logo

༄༅། །གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་དང་ཏུན་ཧོང་གཏེར་ཡིག་or.8212(187)གཉིས་ཀྱི་ཡིག་རྙིང་གི་ཁྱད་ཆོས་གཤིབ་བསྡུར།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པ། 2021ལོའི་དེབ་གསུམ་པ། དུས་ཚོད།:2021-10-26 ཀློག་གྲངས།:
༄༅། །གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་དང་ཏུན་ཧོང་གཏེར་ཡིག་or.8212(187)གཉིས་ཀྱི་ཡིག་རྙིང་གི་ཁྱད་ཆོས་གཤིབ་བསྡུར།
རྡོ་རྗེ་དོན་གྲུབ།
 
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེའི་ཤད་དང་ཚེག མིང་མཐའ་པ་བ་དང་རྣམ་དབྱེའི་སྦྱོར་ཚུལ་དམིགས་བསལ་ཅན་དང་སྣ་ལྡན་ཅན་གྱི་དབྱངས་བཅས་ལ་བརྟགས་ཤིང་དཔྱད་དེ། ཡིག་རྙིང་འདིར་བྱུང་བའི་ཆིག་ཤད་དང་ཉིས་ཤད་ནི་ཚིག་གི་གཅོད་མཚམས་མ་འདྲེས་པར་བྱེད་པ་ཙམ་དང་། གཅིག་ཚེག་ཅན་དང་ཉིས་ཚེག་ཅན་ནི་ཡི་གེ་འབྲི་བདེ་མིན་ལས་བྱུང་བ། མིང་མཐའ་པ་བ་དང་སྣ་ལྡན་དབྱངས་ཀྱི་སྦྱོར་ཚུལ་དམིགས་བསལ་ཅན་ནི་རང་འཇུག་ཡུལ་གྱི་མིང་གི་རྗེས་འཇུག་གི་སྒྲ་ཟུར་ཆག་པའམ་ཟོར་ཡངས་པ་ལས་བྱུང་བའི་ཚུལ་རྣམས་བརྗོད་པར་བྱས་ཏེ། གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་འདི་ཡིག་གཟུགས་དང་བརྡ་སྤྲོད་གང་གི་ཆ་ནས་ཀྱང་ཏུན་ཧོང་གཏེར་ཡིག་or.8212(187)དང་ཡུལ་དུས་གཅིག་པར་གནས་ཡོད་ཚུལ་རྣམས་འགྲེལ་བརྗོད་བྱས་ཡོད།
[གནད་ཚིག] སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ། ཤད་དང་ཚེག སྣ་ལྡན་གྱི་དབྱངས། ཏུན་ཧོང་གཏེར་ཡིག
 
        གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་ནི་སྤྱི་ལོ་2014ལོར་པ་ཚབ་པ་སངས་དབང་འདུས་ཀྱིས་དཔལ་བརྩེགས་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཁང་གི་དབུ་འཛིན་ཀརྨ་བདེ་ལེགས་ཀྱི་ལག་ནས་ཐོབ་པ་དང་། བོད་མི་ཚོང་པ་ཞིག་གིས་སྟོད་མངའ་རིས་ཕྱོགས་ནས་ལག་སོན་བྱུང་སྐད། དམག་ཁྲིམས་འདིའི་ཤོག་དྲིལ་གྱི་སྲིད་ལ་སྤྱི་ཁྲེ་9ཙམ་དང་འཕང་ལ་སྐར་ཆ་30ཙམ་ཡོད་པར་གསུངས་པ་དང་། ཡིག་ཕྲེང་508དང་དམག་ཁྲིམས་དོན་ཚན་98ཡོད། ཡིག་ཆ་འདིའི་གློག་རྡུལ་གྱི་པར་རིས་རྣམས་སྤྱི་ལོ་2017ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཡོད། ཏུན་ཧོང་གཏེར་ཡིག་or.8212(187)ནི་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་ཡོད་པ་དང་། ཤོག་དྲིལ་གྱི་སྲིད་ལ་སྤྱི་ཁྲེ་143.5དང་འཕང་ལ་སྐར་ཆ་27.5ཡོད། ཡོངས་གྲགས་སུ་དོན་ཆེན་གནད་བསྡུས་ཞེས་འབོད་པའི་ཡིག་རྙིང་གི་ཆར་གཏོགས་པའི་ཤོག་དྲིལ་ཅིག་ཡིན། ཡིག་ཆ་འདིའི་གློག་རྡུལ་གྱི་པར་རིས་རྣམས་ཧྲང་ཧའེ་གནའ་ཡིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཡོད། སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་དང་ཏུན་ཧོང་གཏེར་ཡིག་or.8212(187)གཉིས་ནི་ཡིག་རྙིང་རང་གི་ཡོང་ཁུངས་དང་བརྗོད་བྱ་ལ་ཁྱད་པར་ཆེ་ན་ཡང་། ཚེག་དྲག་གི་འཇོག་སྟངས་དང་། ཤད་ཀྱི་འགོད་སྟངས། མིང་མཐའི་སྦྱོར་ཚུལ། རྣམ་དབྱེའི་སྦྱོར་ཚུལ་བཅས་ཀྱི་ཆ་ནས་འདྲ་བའི་ཆ་མང་དུ་སྣང་ངོ་། །ཡིག་རྙིང་ཆེད་མཁས་པ་ཁ་ཅིག་གིས་“སྤུ་རྒྱལ་བོད་ཀྱི་དམག་ ཁྲིམས་ཡི་གེ་ནི་ཞོལ་རྡོ་རིང་གི་ཚེག་རིས་དང་འདྲ་ཞིང་རྩ་བའི་འབྱུང་ཁུངས་ནི་ཏུན་ཧོང་ནས་ཐོན་པའི་སྤུ་རྒྱལ་བོད་ཀྱི་ གནའ་ཡིག་བྲིས་དཔེའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་འདུག་”[1]ཅེས་གསུངས་པ་ནི་ལེགས་པར་བཤད་པའི་གཏམ་དུ་འཁུམས་ཀྱང་། ཡིག་རྙིང་དེ་དག་གི་ཡིག་གཟུགས་དང་ཚེག་དྲག་དང་ཤད། མིང་མཐའ་པ་བའི་སྦྱོར་ཚུལ། རྣམ་དབྱེའི་སྦྱོར་ཚུལ། སྣ་ལྡན་གྱི་དབྱངས་ཀྱི་སྦྱོར་ཚུལ་བཅས་ལ་ཆེད་དུ་གཤིབ་བསྡུར་བྱས་ནས་ཞིབ་འཇུག་བགྱིས་པ་ཞིག་ད་སྔ་མ་མཐོང་ཞིང་། ཏུན་ཧོང་གཏེར་ཡིག་or.8212(187)་བསྡུར་ནས་དེ་དག་གི་ཁྱད་ཆོས་བརྗོད་ཡོད་པ་ནི་དེ་བས་ཀྱང་དཀོན་པར་སྣང་ངོ་། །འདིར་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ་དང་ཏུན་ཧོང་གཏེར་ཡིག་or.8212(187)གཉིས་ཀྱི་ཤད་དང་ཚེག མིང་མཐའ་པ་བ་དང་སྣ་ལྡན་གྱི་དབྱངས། རྣམ་དབྱེའི་སྦྱོར་ཚུལ་བཅས་དམིགས་བསལ་ཅན་དུ་ཡོད་པ་དག་གཤིབ་བསྡུར་བྱས་ཏེ་བརྗོད་པར་བྱ་བ་ལ།
དང་པོ། ཤད་ཀྱི་འཇོག་སྟངས་དམིགས་བསལ་ཅན། 
        བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ། ཤད་ལ་ཆིག་ཤད་དང་ཉིས་ཤད། བཞི་ཤད་བཅས་དང་རེ་རེའི་འཇོག་སྟངས་ལ་ཡང་ཆོས་ཉིད་ཅིག་གཏན་དུ་འཁེལ་ཡོད། དབྱངས་ཅན་གྲུབ་པའི་རྡོ་རྗེའི་«ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་བོ་ལྗོན་པའི་དབང་པོ་»ལས། “ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །”[2]ཅེས་གསུངས་པ་བཞིན་ནོ། །དེ་ལྟ་ན་ཡང་། སྤུ་རྒྱལ་བོད་ཀྱི་ཡི་གེ་འདི་ལ་ཆིག་ཤད་དང་ཉིས་ཤད་ལས་བཞི་ཤད་བྱུང་མེད་པ་དང་། ཚིག་གི་གཅོད་མཚམས་སུ་ཉིས་ཤད་བཞག་པ་ཆེས་མང་ཞིང་། ཆིག་ཤད་བཞག་པ་ནི་ཉུང་ཙམ་ལས་མེད། ཤད་འགོད་པའི་ཚེ་ན་ཚིག་གི་མཇུག་ཏུ་ཤ་ཡིག་དང་ག་ཡིག་ནི་ཤད་ཀྱི་གོ་ཆོད་དགོས་མིན་དང་། མིང་གང་རུང་བའི་རྗེས་འཇུག་བཅུ་དང་ཤད་ཀྱི་བར་དུ་ཚེག་འཇོག་ཆོག་མིན་ལ་མི་བལྟ་བར་གང་བདེར་བཞག་ཡོད་དོ། །ཡིག་རྙིང་འདིའི་ཤད་ཀྱི་འཇོག་སྟངས་ལ་ཉིས་ཤད་ཅན་གྱི་འཇོག་ཚུལ་དང་ཆིག་ཤད་ཅན་གྱི་འཇོག་ཚུལ། ཉིས་ཤད་དང་ཆིག་ཤད་ཁྱད་མེད་དུ་འཇོག་པའི་ཚུལ་བཅས་རིགས་གསུམ་ཙམ་བྱུང་ཡོད་པས་རེ་རེ་བཞིན་བཀོད་ཡོད་པ་གཤམ་གསལ་ལྟར། (དཔེར་བཀོད་པའི་ཚིག་རྣམས་ལ་ཀ་དང་ཁ་དང་ག་ལྟར་གྱི་རིམ་ཅན་དུ་བྱས་ནས་ཚིག་གི་མཇུག་ཏུ་ཐིག་ཕྲེང་མཚོན་པའི་ཨང་གྲངས་རེ་བཏབ་ཡོད། འབྱུང་འགྱུར་གྱི་དཔེར་བརྗོད་གཞན་རྣམས་ལ་ཡང་མཚུངས་སོ། །)
        གཅིག ཉིས་ཤད་ཀྱི་འཇོག་ཚུལ། 
        རྫོགས་ཚིག་མཐའ་ཅན་དང་ལྷུག་པ་དང་། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ་པ་ཡིན་ཀྱང་། དམག་ཁྲིམས་ཀྱི་ཡི་གེ་འདི་ལ་ཚིག་ལྷུག་ཁོ་ན་ལས་ཚིགས་བཅད་ཀྱི་རྣམ་པ་གཅིག་ཀྱང་བྱུང་མེད། ཚིག་ལྷུག་གི་ཚིག་རེའི་གཅོད་མཚམས་སུ་ཉིས་ཤད་ཅན་མང་དུ་ཐོན་ཡོད་ལ། རྫོགས་ཚིག་གོ་ངོ་དོ་ནོ་སོགས་ཀྱི་མཐར་ཡང་ཉིས་ཤད་བཀོད་འདུག་སྟེ། དཔེར་ན། ཇོ་བོ་འམ་དཔོན་ཕོ་ཞིག་བྲོས་ནའ། །བྲོསུ་ཐོང་ལ། །མཆན་ཁབ་པས་ཆི་ཕོད་དུ་རྒོལ་ཅིག།(34) ཁ རུ་དཔོནད་ལ་གསོལད་ཏེ། །རུ་དཔོནད་གྱིས། །གར་དྲངས་པར། །མཆིད་སྩོལད་པར། །དྲོང་ཤིག། །(42) དམངས་ཞིག་གིས། །རྟ་གསུམ་མན་ཆད། །རྟ་གཅིག་ཡན་ཆད་གཏོརད་ན། །(189)ཞེས་པ་ལྟ་བུ་རྣམས་ལ་མཚོན་ན་ཚིག་དང་ཚིག་གི་གཅོད་མཚམས་སུ་ཉིས་ཤད་བཀོད་ཡོད་པ་དང་། ཉིས་ཤད་བཞག་པའི་དགོས་པ་ཡང་ཚིག་གི་དོན་དེ་རེ་ཞིག་རྫོགས་ཙམ་གྱི་དོན་བསྟན་པ་ཡིན་ཡང་། ཕལ་ཆེ་བ་ནི་དོན་མ་རྫོགས་ཤིང་། གལ་འཛུགས་ལྟ་བུའི་ཚིག་གི་མཇུག་ཏུ་ཡང་ཉིས་ཤད་བཞག་འདུག་པ་བཞིན་ནོ། །དེ་ལྟ་བས་ན། དམག་ཁྲིམས་ཀྱི་ཡི་གེ་འདི་ལ་ཉིས་ཤད་འཇོག་པའི་དགོས་པ་ནི་ཚིག་དོན་གྱི་གོ་བ་སྟོན་པའི་ཁྱད་པར་ལ་འབྲེལ་བ་མེད་པར། ཚིག་དང་ཚིག་གི་དབྱེ་མཚམས་འདྲེས་པར་མི་བྱེད་པ་ཙམ་ཡིན་པར་གསལ། གོང་གི་ཚིག་རྣམས་བོད་སྐད་བརྡ་སྤྲོད་གཞུང་ལ་གྲགས་པའི་བསྟན་བཅོས་ཀྱི་ཚིག་གི་རྣམ་པ་ཅན་དུ་བསྒྱུར་བར་བྱས་ན་རིམ་པ་བཞིན་དུ། ཇོ་བོ་འམ་དཔོན་པོ་ཞིག་བྲོས་ན། བྲོས་སུ་ཐོང་ལ། མཆན་ཁབ་པས་ཅི་ཕོད་དུ་རྒོལ་ཅིག རུ་དཔོནད་ལ་གསོལ་ཏེ། རུ་དཔོན་གྱིས་གར་དྲངས་པར། མཆིད་སྩོལ་པར་དྲོང་ཤིག། དམངས་ཞིག་གིས། རྟ་གསུམ་མན་ཆད། རྟ་གཅིག་ཡན་ཆད་གཏོར་ན། ཁོ་ན་ངོ་བོ་མཁར་ཚུད་ལ་གཅིག་གིས་གཅད་དོ། །ཞེས་པ་ལྟར་འགྲེལ་ཆོག་ལ། ཉིས་ཤད་ཀྱི་ཚབ་ཏུ་ཆིག་ཤད་བཞག་སྟེ་བརྗོད་པར་བྱས་ན་ཡང་ཚིག་གི་དོན་རྣམས་ཇི་མ་ཇི་བཞིན་དུ་སྔོན་མ་བཞིན་དུ་གནས་ཡོད་པས་ཉིས་ཤད་དང་ཆིག་ཤད་གཉིས་དགོས་པ་གཅིག་ཏུ་གནས་ཡོད་པར་ངེས་ཤེས་རྙེད་ཐུབ། ཏུན་ཧོང་གཏེར་ཡིག་or.8212(187)ཚིག་ལ་ཡང་འདི་དང་ཆ་འདྲ་བ་མང་དུ་སྣང་སྟེ། དཔེར་ན།དབྱར་བཙན་པོཿ ཕོཿ བྲངཿ ཟུཿ སྤུགི་། ཕོ་བྲངཿ སྡིངསྣ་བཞུགས། དབྱར་འདུན་མལ་ཊྲོའིཿ ། བརྫེན་ཐང་དུ་འདུསཿ ། །མདོ་སྨད་གྱི་དབྱར་འདུན་ཞེས་བཀོད་ཡོད་པ་དང་ཚིག་གི་སྐབས་སྟོབས་ལས། ཟུ་སྦུག་གི་ཕོ་བྲང་ལ་ཟུ་སྦུགི། ཕོ་བྲང་ཞེས་གི་དང་ཕོ་བྲང་གི་བར་དུ་ཆིག་ཤད་འཐོབ་མི་དགོས་ཀྱང་ཆིག་ཤད་བཞག་ཡོད་པ་དང་། མལ་ཊོའི་བརྫེན་ཐང་དུ་ཞེས་འབྲི་དགོས་རྒྱུ་ལ་མལ་ཊོའི། བརྫེན་ཐང་དུ་འདུས་ཞེས་མལ་ཊོའི་དང་བརྫེན་ཐང་གི་བར་དུ་ཆིག་ཤད་བཞག་ཡོད་པ་དང་། བརྫེན་ཐང་དུ་འདུས། མདོ་སྨད་གྱི་དབྱར་འདུན་ཞེས་ཆིག་ཤད་བཞག་སྟེ་འབྲི་དགོས་རྒྱུ་ལ་བརྫེན་ཐང་དུ་འདུས། །མདོ་སྨད་གྱི་དབྱར་འདུན་ཞེས་འདུས་དང་མདོ་སྨད་ཀྱི་བར་དུ་ཉིས་ཤད་བཞག་ཡོད་པས་གོང་གི་ཚིག་རྣམས་ལ་ཆིག་ཤད་དང་ཉིས་ཤད་ཁྱད་མེད་དུ་བཞག་ཡོད་པ་ལྟར་རོ། །
        གཉིས། ཆིག་ཤད་ཀྱི་འཇོག་ཚུལ། 
