logo

གྲོ་ཞིང་ཁའི་ལོ་ལེགས།

རྩོམ་པ་པོ།:དཀོན་མཆོག་རྒྱལ་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-26 ཀློག་གྲངས།:
        ད་ནི་རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་སམ་ཁྲི་སེམས་དཔའ་ལགས་ཀྱི་གསར་རྩོམ་སྒྲུང་འབྲིང«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཞེས་པ་བཀླགས་གྲུབ། དུས་མཉམ་དུ་སྔོན་མར་བཀླགས་མྱོང་བའི་ཁོའི་སྒྲུང་ཐུང«གདགས་སྲིབ»དང«བྱང་ཆུབ་སེམས་དཔའ་དགོད་བཞིན་དུ་ངུས་བྱུང»ཞེས་པ་གཉིས་ཀྱང་ཡིད་ལ་འཁོར་ཡོང་། དེ་ནི་རྩོམ་པ་པོ་ཡི་མིང་ལ་རྐྱེན་བྱས་ཏེ་ཡིད་ལ་འཁོར་བ་མ་ཡིན་པར་ཁོའི་སྒྲུང་གཏམ་གྱི་ཁྱད་ཆོས་ལ་བརྟེན་ནས་དྲན་བསླངས་པའོ།། རྒྱུ་མཚན་ནི་སྒྲུང་གཏམ་ལ་ལོ་རྒྱུས་སྒྲུང་གཏམ་དང་དྲག་རྩལ་སྒྲུང་གཏམ། ཚན་རྟོག་སྒྲུང་གཏམ། རྗེས་དཔག་སྒྲུང་གཏམ། སྒྱུ་འཕྲུལ་སྒྲུང་གཏམ། དམག་དོན་སྒྲུང་གཏམ། དུངས་བརྗོད་སྒྲུང་གཏམ། དུས་ཀྱི་བར་སྟོང་བརྒལ་བའི་སྒྲུང་གཏམ། འདྲེ་སྒྲུང་དོགས་སྒྲུང་སོགས་རིགས་མང་པོ་ཞིག་ཡོད་པ་ཇི་བཞིན། ཁོའི་སྒྲུང་གཏམ་ནི་མཐའ་གཅིག་ཏུ་རིགས་འདི་ལ་གཏོགས་སོ་ཞེས་མཛུབ་མོ་འཛུགས་མི་ཐུབ་ནའང་རྩོམ་པ་པོ་རང་གི་རྩོམ་རིག་བློ་སྦྱོང་ལ་བརྟེན་ནས་རང་རྐྱ་འཕེར་བའི་སྒྲུང་གཏམ་གསར་རྩོམ་བྱེད་ལུགས་ཤིག་ཆགས་འདུག་ཅེས་སྨྲ་བར་སྤོབས། ཡང་གཅིག་བཤད་ན་ཀློག་པ་པོ་སོ་སོའི་དགའ་ཁ་འཁྱེར་ཕྱོགས་ཀྱིས་སོ་སོའི་རེ་འདོད་བསྐངས་ཐུབ་ཡོད་མེད་ཀྱི་ཆ་ནས་བཟང་ངན་ཅི་རིགས་ཤིག་གླེང་སྲིད་ཀྱང་། གུས་པར་མཚོན་ན་རྩོམ་པ་པོས་སྒྲུང་གཏམ་གྱི་ཆེད་དུ་སྒྲུང་གཏམ་འབྲི་བ་མ་ཡིན་པ་དང་། ནང་སྒོས་སུ་པྲ་ཚག་དང་གཏོར་བཤིག་གི་སྣང་བ་མཐོན་པོ་ཡོངས་སུ་སྤངས་ཏེ་བསམ་ཤེས་དང་འགན་འཁྲི་ཡི་ལམ་ཁ་ཞིག་ན་གསར་རྩོམ་གྱི་སྨྱུག་རྩལ་ངོམ་བཞིན་པ་ཚོར།
