ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱི་དཔེ་ཀློག་ཟིན་ཐུང་།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-01-07
ཀློག་གྲངས།:
༄༅། །ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་བཀླགས་པའི་དྲན་འཆར།
ར་སེ་དཀོན་རྒྱམ།
མདོ་འདི་ནི་བོད་ཀྱི་ཆོས་འབྱུང་སྨྲ་བ་རྣམས་ལ་གྲགས་ཆེ་བ་ཅིག་ཡིན་ལ། མདོ་གཞན་དང་མི་འདྲ་བར་གྲགས་ཆེ་བའི་དོན་ཡང་མདོ་འདི་ལས་འདི་སྐད་ཅེས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་པའི་ལུང་བསྟན་ཡོད་པ་དང་། གདོང་དམར་ཅན་གྱི་ཡུལ་དེ་ནི་བོད་ཡུལ་ཡིན་པར་ངོས་འཛིན་མཛད་པས་ཡིན་ལ། ཆོས་འབྱུང་དང་བསྟན་རྩིས་མང་པོར་ལུང་འདྲེན་ཡང་ཡང་མཛད་པ་མཇལ་རྒྱུ་ཡོད་དོ། །
ཉེ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤར་དུ་བཏབ་པ་དེ་ཉིད་མཇལ་བའི་ཚེ་ན། ཁོང་གིས་ལུང་བསྟན་གྱི་ལུང་བསྟན་དེ་ཉིད་ཀྱི་མདོ་དེ་ཉིད་ན་མ་བཞུགས་པའི་ཚུལ་གསུངས་འདུག དེའི་དེབ་ངོས་༢༠༡ལས། དེ་ལྟར་བསྟན་པ་ལོ་སྟོང་དང་ཉིས་སྟོང་སོགས་ལ་གནོད་བྱེད་ཀྱི་ཁུངས་ཀུན་མཁྱེན་བུ་རིན་པོ་ཆེས་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ།།ཞེས་པའི་ལུང་བསྟན་ཡོད་ཚུལ་གསུང་པར་བརྟེན། ད་ཕན་རང་གཞན་གྱི་བསྟན་རྩིས་སྨྲ་བ་མཐའ་དག་མགྲིན་པ་བཏེག་སྟེ་ལུང་འདྲེན་པ་ཤ་སྟག་མཆིས་ཀྱང་། རྒྱལ་རྩེ་ཐེམ་སྤངས་མའི་རྒྱུད་འབུམ་རྩ་བའི་དབུར་ལྷ་མོ་དྲི་མ་མེད་པའི་འོད་ཟེར་གྱིས་ཞུས་པའི་མདོ་ཟེར་བ་ཞིག་དང་། མདོ་མངས་ཨ་བའི་ནང་དུ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ཞེས་པ་གོང་དང་འགྱུར་མི་འདྲ་བ་ལས་དོན་གཅིག་པ་ཞིག་འདུག་པ། གཉིས་ཀར་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་པའི་ཚིག་ཡེ་མི་སྣང་ཞིང་། གཞན་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ཞེས་རྒྱུད། དཀོན་བརྩེགས། མདོ་མངས་སོགས་སུ་གང་གི་ཁོངས་སུ་འང་མ་བཞུགས་ངེས་ནས། འདི་དང་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོའི་ལུང་། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །ཞེས་སོགས་ཡོད་ཚུལ་འདྲེན་པར་སྣང་བ་རྣམས་མཁས་པ་ཆེན་པོའི་གསུང་ལ་སོང་བའི་ཚིག་དེ་དག་ལུང་ཁོལ་བུར་འགྱུར་བ་མེད་པའི་ངེས་པ་མ་མཆིས་ནའང་། མདོ་དེ་དག་ཁོངས་སུ་མེད་ངེས་པས་རྣམ་པ་རྫུན་གྲོག་མོ་ཕུ་རྡུགས་སུ་སོང་བ་ལྟ་བུར་འདུག་པས། རྗེས་འཇུག་བློ་ལྡན་རྣམས་ཀྱིས་སྨྲ་བའི་ལྗགས་རིང་པོར་རྐྱོང་བར་འཚལ་ལོ། །ཞེས་གསལ་པོར་བཀོད་འདུག་གོ །
