་ཆེན་མོར་མི་གསལ་བས་བོར་བརླགས་ཤོར་ཡོད་ངེས་པའི་ཕངས་བསམ་བསྟན་ཡོད[13]པས། དེ་དག་གི་དཔེ་རྒྱུན་འཚོལ་ཐབས་ལའང་འབད་དགོས། དེའི་ཕྱིར་དཀར་ཆག་འདི་ནི་དཔེ་རྒྱུན་འཚོལ་བ་དང་སྲུང་སྐྱོབ་ལ་སྨན་པའི་ཐོ་ཡིག་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་ཅིང་། དཀར་ཆག་འདི་བྱུང་བ་ཅུང་འཕྱི་བས་དཀར་ཆག་གཞན་གྱི་ལེགས་ཆ་མང་བོ་བསྡུ་རུབ་མཛད་ཡོད་པའང་སྨོས་ཅི་དགོས།
(2) ཐོས་བསམ་མཁན་ལ་ཕྱོགས་སྟོན་གྱི་ནུས་པ་དང་ལྡན་པ།
དེ་ཡང་ཟང་ཟིང་གིས་མཆོད་པ་ཡང་བསྙེན་བཀུར་བ་ཡིན་མོད། བསྙེན་བཀུར་གྱི་གཙོ་བོ་ཀློག་པ་ཐོས་བསམ་དང་། ཐོས་དོན་སྒྲུབ་པས་ཉམས་སུ་ལེན་པ་ཉིད་ཡིན་ལ། དེ་ཡང་རྩ་བའི་སེམས་ཀྱིས་མིང་གི་སྒོ་ནས་འཛིན་པ་སྔོན་དུ་འགྲོ་དགོས་པས་མཚན་བྱང་གལ་ཆེ། ཞེས་ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག་གིས་བླ་མའི་གསུངས་ལུང་འདྲེན་གནང་ཡོད་པ་དང་། དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་རྣམ་གྲངས་མང་བའི་དཔེ་ཆ་ལྟ་བ་ལ་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། ཚན་རིག་ཞིབ་འཇུག་བྱེད་པར་ཐོག་མའི་འཇུག་སྒོ་ལྟ་བུ་ཡིན་ཞེས་གསུངས་པ་ལྟར། རྒྱ་ཆེར་ཐོས་པ་བཙལ་མཁན་དག་ལ་མཚོན་ན་མིང་གི་སྒོ་ནས་འཛིན་པ་སྔོན་དུ་འགྲོ་བའི་དཔེ་ཐོ་ནི་ཅིས་ཀྱང་གལ་ཆེ་བ་ཞིག་རེད། དེས་ན་རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་ཀྱང་བོད་སྔ་རབས་ཀྱི་དཀར་ཆག་ཁག་དང་ལྷག་དོན་གསུང་རབ་འབུམ་སྡེའི་སྣང་བརྙན་རྣམ་པར་བཀྲ་བ་དྲི་བྲལ་ནོར་བུའི་མེ་ལོང་ཞེས་བྱ་བའི་དཀར་ཆག་སོགས་གཞིར་བཟུང་སྟེ། རང་ཉིད་ཀྱི་དཀར་ཆག་འདི་བརྩམས་ཤིང་། དཀར་ཆག་འདིའང་དཔེ་ཐོ་གང་མཐོང་ཕྱོགས་བསྒྲིགས་ཙམ་བྱས་པ་ཞིག་མ་ཡིན་པར། དེ་དག་ལ་འཇུག་པའི་གོ་རིམ་དང་དེ་དག་གི་སྡེ་ཚན་དང་ཕྱོགས་གཏོགས་སོགས་ཅུང་ཞིབ་ཚགས་ཅན། ཚད་ལྡན་ཅན་ཞིག་གཏན་ལ་ཕབ་པ་ནི། ཐོས་བསམ་དོན་གཉེར་ཅན་ཚོར་ཕྱོགས་སྟོན་གྱི་ནུས་པ་དང་ལྡན་པའོ། །
(3) ལུང་ཁུངས་དང་ཁྲིད་རྒྱུན་སོགས་རྟོགས་ཐུབ་པའི་ནུས་པ་དང་ལྡན་པ།
