གངས་རིའི་བརྩེ་གླུ།
རྩོམ་པ་པོ།:སྒོ་མེ་རྡོ་རྗེ་རིན་ཆེན།
ཡོང་ཁུངས།:དཔའ་རིས་བོད་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟར་གནས།
དུས་ཚོད།:2021-11-04
ཀློག་གྲངས།:
༄༅། །རྩོམ་པ་པོ་གྲགས་ཅན་རང་སྒྲའི་སྒྲུང་རིང«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཞེས་པ་བཀླགས་རྗེས་ཀྱི་ཉམས་སྣང་།
སྒོ་མེ་རྡོ་རྗེ་རིན་ཆེན།
གྲོགས་རང་སྒྲའི་སྒྲུང་རིང་ལག་ཏུ་ལོན་ནས་དུས་ཡུན་ངེས་ཅན་ཞིག་འགོར་ནའང་། ཞིབ་ཏུ་ལྟ་བའི་གོ་སྐབས་ཤིག་མ་བྱུང་། ད་ལོ་ཟླ་བདུན་པར་དབུས་སུ་སྐྱོད་པའི་མེ་འཁོར་སྟེང་ད་གཟོད་སྒྲུང་རིང་ཚིག་བཅད་མ་འདི་ཞིབ་ཏུ་ཀློག་པའི་སྟབས་ཀ་འགྲིག སྒྲུང་རིང་འདི་བཀླགས་རྗེས། ཐོག་མར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་ལ་ཐུགས་རྗེ་ཞུ་བསམ་ཞིག་དང་རྗེས་སུ་ཡི་རང་བྱེད་པའི་ཀུན་སློང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། རྒྱུ་མཚན་ནི་ཉེ་བའི་ལོ་ངོ་ཐུང་ཐུང་འདི་འགའི་རིང་ལ། ཁོང་རྣམ་པས་བོད་ཡིག་གི་སྒྲུང་རིང་བཅུ་ཁ་ཞིག་བསྟུད་མར་རྩོམ་སྒྲིག་པར་སྐྲུན་འགྲེམ་སྤེལ་བྱས་པ་ནི། ཧ་ལས་དགོས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ། རང་རེའི་ཞིང་ཆེན་རྩོམ་རིག་ལས་དོན་ཁྲོད་ཀྱི་རྟེན་འབྲེལ་ཞུ་འོས་པའི་དོན་ཆེན་ཞིག་ཀྱང་རེད་སྙམ་སོང་།གཤམ་ལ་རང་སྒྲ་ལགས་ཀྱི་སྒྲུང་རིང«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཞེས་པ་བཀླགས་རྗེས་ཀྱི་ཉམས་སྣང་ལྟར། རང་བློས་དཔོག་ཚོད་ཀྱིས་སྒྲུང་རིང་འདིའི་བསམ་བློ་རང་བཞིན་དང་། རྩོམ་རིག་རང་བཞིན། སྒྱུ་རྩལ་རང་བཞིན་སྐོར་ལ་དཔྱད་པ་ཕྲན་ཙམ་གཏོང་ཁལ་བྱས་ན།སྒྲུང་རིང«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཞེས་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཚིགས་བཅད་ཁོ་ནས་གྲུབ་པའི་སྒྲུང་རིང་ཞིག་ཡིན་པ་མ་ཟད། བོད་ཀྱི