དེས་ན་དཀར་ཆག་འདི་ཉིད་ཀྱིས་ལུང་འདིར་དོགས་པ་བསླངས་འདུག་པས་ན། ཁོ་བོས་ལྷ་སའི་བཀའ་འགྱུར་གྱི་མདོ་མང་པོད་པ་རུ་བཞུགས་པའི་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་བམ་པོ་བཞི་ཅན་བཀླགས་པ་མ་ཟད། སྡེ་དགེ་བཀའ་འགྱུར་གྱི་མདོ་མང་པོད་བ་པར་བཞུགས་པའི་མདོ་དེ་ཉིད་ཀྱང་བཀླགས་ཤིང་། འཇང་བཀའ་འགྱུར་མདོ་མང་པོད་བ་པར་བཞུགས་པའང་བཀླགས་པ་ཡིན་མོད། ཡོངས་གྲགས་ཀྱི་ལུང་བསྟན་ཚིག་དེ་ནི་གསུམ་ཀར་མ་བཞུགས་པར་མཐོང་བྱུང་ལ། འགྱུར་བྱང་ཡང་འཁོད་མི་སྣང་བས་ཡ་མཚན་ཆེན་པོ་བྱུང་བ་མ་ཟད། སྡེ་སྲིད་རིན་པོ་ཆེའི་གསུངས་ལ་ཡང་དག་པའི་ངེས་པ་རྙེད། ལྷ་པར་ན་གདོང་དམར་ཞེས་པ་ཐེངས་བཅུ་དགུ་ཐོན་འདུག་པ་དང་། སྡེ་པར་ན་གདོང་དམར་ཞེས་པ་བཅུ་དྲུག་དང་། འཇང་པར་རུ་གདོང་དམར་ཞེས་པ་བཅུ་བདུན་ཐོན་འདུག མདོ་འདིར་ཅུང་ཟད་ཞིབ་དཔྱད་ཞུས་ན། དེར་གསལ་བའི་གསེར་གྱི་ཡུལ་དང་གསེར་གྱི་རིགས་ཀྱི་རྒྱལ་པོ་ཞེས་པ་དག་ནི་བོད་ཡུལ་ལ་ཟེར་བ་ཡིན་ནམ་སྙམ་པ་ཤར།
རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་གང་གཱ་ན། མདོ་འདི་ལ་དཀར་ཆག་སྔོན་མ་ལ་ལར་བམ་པོ་དྲུག་ཏུ་བྱས་པའང་སྣང་ཞིང་། འདི་དྲི་མ་མེད་པའི་འོད་ལུང་བསྟན་པ་དང་། ལི་ཡུལ་ལུང་བསྟན་ཡང་ཟེར།ཞེས་མཆན་བུ་མཛད་འདུག་པས། ད་ཡོད་ལ་བམ་པོ་བཞི་འདུག་པས་འགྱུར་བ་ཅི་འདྲ་ཐེབས་ཡོད་དམ། འགྱུར་མི་འདྲ་བས་ཡིན་ནམ། ལུང་བསྟན་དེ་ཉིད་སྔ་མོ་ཡོད་པ་ལ་ཕྱིས་སུ་མེད་པར་བཟོས་པ་ཡིན་ནམ། ཅིའི་ཕྱིར་མེད་པར་བཅོས་པ་ཡིན་ནམ། རང་རེའི་བསྟན་རྩིས་ཀྱི་གཞི་འཛིན་ས་འམ་ཁུངས་སུ་གྱུར་པའི་ལུང་བསྟན་གྱི་ཚིག་གལ་པོ་ཆེ་དེ་ཉིད་ད་ཡོད་བཀའ་འགྱུར་ཁག་ན་མི་བཞུགས་པ་གང་ཡིན་ནམ།
མ་གཞི་མདོ་འདི་ནི་གླང་རུ་ལུང་བསྟན་པའི་མདོ་དང་འདྲ་བར་བརྗོད་བྱ་གཙོ་བོ་ནི་ལི་ཡུལ་ཁོ་ན་ཡིན་འདུག་མོད། བོད་ཀྱི་མཁས་པ་རྣམས་ཀྱི་གདོང་དམར་ཞེས་པ་དེ་ཉིད་བོད་ཡུལ་དུ་ངོས་བཟུང་བ་ནས་བརྩམས་ཏེ། བོད་ཡུལ་དུ་མདོ་འདིའི་ལུང་བསྟན་གྱིས་མཁས་པའི་མདུན་སར་གནས་བབས་མཐོན་པོ་བཟུང་མྱོང་བ་ཡིན་ཞིང་། དོན་ལ་སྔ་ས་ནས་གཞི་ཟིན་ས་མེད་པར་སྦོ་ལུག་ཟིན་མིན་ལ་མ་ལྟོས་པར་འདིར་བཀའ་འགྱུར་ན་བཞུགས་ཡོད་མེད་ཀྱི་དོགས་སློང་ཙམ་བཀོད་པ་ཡིན་གྱི། ཡོངས་སུ་མཐའ་དཔྱོད་པ་ལ་མདོ་འདིའི་རྩ་བའི་གྲུབ་ལུགས་དང་། ཐོག་མའི་ཡོངས་ཁུངས་སམ་འཕེལ་རིམ་དང་། བོད་སྐད་དུ་འགྱུར་བའི་ཁུངས་སྔ་ཕྱི་གང་ཡིན་དང་། ལོ་ཙཱ་བ་སུས་འགྱུར་དང་། བསྟན་རྩིས་ཁག་ལ་སྤྱོད་ཚུལ་སོགས་ནི་ལོགས་སུ་དབྱེ་བ་ལས་ཤེས་པར་བྱ་བ་ཉིད་དོ། །
༢༠༢༢/༡/༡
འབྲེལ་ཡོད་འོས་སྦྱོར།