        བོད་ཀྱི་བརྡ་སྤྲོད་པའི་གཞུང་ལྟར་ན། ཆིག་ཤད་ནི་ལྷུག་པའི་དོན་མང་མིང་མཚམས་དང་། དོན་འབྲིང་འབྱེད་དང་དོན་ཉུང་རྫོགས་པ་དང་། ཚིགས་བཅད་ཀྱི་ག་མཐར་བཅས་ལ་ཆིག་ཤད་འཇོག་པ་ཡིན་ཀྱང་། དམག་ཁྲིམས་ཀྱི་ཡི་གེ་འདི་ལ་ཆིག་ཤད་འཇོག་པ་ནི་ལྷུག་པའི་དོན་མང་གི་མིང་མཚམས་དང་དོན་ཉུང་རྫོགས་མ་རྫོགས་ལ་འབྲེལ་བ་ཆེར་མེད་པར་ཚིག་གི་རྣམ་པ་འདྲེས་པར་མི་བྱེད་པའི་ཆེད་ཙམ་ཡིན་ཏེ། དཔེར་ན། གཡུལ་རྟོལད་ཏཾ། ཕྱིར་སྙིགས། ནའ། །སྡར་ཁོངས་གྱིས། རུ་དཔོནད་ཆེན་ཕོ་མན་ཆད་སུས་ནོངས་པ། །(32) ལོ་དང་ཁང་ཁྱིམ། དང། །རང་ཐག་དང། ཤིང་རྟ་ཐོང་སྤྱད་དང་། །དེ་རྣམས་ལ་སྩོགསྟེ།(327) ལོ་གཅིག་གིས། སླར། ཡུལ་དུ་གཏངོ། །(373)ཞེས་པ་ལྟ་བུ་རྣམས་ལས་ཕྱིར་སྙིགས་ན་ཞེས་པའི་སྙིགས་དང་ན་གཉིས་ནི་ལྷུག་པའི་དོན་མང་གི་མིང་མཚམས་མ་ཡིན་ལ། དོན་འབྲིང་འབྱེད་པ་ཡང་མ་ཡིན། དོན་ཉུང་རྫོགས་པ་ཡང་མ་ཡིན། འབྲི་བའི་ཚེ་ན་ཆིག་ཤད་ཀྱིས་ཚིག་གི་མིང་མཚམས་གང་རུང་དུ་བྱས་ནས་བཞག་ཡོད་པ་ལྟར་དང་། དེ་བཞིན་དུ་ཁང་ཁྱིམ་དང་དང་གཉིས་ཀྱི་བར་ལ་ཡང་ཆིག་ཤད་མི་འཐོབ་ཀྱང་བཞག་ཡོད་པ་ལྟར་རོ། །ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་ཡང་འདི་དང་ཆ་འདྲ་བར་ཡོད་དེ། དཔེར་ན། དེ་ཉིད་ལས། དབྱར་བཙན་ཕོའི་ཕོ་བྲང་ཟུ་སྦུག། གི་ཕོ་བྲང་སྡིངསྣ་བཞུགས། དགུན་འདུན་ཡོལ་དུ་བློན་སྣང་བཞེར་གྱིས། བསྡུས། པར་ལོ་ཅིག་ཅེས་པ་ལས། ཟུ་སྦུག་གི་ཕོ་བྲང་ཞེས་པར་ཟུ་སྦུག། གི་ཕོ་བྲང་ཞེས་བྱུང་ཡོད་པ་དང་། བློན་སྣང་བཞེར་གྱིས་བསྡུས་པར་ལོ་གཅིག་ཅེས་པར་བློན་སྣང་བཞེར་གྱིས། བསྡུས། པར་ལོ་ཅིག་ཅེས་བྱུང་ཡོད་པ་བཞིན་ལ། དེ་དག་ལས་དཔེར་བརྗོད་ཁ་ལྟ་བུ་ལ་མཚོན་ན་དགུན་འདུན་ཡོལ་དུ་བློན་སྣང་བཞེར་གྱིས། བསྡུས། པར་ལོ་གཅིག་ཅེས་པའི་ཚིག་ཏུ་བྱུང་བའི་བྱེད་པའི་སྒྲ་གྱིས་དང་བྱ་ཚིག་བསྡུས་གཉིས་ཀྱི་བར་དང་། བྱ་ཚིག་བསྡུས་དང་མིང་མཐའ་པར་གཉིས་ཀྱི་བར་དག་ཏུ་ཆིག་ཤད་བཞག་ཡོད་པ་དང་། ཆིག་ཤད་བཞག་པའི་དགོས་པ་ནི་ཚིག་གི་སྐབས་སྟོབས་དང་སྦྱར་ཏེ་དཔྱད་ན་ལྷུག་པའི་དོན་མང་གི་མིང་མཚམས་འབྱེད་པ་མ་ཡིན་ལ། དོན་འབྲིང་འབྱེད་པ་དང་། དོན་ཉུང་རྫོགས་པ་ནི་དེ་བས་ཀྱང་མ་ཡིན་པ་རྟོགས་ཐུབ་བོ། །
        གསུམ། ཉིས་ཤད་དང་ཆིག་ཤད་ཁྱད་མེད་དུ་འཇོག་པའི་ཚུལ།
        ཡིག་རྙིང་འདིའི་ཚིག་དང་ཚིག་གི་གཅོད་མཚམས་སུ། ཉིས་ཤད་ཅན་དང་ཆིག་ཤད་ཅན་གཉིས་རེ་མོས་སུ་སྦྱར་ཏེ་ ཚིག་ཏུ་གྲུབ་ཡོད་པ་དང་། ཚིག་དང་ཚིག་གི་བར་དུ་འབྱུང་ཁུངས་སྟོན་པ་དང་། མཚམས་སྦྱོར་བ། རྒྱུ་མཚན་སྟོན་པ་བཅས་ཀྱི་འབྲེལ་བ་ཞིག་ཀྱང་གྲུབ་ཡོད་དེ། དཔེར་ན། དགྲ་བྱུང་བ་ལས། རྟ་རའི་དཔོན་ཕོས། །སོ་སྡུས་ཤེས། །སྦྲོན་དུ་གཏང་གཏང་བ་ལས། །སྙོམ་ལས་བགྱི་བའི་ཁྲིམས་ལའ། །(472) ཨ་ཤི་མ་འགུམས། ཨ་ཤི་བཙོན་དུ་མ་འཚལ། །ཨ་ཤི་མོ་ལ་ནལ་མ་བགྱིད། །(267) ས་གཙང་གིས། མནངས་སྡུས་ཤིག་ཅེས་མཆིད་སྩལད་པ་ཚུན་ཆད་དུ། །མནངས་སྡུས་ཤིག། །(122)ཅེས་བྱུང་ཡོད་པ་ལྟ་བུ་དང་། དེ་དག་ཚིག་གི་གཅོད་མཚམས་སུ་ཆིག་ཤད་དང་ཉིས་ཤད་གཉིས་ངེས་མེད་ཀྱི་ཚུལ་ཅན་དུ་སྦྱར་ནས་གྲུབ་ཡོད་དེ། དགྲ་བྱུང་བ་ལས། རྟ་རའི་དཔོན་པོས་སོ་སྡུས་ཞེས་སྦྲོན་དུ་གཏང་གཏང་བ་ལས། སྙོམ་ལས་བགྱི་བའི་ཁྲིམས་ལ་ཞེས་འབྱུང་དགོས་རྒྱུ་ལ་ཚིག་འདིར་དཔོན་པོས། །སོ་སྡུས་ཞེས། སྦྲོན་དུ་གཏང་གཏང་བ་ལས། །སྙོམ་ལས་བགྱི་བའི་ཁྲིམས་ལ་ཞེས་ཉིས་ཤད་དང་ཆིག་ཤད་རེ་མོས་སུ་ཁྱད་མེད་དུ་བཞག་ཡོད་པ་དང་། བྱུང་བ་ལས་ཞེས་པའི་ལས་སྒྲ་ནི་རྒྱུ་མཚན་སྟོན་པའི་སྒྲར་གྱུར་ཡོད་པ་བཞིན་ཚིག་གཞན་ལ་ཡང་རིགས་བསྒྲེས་པས་ཤེས་ཐུབ་བོ། །ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་ཡང་འདི་དང་ཆ་འདྲ་བར་ཡོད་དེ། དཔེར་ན། དེ་ཉིད་ལས། དབྱར་འདུན་མལ་ཏྲོའི། བརྫེན་ཐང་དུ་འདུས་། །མདོ་སྨད་གྱྀ་། དབྱར་འདུན་ཉོས་གྱྀཿ་ཞོ་ཐང་དུ་འདུས་། །པར་དགུན་ཕོ་བྲང་བྱར་གྱྀཿ ལྕང་བུ་ན་བཞུགས་། །ཞེས་ཆིག་ཤད་དང་ཉིས་ཤད་ཁྱད་མེད་དུ་བཞག་ཡོད་པ་ལྟར་རོ། །
གཉིས་པ། ཚེག་གི་འཇོག་སྟངས་དམིགས་བསལ་ཅན།
        བོད་ཀྱི་ཡི་གེར་ཚེག་ནི་ཡིག་འབྲུ་ཕན་ཚུན་བར་གྱི་དབྱེ་མཚམས་འབྱེད་བྱེད་ཀྱི་རྟགས་མཚན་དང་། ཚེག་མེད་ན་ནི་མིང་དང་མིང་འདྲེས་པར་གྱུར་ནས་ཡིག་འབྲུ་སྔ་ཕྱི་གཉིས་ཀྱི་འཕུལ་འདོགས་མགོ་འཇུག་འཁྲུགས་པར་འགྱུར་ལ། ཚེག་ཡོད་ན་ནི་མིང་གང་ཡང་རུང་བ་ཞིག་གི་མགོ་ཅན་དང་སྔོན་རྗེས་འཇུག་འདོགས་ཅན་རྣམས་མ་ནོར་མ་འདྲེས་པར་བྱེད་ཅིང་། ཚེག་གིས་ནི་ཚིག་ཏུ་གྲུབ་པའི་མིང་གི་དོན་རྣམས་ཀུ་ཤའི་རྩེ་ལྟར་མ་ནོར་བར་སོ་སོར་སྟོན་པར་འགྱུར་བས་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ཚེག་ལ་སྲོག་གི་ཡི་གེ་ཞེསབརྗོད། ས་སྐྱ་བསོད་ནམས་རྩེ་མོས། “སྒྲ་ཡི་ཕ་མ་སུམ་ཅུར་འདུས། །སྲོག་རྐྱེན་ཡན་ལག་ཡི་གེ་བདུན། །”[3]ཞེས་དང་། “སྲོག་གི་ཨ་དེ་ཉིད་བོད་ཀྱིས་གྲལ་དུ་བཅུག་སྟེ་ཚེག་ཏུ་གསལ་བར་བྱས། དང་ཀྱོག་དང་། ཤད་ཀྱང་དེ་ཚེག་དང་། འདྲ་སྟེ།”[4]ཞེས་ཚེག་དང་ཤད་ཀྱི་ཡི་གེ་ནི་བོད་ཀྱི་ཡི་གེ་ལ་མཚོན་ན་སྲོག་དང་རྐྱེན་གྱི་ཡི་གེ་ལྟ་བུའི་ནུས་པ་ཐོན་པའི་ཚུལ་བསྟན་ལ། «ཐོན་མིའི་ཞལ་ལུང་»དུ། “བར་ཚེག་ལ་སྲོག་དང་འདྲ་བའི་ཨ་ཞེས་རྗོད་པའི་རྒྱུ་མཚན་ནི། དངངས་བརམདརབདག