        སྒྲུང་འབྲིང་འདིར་མཚོན་ནའང་རྗོད་བྱེད་ཀྱི་ཆ་ནས་སྒྱུ་རྩལ་གྱི་ཚོས་སྣ་མང་པོ་བསྲེས་མེད་པར་བབ་ཆགས་པའི་དབུ་འཛུགས་སྟངས་དང་། གྱ་གྱུ་སྤངས་པའི་བྱུང་རིམ། རབ་རིབ་བྲལ་བའི་མི་སྣའི་སྣང་བརྙན། གདུང་སེམས་འཁོལ་བའི་མཇུག་སྡུད་སྟངས་སོགས་ཀྱིས་སྒྱུ་རྩལ་དོར་བའི་སྒྱུ་རྩལ་གྱི་མཛེས་པ་གཞན་ཞིག་ག་ཤེད་ཅིག་ན་འཛུམ་དམུལ་ལེར་མངོན་ཡོད། འདི་ནི་ཕལ་ཆེར་རྩོམ་པ་པོའི་ཡུན་རིང་ཞིང་བརྩོན་སེམས་མ་ལྷོད་པའི་གསར་རྩོམ་ཁྲོད་ཀྱི་ཚོད་ལྟ་ཞིག་གམ་ཡང་ན་བསམ་བཞིན་མ་ཡིན་པར་རང་བཞིན་གྱིས་མངོན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་སྲིད། གང་ལྟར་ཀྱང་དེང་གི་དུས་འདིར་བྱིས་པའི་ལག་ཏུ་རྩེད་ཆས་ཤོར་བ་ལྟ་བུའི་བྱིས་པའི་རྩེད་མོ་དང་ལབ་བརྡོལ་ཅི་རིགས་འབྱིན་པའི་ཁྱབ་ཁོངས་ལས་ཡོངས་སུ་བརྒལ་འདུག་སྙམ་པ་མ་ཟད། ཁ་ནང་བལྟས་ཀྱི་སྒྲུང་གཏམ་པ་ཞིག་ཏུ་ཁོ་བོས་འདོད།
        དྲང་མོར་བཤད་ན་མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ་དེར་མཐོ་སྒང་གི་ཀློག་པ་པོ་ང་ཡང་མཚོ་མོ་ཚང་གི་ལྕགས་ཐབ་ཀྱི་འགྲམ་ནས་ཁ་ལག་བསྲོ་ཞོར། ཤ་ཁུ་གདུ་བའི་རླངས་པ་ལ་སྣོམ་ཞོར་དུ་མཚོ་མོའི་ལས་དབང་དང་འབྲེལ་བའི་མི་རྟག་པའི་གཏམ་རྒྱུད་ཆ་ཚང་བླགས། མཚན་མོ་དེ་དངོས་གནས་ཇི་འདྲའི་རིང་ནའང་བཀྲ་ཤིས་དང་མཚོ་མོ་གཉིས་ཀྱིས་ང་རང་གཏན་ནས་མཐོང་མ་སོང་། མཚོ་མོར་ཅི་ཁག བཀྲ་ཤིས་ཀྱི་ཇ་དཀར་ནང་དུ་ཇ་ཡང་ཡང་སྣོན་པ་ལས་ང་ལ་ཇ་ཕོར་ཞིག་ཀྱང་གཏད་མ་སོང་། ནམ་ལངས་ཁར་ང་ཡང་བཀྲ་ཤིས་ཀྱི་རྗེས་དེད་ནས་ཁོ་དང་འདྲ་བར་ལྗིད་ཏིག་ཏིག་གི་གོམ་པ་མདུན་ནས་མདུན་དུ་སྤོ་བཞིན་སྡེ་མཐའ་རུ་རྒྱ་ཡིག་བྲིས་ཡོད་པའི་འགྲེམ་བྱང་ཆེན་མོ་དེའི་སྟེང་གི་ཡི་གེ་ལ་ལྟ་བཞིན་ལངས་ནས་སྡོད་དུས། རྐང་འོག་གི་ས་གཞི་ཡོམ་ཡོམ་དུ་འགུལ་བྱུང་། བདེ་སྐྱིད་སྡེ་གསར་ལ་དངོས་གནས་ས་ཡོམ་བརྒྱབས་བྱུང་། ངའི་ཡིད་ལ་ཡང་མཚོ་མོ་མ་བུ་གཉིས་དྲན་བྱུང་། ང་ཚམ་ཚོམ་མེད་པར་བཀྲ་ཤིས་ཀྱི་སྔོན་ལ་འགྱེལ་མ་ལངས་ཀྱིས་རྒྱུགས་བཞིན་ཡོད་ན་ཡང་བཀྲ་ཤིས་ཀྱིས་ང་རང་མཐོང་མེད་པ་ཁོ་ཐག་ཡིན། གལ་ཏེ་མཐོང་ཡོད་པའི་དབང་དུ་བཏང་ན། གྲོ་ཞིང་ཁ་ཡི་ལོ་ལེགས་ཀྱི་སྙེ་མ་ཡང་མཐོང་ཡོད། འདི་ནི“གྲོ་ཞིང་ཁ”དང་འབྲེལ་བའི་མུ་འབྲེལ་གཏམ་རྒྱུད་ཀྱི་ཁྱད་ཆོས་རེད།
2022.4.13
འབྲེལ་ཡོད་འོས་སྦྱོར།