logo

དོ་རྒྱ་བསོད་ནམས་ཚེ་རིང་གི་རྩོམ་གསར།

རྩོམ་པ་པོ།:དོ་རྒྱ་བསོད་ནམས་ཚེ་རིང་། ཡོང་ཁུངས།:རྐང་ལམ་ཕྲ་མོ་འཕྲིན་སྟེགས། དུས་ཚོད།:2021-12-31 ཀློག་གྲངས།:
“ཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མ”ལ་གྱེས་བརྡ་གཏོང་བ།
དོ་རྒྱ་བསོད་ནམས་ཚེ་རིང་།
 
        སློབ་གྲྭའི་དགེ་རྒན་དག་ནི་མི་རབས་རྗེས་མའི་གསོ་སྐྱོང་ལ་བཀའ་དྲིན་ཤིན་ཏུ་ཆེ། སྐད་ཡིག་དགེ་རྒན་གྱིས་སྐྱ་བོའི་སྡེ་རུ་འབྲི་ཀློག་གི་བསྟན་པ་དར་བར་བྱས། ཡིན་ནའང་དུས་ཀྱི་འགྱུར་བ་དང་བསྟུན་ནས་སྐད་ཡིག་དགེ་རྒན་གྱི་སློབ་ཁྲིད་ཀྱི་ཆད་པ་རྣམས་ལྷང་ལ་འབུད་བཞིན་ཡོད།
        སྔོན་མ་སློབ་གྲྭ་རུ་སྐད་ཡིག་ཁྲིད་དུས་སུ། སློབ་མའི་ཡིག་རྨོངས་སེལ་བའི་ཚུལ་གྱིས་ཁྲིད་པ་སྟེ། སློབ་མས་ཡིག་གཟུགས་སྨྱུག་རིམ་མེད་པ་ཞིག་འབྲི་ཤེས་པ་དང་། ཡི་གེ་སྦྱོར་ཀློག་ཤེས་པ། ཡི་གེའི་ནང་དོན་རགས་ཙམ་གོ་བས་ཆོག་པར་བརྩིས་པ་རེད། ཕྱིས་སུ་དེས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ནུས་པས་ཚིག་སྒྲིག་པ་གལ་ཆེན་དུ་མཐོང་ནས་དགེ་རྒན་དག་གིས་ཤུགས་ཅུང་ཟད་བརྒྱབ་མོད། ཅང་མ་འགོར་བར་དུས་རབས་གསར་པའི་རྒྱུགས་ལ་དྲིས་ལན་ཚད་ལྡན་འདེབས་པ་ཞིག་དར་བས། སློབ་མས་ཡིག་གཟུགས་ཚད་ལྡན་འབྲི་བ་དང་། ཚིག་ངོ་མ་སྒྲིག་པ། ཁ་སྐད་འབྲེལ་འདྲིས་དངོས་མ་བཤད་པ། འཚོ་བ་དངོས་ཀྱི་བྱིས་རྩོམ་འབྲི་བའི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་མ་ཐུབ་པར་ལུས་སོ།།
        ཁ་སང་དེ་རིང་ཡིན་ན། ཆ་འཕྲིན་ལག་རྩལ་དར་བའི་སྒང་ལ་རྒྱ་ཡིག་དང་དབྱིན་ཡིག་གི་སློབ་ཁྲིད་ཀྱི་ཕྱོགས་ནས་སྐད་ཡིག་གི་ཉན་བཤད་འབྲི་ཀློག་གི་ནུས་པ་དང་། བྱང་ཚད་གཙིགས་སུ་འཛིན་བཞིན་ཡོད་ལ། གྲུབ་འབྲས་ཀྱང་མི་དམན་པ་འཐོབ་བཞིན་འདུག།  
        དེ་ཡང་རྒྱ་ཡིག་དགེ་རྒན་ཚོས། སློབ་མས་སློབ་ཚན་གྱི་ནང་དོན་དཔྱིས་ཕྱིན་པ་དང་བདེ་བླག་གིས་རྟོགས་ཕྱིར། ཁྲིད་ཆས་དང་། PPT ཁྲིད་ཐུང་སོགས་བཟོ་ཅི་ཐུབ་བྱེད་ཅིང་། སློབ་ཆུང་ནས་བཟུང་སྟེ། སློབ་མ་ལ་སྐད་ཆ་བཤད་དུ་འཇུག་པ་དང་། རྩོམ་འབྲི་རུ་འཇུག་པ། དེབ་གཞན་ཀློག་ཏུ་འཇུག་པ་མ་ཟད། སློབ་ཁྲིད་བྱེད་དུས་ཀྱང་སློབ་མའི་ལུས་ངག་ཡིད་གསུམ་ཐམས་ཅད་པོ་གདོད་མ་བཞིན་མི་སྐྱུར་བར་ཡོངས་སུ་སྒུལ་བར་བྱེད་ལ། ཐ་སྙད་རེ་རེ་མིང་དང་། ལས་ཚིག། རྒྱན་ཚིག། ཚིག་རྒྱན་ཅི་ཡིན་སོགས་སུམ་རྟགས་དག་གསུམ་སྙན་ངག་དང་བཅས་པར་སྦྱར་ནས་བཤད།
