logo

སྨིན་དྲུག་ཁྲ་མོའི་ཁ་ཆུ།

རྩོམ་པ་པོ།:རྡོ་རིང་པད་མ་དབང་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-29 ཀློག་གྲངས།:
སྨིན་དྲུག་ཁྲ་མོའི་ཁ་ཆུ།
                                                                            —«སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས»བཀླགས་པའི་མྱོང་ཚོར།
རྡོ་རིང་པད་མ་དབང་ཆེན།

        «སྨིན་དྲུག་བོད་ཀྱི་ན་གཞོན་དཔེ་ཚོགས»ནི«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ལ་དམིགས་ཤིང་།སྒོས་སུ་ན་གཞོན་རྩོམ་པ་པོ་དཀྱུས་སུ་བཟུང་ནས་ཇུས་འགོད་བྱས་པའི་དཔེ་ཚོགས་ཤིག་ཡིན་ལ།«དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང»གི་ཕྱིས་ནས་པར་དུ་བསྐྲུན་པའི་རྩོམ་པ་པོ་སྒེར་གྱི་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཤིག་ཀྱང་ཡིན། ད་ལྟའི་བར«སྨིན་དྲུག་བོད་ཀྱི་ན་གཞོན་སྙན་ངག་དཔེ་ཚོགས»དང་། «སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས» «སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས»གསུམ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས། དེའི་རྒྱུན་མཐུད་ནས«སྨིན་དྲུག་བོད་ཀྱི་ན་གཞོན་ཚིགས་བཅད་སྙན་ངག་དཔེ་ཚོགས»སོགས་ཀྱང་པར་སྐྲུན་བྱེད་པའི་འཆར་འགོད་བཟོས་ཏེ་ལས་ལ་འཇུག་བཞིན་ཡོད།
        «སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས»ལ་མཚོན་ན། བོད་ཁུལ་ནས་པར་དུ་བསྐྲུན་པའི་ལྷུག་རྩོམ་གྱི་དཔེ་ཚོགས་ཐོག་མ་དེ་མིན་ནའང་། དཔེ་ཚོགས་འདི་ནི་བོད་ཀྱི་ལྷུག་རྩོམ་གསར་རྩོམ་གྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་ཆེ་ཞིང་གོ་གནས་ངེས་ཅན་ཟིན་པའི་དཔེ་ཚོགས་ཤིག་ཡིན། དཔེ་ཚོགས་འདིའི་རྩོམ་པ་པོ་དྲུག་ལས་ཁུ་བྱུག་སྔོན་མོ་ཕུད་པའི་རྩོམ་པ་པོ་ལྔ་ནི་ལྷུག་རྩོམ་རྐྱང་རྐྱང་འབྲི་མཁན་ཡིན་ལ། མི་ཚེ་དང་དཔེ་ཀློག བསམ་གཞིག་གསུམ་ལྷུག་རྩོམ་ལ་སྟིམ་མཁན་འདི་དག་ནི་ལྷུག་རྩོམ་གྱི་སྡེ་ལ་མཚོན་ན་དར་ཆ་ཞིག་ཡིན་ལ་སྒུལ་ཤུགས་ཤིག་ཀྱང་ཡིན།
        ལྷུག་རྩོམ་དཔེ་ཚོགས་འདིར་བརྗོད་བྱ་དང་རྗོད་བྱེད་ཀྱི་ཁྱད་ཆོས་ཐད་ནས་འདྲ་ས་ཡོད་ལ་མི་འདྲ་ས་ཡང་ཤིན་ཏུ་མང་། དེབ་རེ་རེ་ཞིབ་མོ་རྣམ་འཐག་གིས་བརྗོད་རྒྱུ་ནི་ཤིན་ཏུ་དཀའ་ནའང། བོད་ཀྱི་ལྷུག་རྩོམ་གསར་རྩོམ་གྱི་འཕེལ་རྒྱས་ལ་དམིགས་པ་གཙོ་བོར་བཟུང་ནས། ལྟོས་བཅས་ཀྱིས་རྩོམ་རིག་གི་ཁྱབ་ཁོངས་སུ་གོམ་ཁ་ཅུང་དལ་བའི་ལྷུག་རྩོམ་གྱི་སྡེ་ལ། བགྲོ་གླེང་གི་ཚུལ་དུ་དེབ་འདི་དག་གི་ཡོན་ཏན་དང་ཁྱད་ཆོས་རགས་ཙམ་གླེང་བ་ལ།

དཔལ་མོ་རྒྱལ་དང«བལ་དཀར་པོ་སྲུང་གི་མདུད་པ་ཅན»

        «བལ་དཀར་པོ་སྲུང་གི་མདུད་པ་ཅན»ནི་ལྷུག་རྩོམ་ཞིག་གི་ཁ་བྱང་ཡིན་ལ། ལྷུག་རྩོམ་དེབ་དེའི་མིང་ཡང་ཡིན། «བལ་དཀར་པོ་སྲུང་གི་མདུད་པ་ཅན»ཞེས་པའི་ལྷུག་རྩོམ་འདི་ནི་རིག་གནས་ལྷུག་རྩོམ་ཞིག་ཡིན་པ་དང་། “རིག་གནས་ལྷུག་རྩོམ་ཞེས་པ་ནི་རྩོམ་པ་པོས་གསར་རྩོམ་བྱེད་སྐབས་རིག་གནས་ཀྱི་མཐོང་སྣེ་སྤྱད་དེ། རྩོམ་ཡིག་གི་ནང་དུ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་བསམ་གཞིག་ལྡན་པར་མ་ཟད། བརྩེ་སེམས་ཀྱིས་ཕྱུག་པ་ཞིག་ཡིན”[1]ཞེས་པ་ལྟར། ལྷུག་རྩོམ་འདི་ལ་རིག་གནས་ཀྱི་ལྕི་ཚད་དང་འདུས་ཚད། མཐོ་ཚད་དང་ཟབ་ཚད་ངེས་ཅན་ཞིག་ཡོད་པར་མ་ཟད། ད་དུང་རྗོད་བྱེད་ཀྱི་ཚིག་ལ་ཐུན་མིན་གྱི་བྲོ་བ་ཡོད་པའི་ལྷུག་རྩོམ་ཞིག་ཀྱང་ཡིན་པས། ལྷུག་རྩོམ་འདི་དེབ་འདིའི་སྲོག་ཤིང་ལྟ་བུར་གྱུར་འདུག་ཅེས་སྨྲས་ཀྱང་རུང་། “བལ་དཀར་པོ་སྲུང་གི་མདུད་པ་ཅན”ཞེ་ན། རིག་གནས་ཀྱི་མཚོན་དོན་ཅན་གྱི་ཐ་སྙད་ཅིག་ཡིན་པ་དང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་མེད་ན་བལ་དཀར་པོ་སྲུང་གི་མདུད་པ་ཅན་གྱིས་ཅི་ཞིག་མཚོན་པ་རྟོགས་མི་ཐུབ།