ཅེས་པ་ལྟ་བུ་ལ་བར་ཚེག་མེད་ཚེ་གཉིས་རེ་གཉིས་རེའི་བར་ནས་གཅོད་དམ།(དང་ངས་བར་མད་རབ་དག) བཞི་དང་གཉིས་དང་གསུམ་དང་གསུམ་(དངངས་བར་མདར་བདག)གྱི་བར་ནས་གཅོད་མི་ཤེས་པས་འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མི་ཕྱེད་ཅིང་བཀླག་དཀའ་བས་ན་སྲོག་དང་མི་ལྡན་པའི་ཡི་གེ་ལས་ཐུ་བར་གྱུར་པའི་གནད་འདི་ལ་ཐུག་པ་ཡིན་ནོ། །”[5]ཞེས་བོད་ཀྱི་ཡིག་སྐད་ལ་ཚེག་ནི་སྲོག་ལྟ་བུའི་ནུས་པ་ཐོན་ཡོད་ཚུལ་ངོས་འཛིན་མཛད་འདུག དམག་ཁྲིམས་ཀྱི་ཡིག་ཆ་འདི་ལ་ཡང་ཚེག་ནི་སྲོག་ལྟ་བུའི་ནུས་པ་ཐོན་ཡོད་པར་གསལ་ལ། ཚེག་གི་སྦྱོར་སྟངས་ཀྱི་རྣམ་པའི་ཆ་ལ་ཡང་གཅིག་ཚེག་ཅན་དང་ཉིས་ཚེག་ཅན་གྱི་རིགས་གཉིས་སུ་བྱུང་ཡོད། ཡིག་རྙིང་སྤྱིའི་ཆ་ནས་བརྗོད་ན། ཚིག་རྐང་རེ་རེའི་མིང་དང་མིང་གི་བར་དུ་ཉིས་ཚེག་ཅན་གྱི་སྦྱོར་ཚུལ་ནི་གཅིག་ཚེག་ཅན་ལས་ཤིན་ཏུ་མང་བར་ཐོན་འདུག གཤམ་དུ་རིམ་པ་བཞིན་དུ་བརྗོད་པར་བྱ་བ་ལ།
        གཅིག གཅིག་ཚེག་ཅན་གྱི་འགོད་ཚུལ། 
        དམག་ཁྲིམས་ཀྱི་ཡི་གེ་འདིའི་ཚིག་ཏུ་གྲུབ་པའི་ཡིག་འབྲུ་དང་ཡིག་འབྲུའི་བར་མཚམས་སུ་ཉིས་ཚེག་ཅན་ནམ་ཚེག་དྲག་སྦྱོར་བ་ཤིན་ཏུ་མང་ཞིང་། གཅིག་ཚེག་ཅན་གྱི་སྦྱོར་ཚུལ་ནི་ཐར་ཐོར་རམ་མངོན་ཆུང་གི་ཚུལ་དུ་བྱུང་ཡོད་དེ་དཔེར་ན། དགེའཿ བཿ དཔེནདཿ པཿ ཞིག་ཆོདཿ གྱང་རུང། (10) དེ་ལྟཿ ཞིགཿ དུཿ དགྲའས་ཆོད་ན། (11) གཏདཿ སཿ བཟང་ཕོ། །ཐགཿ སྲིང་སྟེ། (12) ཞེས་སོགས་བྱུང་ཡོད་པ་ལྟ་བུ་ལས་ཚིག་རྐང་ཀ་བ་ལྟ་བུ་ལ་མཚོན་ན། དགེའཿ བཿ དཔེནདཿ པཿ ཞིག་ཆོདཿ གྱང་རུང་ཞེས་པར་ཡིག་འབྲུ་དགེའ་དང་བ་དང་དཔེནད་དང་པ་བཅས་ཀྱི་བར་དུ་ཉིས་ཚེག་ཅན་རེ་བྱུང་ཡོད་ཀྱང་། ཡིག་འབྲུ་ཞིག་དང་ཆོད་ཀྱི་བར་དང་གྱང་དང་རུང་གི་བར་དུ་གཅིག་ཚེག་ཅན་སྦྱར་ཡོད་པ་བཞིན་ནོ། །ཚིག་ཕྱི་མ་གཉིས་ལ་ཡང་མཚུངས་ཏེ། དེ་ལྟཿ ཞིགཿ དུཿ དགྲའས་ཆོད་ན་ཞེས་པར་ཡིག་འབྲུ་དེ་དང་ལྟ་ཡི་བར་དང་དགྲས་དང་ཆོད་དང་ན་བཅས་ཀྱི་བར་དུ་གཅིག་ཚེག་ཅན་བྱུང་ཡོད་པ་དང་། གཏདཿ སཿ བཟང་ཕོ། །ཐགཿ སྲིང་སྟེ། ཞེས་པའི་ཡིག་འབྲུ་བཟང་དང་ཕོ་གཉིས་ཀྱི་བར་དང་སྲིང་དང་སྟེ་གཉིས་ཀྱི་བར་དུ་གཅིག་ཚེག་ཅན་བྱུང་ཡོད་པ་ལྟ་བུ། དེ་མིན་གཞན་གཅིག་ཚེག་ཅན་ནི་ཉིས་ཚེག་ཅན་ལས་ཐར་ཐོར་གྱི་ཚུལ་ལམ་ཉམས་ཆུང་གི་ཚུལ་དུ་གནས་ཡོད། ཚིག་གི་སྐབས་སྟོབས་ལས། གཅིག་ཚེག་ཅན་གྱི་བྱེད་ནུས་ནི་ཚིག་ཏུ་བྱུང་བའི་ཡིག་འབྲུ་རྣམས་ཕན་ཚུན་འདྲེས་པར་མི་བྱེད་པའམ་འཆོལ་བར་མི་བྱེད་པ་ཙམ་ཡིན་ལ། གལ་སྲིད་གཅིག་ཚེག་ཅན་དོར་བའམ་བླངས་པར་བྱས་ན་ནི་ཡིག་འབྲུ་དང་ཡིག་འབྲུ་འདྲེས་པར་གྱུར་ཏེ་མིང་རྣམས་འཁྲུགས་པར་འགྱུར་ཞིང་། དོན་རྣམས་སྟོན་པར་མི་ནུས་པ་བཞིན་ནོ། །ཚེག་གི་ཁྱད་ཆོས་འདི་འདྲ་ཏུན་ཧོང་གཏེར་ཡིག་or.8212 (187)པ་རུ་ཡང་བྱུང་ཡོད་དེ། དཔེར་ན། དེ་ཉིད་ལས། མདོཿ སྨད་གྱི་དབྱར་འདུནཿ ཞང་སྟོང་རྩན་གྱིསཿ དབུ་ཤིང་ཉག ཿ དུ་བསྡུསྟེ ཿ ཡུལ ཿ ཡུལ་དཆད་ཀ་བགྲངས། ཕོཿ བྲང ཿ བྱང་གྱྀ་ལྕང་ཅུ་ན་བཞུགས། ཞེས་པ་ལས་ཚིག་ཀ་བ་ལ་མཚོན་ན་སྨད་དང་གྱི་དང་དབྱར་དང་འདུན་བཅས་ཀྱི་བར་དུ་གཅིག་ཚེག་ཅན་བྱུང་ཡོད་པ་བཞིན་དང་། གལ་སྲིད་གཅིག་ཚེག་ཅན་དོར་བའམ་བླངས་པར་གྱུར་ན་ཚིག་ནུས་མེད་དུ་གྱུར་ནས་དོན་རྣམས་སྟོང་བར་འགྱུར་བ་ཡིན་ནོ། །
        གཉིས། ཉིས་ཚེག་ཅན་གྱི་འགོད་ཚུལ། 
        ཉིས་ཚེག་ཅན་གྱི་རིགས་འདི་ལ་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ཚེག་དྲག་ཅེས་ཀྱང་འབོད། དམག་ ཁྲིམས་ཀྱི་ཡི་གེ་འདིར། ཚིག་ཏུ་གྲུབ་པའི་མིང་དང་མིང་གི་བར་མཚམས་སུ་ཉིས་ཚེག་ཅན་ནམ་ཚེག་དྲག་སྦྱར་བ་ནི་ཤིན་ཏུ་མང་ཞིང་། ཉིས་ཚེག་ཅན་འདི་ཡིག་ཆ་འདིའི་ཐིག་ཕྲེང་1ནས་ཐིག་ཕྲེང་508བར་གྱི་ཚིག་རྐང་རེ་རེར་བྱུང་ཡོད་པས་ཡིག་རྙིང་འདིའི་ཚེག་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྲུབ་ཡོད་དེ། དཔེར་ན། བྱཿ ར། །རྟཿ རཿ རྐངཿ ར། ཉེཿ རཿ ཡང། ཞངཿ ལོནཿ དེཿ རྣམསཿ གྱིས། །སཿ ལྟོཿ ཞིངཿ ཚུགཿ ཤིག། །(77) གྲངསཿ ཇིཿ དབངཿ བའིཿ ཕྱེད།(502) སྟོངཿ ཕོནདཿ ལུགཿ གཉིསཿ སྩོལདཿ ཆིག (220) ལྟ་བུ་སོགས་ཤིན་ཏུ་མང་ལ། དེ་དག་ལས་ཚིག་ཀ་བ་བྱཿ ར། །རྟཿ རཿ རྐངཿ ར། ཉེཿ རཿ ཡང། ཞངཿ ལོནཿ དེཿ རྣམསཿ གྱིས། །སཿ ལྟོཿ ཞིངཿ ཚུགཿ ཤིག། །ཅེས་པ་དཔེར་མཚོན་ཏེ་བརྗོད་ན། ཚིག་འདིའི་རྟ་དང་ར་དང་། རྐང་དང་ར། ཉེ་དང་ར་ཡང་། ཞང་དང་ལོན་དང་དེ་དང་རྣམས་དང་གྱིས་དང་ས་དང་ལྟོ་སོགས་ཡིག་འབྲུ་རེ་རེའི་བར་དུ་ཉིས་ཚེག་གམ་ཚེག་དྲག་སྦྱར་ནས་ཚིག་ཏུ་གྲུབ་ཡོད་པ་དང་། ཚིག་རྐང་རེའི་ཡིག་འབྲུ་དང་ཡིག་འབྲུ་བར་དུ་ཉིས་ཚེག་ཅན་རེ་རེ་བཞིན་སྦྱར་ཡོད་པ་འདིའི་ཉིས་ཚེག་གི་བྱེད་ནུས་ཚིག་གི་སྐབས་སྟོབས་དང་སྦྱར་ནས་བལྟས་ན། ཉིས་ཚེག་ཅན་གྱིས་ཚིག་ལ་ཐོན་པའི་ནུས་པ་གཅིག་ཚེག་ཅན་དང་གཅིག་མཚུངས་སུ་གནས་ཡོད་དེ། ཉིས་ཚེག་ཅན་གྱིས་ཚིག་གི་ཕྲེང་བ་གྲུབ་པའི་མིང་གི་ཕྲེང་རྡོག་རྣམས་ཕྲད་ཀྱི་སྲད་བུ་ལས་མ་འདྲེས་པར་བྱེད་པའམ་མ་འཆོལ་བ་བྱས་ཡོད་པ་ནི་གཅིག་ཚེག་ཅན་དང་མཚུངས་པར་གྲུབ་ཡོད་པ་བཞིན་ནོ། །ཉིས་ཚེག་ཅན་གྱི་སྦྱོར་སྟངས་འདི་དང་འདྲ་བ་ནི་ཏུན་ཧོང་གཏེར་ཡིག་or.8212(187)ལ་ཡང་མང་དུ་བྱུང་ཡོད་དེ། དཔེར་ན། ཏུན་ཧོང་གཏེར་ཡིག་དེ་ཉིད་ལས། དགུན་འདུནཿ རགཿ ཏིགཿ རྨཿ རོངཿ དུཿ བློནཿ ཁྲིཿ སྒྲསཿ བསྡུསཿ ཏེཿ དབྱརཿ བཙནཿ པོའིཿ ཕོཿ བྲངཿ མྱངཿ སྒྲོམཿ དུཿ བཏབ། ཅེས་པ་ལྟ་བུ་མང་དུ་ཐོན་ཡོད་པ་དང་། ཚིག་ཀ་བ་ལྟ་བུ་དཔེར་དྲངས་ཏེ་བརྗོད་ན། དགུན་དང་འདུན་དང་རག་དང་ཏིག་དང་རྨ་དང་རོང་དང་དུ་ལ་སོགས་པའི་ཡིག་འབྲུ་རེ་རེའི་བར་དུ་ཉིས་ཚེག་སྦྱར་ནས་གྲུབ་ཡོད་པ་དང་། བྱེད་ནུས་ནི་གཅིག་ཚེག་ཅན་དང་གཅིག་མཚུངས་སུ་གནས་ཡོད་པ་གོང་བཞིན་ནོ། །
གསུམ་པ། མིང་མཐའ་པ་བ་དམིགས་བསལ་ཅན། 
        བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ། མིང་གང་ཡང་རུང་བའི་མིང་གཞིའི་རྗེས་འཇུག་གི་ཡི་གེ་ག་ད་ན། བ་མ་ས་དང་ད་དྲག་གི་མཐར་མིང་མཐའ་པ་ཐོབ་པ་དང་། རྗེས་འཇུག་ཡི་གེ་ང་འ་ར་ལ་མཐའ་མེད་ཀྱི་མཐར་མིང་མཐའ་བ་ཐོབ་པ། དེ་མིན་མིང་གཞི་དང་མིང་མཐའ་གཉིས་ཀྱིས་གྲུབ་པའི་མིང་འདུས་མ་ཡ་ཅན་དུ་བྱུང་ན་མིང་མཐའ་བ་སྦྱར་ན་བདེ་ལ། ཆ་ཅན་བྱུང་ན་ནི་མིང་མཐའ་པ་སྦྱར་ན་བདེ་བར་བཤད་དེ། «ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་»ལས། “ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་བ། ། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །”[6]ཞེས་གསུངས་ཡོད་པ་བཞིན་མིང་མཐའ་པ་དང་བའི་ཐོབ་ཐང་ནི་བདག་སྒྲ་དང་ཕལ་ཆེར་འདྲ་བའི་ཚུལ་གཏན་དུ་འཁེལ་འདུག་གོ། དེ་ལྟ་ན་ཡང་། མིང་མཐའ་ཆུ་དང་ཕོ་དང་ཐུས་སོགས་ཀྱི་སྐོར་གླེངས་མེད། དམག་ཁྲིམས་ཡི་གེ་འདིར་མིང་མཐའ་པ་དང་པོ་བ་རྣམས་མིང་གཞི་དང་སྦྱར་ནས་མིང་གསར་སྒྲུབ་པའི་སྐབས་སུ་རང་འཇུག་ཡུལ་གྱི་མིང་གཞིའི་རྗེས་འཇུག་ཡི་གེ་མ་དང་ང་དང་ག་དང་ན་བཅས་ཀྱི་རྗེས་སུ་མིང་མཐའ་པོ་ལས་མིང་མཐའ་ཕོ་ཐོབ་པ་ཤིན་ཏུ་མང་། མིང་མཐའི་སྒྲ་ཡི་འབྱིན་ཚུལ་གྱི་ཆ་ནས་མིང་མཐའ་ཕ་དང་ཆུ། ཐུས་བཅས་མིང་གཞི་དང་སྦྱར་ནས་ཀློག་སྐབས་མ་ནིང་གི་སྒྲ་ལྟར་ཐོན་ཡོད་པ་དང་། མིང་མཐའ་པ་དང་པོ། བོ། ཅུ། དུས་བཅས་ནི་ཕོ་ཡིག་དང་མོ་ཡིག་གི་སྒྲ་ལྟར་ཐོན་ཡོད། འདིར་མིང་མཐའ་ཆུ་དང་ཕོ། ཐུས་སོགས་མིང་གཞི་དང་སྦྱར་ནས་གྲུབ་ཚུལ་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར།
        གོང་གསལ་ལས། སུམ་ཅུ་ལ་སུམ་ཆུ་དང་། མང་པོ་ལ་མང་ཕོ། ཞག་དུས་ལ་ཞག་ཐུས། ཆེན་པོ་ལ་ཆེན་ཕོ་ཞེས་བྱུང་ཡོད་པར་གསལ་ལ། ཅུ་དང་ཆུ། པོ་དང་ཕོ། དུས་དང་ཐུས་རྣམས་མིང་གཞི་སུམ་དང་མང་དང་ཞག་དང་ཆེན་དང་སྦྱར་ནས་མིང་གསར་གྲུབ་པ་ལ་ཆུ་དང་ཕོ། ཐུས་བཅས་སྦྱར་ཡོད་པ་ལས། ཅུ་དང་པོ་དང་དུས་བཅས་སྦྱར་མེད། མིང་མཐའ་སྲོག་ཆེན་གྱི་ཡི་གེའི་གཟུགས་སུ་ཡོད་པ་འདི་དེང་སང་ཨ་མདོའི་འབྲོག་སྐད་དུ་ཡང་གནས་ཡོད་པ་གོང་གསལ་ལྟར་དང་། མིང་མཐའི་ཡི་གེ་ཆུ་དང་ཕོ། ཐུས་བཅས་ནི་རང་འཇུག་ཡུལ་གྱི་མིང་གི་རྗེས་འཇུག་མ་དང་ང་དང་ག་དང་ན་བཅས་ཀྱི་རྗེས་སུ་བྱུང་ཡོད་པ་ནི་སུམ་ཆུ་ཞེས་རྗེས་འཇུག་མ་ཡིག་གི་རྗེས་སུ་ཆུ་ཞེས་སྦྱར་ཡོད་པ་ལྟ་བུས་གཞན་ལའང་རིགས་བསྒྲེས་པས་ཤེས་ཐུབ་བོ། །ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་ཡང་འདི་དང་ཆ་འདྲ་བར་ཡོད་དེ། དཔེར་ན། དེ་ཉིད་ལས། ཞང་བློན་ཆེན་ཕོ་་་་་་སྤོ་བླེག་མཛདེ། ཞེས་པ་དང་། ས་མཐའ་བཞིཿ དམག་ཕོན་དུ་བཀའ་སྩལད་། པར་ལོ་གཅིག། །ཅེས་པ་ལྟ་བུ་རྣམས་ལ་ཆེན་ཕོ་དང་དམག་ཕོན་ཞེས་བྱུང་ཡོད་པ་བཞིན་ནོ། །