དཀར་ཆག་འདི་ལས། ང་ཚོས་དཔེ་རྒྱུན་དཀོན་པོ་ཁག་གི་མཚན་ཐོ་རྟོགས་ཐུབ་པར་མ་ཟད། ཞོར་ལ་བསྟན་བཅོས་ཁག་ཅིག་གི་ཁུངས་དང་དེའི་ཁྲིད་རྒྱུན་སོགས་ཀྱང་རྟོགས་ཐུབ་སྟེ། དཔེར་ན།“རྗེའི་རྟོགས་བརྗོད་ཐུབ་བསྟན་རིན་པོ་ཆེའི་རྒྱན་མེ་ཏོག་ཆུན་པོ་ལེའུ་ཞེ་གཅིག་ཡོད་པར་རོད་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེས་མཛད་པ། ཀུན་མཁྱེན་བར་པས་ལང་དྲངས་པར་དཔག་བསམ་འཁྲི་ཤིང་ཞེས་ཡོད།”[14]ཅེས་བཀོད་པ་ལས། ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་ལས་བྱུང་བའི་དཔག་བསམ་འཁྲི་ཤིང་ཞེས་པ་ནི། སངས་རྒྱས་ཀྱི་སྐྱེས་རབས་དཔག་བསམ་འཁྲི་ཤིང་མ་ཡིན་པར་རྗེ་རིན་པོ་ཆེའི་རྣམ་ཐར་ཞིག་ཡིན་པ་རྟོགས་ཐུབ་པ།“ཇོ་བོས་དབུས་ནས་འབྲོམ་སོགས་ལ་བརྒྱད་སྟོང་པ་དང་རྒྱན་གྱི་བཤད་པ་མཛད་པ་ལ་ཁམས་པ་ཕྱག་དར་སྟོན་པས་ཟིན་བྲིས་བྱས་པ་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ།”[15]ཞེས་དང་།“བསྟན་པ་ཕྱི་དར་ལ་སྨྲྀ་ཏིས་ཁམས་ཀློང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པའི་རྒྱུན་ལ་མཆིམས་བརྩོན་སེང་གེས་ནག་འབྱམས་སུ་གྲགས་པའི་ཊཱིཀྐ་མཛད་པ་མཛོད་ཀྱི་བོད་ཊཱིཀྐ་གི་ཐོག་མ་ཡིན་པར་བཤད།”[16]ཅེས་པ་ལས། ཕར་ཕྱིན་ཁམས་ལུགས་སུ་གྲགས་པའི་ཁྲིད་རྒྱུན་ཇི་ལྟར་ཡིན་པའི་སྐོར་དང་། བོད་ཀྱི་མཛོད་འགྲེལ་ཐོག་མ་ཇི་ལྟར་བྱུང་ཚུལ་སྐོར་རྟོགས་ཐུབ་པའི་ནུས་པ་དང་ལྡན་ནོ། །
(4) བསྟན་བཅོས་ཁག་ཅིག་གི་པར་གཞི་ཞིབ་འཇུག་ལ་དཔྱད་གཞིའི་རིན་ཐང་ལྡན་པ།
པར་གཞི་ཞེས་པ་སྤྱིར་པར་ཤིང་བརྐོས་ཟིན་གྱི་རིགས་ལ་བརྗོད་པ་ནི་སྨོས་མ་དགོས་པ་རེད་མོད། འོན་ཀྱང་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་བྲིས་མའང་པར་གཞིའི་ཁོངས་སུ་བསྡུས་ཆོག་པས། འདིར་པར་གཞི་ཞེས་པ་བྲིས་མ་དང་པར་མ་གཉིས་ཆར་གོ་ཆོག དེ་ཡང་། དཀར་ཆག་འདི་ནི་བསྟན་བཅོས་ཁག་ཅིག་གི་པར་གཞིའི་ཞིབ་འཇུག་ལའང་དཔྱད་གཞིའི་རིན་ཐང་ལྡན་ཞིང་། དཔེ་བཀོད་ན།“ས་བཟང་འཕགས་པའི་རྒྱུད་བླའི་འགྲེལ་པ་ཡོད་ཟེར་ཏེ། བློ་གྲོས་རྒྱལ་མཚན་གྱིས་མཛད་ཅེས་པའི་མཆན་བུ་ཞིག་མཐོང་བ་དེ་ཡིན་ནམ་སྙམ།”[17]ཞེས་པ་དང་།“མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཐེག་པ་ཆེན་པོ་ལ་འཇུག་པ་ཡུལ་དབུས་ཀྱི་སློབ་དཔོན་ཆེན་པོ་འཇམ་པའི་རྡོ་རྗེས་སྦྱར་བ་ཤོག་གྲངས་ལྔ་བརྒྱར་ཉེ་བ་ཞིག་མཐོང་བ་གཉལ་ཞིག་འཇམ་དཔལ་རྡོ་རྗེའི་ཕར་ཊིཀ་ཡིན་ནམ་ཞེས་བདག་གི་བླ་མ་དབལ་མང་རྡོ་རྗེ་འཆང་གིས་གསུངས།”[18]ཞེས་པ་སོགས་ལས། རྒྱུད་བླའི་འགྲེལ་བ་དང་མངོན་རྟོགས་རྒྱན་གྱི་འགྲེལ་པ་འདི་དག་ལ་ཞིབ་འཇུག་གནང་བར་དཔྱད་གཞིའི་རིན་ཐང་ལྡན་ཞིང་།“བུ་