        «བལ་དཀར་པོ་སྲུང་གི་མདུད་པ་ཅན»ཞེས་པའི་ལྷུག་རྩོམ་གྱི་ཁྱད་ཆོས་དེ་གཙོ་བོ་ཚིག་སྦྱོར་དང་རིག་གནས་གོམས་སྲོལ་སོགས་ཀྱི་སྟེང་དུ་ཡོད་པ་དང་། བོད་ཀྱི་རིག་གནས་དང་གོམས་སྲོལ་མི་ཤེས་པའི་མི་ཞིག་གིས་ལྷུག་རྩོམ་འདིའི་ཕྱི་ནང་གསང་གསུམ་སྔོག་འདོན་བྱེད་མི་ཐུབ། བལ་དཀར་པོ་དེ་ནི་ཚེ་ལ་ཚེ་ཡི་གཡང་དང་ནོར་ལ་ནོར་གྱི་གཡང་། བཅུད་ལ་བཅུད་ཀྱི་གཡང་སྩོལ་མཁན་ཡིན་ལ། དེ་ལྟ་བུའི་ནུས་པ་དེ་གང་ལས་བྱུང་བ་རྟོགས་དགོས་ན། བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་བྱུང་འཕེལ་དང་དགོས་པ་རྟོགས་དགོས། དེ་ལྟར་མིན་ཚེ“གཡང་དཀར་ལུག་གི་བལ་དཀར་གྱི་ཁ་ཆུ་རྒྱུ་རུ་དྲངས་པའི་སྲུང་གི་མདུད་པ། ལྷ་ཡི་དམུ་སྐས། འོད་ཀྱི་ཐག་པ། སྟོད་མངའ་རིས་ནས་བར་དབུས་གཙང་། སྨད་མདོ་ཁམས་ཀྱི་ལ་དང་ལུང་བར་འཐེན་ཡོད། ཤིང་དང་ཚེར་མར་དཀྲིས་ཡོད། རྡོ་དང་རྡེའུ་འབུམ་སོགས་སེམས་མེད་ཀྱི་བེམ་པོ་ལ་དཀྲིས་ཡོད། སེམས་ལྡན་དུད་འགྲོ་ལ་བཏགས་ཡོད”པའི་རྒྱུ་མཚན་དང་དགོས་པ། དམིགས་ཡུལ་སོགས་རྟོགས་མི་ཐུབ་ལ། “བལ་དཀར་པོ། སྣོད་བཅུད་སྲུང་བའི་བདག་པོ་ཡིན། མགོ་ནག་བོད་ཀྱི་དད་མོས་ཡིན། སྲུང་གི་མདུད་པ་ཡིན། གཡང་གི་ཟོ་ཞབས་ཡིན་པ”ནི་དེ་བས་ཀྱང་རྟོགས་ཐབས་མེད། རྩོམ་པ་པོས་ཀྱང“དེབ་འདི་ནི་རིག་གནས་ཀྱིས་བསྐྱེད་པའི་སེམས་ཁམས་དང་མི་སྒེར་གྱི་མྱོང་བ་བཀོད་པའི་རེག་ཟིག་ཅིག་ཡིན”ཞེས་བཤད་པ་ལྟར། བོད་དང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་པའི་མི་དག་ལ་མཚོན་ན། ལྷུག་རྩོམ་འདི་ལྟ་བུ་ཀློག་སྐབས་ཡིད་ལ་ཐུན་མོང་མ་ཡིན་པའི་དགའ་བ་དང་བདེ་བ་ཞིག་སྟེར་ཐུབ་པ་དང་། དེ་ནི་བརྗོད་བྱ་དེ་དག་གི་དབང་གིས་ཡིན་ལ། རྗོད་བྱེད་ཚིག་གི་དབང་གིས་ཀྱང་ཡིན། ཚིག་སྦྱོར་གྱི་ཐད་ནས“བལ་དཀར་པོ་ཡོད་ས་ན་རི་ཆུ་ནགས་གསུམ་ལ་ཚེ་སྲོག་ཡོད། ཚེ་སྲོག་མ་རིང་ན་གཞིས་ལ་སྡོད་མི་ཚུགས། བྱེས་སུ་ཡུལ་མི་ཟིན། འདི་ཡོད་ས་ནས། ལུང་གསུམ་གྱི་མདོ་ལ་རྩྭ་རྩི་ཤིང་གི་ནགས་རྒྱས་ཡོད། མེ་ཏོག་གི་དྲི་མཆེད་ཡོད། ཆུ་གསུམ་གྱི་འདུས་མདོར་ངང་བ་ཡི་ཚོགས་འཁོར་ཡོད། ཉ་མོ་ཡི་རྩལ་རྒྱས་ཡོད།……
        འདི་ཡོད་ས་ནས་གཡུ་འབྲུག་མ་བུ་འདྲེས་འདྲའི་ཆུ་དང་གཙང་བོ་ཡི་རྒྱུ་བ་མ་འགགས། མར་ཁུ་གཞོང་བར་བསྐྱིལ་འདྲའི་རི་དང་བྲག་གི་བཟོ་ལྟ་མ་ཤོར། གྲོད་པུ་མར་དང་ཤ་སྒྲོ་ནས་ཀྱིས་བཀང་འདྲའི་ས་དབྱིབས་ལ་གནོད་སེམས་ཅན་གྱི་ལག་མ་བསྲིངས། བརྣབ་སེམས་ཅན་གྱི་ཡིད་མ་གཡོས། རི་བོ་ནགས་ཀྱིས་བསྐོར། ནགས་ཚལ་ཆུ་ཡིས་བརྒྱན། བལྟས་ན་ཉམས་དགའ་བ། མཐོང་ན་ཡིད་འཆོར་བ”སོགས་ཕྲེང་བརྣན་གྱི་རྒྱན་བཀོལ་བ་མང་ཞིང་། ཕྲེང་བརྣན་གྱི་རྒྱན་མང་དུ་བཀོལ་བ་ནི་དཔལ་མོ་རྒྱལ་གྱི་ཁྱད་ཆོས་ཤིག་ཀྱང་ཡིན། མོའི་ལྷུག་རྩོམ་གཞན་དག་གི་ནང་དུའང་ཕྲེང་བརྣན་གྱི་རྒྱན་མང་བོ་བཀོལ་ཡོད་དེ། «ང་ཡི་ཕུགས་འདུན»ལས“གལ་ཏེ། སུ་ཞིག་གིས་ང་ལ་ཁ་ཞེ་གཉིས་མེད་ཀྱི་བློ་གཏད་ན། ངས་དེ་ལ་ཤེས་རབ་ཀྱི་རལ་གྲི་གནང་འདོད། སུ་ཞིག་གིས་ང་ལ་བདེན་རྫུན་གྱི་ཕུ་ཐག་གཅོད་པའི་བློ་མིག་བསླངས་ན། ངས་དེ་ལ་ཡེ་ཤེས་ཀྱི་སྤྱན་ཟུང་སྦྱིན་སྲིད།……ང་དགྲ་ལ་ཐུག་ན་རྒྱ་སྟག་དམར་པོའི་མཆེ་བ་ཡོད། བྲེ་སེར་འབྲོང་གི་རྭ་ཅོ་ཡོད། འབྲོང་གཡག་དར་མའི་ཟིལ་ཤུགས་ཡོད། ང་གྲོགས་ལ་ཐུག་ན་བརྩེ་བ་འོ་མའི་རང་མདངས་ཡོད། དམ་ཚིག་མི་འགྱུར་མནའ་ཡིས་བསྒགས”ལྟ་བུ་དང་། ཡང«མདའ་དང་འཕང»ལས“ང་ལ་རེ་བའི་ས་བོན་ཡོད། ལྕགས་ཀྱི་སྙིང་ཕུར་ཡོད། བརྩོན་པའི་ཆུ་རྒྱུན་ཡོད། བློ་ལ་རིག་པ་ཡོད། སྡུག་ལ་བག་མི་ཚ། ངལ་ལ་ཐང་མི་ཆད། སྐྱོ་ལ་བསྲན་ཚུགས་པ་ཞིག་ཡིན”ལྟ་བུ་སོགས་ཤིན་ཏུ་མང་།
        དེབ་འདིའི་ནང་དུ་ཀློག་པ་པོར་ཤུགས་རྐྱེན་དང་བག་ཆགས་ཟབ་མོ་འཇོག་ཐུབ་པའི་ལྷུག་རྩོམ་ལ«བལ་དཀར་པོ་སྲུང་གི་མདུད་པ་ཅན»ཕུད། ད་དུང«ང་ཡི་ཕུགས་འདུན»དང«ཨ་མའི་བརྩེ་བ»སོགས་མང་བོ་ཞིག་ཡོད། «ང་ཡི་ཕུགས་འདུན»ལ་མཚོན་ན། དེ་ནི་ང་ཡི་ཕུགས་འདུན་ཡིན་ལ་མི་རིགས་ཀྱི་ཕུགས་འདུན་ཡང་ཡིན། ཕུགས་འདུན་ཡོད་པའི་མི་ཞིག་ལ་གསོན་པའི་རིན་ཐང་ཡོད་ལ། འཚོ་བའི་དོན་སྙིང་ཡོད་པས། མི་ཞིག་ལ་ངེས་པར་རང་གི་ཕུགས་འདུན་ཞིག་ཡོད་དགོས་པ་ཡིན། རང་གི་ཕུགས་འདུན་དེ་མི་རིགས་ཀྱི་ཕུགས་འདུན་དང་འབྲེལ་ཞིང་། མི་རིགས་ཀྱི་ཕུགས་འདུན་ཁྲོད་དུ་རང་གི་ཕུགས་འདུན་དེ་ཡོད་ཚེ། ད་གཟོད་རང་གི་ཕུགས་འདུན་དེ་རླབས་ཆེན་ཞིག་ཏུ་འགྱུར་ཐུབ། ལྷུག་རྩོམ་འདིར་ཐོག་མར“ངའི་མིང་ལ་ཨ་ཟེར་ཞིང་། ང་ཡང་འཇིག་རྟེན་འདིའི་སེམས་ཅན་མོ་རིགས་སྤྱི་དང་འདྲ་བར་ཁྱིམ་གཞིས་ཤིག་གི་མ་ལོ་ཡིན། ང་ལ་ལས་ཀྱིས་འཛོམས་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡོད་པས། ང་ནི་རི་རབ་དང་ཁང་ཁྱིམ་དག་གི་བདག་མོ་ཡིན”ཞེས་ཐོག་མར་རང་ཉིད་ངོ་སྤྲོད་དང་། དེ་ནས་ངའི་རེ་བ་དང་ཕུགས་འདུན་སོགས་བསྟན་ཡོད། ང་ནི་བོད་ཀྱི་ཡི་གེ་ཀུན་གྱི་མ་ཡིག་ཨ་ལ་ངོས་བཟུང་ཆོག་ལ། བོད་ཀྱི་རིག་གནས་ཀྱི་བདག་མོ་དང་། མི་རིགས་ཀྱི་བདག་མོ། འཇིག་རྟེན་གྱི་བདག་མོ་ལ་གོ་བ་བླངས་ཀྱང་ཆོག་པར་སྙམ། “མི་ལ་ལས་ངའི་ཁྱིམ་རྒྱུད་ནི་རྒྱ་གར་འཕགས་པའི་ཡུལ་ནས་སླེབས་པ་ཡིན་ཟེར་ཞིང་། ཡང་ལ་ལས་ཞང་ཞུང་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་རང་རེད་ཟེར། གང་ལྟར་ངའི་རིགས་རུས་ཀྱི་འབྱུང་ཁུངས་བརྩད་ནས་ལག་པ་དགུང་དུ་འཕྱར་མཁན་དང་། ངོ་གདོང་དམར་པོར་འགྱུར་མཁན་ཡོད……ང་སུ་ཞིག་ཡིན་པ་དང་གང་ནས་ཡོང་བ་རྩོད་མཁན་ཚོར་དགའ་བོ་གཏན་ནས་མི་བྱེད། རྒྱུ་མཚན་ནི་ང་ཁྱེད་ཀྱི་རུས་རྐང་དང་ཤ་ཁྲག་ལ་འདྲེས་ཡོད་པས། ང་ཚོ་ནི་སྦྲ་སྨུག་པོ་གཅིག་ལ་འདུས་པའི་ཁྱིམ་ཚང་ཡིན་པས་ན། འབྱུང་འགྱུར་གྱི་ང་ཚོས་རང་ཉིད་ཇི་ལྟར་འཚོ་ཐུབ་པ་ལ་དོ་སྣང་བྱ་དགོས་པ་ལས། འདས་ཟིན་པ་ཁོ་ནར་རྩད་གཅོད་ཀྱི་བློ་ཁ་མི་ཕྱོགས་པར་མཁྱེན”ཞེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འདིའི་འབྱུང་ཁུངས་གང་ཞིག་ཡིན་ཡང་ད་ལྟ་རིག་གནས་འདི་བོད་ཀྱི་ངོ་བོར་ཐིམ་ཡོད་པས་རྩོད་པ་བྱེད་དོན་མེད་པར། ང་ཚོས་ངེས་པར་མ་འོངས་པའི་འཕེལ་རྒྱས་ཀྱི་ཆེད་དུ་བསམ་བློ་གཏོང་དགོས་པའི་གནས་ལུགས་དེ་བརྗོད་ཡོད། ད་ལྟ“གྲོང་ཁྱེར་པ་ཚོ་མཛེས་པ་གཟུགས་དང་སྙན་མོ་སྒྲ་ལ་འཁོར་ནས་ངའི་ངུ་འབོད་རྣ་བས་ཐོས་བཞིན་ཡོད་དམ། ལོ་རབས་འདིའི་འབྱོར་ལྡན་དུ་ཆགས་པའི་ཚོང་པ་ཚོ་རྒྱུ་དང་ནོར་ལ་ཆགས་ནས་ངའི་མེད་མུག་མིག་གིས་མཐོང་བཞིན་ཡོད་དམ།……བལྟས་ན་ལང་ཚོ་རྒྱས་འདྲའི་ངའི་དཔག་བསམ་ལྗོན་ཤིང་གི་རྩ་བ་སྐེམ་བཞིན་པ་ཡིད་ཀྱིས་མ་ཚོར་ཨང་། ཉན་ན་རྣ་བར་སྙན་པའི་ཀ་ཁའི་གདངས་དབྱངས་ཀྱི་འགྱུར་ཁུགས་སྙན་མོ་ཆད་བཞིན་པ་རྣ་བས་མ་གསན་ཨང”ཞེས་བོད་ཀྱི་སྐད་དང་ཡི་གེ རིག་གནས་སོགས་ཉམས་ཞན་དུ་འགྱུར་བཞིན་ཡོད་པ་ནི། བོད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་མཁན་གྱི་གྲོང་ཁྱེར་པ་སྟེ། ཤེས་ལྡན་པ་དང་འབྱོར་ལྡན་པ་ཚོས་མཐོང་གིན་མེད་ཚུལ་བརྗོད་ཡོད་ལ། “ང་མེད་ན་བྱམས་དང་སྙིང་རྗེ་མེད། ལས་དང་རྒྱུ་འབྲས་མི་བརྩི། དཀར་ནག་གི་དབྱེ་བ་མི་འབྱེད། བདེན་རྫུན་གྱི་ཕུ་ཐག་མི་གཅོད། བདག་གཞན་མཉམ་བརྗེའི་བསམ་བློ་ཟེར་བ་བཞད་གད་ཡིན།……ང་མེད་པའི་དུས་དེར་ཁྱེད་ཀྱི་ལུས་སེམས་ལ་སྔར་མེད་ཀྱི་འགྱུར་ལྡོག་ཅི་འདྲ་ཞིག་ཡོད་ཨང”ཞེས་བོད་ཀྱི་རིག་གནས་ལ་གལ་ཏེ་ཆགས་འཇིག་བྱུང་ན་དེའི་ཉེན་ཁ་ཇི་ལྟ་བུ་དང་ཅི་འདྲ་བ་ཞིག་ཡིན་པ་དེ་བརྗོད་ཡོད་ལ། ང་གནས་དགོས་པའི་རྒྱུ་མཚན་ལའང“ངས་མིའི་རིགས་ཀྱི་ལུས་སྟེང་དུ་གནས་པའི་དུག་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་། གཏི་མུག་སོགས་ངོས་འཛིན་ཐུབ་ལ། དེ་དག་ཇི་ལྟར་འདུལ་བའི་དགེ་བའི་རྩ་བ་གསུམ་གྱི་མན་ངག་ཟབ་མོ་ང་ལ་ཡོད་པས། ང་ད་དུང་འཚོ་དགོས”ཞེས་བོད་ཀྱི་རིག་གནས་ཀྱི་རིན་ཐང་དང་ནུས་པ། དོན་སྙིང་སོགས་བརྗོད་ཡོད། “རིག་གནས་ལ་གསོན་ཤུགས་ཡོད་པའི་སྤྱི་ཚོགས་ཤིག་ལ་ཆོས་ལུགས་ཀྱི་དད་མོས་ཤིག་ཡོད། དད་མོས་དེ་ནི་མངོན་གྱུར་དང་ལྐོག་གྱུར་གང་ལྟར་ཡང་། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྤྱི་ཚོགས་དེའི་རིག་གནས་ཀྱི་རྣམ་པ་ཐག་གཅོད་བྱས་ཡོད”[2]ཅེས་པ་ལྟར། རིག་གནས་ཉམས་ཞན་དུ་འགྲོ་བཞིན་པའི་མི་རིགས་ཤིག་ལ་མཚོན་ན། དད་མོས་ཉམས་བཞིན་ཡོད་ལ། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཉམས་བཞིན་ཡོད་པས། ཉམ་ང་བའི་གནས་བབ་འདི་ཤེས་ལྡན་པས་རྟོགས་དགོས་ལ། འབྱོར་ལྡན་པས་ཀྱང་ཚོར་དགོས་པ་ཡིན། 