བཞི་པ། རྣམ་དབྱེའི་ཐོབ་ཐང་དམིགས་བསལ་ཅན་འགའ།
        ཕྲད་དང་རྣམ་དབྱེའི་ཐོབ་ཐང་ནི་«ལེགས་བཤད་ལྗོན་པའི་དབང་བོ་»ལས། “སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་འི་དང་ཡི། །”[7]ཞེས་པ་ལྟར་ཡིན་ཀྱང་། གནའ་ཡིག་འདིར་རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ལ་གྱི་སྒྲ་དང་གྱིས་སྒྲ་བྱུང་ཡོད་པ་དང་། རྒྱན་སྡུད་ཀྱི་སྒྲ་ལ་གྱང་སྒྲ་དང་ཤང་སྒྲ་མང་དུ་བྱུང་ཡོད། ཀྱང་སྒྲ་དང་ཀྱིས་སྒྲ་ནི་རེ་གཉིས་ཙམ་ལས་བྱུང་མེད། དེ་ལ་ཡང་གྱང་སྒྲ་དང་ཤང་སྒྲ། གྱི་སྒྲ་དང་གྱིས་སྒྲའི་སྦྱོར་སྟངས་དང་ཀྱི་སྒྲ་དང་ཀྱིས་སྒྲའི་སྦྱོར་སྟངས་བཅས་རིགས་གཉིས་སུ་བཀར་ཏེ་བརྗོད་ཆོག་པ་གཤམ་གསལ་ལྟར།
        གཅིག གྱི་དང་གྱིས་སྒྲ། གྱང་དང་ཤང་སྒྲའི་སྦྱོར་ཚུལ། 
        «ལུང་སྟོན་པ་རྩ་བ་སུམ་ཅུ་པ་»ལས། “རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམ་ལ་ཀྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །”[8]ཞེས་རང་སྦྱར་ཡུལ་གྱི་མིང་གི་རྗེས་འཇུག་ཡི་གེ་ད་བ་སའི་རྗེས་སུ་ཀྱི་དང་། ག་ངའི་རྗེས་སུ་གི། ན་མ་ར་ལའི་རྗེས་སུ་གྱི་ཐོབ་པ་བཅས་གསལ་བར་བསྟན་ཡོད་པ་བཞིན་ནོ། །དམག་ཁྲིམས་ཡི་གེ་འདི་ལ་གྱི་སྒྲ་དང་གྱིས་སྒྲ། གྱང་སྒྲ་རྣམས་སུམ་ཅུ་པའི་ཨི་ལྡན་དང་རྒྱན་སྡུད་གྱི་ཐོབ་ཐང་ལྟར་བྱུང་མེད་དེ་དཔེར་ན། ནུབ་མོ་ཤོད་དམག་བཏབ་གྱིས་དོགས་ན།(70) ཞང་ལོན་དེ་རྣམས་གྱིས། །ཁྲོམ་ཐོབ་ཤིག(75) ཕས་གྱི་བྱ་ར་རྟ་ཟིནད་གྱང་རུང། །ཚིག་དྲིསྟེ་ཁྲོམ། (86)ཞེས་སོགས་བྱུང་ཡོད་པ་ལས་ཚིག་ཀ་བ་ལ་བཏབ་གྱིས་དོགས་ན་ཞེས་སའི་རྗེས་སུ་གྱིས་ཐོབ་འདུག་པ་བཞིན་རང་སྦྱར་ཡུལ་གྱི་མིང་གི་རྗེས་འཇུག་བ་དང་ས་དང་། དའི་རྗེས་སུ་གྱིས་སྒྲ་དང་གྱང་སྒྲ་སྦྱར་ཡོད་པ་བཞིན་ནོ། །དམག་ཁྲིམས་ཀྱི་ཡི་གེ་འདི་ལ་ཁྱོན་བསྡོམས་པས་ཐིག་ཕྲེང་508ཡོད་པ་ལ། ཡིག་རྙིང་གི་ཤོག་ངོས་དང་པོར་འཁོད་པའི་ཐིག་ཕྲེང་1ནས་17བར་གྱི་ཚིག་རེ་འགའ་ཞིག་མ་གཏོགས་དེ་མིན་གཞན་ཐམས་ཅད་ལ་གྱིས་དང་གྱི། གྱང་སྒྲ་བཅས་སྦྱར་ཡོད། རྒྱན་སྡུད་ཀྱི་སྒྲ་ལ་ཤང་སྒྲ་བྱུང་བ་ནི་དཔེར་ན། ཁྲོམ་མ་རྫྀས་ཤང་། རུང་། (85) ཁ། དགྲ་བསྐོངས་ ཤང་རུང་། (88) ཆིས་ཤང་རུང་། མཁརཿ བུཿ པ་ཞིག(87) ལྟ་བུ་ལས་ཀྱང་སྒྲའི་ཚབ་ཏུ་ཤང་སྒྲ་སྦྱར་ཡོད་པ་ལྟར་རོ། །རྒྱན་སྡུད་ཀྱི་སྒྲ་ལ་ཀྱང་ཡང་འང་གསུམ་ལས་གཞན་གྱང་སྒྲ་དང་ཤང་སྒྲ་ཡང་ཡོད་དོ། །ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་ཡང་འདི་དང་ཆ་འདྲ་བར་ཡོད་དེ། དཔེར་ན། དེ་ཉིད་ལས། དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏིག་ཀོག་དུ་བསྡུསྟེ། མདོ་སྨད་གྱི་ དབྱར་འདུན་རེ་ཀྲས་འཛོང་དུཿ ཞང་སྟོང་རྩན་དངཿཿ བློན་མང་རྩན་འཕན་གང་གྱྀས་བསྡུསཿ ཞེས་ཞང་རྒྱལ་ཟིགས་གྱིས། མདོ་སྨད་གྱི། བློན་མང་རྩན་འཕན་གང་གྱིས་ཞེས་སྦྱར་ཡོད་པ་ལྟར་རོ། །
        གཉིས། ཀྱང་དང་ཀྱིས་སྒྲའི་སྦྱོར་ཚུལ། 
        ཡིག་རྙིང་འདི་ལ་ཤིན་ཏུ་དམིགས་བསལ་ཅན་ཞིག་མཆིས་པ་ནི། བཱ་ཀ་ར་ཎའི་ལུགས་སམ་ལུང་སྟོན་པ་རྩ་བ་སུམ་ཅུ་པའི་ཨི་ལྡན་གྱི་ལུགས་བཞིན་བྱུང་ཡོད་པ་འདི་ཡིན་ཏེ། དམག་ཁྲིམས་ཀྱི་ཡི་གེ་འདིའི་འགོ་ཤོག་གི་ཐིག་ཕྲེང་1ནས་17བར་གྱི་ཚིག་རེ་འགའ་ཞིག་གི་རྗེས་འཇུག་ཡི་གེ་ད་དང་བ། སའི་རྗེས་སུ་ཀྱིས་སྒྲ་དང་ཀྱང་སྒྲ་སྦྱར་ཡོད་དེ། དཔེར་ན། དཔེན་པ་ཞིག་མཆིས། ཀྱང་སྲིད་ཀྱིས། མ་དགུམ་དུ་ཀུན་ཟུངསྟེ། (4) དགེའ་བ་དཔེནད་པ་ཞིག་ཆོད་ཀྱང་རུང་། ། (10) ཞིག་ཀྱང་རུང་། (3)ཞེས་སོགས་བྱུང་ཡོད་པ་ལྟ་བུ་ལས་མཆིས་ཀྱང་། སྲིད་ཀྱིས། ཆོད་ཀྱང་རུང་། ཞིག་ཀྱང་རུང་ཞེས་རྗེས་འཇུག་ས་དང་ད་ དང་གའི་རྗེས་སུ་སུམ་ཅུ་བའི་ཐོབ་ཐང་ལྟར་ཀྱང་སྒྲ་དང་ཀྱིས་སྒྲ་སྦྱར་ཡོད་པ་བཞིན་ནོ། །ཡིག་རྙིང་སྤྱིའི་ཁྱད་ཆོས་ལྟར་ན། ཐིག་ཕྲེང་1ནས་17བར་གྱི་ཤོག་བུ་ཧྲུལ་ཆད་ཀྱི་ཆ་མང་བ་དང་། དམག་ཁྲིམས་ཡི་གེའི་འགོ་ཤོག་ལྟ་བུ་ཡང་ཡིན་པས་ལག་པས་ནོག་བསུབས་འབྱུང་སླ་ཞིང་ག་ཡིག་གི་“ག་ལྡུམ་གྱི་དྲང་ཞབས་”[9]ཀྱི་ཡིག་གཟུགས་དག་པར་གྱུར་པའམ་རབ་རིབ་ཅན་དུ་གྱུར་ནས་ཀ་དང་ག་གང་ཡིན་འབྱེད་དཀའ་བར་གྱུར་ནས་བྱུང་བར་སྙམ། དེ་ལྟ་ན་ཡང་། ཀྱིས་སྒྲ་དང་ཀྱང་སྒྲ་རྣམ་དབྱེའི་སྒྲ་དངོས་མའམ་ཡང་ན་ཡིག་རྙིང་འདིའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་གང་ཡིན་པའི་ཐད་ནི་ཤིན་ཏུ་བརྟག་པར་བྱ་བའི་གནས་ཡིན། ཡིག་རྙིང་འདི་དང་ཆ་འདྲ་བར་མཆིས་པའི་ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་ཀྱི་སྒྲ་དང་ཀྱིས་སྒྲ། ཀྱང་སྒྲ་གཅིག་ཀྱང་བྱུང་མེད་པར་གྱི་སྒྲ་དང་གྱིས་སྒྲ་གྱང་སྒྲ་ཁོ་ན་བྱུང་འདུག་ཀྱང་དཔེར་བརྗོད་འདིར་བསྐུངས་སོ། །