        འོན་ཀྱང་། བོད་ཡིག་དགེ་རྒན་མང་པོས་སྔར་བཞིན་དུ་སྒོ་སམ་ངོས་ལ་སློབ་ཚན་གྱི་ཁ་བྱང་རེ་འབྲི་བ་དང་། སློབ་ཚན་འདོན་པ། སློབ་ཚན་འགྲེལ་བཤད་བྱེད་པའི“ཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མ”ཁོ་ན་སྤྱོད་པར་བྱེད་དོ།།
        དོན་དངོས་འདི་འདྲ་ཞིག་འབྱུང་བའི་རྒྱུ་རྐྱེན་ནི། བོད་ཡིག་དགེ་རྒན་མང་པོས་ད་ལ་ཐུག་གི་བར་དུ། སྐད་ཡིག་སློབ་ཁྲིད་ལ་ཁྲིད་ཡིག་འབྲི་མི་དགོས་པར་འདོད་བཞིན་ཡོད་ལ། གལ་ཏེ་བྲིས་ཀྱང་བཀོལ་ས་ཅི་ཡང་མེད་པར་བཤད་ཅི་ཐུབ་བྱེད། ཁྲིད་ཡིག་མི་འབྲི་བའི“འཆར་གཞི་མེད་པའི་གཡུལ་འགྱེད”དང་། “ལོང་བས་ལོང་བ་ཁྲིད་པའི་གཡང་ལྷུང་། ”མུན་ནག་མདའ་འཕེན་གྱི་ཚོད་དཔག་སློབ་ཁྲིད་དེས་སྐད་ཡིག་དགེ་རྒན་གྱི་གོ་གནས་གནམ་ནས་བླངས་ཏེ་ཐང་ལ་ལྷུང་བར་བྱེད་ཅིང་། སྐྱེ་བོ་ཀུན་ལ་བོད་ཡིག་འདོན་ཤེས་པ་ཡོད་ཚད་ཀྱིས་སྐད་ཡིག་འཁྲིད་ཤེས་ངེས་རེད་སྙམ་པའི་ལོག་རྟོག་སྐྱེས་སུ་བཅུག་ཡོད། དེ་ལྟར་ཡང་ཡིན་པ་འདྲ་སྟེ། ད་ནི་བོད་ཡིག་ཤེས་པ་ཡོད་ཚད་ཀྱི་ལག་ཏུ་གློ་བུར་དུ་སྐད་ཡིག་སློབ་དེབ་གང་ཞིག་བཞག་ཀྱང་ཁྲིད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད་པའི་ཚད་རེད། རྒྱུ་མཚན་ནི། ཡིག་གཟུགས་ལ་ཚད་གཞི་མེད་པའི་སློབ་ཚན་གྱི་ཁ་བྱང་ཙམ་པོ་སྒོ་སམ་ལ་འབྲི་བ་དང་། སློབ་ཚན་ཤར་འདོན་བྱེད་པ། སློབ་ཚན་འགྲེལ་བཤད་རྒྱག་པའི་སློབ་ཁྲིད་ནི་དེང་སང་གི་སློབ་གྲྭ་བ་སུས་ཀྱང་བྱེད་ཐུབ་ངེས་རེད། དེ་ཡང་ཡིན་ཏེ། གལ་ཏེ་མིང་དང་། ཚིག་གི་དོན་འགའ་རེ་རང་གིས་མི་ཤེས་ན་སློབ་མར་མ་བཤད་ན་ཆོག་ལ། ཅིས་ཀྱང་བཤད་དགོས་པ་བྱུང་ཚེ་རི་ཞིག་དང་། ཆུ་ཞིག། གནས་ཤིག། མེ་ཏོག་ཅིག། རིན་པོ་ཆེ་ཞིག། ཤིང་ཞིག་ཅེས་ཕྱོགས་ཙམ་བསྟན་ཀྱང་ཆོག་ནས་འདུག། རང་གིས་མི་ཤེས་བཞིན་དུ་སློབ་མར་ཚོད་དཔག་བྱས་ནས་བཤད་ཀྱང་སློབ་མ་རྣམས་ལ་ཤེས་ཀི་ཤེས་ཀི་ཟེར་རྒྱུ་ཞིག་ལོབས་སུ་བཅུག་ནས་ཡོད་དོ།།