་དེང་རབས་སྒྲུང་རིང་ལོ་རྒྱུས་ཁྲོད་ཀྱི་ཚིགས་བཅད་སྒྲུང་རིང་ཐོག་མ་ཡིན་པས། གསར་གཏོད་རང་བཞིན་གྱི་ལོ་རྒྱུས་དོན་སྙིང་ལྡན་པ་ལྟ་ཅི་སྨོས། རྩོམ་པ་པོས་ལྷད་མེད་ཀྱི་བརྩེ་གདུང་དང་། གཏིང་ཟབ་པའི་བསམ་བློ། བྱང་གོམས་སུ་སོང་བའི་སྨྱུག་ཁ་བསྒྱུར་ནས། དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་བའི་མདོ་སྨད་བོད་ཡུལ་གྱི་གཏམ་རྒྱུད་ཅིག་སྣང་བརྙན་དུ་བཞེངས་ཡོད། སྒྲུང་རིང་གི་ཚིག་སྦྱོར་བདེ་ཞིང་ལྷོད་ཤ་དོད་ལ། ལྗོངས་བཀོད་བྲིས་པ་མིག་ལམ་དུ་འཚེར་ཞིང་། མི་སྣ་བྲིས་པ་སེམས་ཁམས་སུ་འདྲིས་པ་བཅས་ཡིན་པས། རྩོམ་པ་པོས་འགྲོ་བ་མིའི་འཚོ་གནས་ཁྲོད་ཀྱི་འགྱུར་མེད་ཐེར་ཟུག་གི་དབྱངས་རྟ་གཙོ་བོ་སྟེ། བརྩེ་བའམ་མཛའ་སེམས་ཞེས་པ་དེ། གཞོན་ནུ་ཕོ་མོ་གཉིས་ཀྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྒྱུད་ནས། མི་རྣམས་ལ་བརྩེ་གདུང་ཉམས་ལེན་དང་མི་ཚེ་བསམ་གཞིག་བྱེད་པའི་རྟོག་བཟོས་འཇིག་རྟེན་ཞིག་སྒྱུ་རྩལ་གྱི་ལམ་ནས་བཀོད་ཡོད།
དང་པོ། བསམ་བློ་གཏིང་ཟབ་ཅིང་།བསྟན་དོན་གསལ་ལ།མཐོང་རྒྱ་ཡངས་པ།
ཧྥ་རན་སེའི་རྩོམ་པ་པོ་གྲགས་ཅན་པར་ཀྲ་ཁིས་སྒྲུང་གཏམ་ནི་མི་རིགས་ཤིག་གི་སེམས་ཀྱི་གསང་རྣམ་རེད་ཅེས་གསུང་བ་ལྟར། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ན། མི་རིགས་དེའི་ཀློག་པ་པོར་རང་ཉིད་ཀྱི་དུས་རབས་ཤེས་ཤིང་བསམ་གཞིག་བྱེད་ནུས་པ་དང་། རང་ཉིད་འཚོ་སའི་ཡུལ་དུས་ཀྱི་གོ་གནས་ལ་བསྐྱར་དུ་ངེས་ཟིན་ཏེ། རང་བློའི་རྟོགས་པ་ཇེ་མཐོར་གཏོང་བར་གྲོགས་དན་བྱེད་འོས། དེ་ནི་དེང་རབས་སྒྲུང་གཏམ་གྱི་འགན་འཁྲི་དང་ཁག་ཁུར་རེད་སྙམ།
རྩོམ་པ་པོ་རང་སྒྲ་ལ་གསར་རྩོམ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། བརྗོད་དོན་གོ་སྒྲིག་བྱེད་སྐབས་གཞན་དྲིང་མི་འཇོག་པའི་ལག་ཐབས་ཤིག་ཡོད་པ་སྟེ། རྒྱུན་ལྡན་གྱི་གཏམ་རྒྱུད་ཅིག་ཡིན་ཡང་མི་སེམས་འགུག་པའི་ཟློས་གར་གྱི