        «ཨ་མའི་བརྩེ་བ»ལྟ་བུར་མཚོན་ནའང་། མ་ཞིག་གིས་བུ་ལ་བཅངས་པའི་བརྩེ་བ་དེ་ཚིག་གི་སྡེབ་སྦྱོར་ལ་བརྟེན་ནས་དམར་རྗེན་དུ་མངོན་ཡོད། འདི་ལྟ་བུའི་ལྷུག་རྩོམ་ནི་ཨ་མར་གྱུར་ཏེ་བུ་ཕྲུག་ལ་གཅེས་པའི་ཚོར་བ་དངོས་སུ་མྱངས་ཤིང་། འཚོ་བ་དེ་དངོས་སུ་བརྒྱུད་མྱོང་བའི་མི་ཞིག་མིན་ཚེ་འབྲི་དཀའ་བ་ཡིན། ལྷུག་རྩོམ་འདིའི་ཐུན་མོང་མ་ཡིན་པའི་ཆ་དེ་ནི་རང་ཉིད་ཨ་མར་གྱུར་རྗེས་བུ་ཆུང་ལ་གཅེས་པ་བཟོད་གླགས་མེད་པ་དང་དྲན་པ་བཟོད་གླགས་མེད་པ། དགའ་བ་བཟོད་གླགས་མེད་པ་དེ་ཁོ་ན་མ་ཡིན་པར། དེ་ལ་བརྟེན་ནས་ཨ་མ་རང་ལ་དྲིན་ཆེན་ཡིན་པའི་ངེས་ཤེས་གཏིང་ནས་སྐྱེས་པ་དེ་ནི། ཨ་མའི་བརྩེ་བ་དང་བཀའ་དྲིན་སྙིང་ཁོང་རུས་པའི་གཏིང་ནས་རྟོགས་པ་ཡིན་པས། དེ་ལ་བློ་སྒོ་ཐོལ་གྱིས་འབྱེད་ཐུབ་པའི་ནུས་པ་ཡོད། 
        རྩོམ་པ་པོ་ཞིག་ཡིན་ཚེ་དཔེ་ཀློག་དང་བསམ་གཞིག རྩོམ་འབྲི་གསུམ་གཞི་གཅིག་ཏུ་སྦྱོར་ཐུབ་དགོས་ཤིང་། དཔལ་མོ་རྒྱལ་གྱི་ལྷུག་རྩོམ་ལས་དཔེ་ཀློག་དང་བསམ་གཞིག རྩོམ་འབྲི་གསུམ་གཞི་གཅིག་ཏུ་སྦྱར་བའི་ཆ་དེ་གསལ་བོར་མཐོང་ཐུབ་ལ། དེབ་ཧྲིལ་བོའི་ནང་དུ་ལྷུག་རྩོམ་བཞི་བཅུ་ཡོད་པ་དང་། ལྷུག་རྩོམ་རེ་རེ་ཀློག་པའི་སྐབས་སུ་བསམ་གཞིག་གི་རྒྱ་ཆེ་ལ་མནོ་བསམ་གྱི་གཏིང་རིང་བ་དང་། རིག་གནས་ཀྱི་འདུས་ཚད་ཅུང་མང་ལ་གནས་ལུགས་ཀྱི་ངར་ཤུགས་ཀྱང་ཆེ་བར་མ་ཟད། ཚིག་སྦྱོར་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་པ་རྟོགས་ཐུབ།

པད་མ་རིག་འཛིན་དང«ལྷ་གནས་བྲག་དཀར་སྤྲེལ་རྫོང»

        པད་མ་རིག་འཛིན་ནི་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་ཆུང་ངུ་དག་བརྗོད་པ་ལ་བརྟེན་ནས། འཚོ་བའི་ཆོས་ཉིད་དང་གནས་ལུགས་ཆེན་པོ་བཤད་པའི་རྩོམ་པ་པོ་ཞིག་ཡིན་ཏེ། ཁོའི་ལྷུག་རྩོམ«ཆང»དང«དོག་མོ་ས» «རེ་འདུན་ཆུ་མིག་དགུ་སྒྲིལ» «གོལ་ལམ»སོགས་ནི་དོན་རྐྱེན་ཆུང་ངུ་བྲིས་པ་ལ་བརྟེན་ནས། འཚོ་བའི་ཆོས་ཉིད་དང་གནས་ལུགས་ཆེན་པོ་སྟོན་པའི་ལྷུག་རྩོམ་གྱི་སྐོར་ཡིན། འཚོ་བའི་ཁྲོད་ཀྱི་དོན་རྐྱེན་ཆུང་ངུ་ལ་བརྟེན་ནས་འཚོ་བའི་ཆོས་ཉིད་དང་མཐར་ཐུག་གི་གནས་ལུགས་བརྗོད་པ་དེ་ནི་རྡུལ་གཅིག་སྟེང་དུ་རྡུལ་སྙེད་འཇིག་རྟེན་ཤོང་བའི་འབྲི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། འདི་ལྟ་བུའི་རྩོམ་ཡིག་འབྲི་དུས“རང་ངོ་རང་གིས་ཟིན་པ་དང་། མི་རིགས་ཀྱི་གནས་བབ་ངོ་མ་ངོས་ཟིན་ནས་བརྩེ་བ་ཆེན་པོ་དང་འགན་འཁྲི་དྲག་པོ་ཞིག་རྒྱུད་ལ་སྐྱེས་ན། ང་ཚོའི་མི་རིགས་འདི་རེ་བའི་ལམ་དུ་འཁྲིད་ཐུབ”[3]པ་ཡིན་ལ། པད་མ་རིག་འཛིན་གྱི་ལྷུག་རྩོམ་ཀློག་དུས་རང་ཉིད་དངོས་དང་བརྒྱུད་པའི་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་ཆུང་ངུ་དེ་དག་བརྩེ་བ་ཆེན་པོ་དང་འགན་འཁྲི་དྲག་པོ་ཞིག་གི་སྒོ་ནས་བྲིས་ཡོད་པས། ཁོའི་ལྷུག་རྩོམ་ལ་ང་ཚོའི་མི་རིགས་འདི་རེ་བའི་ལམ་དུ་འཁྲིད་ཐུབ་པའི་ནུས་པ་ཞིག་ཡོད་པས། ཀློག་པ་པོ་དག་ལ་བསམ་གཞིག་གི་བར་སྟོང་ཡངས་པོ་ཞིག་སྟེར་ཐུབ། 
        «ལྷ་གནས་བྲག་དཀར་སྤྲེལ་རྫོང»ཞེས་པ་འདི་ནི། རིག་གནས་ལྷུག་རྩོམ་ཞིག་ཡིན་པ་དང་། ལྷུག་རྩོམ་འདིར་བྲག་དཀར་སྤྲེལ་རྫོང་གི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དང་། མཐོང་ཆོས་མྱོང་འགྱུར་གྱི་མཛེས་པ་མ་ལུས་གསལ་བར་བསྟན་ཡོད་ལ། བྲག་དཀར་སྤྲེལ་རྫོང་དུ་འཁོར་འདས་གཉིས་རྐྱ་འཐབ་ཅིང་འདི་ཕྱི་གཉིས་གཞི་གཅིག་ཏུ་འབྲེལ་བས། གནས་འདི་ནི་ཆོས་ལུགས་ཀྱི་གནས་མཆོག་ཅིག་དང་རིག་གནས་ཀྱི་བཙན་རྫོང་ཞིག དམུ་རྒོད་འདུལ་སའི་བསྟི་གནས་ཤིག་ཀྱང་ཡིན་པའི་ཚུལ་བརྗོད་ཡོད། རྩོམ་པ་པོས་རྩོམ་ཡིག་འདི་འབྲི་དུས་ཚིག་སྦྱོར་གྱི་གསོན་ཤུགས་ལ་བརྟེན་ནས། རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དེ་གཟུགས་ཅན་བཞིན་དུ་བྲིས་ཡོད་པ་དང་། མཚམས་མཚམས་སུ་རྩོམ་པ་པོའི་རྟོག་འཆར་གྱིས་རྩོམ་ཡིག་གི་བླ་སྲོག་ལ་བཙོ་སྦྱང་བྱས་ཡོད་ལ། ཡང་སྐབས་སྐབས་སུ་ལྷ་སྒྲུང་དང་ངག་རྒྱུན་ལ་བརྟེན་ནས་རྩོམ་ཡིག་གི་བདེན་སྣང་དང་འགུགས་ཤུགས་ལ་སྟོབས་ཀྱང་བསྐྱེད་ཡོད། 