        འདི་ནི་ཁོ་བོས་སྒྲོ་འདོགས་སུ་འདོད་ན། དགེ་རྒན་གཏན་ནས་བྱས་མ་མྱོང་བའི་རྩོམ་པ་པོ་དང་། གསར་འགོད་པ། ལོ་ཙཱ་བ། སྐད་བསྒྱུར་པ། སློབ་ཆེན་པ། སྨན་པ། སྔགས་པ། གྲྭ་པ་ལམ་འགྲོ་བ་ཆེ་གེ་མོ་ཞིག་ཅི་དགར་བོས་ལ་སློབ་ཁྲིད་བྱེད་དུ་ཆུགས་དང་། “ཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མའི”ཁྲིད་འདི་མི་འགྲོ་བ་ཞིག་ཧ་ལམ་མེད། ད་དུང་ཁྲིགས་ཁྲིགས་མེད་ན་སློབ་ཁྲིད་ཀྱི་ཡོན་ཏན་དང་། ཐབས་ལམ། གྲུབ་འབྲས་རྣམས་དགེ་རྒན་རྙིང་བ་དག་གི་ཡན་ན་ཡོད་ཀྱང་སྲིད། དེ་ལྟར་ཡིན་པ་དེས་དོན་ལ་ཅི་ཞིག་མཚོན་པ་རེད་ཅེ་ན། ལམ་འགྲོ་བ་དག་ནི་བོད་ཡིག་དགེ་རྒན་རྙིང་བ་ལས་ཕྱོགས་གང་ཅིའི་ཐད་ནས་ཡོན་ཏན་གྱིས་ལྷག་པར་མཚོན་པ་མ་ཡིན་ཏེ། ཏག་ཏག་བོད་ཡིག་དགེ་རྒན་ཚོས་དགེ་རྒན་རང་ཉིད་ལ་མཁོ་བའི་སློབ་ཁྲིད་གྲ་སྒྲིག་དང་། ཁྲིད་ཆས། ཁྲིད་ཐབས་ཅི་ཡང་ཚགས་སུ་ཆུད་པར་མ་བྱས་པར་ཉི་མ་ནམ་ཚ་བཏང་དང་གཏོང་བཞིན་པ་མཚོན་ལ། དེས་མ་བསམས་ས་ནས་སྐད་ཡིག་དགེ་རྒན་གྱི་ཚབ་སུས་ཀྱང་བྱེད་ཐུབ་པའི་རང་བཞིན་གྱི་ཚད་ཇེ་མཐོར་བཏང་ཟིན་པ་རེད།
        དེ་བས་སློབ་ཁྲིད་གྲ་སྒྲིག་མི་བྱེད་པ་དང་། སློབ་ཁྲིད་ཇུས་འགོད་མི་བྱེད་པ། ཁྲིད་ཡིག་མི་འབྲི་བ། ཁྲིད་ཆས་མི་བཟོ་བ་དང་། དེ་དག་བཀོལ་མི་ཤེས་པ་དང་མི་བཀོལ་བ། སློབ་མར་ཇི་ལྟར་ཁྲིད་ན་ལས་སླ་བོར་ཤེས་པའི་ཐབས་བཀོད་མི་འཐེན་པའི་སྐད་ཡིག་དགེ་རྒན་དག་ནི་ཡུལ་དང་དུས་དང་རང་བཞིན་གྱིས་སློབ་གསོའི་མཐའ་ལ་དེད་ཟིན་པས། ད་ནི་བོད་ཡིག་སྔོན་ཐོན་ཡིན་ཚུལ་དང་། གལ་ཆེ་ཚུལ། སྦྱོང་དགོས་ཚུལ་གྱི་ཡུས་བཤད་པས་རང་རང་ལ་སློབ་ཁྲིད་བྱེད་ཐབས་ཀྱིས་དབུལ་ཞིང་འཇུག་པར་དཀའ་བའི“སློབ་ཁྲིད་ཆག་སྒོ”བཟློག་པར་མི་འགྱུར་བས། སྐད་ཡིག་དགེ་རྒན་སུ་ཞིག་གིས་སྔ་ས་ནས་སློབ་མས་ལས་སླ་བོར་ཤེས་བྱ་ཁོང་དུ་ཆུད་པ་དང་། ནུས་པ་བདེ་བླག་ཏུ་འཛོམས་པ། བསམ་བློ་དུས་སུ་སྨིན་པའི་ཐབས་ལ་བརྩོན་ན་དགེ་རྒན་དེའི་སློབ་མའི་སྐྱིད་ཀྱི་ཉི་མ་ཁོང་ནས་འཆར་བ་ཡིན་ལ། དེ་ནས་བཟུང་སྟེ། སུ་ཡིན་གང་ཡིན་གྱིས་སྐད་ཡིག་དགེ་རྒན་ལ་གླགས་འཚོལ་བའི་གོ་སྐབས་རྙེད་པར་མི་འགྱུར་རོ།།
༢༠༢༡.༡༢.༢༩
འབྲེལ་ཡོད་འོས་སྦྱོར།