་རྐྱོང་ཤུགས་ཆེན་པོ་འཛོམས་པ་ཞིག་རེད།དཔེར་ན་སྐལ་བཟང་སྒྲོལ་མ་དང་སྐལ་བཟང་རྒྱ་མཚོ་གཙོ་ཡིན་པའི་སྒྲུང་གཏམ་མི་སྣ་རྒྱུད་དེ། བོད་པ་འགའི་སྣང་བརྙན་བྲིས་ཡོད་པའང་གསོན་ཉམས་ལྡན་ལ། དེ་དག་གི་སྤྱོད་ལམ་དང་། རང་གཤིས། ལྟ་བ་བཅས་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་རེ་ཡོད་ཅིང་། སྤྱི་ཚོགས་འཕོ་འགྱུར་དུས་སྐབས་ཀྱི་བན་བུན་དང་། འཚོལ་སྙེག འབད་རྩོལ་བཅས་བྱས་པའི་སེམས་ཀྱི་རྒྱུད་རིམ་ནི། གངས་ཅན་བོད་པའི་ཤེས་རྒྱུད་དང་འཚོ་བ་ལ་ཀུན་ནས་འདྲེས་པ་ཞིག་ཡིན་པས། མི་རིགས་ཤིག་གི་སེམས་ཀྱི་གསང་རྣམ་ཞིག་ཀློག་པ་པོའི་སྤྱན་སྔར་གློག་བརྙན་བཞིན་བསྟར་ཡོད།
གཉིས། སྐད་ཆ་ཐུན་མོང་མིན་ལ། བརྗོད་དོན་ཞིབ་ཅིང་རྒྱས་ཤིང་། མི་སྣ་གསོན་ཉམས་ལྡན་པ།
སྒྲུང་གཏམ་གྱི་རྒྱུ་རྐྱེན་གཙོ་བོ་སྒྲིག་གཞི་མིན་ལ་གཏམ་རྒྱུད་ཀྱང་མ་ཡིན། སྒྲུང་གཏམ་གྱི་རྒྱུ་རྐྱེན་གཙོ་བོ་ནི་རྩོམ་རིག་སྐད་ཆ་རེད། རྩོམ་པ་པོ་གྲགས་ཅན་ཞིག་གིས་སྐད་ཆ་ནི་འགྲོ་བ་མིའི་འཚོ་བ་དང་བསམ་པའི་སྣོད་ཆས་ལྟ་བུ་རེད་ཅེས་གསུང་མྱོང་། ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་ཡིན་ན། ཁོང་གི་བརྩམས་ཆོས་ནང་ནས་གང་འདོད་ཀྱིས་ཚིག་འགའ་དྲངས་ནའང་། ཁོང་གི་སྐད་ཆའི་ཚོར་སྣང་རྟོགས་ཐུབ་ཅིང་། སྒྲུང་གཏམ་སྒྲིག་གཞིའི་བྱང་རྩལ་དང་། བྱ་དངོས་ལས་ཐོན་པའི་ཤེས་ཚོར། སྒྲུང་གཏམ་གྱི་བརྗོད་བྱ་བཅས་ཤེས་ཐུབ།
འདིའི་སྐོར་སྒྲུང་རིང«འཇའ་ཚོན»ལ་གཤམ་གྱི་ཁྱད་ཆོས་འགའ་ཡོད་སྙམ།
དང་པོ། སྙན་ངག་གི་སྐད་ཆ་བེད་སྤྱད་ནས་སྒྲུང་གཏམ་གྱི་བྱུང་རིམ་བྲིས་པ་དེས། རྩོམ་པ་པོའི་འཇོན་ཐང་མངོན་པ་མ་ཟད། སྒྲུང་གཏམ་མི་སྣ་གཙོ་བོ་གཟེངས་སུ་གཏད་དེ། འཚོ་གནས་ཀྱི་རྣམ་པ་དང་བསམ་པའི་འཁྱེར་སོ་བསྟན་ཡོད། དཔེར་ན། ལེའུ་དང་པོ། བརྩེ་བའི་འོད་ཐིག་ཅེས་པའི་ནང་། སྤྲིན་དཀར་ས་ལ་བབས་པའི་ཉམས་སྣང་འདི། སྐལ་བཟང་བློ་སྣ་འཕྲལ་རྒྱུས་འཁྲུལ་བ་སྟེ། ཆུ་འཛིན་གུར་ཁང་ས་ལས་ཕུབ་པ་མིན། རྨིག་ལྡན་གཡང་དཀར་རྩྭ་ལ་བཀྲམ་པ་ཡིན།གང་ལ་བལྟས་ན་སྣང་བ་མཁའ་ལྟར་ཡངས། ཞེས་པ་དེ་ལས་གཞོན་ནུ་སྐལ་བཟང་རྒྱ་མཚོའི་སྐབས་དེའི་སེམས་ཀྱི་སྤྲོ་སྣང་དེ་ཡུལ་ཀྱི་བཀོད་པ་ལ་རྟེན་ནས་རྟོགས་ཐུབ། ཡང་དཔེར་ན།ལེའུ་གཉིས་པའི་མི་མེད་ཡུལ་ལུང་ཞེས་པའི་ནང་། ཡར་ལ་བལྟས་ན་ཨ་སྔོན་སྟོང་པ་སྟེ། སྐར་ཚོགས་མང་ཡང་ལག་པ་བསྲོ་ཐབས་མེད། མར་ལ་བལྟས་ན་དོག་མོ་སྟོང་པ་སྟེ། རྩི་ཏོག་མང་ཡང་དྲོན་པོའི་མལ་བསྟན་མིན།བར་སྣང་འདི་ན་རླུང་ལ་ཤུར་སྒྲ་ཆེ།རྐང་ལག་མེད་ཀྱང་རུས་པའི་ཧ་ལ་འཛུལ། རྩི་ཤིང་ཁ་ནས་སྐྱོ་བའི་གླུ་དབྱངས་ལེན། ཆབ་རོམ་སྦུབས་སུ་ཆུ་མོས་རམ་འདེགས་དཀྲོལ།ལྟ་བུ། དེ་ལས་མི་མེད་ལུང་སྟོང་གི་རྣམ་པ་ཇི་བཞིན་མཚོན་ཞིང་། སྐལ་བཟང་རྒྱ་མཚོའི་སྐབས་དེའི་སེམས་ཀྱི་འགྱུར་བ་རྟོགས་ཐུབ།
གཉིས། བོད་ཀྱི་སྲོལ་རྒྱུན་གཏམ་རྒྱུད་ཀྱི་སྐད་ཆའི་ཁྱད་ཆོས་བེད་སྤྱད་ནས། མདོ་སྨད་བོད་ཡུལ་གྱི་ལྗོངས་བཀོད་དང་མི་སྣའི་རྣམ་འགྱུར་སོགས་བྲིས་པ་དེས། ཀློག་པ་པོར་བག་ཆགས་ཟབ་མོ་ཞིག་འཇོག་ངེས། དཔེར་ན་ལེའུ་བཞི་པའི་གཡེར་དྲིལ་སྙན་མོ་ཞེས་པའི་ནང་། རྒྱབ་རི་གླང་ཆེན་ཉལ་འདྲའི་མདུན་རོལ་ན།མདུན་རི་ཤུག་པས་ཁེབས་པའི་ནང་ཤེད་ན། དྲི་བསུང་བདུག་སྤོས་འཐུལ་བའི་དཀྱིལ་འཁོར་ན། སིལ་སྙན་གཡེར་དྲིལ་འཁྲོལ་བའི་ཆོས་སྡེ་ཞིག། ལྟ་བུ་དང་། ལེའུ་དྲུག་པའི་སྦྲ་ཆུང་གྲུ་བཞི་ཞེས་པའི་ནང་།སྐལ་བཟང་སྒྲོལ་མ་ཕ་མའི་གཉེན་བཙན་སྒྲིག་བྱེད་པ་ལས་གཞའ་ཆེད། བྲོས་བྱོལ་དུ་འགྲོ་བའི་མཚན་མོ་དེའི་རྣམ་པ་བྲིས་པ་འདི་ལྟར། སྦྲ་སྒོ་ལག་པས་དལ་གྱིས་བཀྱགས་པའི་ཚེ། ཟླ་བའི་འོད་ཅིག་སྦྲ་ཡི་ནང་དུ་འཕྲོས། ཕ་མའི་ཞལ་ཁྱིམ་དེ་ཡིས་གསལ་བར་བྱས། ཁོ་མོའི་གོམ་པའི་འདེགས་འཇོག་དམ་སེ་བཀག ཅེས་པ་དེས་སྐལ་བཟང་སྒྲོལ་མའི་སྐབས་དེའི་མ་བྲོས་ན་ཐབས་མེད་ལ། བྲོས་ན་ཡིད་ཀྱིས་མི་ནུས་པའི་སེམས་ཀྱི་སྐྱོ་སྡུག་དེ། ལུས་ཀྱི་ཉམས་ལས་མཚོན་པར་བྱས་པ་ནི། རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་མཚོན་སྟངས་ཤིག་རེད་སྙམ།
གསུམ། སྒྲུང་གཏམ་ནང་དམངས་ཁྲོད་རྩོམ་རིག་གི་སྐད་ཆ་བསྡུ་ལེན་བྱས་ཏེ། གཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པའི་དཔེ་ལྟར། བོད་མིའི་སྤྱོད་ལམ་དང་། གཤིས་རྒྱུད། དད་མོས་ལ་སོགས་པར་དམངས་སྲོལ་རིག་གནས་དང་འཐིམ་འདྲེས་ཆེ་བས། སྒྲུང་གཏམ་འདིའི་རྩོམ་རིག་རིན་ཐང་ཇེ་མཐོར་གཏོང་བར་གྲོགས་དན་བྱས་ཡོད་པ་མ་ཟད། མཛེས་རིག་རིན་ཐང་གི་ཕྱོགས་ནས་ཀྱང་མཐུན་རྐྱེན་བསྐྲུན་ཡོད་སྙམ།
གསུམ། རྩོམ་གྱི་སྒྲིག་གཞི་ཆེ་ཞིང་། ཡུལ་ཀྱི་བརྩེ་བ་ཟབ་པ། བསམ་པ་རྣམ་དག་མཚོན་པ།
སྒྲུང་གཏམ་ནི་རང་ལ་ལྟ་བའི་མེ་ལོང་ལྟ་བུ་ཞིག་ཡིན་པའི་ཆ་ནས། རྩོམ་པ་པོས་འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་ལ་རྟོག་ཞིབ་གཏིང་ཟབ་མོ་ཞིག་བྱས་མེད་ཚེ། མིའི་རིགས་ཀྱི་སེམས་ཁམས་སུ་ཞུགས་འདོད་པ་ནི་ངལ་བ་འབྲས་མེད་ཀྱི་ལས་ཤིག་རེད། སྒྲུང་རིང«འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཞེས་པར་ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་མེད་ལ། གཞན་ལ་རྫུན་ལྷོངས་འདེབས་པའི་མུན་སྤྲུལ་མེད་པར། དེང་རབས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག་དམངས་སྲོལ་དང་། དམངས་སེམས་གཉིས་གཞི་གཅིག་ཏུ་སྦྲེལ་ཏེ།ན་གཞོན་ཕོ་མོ་གཉིས་ཀྱི་དགའ་སྐྱོ་འདུ་འབྲལ་གྱི་བརྩེ་དུང་རུ་རྟ་བྱས་ཏེ། བོད་པའི་དངོས་ཡོད་འཚོ་བའི་ནང་གི་མི་གཤིས་དང་། མི་ཕྱེད་དད་པའི་འོག་གི་ལས་དབང་རྒྱུད་ནས། སྒྱུ་རྩལ་གྱི་ཐུན་མོང་རང་བཞིན་ཞིག་གིས་ཁྱད་པར་ཅན་གྱི་དུས་རབས་དེར། མི་རྣམས་རིམ་གྱིས་དགེ་བའི་ལས་ལ་གཞོལ་བ་དང་། འཆམ་མཐུན་སྤྱི་ཚོགས་ཀྱི་སྐྱ་རེངས་གསར་བ་བསུ་བའི་ཉམས་དགའི་རྣམ་པ་ཞིག་ཀློག་པ་པོའི་ཡིད་ངོར་གསལ་བོར་བཀོད། དེ་ནི་སྒྲུང་རིང་འདིའི་དོན་གྱི་སྙིང་པོ་རེད་སྙམ།