        ཁོའི་ལྷུག་རྩོམ་མང་ཆེ་བར་རང་ཉིད་དངོས་དང་བརྒྱུད་པའི་སྒོ་ནས་མཐོང་ཐོས་བྱུང་བའི་བྱ་དངོས་དང་དོན་རྐྱེན་དག་བྲིས་ཡོད། «ཁ་ཕྱོགས་ནོར་བ»ལྟ་བུར་མཚོན་ན་ཡང་། རང་གི་ཉེ་འཁོར་ན་བྱུང་དང་འབྱུང་བཞིན་པའི་དོན་ཞིག་ཡིན་ཏེ། ལྷུག་རྩོམ་འདིའི་ནང་མི་སྣའི་ཁ་བརྡ་དང་དོན་རྐྱེན་ཞིབ་འབྲི་སོགས་ལ་སྒྲུང་གཏམ་གྱི་ཁྱད་ཆོས་ལྡན་ཞིང་། བརྗོད་བྱའི་ཆ་ནས་བོད་ཁུལ་གྱི་དབྱར་རྩྭ་དགུན་འབུ་སོགས་ལ་བརྟེན་ནས། གློ་བུར་ཕྱུག་པོར་ཆགས་རྗེས་འཆར་གཞི་དང་དམིགས་ཡུལ་མེད་པར། འཚོ་བའི་ཁ་ཕྱོགས་ནོར་བའི་བོད་རིགས་ཚང་མར་སྦྱར་ཆོག་པ་དང་། “ལྷུག་རྩོམ་ལ་མ་འོངས་པའི་དུས་སུ་འཕེལ་རྒྱས་གསར་བ་ཞིག་འབྱུང་དགོས་ན་སྒྲུང་གཏམ་གྱི་ཁྲོད་ནས་ཐབས་ཤེས་འཚོལ་དགོས”[4]ཞེས་པ་ལྟར། ཁོང་གི་ལྷུག་རྩོམ་འདི་དང«དོག་མོ་ས» «རེ་འདུན་ཆུ་མིག་དགུ་སྒྲིལ»སོགས་ལ་ཞིབ་བརྗོད་ཀྱི་ཆ་ཡོད་པས། སྒྲུང་གཏམ་གྱི་འབྲི་ཐབས་དང་ཅུང་ཉེ་ལ། འབྲི་ཐབས་འདི་ནི་ལྷུག་རྩོམ་འབྲི་ཐབས་ཀྱི་ཐོད་རྒལ་ཞིག་ཏུ་ངོས་བཟུང་ཡང་ཆོག་སྙམ། 
        «མཁར་རྨེའུ་བསམ་གཏན་གྱི་འཆད་ཁྲིད་ལ་ཉན་པ»ལྟ་བུར་མཚོན་ནའང་། འཆད་ཁྲིད་ལ་མ་ཉན་གོང་གི་གནས་ཚུལ་དང་འཆད་ཁྲིད་ཀྱི་དངོས་གཞི། མཇུག་གི་དྲི་བ་བཅས་ཁག་གསུམ་དུ་ཕྱེ་སྟེ་བྲིས་ཡོད་པ་དང་། ལྷུག་རྩོམ་འདིར་ཡང་སྐབས་ཐོག་དེའི་ཚོར་བ་ངོ་མ་དང་མྱོང་བ་རྣལ་མ་དེ་བྲིས་ཡོད་པས། ལྷུག་རྩོམ་འདི་ཀློག་པའི་སྐབས་སུ་སྐབས་དེའི་རྣམ་པ་ནི་འདི་ལྟ་བུ་ཞིག་མིན་ནམ་སྙམ་པའི་སྣང་བརྙན་ཞིག་ཡིད་ལ་འཆར་རྒྱུ་ཡོད་པ་དང་། འཆད་ཁྲིད་དངོས་ཀྱི་སྐབས་སུའང་ཡིག་ཚང་དང་དངོས་དཔང་ལ་གཞི་བཅོལ་ནས། ལོ་རྒྱུས་སྨྲ་བ་ཞིག་གི་གཟབ་ནན་དང་ཞིབ་ཚགས་ཀྱི་བློ་དེ་ཡང་མཐོང་ཐུབ། དེང་སྐབས་མདོ་དབུས་ཁམས་གསུམ་གྱི་མི་རིགས་འདི་ཡུལ་སྐད་ཀྱི་དབང་གིས་སོ་སོར་གྱེས་ཏེ་ཕན་ཚུན་བར་འབྲེལ་འདྲིས་ཀྱང་བྱེད་དཀའ་བའི་གནས་ཚུལ་ཞིག་ལ་ཐུག་ཡོད་པས། མི་རིགས་དང་རིག་གནས་ཀྱི་ཆེད་དུ་ཨ་མདོ་པ་དང་ཁམས་པ་ཚོས་ལྷ་སའི་སྐད་ངེས་པ་དོན་གྱིས་སྦྱང་དགོས་པའི་གནས་ལུགས་དེ་གསལ་བོར་བརྗོད་ཡོད་ལ། དེ་ནི་མི་རིགས་དང་རིག་གནས་ལ་འགན་འཁུར་བའི་ཤེས་ལྡན་པ་ཞིག་གི་ལྷག་བསམ་ཡང་ཡིན། 
        པད་མ་རིག་འཛིན་ནི་དོན་བརྗོད་ལྷུག་རྩོམ་འབྲི་བར་མོས་པའི་རྩོམ་པ་པོ་ཞིག་ཡིན་ནའང་། «མེས་པོར་འཁྲུངས་པའི་བཏུལ་ཐང»ལྟ་བུའི་ཡིད་འགྱུར་ལྷུག་རྩོམ་ཡང་རེ་འགའ་ཡོད། སྤྱིའི་ཆ་ནས་པད་མ་རིག་འཛིན་ནི་དངོས་ཡོད་སྤྱི་ཚོགས་ལ་དོ་སྣང་དང་ཉམས་ཞིབ་བྱས་ཏེ་ལྷུག་རྩོམ་འབྲི་བ་དང་། དོན་རྐྱེན་ཆུང་ངུ་ལ་བརྟེན་ནས་གནས་ལུགས་ཆེན་པོ་བཤད་པ། བྱ་བ་ཆུང་ངུ་ལ་བརྟེན་ནས་ཆོས་ཉིད་རྣལ་མ་བརྗོད་པར་སྤྲོ་བའི་རྩོམ་པ་པོ་ཞིག་ཀྱང་ཡིན་པས། ཁོའི་ལྷུག་རྩོམ་གྱི་ཁྱད་ཆོས་དེ་བརྗོད་བྱའི་ཆ་ནས་ཆུང་བ་དང་ཆེ་བ། ལྕི་བ་དང་ཡང་བ། རྗོད་བྱེད་ཀྱི་ཆ་ནས་རིང་བ་དང་ཐུང་བ་བཅས་སུ་བསྡུ་ཆོག ཁོས“ང་ནི་ལྷུག་རྩོམ་འབྲི་བ་ལས། རྩོམ་ལུས་གཞན་འབྲི་བར་ཚོད་ལྟ་ཙམ་ཡང་བྱས་མ་མྱོང་བའི་རྩོམ་པ་པོ་ཞིག་ཡིན”ཞེས་བཤད་པ་ལྟར། ཁོ་ནི་འཁྱོངས་ནའང་མི་ཚེ་ལྷུག་རྩོམ་དང་འབྲེལ་ཞིང་། ཕམ་ནའང་མི་ཚེ་ལྷུག་རྩོམ་ཙམ་ལ་སྟིམ་པའི་ཨུ་ཚུགས་ཆེ་བའི་རྩོམ་པ་པོ་ཞིག་ཀྱང་ཡིན།

སེང་གཤོང་སྙིང་བྱམས་རྒྱལ་དང«ལྷ་རྟ་རྒོད་པོ»

        སེང་གཤོང་སྙིང་བྱམས་རྒྱལ་ལ་མཚོན་ན། ཁོའི་ལྷུག་རྩོམ་གྱི་སྤྱིའི་ཁྱད་ཆོས་དེ་བརྗོད་བྱ་ལྟར་ན་བསྡུས་བརྗོད་ཅན་དང་། སྤྱི་ཚོགས་ཀྱི་དངོས་ཡོད་གནད་དོན་ལ་ཁ་གཏད་དེ་བྲིས་པས་ཡིད་འགྱུ་ཤུགས་དྲག་ལྡན། འདི་ནི་ཁོ་ལ་དམིགས་བསལ་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ལ། བོད་ཀྱི་རྩོམ་པ་པོ་མང་བོར་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཤིག་ཀྱང་ཡིན། 
        «ལྷ་རྟ་རྒོད་པོ»ཞེས་པའི་དེབ་འདིའི་ནང་དུ་ལྷུག་རྩོམ་སོ་དྲུག་བསྡུས་ཡོད་པ་དང་། དེབ་ཧྲིལ་བོར་སེམས་ཀྱི་སྨེང་འབོད་དང་སེམས་ཀྱི་གཅོང་ནད། སེམས་ཀྱི་ཉིན་སྲིབ་བཅས་ཚན་པ་གསུམ་དུ་དགར་ཡོད། རྩོམ་ཡིག་ནི་ནང་སེམས་ཀྱི་འགྱུ་བ་དང་མ་འབྲེལ་བ་ཞིག་མེད་ནའང་། སེམས་ཀྱི་སྨེང་འབོད་དང་སེམས་ཀྱི་གཅོང་ནད། སེམས་ཀྱི་ཉིན་མཚན་བཅས་ཚན་པ་གསུམ་དུ་དགར་བ་ཚང་མ་སེམས་དང་འབྲེལ་ཏེ་གླེང་ཡོད་པས། ལྷུག་རྩོམ་དེབ་ཧྲིལ་བོར་ཚོར་བ་རྣོན་པོ་ཞིག་དང་ཡིད་འགྱུ་དྲག་པོ་ཞིག་གིས་ཁེངས་ཡོད་པ་རྟོགས་ཐུབ། རྩོམ་པ་པོ་ཁོ་མི་རིགས་དང་རིག་གནས། འཚོ་བ་དང་ཕ་ཡུལ་ལ་དུངས་པའི་བརྩེ་བ་ཤུགས་དྲག་པོ་དེའི་དབང་གིས། ཁོའི་ལྷུག་རྩོམ་དུ་ནམ་ཡང་ཉེན་ཚབས་ཀྱི་འདུ་ཤེས་ཤིག་དང་འཇིག་ཉེན་གྱི་སེམས་ཁྲལ་ཞིག་གིས་ཁེངས་ཡོད་ལ། འདི་ནི་རྩོམ་པ་པོ་ཞིག་ལ་མཚོན་ན། ངེས་པར་ལྡན་དགོས་པའི་འགན་འཁྲི་ཞིག་ཀྱང་ཡིན། “ད་ལྟའི་བར་དུ་དེང་རབས་ཀྱི་བརྩམས་ཆོས་མང་ཆེ་ཤོས་ནི་གྲུབ་འབྲས་ལ་གདེང་འཇོག་དང་། ཐ་ན་བསྟོད་བསྔགས་བྱེད་པའི་སྐོར་ཡིན། ང་ཚོ་ལ་ཁ་ཚ་དགོས་གཏུགས་སུ་མཁོ་བ་ནི་གནད་དོན་ངོ་མར་གདོང་གཏོད་ཕོད་པ་དང་། དོགས་སློང་བྱེད་ཕོད་པ་དེ་ཡིན”[5]ཞེས་པ་ལྟར། སེང་གཤོང་སྙིང་བྱམས་རྒྱལ་གྱིས་དངོས་ཡོད་ལ་གདོང་གཏད་དེ་གནད་དོན་རེ་རེ་ཐེར་འདོན་བྱས་ཡོད་པས། ཁོའི་ལྷུག་རྩོམ་ཀློག་པའི་སྐབས་སུ་འདི་ནི་བདེན་པའོ། །དེ་ནི་ངོ་མའོ་ཞེས་པའི་ཚོར་བ་ཞིག་རྒྱུད་ལ་དབང་མེད་དུ་སྐྱེ་བར་བྱེད། 