ལྔ་པ། སྣ་ཅན་གྱི་དབྱངས་སམ་རྗེས་སུ་ང་རོའི་སྦྱོར་ཚུལ། 
        བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ། སྣ་ཅན་གྱི་དབྱངས་ནི་མིང་གང་ཡང་རུང་བ་ཞིག་གི་རྗེས་འཇུག་ཡི་གེ་ང་དང་ན་དང་མའི་སྒྲ་རིམ་གྱིས་ཟུར་ཆག་པའམ་ཟོར་ཡངས་པར་གྱུར་ནས་དབྱངས་ཀྱི་ཡི་གེའི་ཆ་ཤས་སུ་གྱུར་པ་ཞིག་སྟེ། ཀློག་པའི་ཚེ་ན་སྣ་སྒྲ་ཅུང་ཟད་ལྡན་པར་བྱས་ནས་ཀློག་པའི་དབྱངས་ཀྱི་ཡི་གེ་ཞིག་ཏུ་ངོས་འཛིན་མཛད་ཡོད་དོ། །སྒྲ་གཞུང་དུ་རྗེས་སུ་ང་རོ་ཞེས་ཀྱང་བརྗོད། ཡི་གེར་འབྲི་བའི་ཚེ་ན་ཀླད་ཀོར་གྱི་གཟུགས་སུ་བྱས་ཏེ་རང་ལྡན་ཡུལ་གྱི་ཡི་གེའི་མགོར་འབྲི་བར་བྱེད། དེང་རབས་བོད་ཀྱི་སྐད་ལས་དབུས་སྐད་ལྟ་བུ་ལ་སྣ་ལྡན་གྱི་དབྱངས་སམ་རྗེས་སུ་ང་རོའི་ཡི་གེ་བྱུང་ཡོད་པར་ར་སྤྲོད་བྱུང་ཡོད། «བོད་རྒྱ་སྐད་ཁོངས་སྤྱི་བཤད་»ཅེས་པ་ལས། “དཔེར་ན། ལྷ་སའི་ཡུལ་སྐད་དུ། རྗེས་འཇུག་ཡི་གེ་ན་དང་ང་རིམ་གྱིས་ཟུར་ཆག་ནས་སྣ་ཅན་གྱི་དབྱངས་སུ་གྱུར་ཡོད་དེ། ཨན་ལ་ནི་ཨིཾ་ལྟར་བཀླགས་པ་དང་ཨང་ལ་ནི་ཨཾ་ལྟར་བཀླགས་པས་མཚོན་”[10]ཞེས་བཀོད་ཡོད་པ་ལྟར་རོ། །དམག་ཁྲིམས་ཀྱི་ཡི་གེ་འདི་ལ་ཡང་རྗེས་སུ་ང་རོའི་སྒྲ་མཚོན་པའི་ཡི་གེ་མང་དུ་བྱུང་ཡོད་དེ། རྗེས་འཇུག་ཡི་གེ་ལས་ན་དང་མ་ནི་སྣ་ལྡན་གྱི་དབྱངས་སམ་རྗེས་སུ་ང་རོའི་རྣམ་པ་ལྟར་བྱུང་ཡོད་པ་གཤམ་གྱི་རེའུ་མིག་ཏུ་བཀོད་ན་འདི་ལྟར་ཏེ།
        གོང་གསལ་ལས། རྗེས་འཇུག་ཡི་གེ་ན་དང་མ་ཡིག་འབྲི་བའི་ཚེ་ན་སྣ་ལྡན་གྱི་དབྱངས་སམ་རྗེས་སུ་ང་རོའི་རྣམ་པ་ལྟར་བྲིས་ཡོད་པར་མ་ཟད། རྗེས་འཇུག་མ་ཡིག་གི་རྗེས་སུ་ང་རོའི་རྣམ་པ་ཅན་ནི་མང་ཙམ་བྱུང་ཡོད་པ་བཞིན་ལ། རྗེས་འཇུག་ང་ཡིག་ལ་རྗེས་སུ་ང་རོའི་རྣམ་པ་ལྟར་བྱུང་མེད་དོ། །ཏུན་ཧོང་གཏེར་ཡིག་or.8212(187)པ་རུ་འདི་དང་ཆ་འདྲ་སྟེ། དཔེར་ན། འོག་དཔོན་འཚལ་འཚལ་བ་ལས་གུཾཿ ། མདོ་སྨད་གྱི་དབྱར་འདུན་ཞེས་དང་། རྒྱ་ཕལ་ཅེར་བཀུཾ། དགུན་བཙན་པོ་བྲག་མར་ན་ཞེས་པ་ལྟར་གུཾ་དང་བཀུཾ་ཞེས་རྗེས་འཇུག་གི་མ་ཡིག་རྗེས་སུ་ང་རོའི་རྣམ་པ་ལྟར་བྲིས་ཡོད་པ་ལྟར་རོ། །ཡིག་རྙིང་འདི་ལ་རྗེས་འཇུག་གི་མ་ཡིག་གི་རྗེས་སུ་ང་རོའི་རྣམ་པ་ལྟར་བྲིས་ཡོད་པ་ནི་རྗེས་འཇུག་གི་ཡི་གེ་ན་དང་མ་གཉིས་ཟུར་ཆག་ནས་སྣ་ཅན་གྱི་དབྱངས་སུ་གྱུར་པ་ཡིན་ནམ་ཡང་ན་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་ཀྱི་ཤན་ཞུགས་པའམ་བྲིས་མགྱོགས་པའི་ཆེད་དུ་ཡི་གེ་བས་རྗེས་འཇུག་མ་ཡིག་དང་ན་ཡིག་སྐུང་ཡིག་གི་ཚུལ་དུ་བྲིས་པ་གང་ཡིན་དཔྱད་པར་བྱ་བའི་གནས་ཡིན་ཀྱང་། ལེགས་སྦྱར་སྐད་ལྟ་བུ་ལ་མཚོན་ན། ལེགས་སྦྱར་སྐད་ཀྱི་རྗེས་སུ་ང་རོ་ནི་རྗེས་འཇུག་གི་མ་དང་ན་ཟུར་ཆག་པའམ་ཟོར་ཡངས་པར་གྱུར་ནས་སྣ་ལྡན་གྱི་དབྱངས་སུ་གྱུར་ནས་བྱུང་བ་ཡིན་ཏེ། དཔེར་ན་སམབྷོཊ་ལ་སཾབྷོཊ་ཞེས་འབྲི་བ་དང་“པཎྜི་ཏ་ལ་པཾཌི་ཏ་”[11]ཞེས་པ་ལྟར་འབྲི་བ་ནི་ལག་བདེ་མིན་དང་མགྱོགས་བུལ་གྱིས་སྐུང་ཡིག་ལྟ་བུ་བྱས་ནས་བྱུང་བ་ཞིག་མ་ཡིན་པར། སྐད་གདངས་ཀྱི་འགྱུར་བའི་ཆོས་ཉིད་ ལས་བྱུང་བ་ཡིན་ལ་དེ་ནི་དབུས་སྐད་ཀྱི་རྗེས་སུ་ང་རོ་ཡང་སྐད་གདངས་ཀྱི་འགྱུར་བ་མཚོན་པ་ཡིན་པར་ཤིན་ཏུ་གསལ་བ་དང་། བོད་ཀྱི་ཡི་གེ་ནི་སྒྲ་མཚོན་ཡི་གེ་ཡིན་པ་བཅས་ལ་གཞིགས་ན། ཡིག་རྙིང་དུ་བྱུང་བའི་རྗེས་སུ་ང་རོའི་གཟུགས་རྣམས་ཀྱང་སྐད་གདངས་ཀྱི་འགྱུར་བ་མཚོན་ཡོད་པར་ངེས་ཤེས་འདྲོངས་སོ། །
མཇུག་བསྡོམས། 
        དེ་ལྟར་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེའི་ཤད་དང་ཚེག མིང་མཐའ་པ་བ་དང་རྣམ་དབྱེའི་སྦྱོར་ཚུལ་དམིགས་བསལ་ཅན་དང་སྣ་ལྡན་ཅན་གྱི་དབྱངས་བཅས་ལ་བརྟགས་ཤིང་དཔྱད་ཚེ། གཤམ་གྱི་བསྡོམས་ཚིག་འགའ་འགོད་ཆོག་སྙམ་སྟེ།
        གཅིག དམག་ཁྲིམས་ཡི་གེ་འདིའི་ཤད་དང་ཚེག་གིས་བརྡ་སྤྲོད་པའི་དོན་གྱི་ཁྱད་པར་མི་འབྱེད་པར་ཚིག་དང་ཚིག་གི་གཅོད་མཚམས་མི་འདྲེས་པར་བྱེད་པ་དང་ཚིག་ཏུ་བྱུང་བའི་མིང་དང་མིང་གི་དབྱེ་མཚམས་འདྲེས་པར་མི་འགྱུར་བར་བྱེད་པའི་བརྡ་རྟགས་གལ་ཆེན་ཞིག་ཡིན། ཤད་ཀྱི་རྣམ་པ་ལ་ཉིས་ཤད་དང་ཆིག་ཤད་གཉིས་བྱུང་ཡོད་པ་དང་། ཚེག་ལ་གཅིག་ཚེག་ཅན་དང་ཉིས་ཚེག་ཅན་བྱུང་ཡོད། དེ་ལྟར་བྱུང་བའི་རྒྱུ་མཚན་ནི་ཡི་གེ་འབྲི་བདེ་མིན་གྱི་ཁྱད་པར་ལས་བརྡ་སྤྲོད་པའི་དོན་ལ་འབྲེལ་བ་མེད།