སྟོན་གྱི་དུས་འཁོར་སྐོར་ལ་ཆོས་ཚན་ཆེ་ཆུང་ང་བདུན། ཕ་རྒྱུད་སྐོར་ལ་སུམ་ཅུ། མ་རྒྱུད་སྐོར་ལ་སོ་བདུན། རྣལ་འབྱོར་རྒྱུད་ལ་ང་བདུན། སྤྱོད་རྒྱུད་ལ་གཅིག བྱ་རྒྱུད་ལ་བཅོ་བརྒྱད། སྔགས་སྤྱིའི་གསལ་བྱེད་ཉེར་གཅིག འདུལ་མངོན་མདོ་སྡེ་སྒྲ་ཚད་བཅས་ལ་ཉེར་ལྔ། རིགས་གནས་སྤྱིའི་གསལ་བྱེད་ང་ལྔ་བཅས་ཡོད། དེ་ཡང་བུ་སྟོན་རང་གིས་གསུང་འབུམ་གྱི་དཀར་ཆག་ཡོད་ཀྱང་པོད་གྲངས་མེད། ཞྭ་ལུར་ཐུགས་སྲས་རིན་ཆེན་རྣམ་རྒྱལ་དང་སྦྱིན་བདག་སོགས་ཀྱིས་བཞེངས་པར་གླེགས་བམ་ཉེར་དྲུག ཟང་ཟིང་ནེ་རིང་གི་གཙུག་ལག་ཁང་དུ་གསུང་གང་ཡོད་ཚར་གཅིག་བཞུགས་པར་པོད་རེར་ཤོག་གྲངས་སུམ་བརྒྱ་རེ་བྱས་པའི་གླེགས་བམ་སུམ་ཅུ། སྐྱིད་གྲོང་བསམ་གཏན་གླིང་དུ་པོད་རེར་ཤོག་གྲངས་ལྔ་བརྒྱ་རེ་བྱས་པའི་གླེགས་བམ་ཉེར་གཉིས། དེ་ལ་མ་ཕྱི་བྱས་ནས་དཔལ་འཁོར་ཆོས་སྡེའི་རི་སྡིངས་གྲྭ་ཚང་དུ་བཞུགས་པའི་དཀར་ཆག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཡོད། སྒྲ་ཊིཀྐ་མ་གཏོགས་པའི་པོད་སུམ་ཅུ་པ་ཞེས་ངོར་པ་ཀུན་བཟང་གི་རྣམ་ཐར་ལས་བཤད།”[19]ཅེས་གསལ་བོར་བཀོད་པ་ལས། གངས་ཅན་གྱི་ལྗོངས་འདིར་མཁས་པའི་སྙན་པ་རྔ་སྒྲ་ལྟར་ལྡིར་བའི་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་ལ། པོད་གྲངས་སོགས་པར་གཞི་མི་འདྲ་བ་ཁག་ཅིག་བཞུགས་ཚུལ་དང་དེའི་དཀར་ཆག་གི་སྐོར་ཀྱང་བསྟན་གནང་འདུག་པས། གལ་སྲིད་པར་གཞི་དེ་དག་རྙེད་ཚེ་དཔེ་བསྡུར་སོགས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་སྨོས་ཅི་དགོས།
མདོར་ན། དཀར་ཆག་འདིར་དཔེ་རྒྱུན་དཀོན་པོ་2600ཙམ་དང་གསུང་འབུམ་བརྒྱ་ཙམ་གྱི་མཚན་བྱང་གསལ་བས། བོད་སྔ་རབས་ཀྱི་དཀར་ཆག་རྒྱས་ཤོས་ཀྱི་གྲས་དང་། བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་ཞིབ་འཇུག་གི་ཐད་ལ་རིན་ཐང་ཆེན་པོ་ལྡན་པའི་དཀར་ཆག་རྩ་ཆེན་ཞིག་རེད་དོ། །