        རྩོམ་པ་པོས་བརྗོད་པར་འདོད་པའི་དོན་དེ་དམར་རྗེན་དུ་བཤད་ན་མི་མཛེས་པའམ་སྟབས་མི་བདེ་ན། དེ་ལ་དཔེ་ཡི་གོས་བསྐོན་ཚེ་མིག་ལ་མཛེས་ཤིང་ཡིད་ལ་འབབ་ཐུབ་ཅིང་། རྩོམ་པ་པོའི་དགོངས་པ་ཡང་གསལ་བོར་རྟོགས་ཐུབ་པར་མ་ཟད། ད་དུང་ཀློག་པ་པོར་གནས་ལུགས་ཀྱི་ངར་ཤུགས་དང་རིགས་པ་ཡི་སེམས་ཤུགས་ཀྱང་བསྐྱེད་ཐུབ། འབྲི་ཐབས་འདི་ལ་ང་ཚོས་བསྡུས་བརྗོད་ཅེས་འབོད་པ་དང་། དེབ་འདིའི་ནང་དུའང«ལྷ་རྟ་རྒོད་པོ»དང«བླ་སྲོག་གི་བདག་མོ»སོགས་བསྡུས་བརྗོད་ཀྱིས་བྲིས་པའི་ལྷུག་རྩོམ་ཡང་སྐོར་ཞིག་ཡོད། «བླ་སྲོག་གི་བདག་མོར»མཚོན་ནའང་། བོད་ཀྱི་སྐད་དང་ཡི་གེ་དེ་མི་རིགས་ཀྱི་བླ་སྲོག་ཡིན་པས། ང་ལ་ཅི་ཡང་མེད་ཀྱང་ཆོག་མོད། ཁྱེད་ནི་མེད་མི་རུང་བ་ཞིག་ཡིན་པའི་གནས་ལུགས་དེ་བརྗོད་ཡོད་པ་དང་། རྩོམ་ཡིག་འདིར་སྐད་ཡིག་དང་རིག་གནས་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པ་དེ་བླ་སྲོག་གི་བདག་མོ་དང་སྦྱར་ནས་བྲིས་ཡོད་ལ། ང་ཚོ་ལ་ཕྱིའི་སྣང་ཚུལ་གྱི་ཐོག་ནས་ཉམས་ཉེས་ཀྱི་རྣམ་པ་ཞིག་ཡོད་ནའང་། བླ་སྲོག་གི་བདག་མོར་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་གཅེས་ཕྲུག་ཡོད་པས། ཡིད་ཕམ་མི་དགོས་པའི་ངར་སེམས་ཀྱང་བླུད་ཡོད། དུས་རབས་ཀྱི་འགྱུར་ལྡོག་འདིའི་ཁྲོད་ནས“ཤེས་རབ་རྣམ་འབྱེད་ཀྱི་བློ་མིག་ལྡོངས་ཤིང་། ཨ་གསར་མགོ་སྟོང་གི་བརྟུལ་ཞུགས་འཆང་བའི་ང་ཚོ་བཟང་ངན་གོ་འབྱེད་ལ་རྨོངས་ཤིང་། སྙིགས་དོར་བཅུད་ལེན་གྱི་དབང་ཤེས་རྟུལ་བས”སྐད་དང་ཡི་གེ་འཇིག་པའི་རྐྱེན་བསྒྲུབས་ནའང་། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་དང་བཀའ་བསྟན་གཉིས་སོགས་དབྱངས་གསལ་སོ་བཞི་ལ་བརྟེན་ཡོད་པས། ང་ཁྱེད་ལ་དགའ་བའང་དེའི་དབང་གིས་ཡིན་ལ། དུངས་པ་ཡང་དེའི་དབང་གིས་ཡིན་པ་དང་། སྐད་དང་ཡི་གེ་འདི་ད་དུང་མུ་མཐུད་དུ་གནས་དགོས་ན། ང་ཚོས་ཀྱང་དུས་རབས་དང་བསྟུན་ནས་དུས་རབས་གསར་བའི་ལེགས་ཆས་ཟུར་རྒྱན་བྱ་དགོས་པའི་གནས་ལུགས་ཀྱང་བརྗོད་ཡོད། 
        «ལྷ་རྟ་རྒོད་པོར»མཚོན་ནའང་བསྡུས་བརྗོད་ཀྱི་ལྷུག་རྩོམ་ཞིག་ཡིན་ལ། ལྷ་རྟ་རྒོད་པོ་དེ་ཐོག་མར་ཡར་ཀླུང་ནས་དབུ་འཕང་ཨ་སྔོན་དགུང་དང་། གོམ་འགྲོས་སྐྱི་བསེར་རླུང་དང་མཉམ་ཆེད་མདུན་དུ་ཆས་པས། ལྷ་རྟ་རྒོད་པོ་ནི་བོད་རིགས་རང་ཉིད་ཡིན་ལ། བོད་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་ཤེས་རིག་གི་ལོ་རྒྱུས་ཀྱང་ཡིན། ལྷ་རྟ་རྒོད་པོའི་འགྲན་ཡ་ནི་བཙན་པོ་གཅན་གཟན་སྟག་གཟིག་དང་སྐྱེན་པོ་འདབ་ཆགས་ཁྲ་གླག མྱུར་མོ་རི་དྭགས་རྐྱང་རྒོད་སོགས་ཡིན་པས། ལྷ་རྟ་རྒོད་པོས་གོམ་ཁ་ལྷོད་མི་རུང་ཞིང་། གོམ་ཁ་ལྷོད་པའི་ཚེ་ན་ཉེན་ཁས་ཡོངས་སུ་བསྐོར་ཡོད་ཅིང་། ལྷ་རྟ་རྒོད་པོས་བུ་རབས་ཚ་རྒྱུད་དག་ལ་ཡིད་ཆེས་གནང་དགོས་པ་དང་། བུ་རབས་ཚ་རྒྱུད་དག་གི་ཆོད་སེམས་དང་སྙིང་སྟོབས་ཀྱང་བསྙད་དེ། སྔོན་ཐོན་གྱི་བཙན་ས་བདག་གིར་བྱེད་པའི་འདུན་པ་དེ་ཡང་བསྟན་ཡོད། 
        སེང་གཤོང་སྙིང་བྱམས་རྒྱལ་ནི་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་པའི་མི་ཞིག་ཡིན་པས། ཁོའི་ལྷུག་རྩོམ་རེ་རེ་སྤྱི་ཚོགས་ཀྱི་གནད་དོན་རེ་ལ་གཟས་ཡོད་པ་དང་། རྩོམ་ཡིག་ལས་སྤྱི་ཚོགས་ཀྱི་གནད་དོན་དང་འཚོ་གནས་གནད་དོན་ལ་དོ་སྣང་བྱེད་པ་ནི། སེང་གཤོང་སྙིང་བྱམས་རྒྱལ་གྱི་ལྷུག་རྩོམ་གྱི་ཁྱད་ཆོས་ཤིག་ཡིན། ཁོ་ནི་མི་རིགས་ཀྱི་འཚོ་གནས་དང་རིག་གནས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པས། ཁོ་ལ་ནམ་ཡང་ཉེན་ཚབས་ཀྱི་འདུ་ཤེས་དྲག་པོ་ཞིག་གིས་ཁེངས་ཡོད། “མི་རིགས་ལ་འགན་འཁུར་བའི་སྙིང་སྟོབས་དང་བརྩེ་བ་རྣམ་དག་གིས་ལྷུག་རྩོམ་བྲིས་ན། རང་ཉིད་ཀྱི་སེམས་འགྱུ་དྲག་པོ་དེ་ཕྱི་ལ་འཕྱོ་བའི་སྐབས་སུ། དུས་རབས་ཧྲིལ་བོའི་སྙིང་སྟོབས་སྐུལ་སྤེལ་དང་རིག་གནས་ཀྱི་མཁའ་དབུགས་ལེགས་བསྒྱུར་བྱས་ཏེ། མི་རིགས་ཧྲིལ་བོ་ལེགས་ལམ་དུ་འཁྲིད་ཐུབ་པ་ཡིན”[6]ཞེས་པ་ལྟར། སེང་གཤོང་སྙིང་བྱམས་རྒྱལ་གྱི་ལྷུག་རྩོམ་ལ། མི་རིགས་འདི་ལེགས་ལམ་དུ་འཁྲིད་པའི་ནུས་པའང་ལྡན་ཡོད། 