        གཉིས། ཤད་དང་ཚེག་གི་སྦྱོར་སྟངས་དམིགས་བསལ་ཅན་དང་མིང་མཐའ་ཕོ་དང་ཆུ། ཐུས་ཀྱི་སྦྱོར་ཚུལ་དང་། ཨི་ལྡན་གྱི་གྱི་སྒྲ་དང་བྱེད་པའི་ས་ཡི་གྱིས་སྒྲ། རྒྱན་སྡུད་ཀྱི་སྒྲ་གྱང་དང་ཤང་གི་སྦྱོར་ཚུལ་བཅས་བྱུང་བ་ལས་གསར་རྙེད་སྤུ་རྒྱལ་བོད་ཀྱི་ཁྲིམས་ཡིག་འདི་ཀོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་(742-797)གྱི་དུས་ཐོག་གམ། ཡང་ན་དེའི་ཡར་སྔོན་དུ་བྱུང་བའི་ཡི་གེ་དང་དུས་མཉམ་ཡིན་པར་ཚོད་དཔག་བྱས་ཆོག «སྒྲ་སྦྱོར་བམ་གཉིས་»ལས་ཀྱང་། “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཱརྱ་བོ་ངྷི་ས་ཏྭ་དང་ཡེ་ཤེས་དབང་པོ་དང་། ཞང་རྒྱན་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྷ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྡ་དང་། ནཱ་གཱ་རྫུ་ན་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་བཤད་པ་དང་། བཱ་ཀ་ར་ཎའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། མཇའ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས།”[12]ཞེས་བྱུང་བ་ལས་སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཞེས་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཞེས་པའི་དོན་ཡིན་ལ། བཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་ཞེས་འཁོད་ཡོད་པར་གཞིགས་ན། གསར་རྙེད་ཀྱི་དམག་ཁྲིམས་ཀྱི་ཡི་གེ་འདིའི་ཡིག་གཟུགས་ཀྱི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་རྣམས་ནི་སྒྲ་སྦྱོར་བམ་གཉིས་མ་བྱུང་བའི་ཡར་སྔོན་དུ་ཡིན་པའི་ངོས་འཛིན་བྱས་ན་མི་ཆོག་པ་མེད་དེ། ཡིག་རྙིང་འདི་ནི་བཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་མི་བཅོས་སུ་མི་རུང་བའི་ཁོངས་ན་གནས་ཡོད་པར་གྲུབ་འདུག་པས་སོ། །
        གསུམ། མངའ་རིས་ནས་རྙེད་པར་གྲགས་པའི་གསར་རྙེད་ཀྱི་དམག་ཁྲིམས་ཀྱི་ཡི་གེ་འདི་ཡུལ་དང་དུས་གཉིས་ཆ་ནས་ཏུན་ཧོང་བོད་ཀྱི་གཏེར་ཡིག་གཞན་དག་དང་འདྲ་བའི་ཕྱིར་ན་གསར་རྙེད་ཀྱི་དམག་ཁྲིམས་ཀྱི་ཡི་གེ་འདི་ནི་ཏུན་ཧོང་བྲག་ཕུག་ཨང་17པ་ལས་བྱུང་བ་ཡིན་ཞེས་བརྗོད་ཆོག་ལ། དེ་ལྟར་གཏན་འཁེལ་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་དོ། །
        མདོར་ན། གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་ཁྲིམས་ཡིག་འདིའི་རྗོད་བྱེད་ཚིག་གི་ཁྱད་ཆོས་དང་བརྗོད་བྱ་དོན་གྱི་འབྲས་བུ་གང་ཅིའི་ཐད་ནས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་ཙམ་ལ་བྱུང་བའི་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་དང་གཅིག་ཏུ་བལྟས་ནས་དཔྱད་པའི་ཡུལ་ལ་ཞུགས་ན་ནི་ཕ་བུ་ངོ་འཕྲོད་པ་ལྟ་བུ་ཞིག་འབྱུང་ངེས་སོ། །
 
ལུང་ཁུངས།
[1] པ་ཚབ་པ་སངས་དབང་འདུས། «གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་1
[2] ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། «སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་78
[3][4] མཁན་པོ་ཀུན་གསལ་བཟང་པོ། «དཔལ་ལྡན་ས་སྐྱ་པའི་གསུང་རབ» (པོད་གཉིས་པ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་152; 170
[5] ཚེ་ཏན་ཞབས་དྲུང་། «ཐོན་མིའི་ཞལ་ལུང» [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་75
[6][7] ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། «སུམ་རྟགས་རྩ་བ་དང་དེའི་འགྲེལ་པ་སི་ཏུའི་ཞལ་ལུང» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་77; 76
[8] ཀརྨ་སི་ཏུ། «སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་2
[9] བཀྲ་ཤིས་བསམ་གྲུབ་དང་འཕྲིན་ལས་རྒྱལ་མཚན། «བོད་ཡིག་ངོས་འཛིན་དང་ཚུགས་འབྲི་ཚུལ» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་73
[10] 马学良主编:«汉藏语概论» [M] ,北京:民族出版社,2003年,第151页。
[11] Richard Gombrich and James Benson: Complete Sanskrit, Oxford University,2010, p.7.
[12] གཉའ་གོང་དཀོན་མཆོག་ཚེ་བརྟན། «བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ» [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་208
 
རྩོམ་པ་པོ། རྡོ་རྗེ་དོན་གྲུབ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན།

ཡོང་ཁུངས། ཀྲུང་གོའི་བོད་རིག་པ། 2021ལོའི་དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།