མདོར་ན། «འཇའ་ཚོན་གྱིས་འཁྱུད་པའི་བརྩེ་བ»ཞེས་པའི་སྒྲུང་རིང་ནི། རྩོམ་པ་པོའི་མ་བཅོས་སེམས་ཁོངས་ལས་ཕྱུང་བའི་གངས་རིའི་བརྩེ་གླུ་ཞིག་ཡིན་ཞིང་། བརྩེ་གླུ་དེའི་ནང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མི་གཤིས་གཙང་མ་ཞིག་འདུས་ཡོད་ལ། དེང་རབས་འདུ་ཤེས་ཁྲོད་རིམ་གྱིས་ཉམས་བཞིན་པའི་གཡའ་མེད་རྣམ་དག་གི་ཀུན་བྱམས་འཚོ་བ་དང་། སྙིང་རྗེ་བཟོད་སྒོམ་གྱི་མི་ཚུལ་བརྩེ་སེམས་བཅས་འདུས་ཡོད་པས། བསམ་གཞིག་གི་བློ་སྒོ་འབྱེད་ནུས་པའི་བརྩམས་ཆོས་ཁྱད་པར་ཅན་ཞིག་རེད་སྙམ།
གྲོགས་རང་སྒྲ་ལགས། མར་དྲི་རྩམ་དྲི་ཅན་གྱི་བརྩམས་ཆོས་གང་མང་བལྟམས་པར་རེ་ལྟོས་བྱས་ཡོད།
ཁ་དྲོ། བཀྲ་ཤིས།
སྤྱི་ལོ༢༠༢༡ལོའི་ཟླ༧ཚེས༨ཉིན་ལྷ་ལྡན་གྲོང་ཁྱེར་ནས་བྲིས།
རྩོམ་པ་པོ་ངོ་སྤྲོད།
སྒོ་མེ་རྡོ་རྗེ་རིན་ཆེན། ཞུས་ཆེན་ལོ་ཙྭ་བ། སྐྱེས་ཡུལ་མཚོ་སྔོན་ཁྲི་ཀ་རྫོང་། ༡༩༧༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། ལོ་དེར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་བྱ་བ་སྒྲུབ་མགོ་བརྩམས། ༢༠༡༦ལོར་ལས་འཁྱུར་ངལ་གསོ་བྱས།བརྩམས་ཆོས་གཙོ་བོ། སྒྲུང་གཏམ«ཨ་མའི་སེམས» སྒྱུར་རྩོམ«ལེ་གསོལ» «དཔལ་ལྡན་ཡབ་མེས་རྒྱལ་ཁབ» «འཇིག་རྟེན་སྐྱེ་བོའི་བློ་སྒོ་འབྱེད་པའི་དཔེ་མཚོན་གཏམ་རྒྱུད༡༠༡»སོགས་ཡོད།
སྒོ་མེ་རྡོ་རྗེ་རིན་ཆེན། ཞུས་ཆེན་ལོ་ཙྭ་བ། སྐྱེས་ཡུལ་མཚོ་སྔོན་ཁྲི་ཀ་རྫོང་། ༡༩༧༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། ལོ་དེར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་བྱ་བ་སྒྲུབ་མགོ་བརྩམས། ༢༠༡༦ལོར་ལས་འཁྱུར་ངལ་གསོ་བྱས།བརྩམས་ཆོས་གཙོ་བོ། སྒྲུང་གཏམ«ཨ་མའི་སེམས» སྒྱུར་རྩོམ«ལེ་གསོལ» «དཔལ་ལྡན་ཡབ་མེས་རྒྱལ་ཁབ» «འཇིག་རྟེན་སྐྱེ་བོའི་བློ་སྒོ་འབྱེད་པའི་དཔེ་མཚོན་གཏམ་རྒྱུད༡༠༡»སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།