        དེབ་འདིར་མཚོན་ན་བརྗོད་བྱ་ནི་དངོས་ཡོད་གནད་དོན་ལ་གཟས་ཤིང་། ཡིད་འགྱུ་ཤུགས་དྲག་པོ་ལྡན་ལ། རྩོམ་པ་པོས“ལྷ་རྟ་རྒོད་པོ་ནི་ཁུ་སིམ་མེར་རང་སེམས་ཀྱི་འཕར་ལྡིང་གི་འགྲོས་ཏེ་དབྱངས་གསལ་སོ་བཞིའི་ཚིག་གི་རྒྱུན་དུ་བསྟར་ནས་ཟང་མར་བསྟན་པ་ཙམ་ཡིན”ཞེས་བཤད་ཅིང་། “རྩོམ་རིག་ནི་གཞན་གྱི་སྐྱོ་བ་སེལ་བའི་ཆེད་དུ་མིན་ལ། རྩོམ་པ་པོ་ནི་གཞན་ལ་དགོད་ཁ་སློང་མཁན་ཡང་མིན། ......ང་ཚོས་རླབས་ཆེན་གྱི་རྩོམ་རིག་ཀློག་དུས་དེ་ལ་རྣམ་དག་གི་སེམས་པ་ཞིག་གིས་བལྟ་དགོས་ཤིང་། རྩོམ་རིག་གི་ཁྲོད་ནས་ང་ཚོས་མི་ཚེའི་ངོས་ཟིན་དང་མི་ཚེའི་གནས་ལུགས་རྟོགས་ཐུབ”[7]ཅེས་པ་ལྟར། སེང་གཤོང་སྙིང་བྱམས་རྒྱལ་གྱི་ལྷུག་རྩོམ་ལས་མི་ཚེའི་ངོས་ཟིན་དང་གནས་ལུགས་དེ་ཡང་རྟོགས་ཐུབ།

ཤེར་གྲོལ་དང«ལྷ་ཀླུ་འདམ་ར»

        ཤེར་གྲོལ་གྱི་ལྷུག་རྩོམ་ཀློག་སྐབས། ཚིག་སྦྱོར་ལྷོད་ཅིང་དལ་ལ་བབ་ཆགས་པ་དང་། བརྗོད་བྱའི་ཐད་ནས་དོན་རྐྱེན་ཆུང་ངུ་ལ་བརྟེན་ནས་འཚོ་བའི་གནས་ལུགས་དང་འཁོར་བའི་ཆོས་ཉིད་བརྗོད་པར་སྤྲོ་བའི་རྩོམ་པ་པོ་ཞིག་ཡིན་པ་རྟོགས་ཐུབ། དོན་རྐྱེན་ཆུང་ངུ་ལ་བརྟེན་ནས་འཚོ་བའི་གནས་ལུགས་དང་འཁོར་བའི་ཆོས་ཉིད་བརྗོད་པར་སྤྲོ་བའི་ཁྱད་ཆོས་འདི་ཡང་ཤེར་གྲོལ་ལ་མངའ་བའི་སྒེར་ཆོས་ཡིན་ལ། བོད་ཀྱི་རྩོམ་པ་པོ་མང་བོ་ཞིག་ལ་ཡོད་པའི་སྤྱི་ཆོས་ཤིག་ཀྱང་ཡིན། ཤེར་གྲོལ་གྱི་ལྷུག་རྩོམ་མང་བོ་ཞིག་དྲན་གདུང་ལྷུག་རྩོམ་ཡིན་པ་དང་། དེ་ལས་ཁོ་ནི་ཡུལ་གདུང་དང་རུས་གདུང་ཆེ་བའི་རྩོམ་པ་པོ་ཞིག་ཡིན་པ་ཤེས་ཐུབ། སྤྱིར་རྩོམ་ཡིག་འབྲི་མཁན་ཞིག་དང་། ལྷག་པར་ལྷུག་རྩོམ་འབྲི་མཁན་ཞིག་ཡིན་ཚེ། ཤ་གདུང་དང་རུས་གདུང་། ཡུལ་གདུང་དང་གཉེན་གདུང་ཆེ་དགོས་པ་དང་། ཉེ་རིང་ཆགས་སྡང་གི་རིས་གསལ་བོར་ཡོད་ན། ད་གཟོད་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པ་ཡིན།
        ཤེར་གྲོལ་ནི་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འཚོ་བའི་མཐོང་ཐོས་མྱོང་གསུམ་དག་རྩོམ་ཡིག་ཏུ་འབྲི་བར་སྤྲོ་བའི་རྩོམ་པ་པོ་ཞིག་ཡིན་ལ། ཁོའི་ལྷུག་རྩོམ་གྱི་ཁྲོད་ནས་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གྱི་གྲིབ་གཟུགས་དེ་ཡང་མཐོང་ཐུབ། ལྟོས་བཅས་ཀྱིས་བཤད་ན། ཁོ་ནི་ཕ་ཡུལ་དང་ཁ་གྱེས་ཏེ་བྱེས་སུ་སྡོད་པའི་མི་ཞིག་ཡིན་པས། ལྷུག་རྩོམ་དུ་གདུང་བའི་སེམས་ཁམས་ཤིག་གིས་ཁྱབ་ཡོད་ཅིང་། གདུང་བ་དེ་ནི་ལྷུག་རྩོམ་གྱི་ས་བོན་ཡིན་ལ་མྱུ་གུའང་ཡིན་པར་མ་ཟད། ཐ་ན་ལྷུག་རྩོམ་གྱི་འབྲས་བུ་ཡང་ཡིན། ཁོས་ཀྱང“ཁོ་བོས་ལོ་ངོ་ཉི་ཤུ་ལྷག་རིང་གི་དགའ་སྐྱོ་ཉིས་ལྡན་གྱི་འཚོ་བའི་ཁུག་སོ་རེ་རེ་དང་། རང་གི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་གྱི་ཕྱི་སྣོད་ཀྱི་འཇིག་རྟེན། ཕ་མ་སྤུན་མཆེད། དགེ་བའི་བཤེས་གཉེན། ……དགའ་སྐྱོ་ཆགས་སྡང་གི་བག་ཆགས་ལས་འཕོས་པའི་འཚོ་བའི་གཏམ་རྒྱུད་མང་བོ་སྙིང་བོར་བསྒྲིལ་ཏེ་ལྷུག་རྩོམ་གྱི་ལམ་ནས་བྲིས་པ་ཡིན”ཞེས་ཟེར།
        ཁོའི་ལྷུག་རྩོམ་གྱི་ཁྲོད་ནས«ལྷ་ཀླུ་འདམ་ར»དང་། «སྟག་གདོང་རི་བོར་འགོས་པ» «ཁང་བྱིའུ»སོགས་འཐུས་ཚབ་བརྩམས་ཆོས་སུ་བགྲང་ཆོག་ལ། «ལྷ་ཀླུ་འདམ་ར»ལ་མཚོན་ན་ཞིབ་འབྲི་རྣལ་མར་གཏོགས་ཤིང་། «སྟག་གདོང་རི་བོར་འགོས་པ»ལ་མཚོན་ན་ཧུར་བསྐྱེད་བསམ་བློ་སྟེར་ཐུབ་པ་དང་། «ཁང་བྱིའུ»ལྟ་བུར་མཚོན་ན་འཚོ་བའི་ཆོས་ཉིད་གང་ཞིག་ལས་བསམ་གཞིག་གི་སྒོ་མོ་ཐོལ་གྱིས་འབྱེད་ཐུབ་པས། ལྷུག་རྩོམ་རེ་རེ་ལ་རང་རང་གི་ཁྱད་ཆོས་རེ་ཡོད། “རྩོམ་ཡིག་འབྲི་བ་ནི་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་སེམས་ཁམས་དང་བསམ་པའི་དགོས་མཁོ་ཞིག་ཀྱང་ཡིན”[8]ཞེས་པ་ལྟར། ཁོས་ལྷུག་རྩོམ་འབྲི་བ་ནི་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་དང་། རང་གི་བསམ་པའི་དགོས་མཁོ་དེའི་དབང་གིས་ཀྱང་ཡིན་ངེས།