མཆན་འགྲེལ།
[1][2][3][4][5][6][7] རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་གསུང་འབུམ་པོད་ཀ་པ་ལས། བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་དབང་རྗེ་བཙུན་ཤེས་རབ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཐར་འདོད་སྲིད་མཚོ་ཆེ་ལས་སྒྲོལ་བའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། ། བླ་བྲང་ཤིང་དཔར། ཤ3 ཤ12 ཤ3 ཤ4 ཤ4 ཤ80 ཤ80
[8] དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་དཀར་ཆག་རིག་པ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2004:32—33.
[9][11][14][15][16][17][18][19] ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་འབུམ་པོད་ཇ་པ་ལས་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་བཞུགས་སོ། །ཞོལ་དཔར་མ། [O] ཤ4 ཤ20 ཤ3 ཤ20 ཤ14 ཤ14 ཤ17 ཤ58.
[10] རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་མཛད། རྗེ་བཙུན་བླ་མ་དམ་པ་ཀུན་སྤངས་སེམས་དཔའ་ཆེན་པོ་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་དཔལ་བཟང་པོའི་རྣམ་ཐར་མོས་གུས་རིན་ཆེན་འདྲེན་པའི་ཤིང་རྟ་རྒྱལ་སྲས་སྤྱོད་པའི་རྒྱུན་ཞེས་བྱ་བ་བཞུགས་སོ། །གངས་ཅན་ཁྱད་ནོར་དཔེ་ཚོགས། པོད་ཕྲེང་སུམ་བརྒྱ་ཞེ་གཉིས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤ183
[12] དཀར་འཚོ་སྐྱིད། ཨ་རིའི་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་འཇམ་དབྱངས་རྣམ་རྒྱལ་དང་ཁོང་གི་བོད་རིག་པའི་སྐོར་གྱི་མཛད་རྗེས། [J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2013(3):119—123.
[13] 黄明信.黄明信拉卜楞寺研究论集 [M].兰州:甘肃民族出版社,2011:131.
རྩོམ་པ་པོ། སྐལ་བཟང་སྒྲོལ་མ། མོ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ།
དཔྱད་རྩོམ་འདི་ནི2020ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་རྣམ་གྲངས“ཏུན་ཧོང་བོད་ཡིག་མི་ཆོས་ཡིག་ཚང་གི་དག་བསྒྲིགས་དང་ཞིབ་འཇུག”(ཆོག་མཆན་ཨང་གྲངས20BTQ033)གི་བར་སྐབས་ཀྱི་དཔྱད་འབྲས་ཡིན།
འབྲེལ་ཡོད་འོས་སྦྱོར།