        ང་ལ་མཚོན་ན་ཁོང་གི་ལྷུག་རྩོམ་དག་ལས་སེམས་ཀྱི་ཟབ་སར་ཟུག་ཐུབ་ཅིང་གློ་མཆིན་ཁ་ལོ་སྐོར་ཐུབ་པ་ནི«འཆི་བའི་སློབ་གསོ»ཞེས་པ་དེ་ཡིན། འཆི་བ་ནི་སྲོག་ལྡན་ཀུན་གྱིས་མྱོང་དགོས་པའི་ཚེ་སྲོག་གི་ཆོས་ཉིད་ཅིག་ཡིན་ནའང་། འཇིག་རྟེན་པའི་ཁྲོད་ན་སྤྱིར་བཏང་དུ་འཆི་བར་འཇིགས་སྐྲག་མེད་པ་ཞིག་ཧ་ལམ་ཡོད་མི་སྲིད། དེ་བས«འཆི་བའི་སློབ་གསོ»ཞེས་པ་འདི་ནི། གསོན་པར་འདོད་ཀྱང་ནད་ཡམས་ཀྱི་དབང་གིས་གསོན་པ་ནས་འཆི་བར་གྲ་སྒྲིག་བྱས་པའི་གོ་རིམ་ཞིག་ཀྱང་ཡིན། སྐབས་དེའི་སེམས་ཀྱི་འགལ་འདུ་དང་འཇིགས་སྣང་། དྲན་གདུང་དང་སྐྱོ་བ་སོགས་ནི་ལྷུག་རྩོམ་དུ་གཟུགས་ཅན་བཞིན་བྲིས་ཡོད་དེ། “དེ་རིང་ནི་ནད་དུག་ཕོག་ཚད་ཆེས་མཐོ་བའི་ཉིན་མོ་རེད་ཅེས་བསྒྲགས་དུས། སེམས་སུ་འཚུབ་ཆ་ལངས་ཏེ་གློ་བུར་སང་ཉིན་འཆི་དགོས་པ་ལྟ་བུའི་དོགས་སྣང་སྐྱེས”ཞེས་པ་ལས། རྩོམ་པ་པོའི་སེམས་ཀྱི་འཇིགས་སྣང་དང་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་དེ་མཐོང་ཐུབ་ལ། “ཕ་ཡུལ་མཐོ་སྒང་དུ་ནད་ཡམས་འདི་ཁྱབ་མེད་ཚུལ་དང་བདེ་འཇགས་ཡིན་པས་ལམ་སང་ཕ་ཡུལ་དུ་ལོག་ན་ཡག་ཚུལ་ལབ་པར། ……ཕ་ཡུལ་དུ་ལོག་པའི་ཚེ་ན། མེ་འཁོར་འབབ་ཚུགས་དང་རླངས་འཁོར་གང་རུང་གི་མི་ཚོགས་ཁྲོད་ནད་གཞི་འདི་ཁ་རླངས་བརྒྱུད་ནས་ལུས་ལ་མི་བསྒོ་བའི་ངེས་པ་མེད་ལ། གལ་ཏེ་སྟབས་མ་ལེགས་པར་ནད་དུག་རང་ལ་འགོས་པ་ཆ་མ་འཚལ་བར་ཤེས་མེད་ངང་མཐོ་སྒང་དུ་ཕྱིན་ཏེ། ཕ་ཡུལ་མཐོ་སྒང་དུ་ནད་ཡམས་འདིས་བསྐྱེད་པའི་ངན་འབྲས་བློས་མི་ཤོང་བ་བསགས་ཚེ། ནག་ཉེས་དེ་གང་དུ་ཤོང་ངམ། དེར་བརྟེན་ཕ་ཡུལ་མཐོ་སྒང་ཅི་འདྲའི་བདེ་འཇགས་ཡིན་ནའང་། དེ་རུ་མི་འགྲོ་ཞེས་དམ་བཅས”ལྟ་བུར་མཚོན་ནའང་། བདེ་སྡུག་ཐམས་ཅད་རང་སྟེང་དུ་ལེན་ཕོད་པའི་སྐྱེས་ཕོ་རབ་ཅིག་གི་སྙིང་སྟོབས་དང་བློ་རྒྱ་དེ་མཚོན་ལ། འཆི་གསོན་བར་གྱི་གདམ་ག་བྱེད་ཕོད་པ་དང་། རང་གཞན་གཉིས་ཀྱི་བདེ་སྡུག་བསམ་ཐུབ་མཁན་ཞིག་ཡིན་ན། དེ་ལ་སེམས་རྒྱའང་ཆེན་པོ་ཞིག་ཡོད་དགོས་པ་ཡིན།

ཁུ་བྱུག་སྔོན་མོ་དང«ཆར་བའི་རོལ་དབྱངས»

        ཁུ་བྱུག་སྔོན་མོས་ཐོག་མར་སྙན་ངག་བྲིས་པ་དང་ཕྱིས་སུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་གསུམ་ག་འབྲི་བའི་རྩོམ་པ་པོ་ཞིག་ཡིན། ཁོའི་ལྷུག་རྩོམ་ལ་བསམ་གཞིག་གི་ཐད་ནས་སྙན་ངག་པས་བསམ་བློ་གཏོང་སྟངས་དང་ཚིག་སྦྱོར་གྱི་ཐད་ནས་སྙན་ངག་གི་ཉམས་འགྱུར་ཆེན་པོ་ལྡན་པས། ན་གཞོན་མང་བོ་ཞིག་གིས་དགའ་བསུ་བྱེད་བཞིན་ཡོད། ཁོའི་ལྷུག་རྩོམ་དེབ་ཀྱི་མིང་ལ«ཆར་བའི་རོལ་དབྱངས»ཟེར་ཞིང་། «ཆར་བའི་རོལ་དབྱངས»ཀྱི་ནང་དུ་ཆར་བ་དང་འབྲེལ་བའི་ལྷུག་རྩོམ་སྐོར་ཞིག་ཡོད་ལ། ཁོས་ལྷུག་རྩོམ་དེ་དག་ནི་ཆར་ཐིགས་དང་མཚུངས་པར་ཕྱི་གསལ་ནང་གསལ་ཞིག་ཀྱང་ཡིན་པས། དེབ་འདིའི་ཁ་བྱང་དུ«ཆར་བའི་རོལ་དབྱངས»ཞེས་བཏགས་པ་ཡང་མིང་དོན་དང་མཚུངས་པ་ཞིག་རེད།
        ཁུ་བྱུག་སྔོན་མོས་བྲིས་པའི་ལྷུག་རྩོམ་མང་བོ་ཞིག་དོན་གང་རུང་ཞིག་བརྗོད་པ་ལ་བརྟེན་ནས། གནས་ལུགས་སྟོན་པར་རིངས་པའི་ལྷུག་རྩོམ་གྱི་སྐོར་ཡིན་པ་དང་། དོན་གང་རུང་ཞིག་ལ་བརྟེན་ནས་གནས་ལུགས་བརྗོད་པ་འདི་ནི། བོད་ཀྱི་རྩོམ་པ་པོ་མང་བོས་འབྲི་བར་དགའ་བའི་འབྲི་ཐབས་ཤིག་ཀྱང་ཡིན། «མེ་ཏོག མེ་ཏོག»ཅེས་པའི་ལྷུག་རྩོམ་ལ་མཚོན་ན། བྱུང་རིམ་ཡོད་པའི་གཏམ་རྒྱུད་རང་བཞིན་ཅན་གྱི་ལྷུག་རྩོམ་ཞིག་ཡིན་ནའང་། ལྷུག་རྩོམ་འདིའི་གནད་དེ་གཏམ་རྒྱུད་ཀྱི་སྟེང་མེད་པར། ལྷུག་རྩོམ་ནང་རྗོད་བཞིན་པའི་འཚོ་བའི་གནས་ལུགས་ཀྱི་སྟེང་དུ་ཡོད། འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ནའང་། སྐྱོན་ཡོན་གཉིས་ནི་གཅིག་གི་ཟླ་ལ་གཅིག་གྲུབ་ཡོད་ཅིང་། ལྷུག་རྩོམ་འདི་ལ་མཚོན་ནའང་མེ་ཏོག་ལ་མཛེས་པ་ལྡན་ཞིང་། གཞུང་རྟ་དང་ལོ་མའི་སྟེང་དུ་ཚེར་མ་ཡོད་པ་དང་། མེ་ཏོག་གི་མཛེས་པར་དུངས་ནས་ལག་པས་རེག་དུས་ལག་མགོར་ཚེར་མ་ཟུག་མོད། འོན་ཀྱང་རྩོམ་པ་པོ་མེ་ཏོག་གི་མཛེས་པ་ལ་དགའ་བའི་དབང་གིས་མེ་ཏོག་གི་ཚེར་མ་དེ་དང་ལེན་བྱས་པའི་གཏམ་རྒྱུད་དེ་བྲིས་ཡོད། ལྷུག་རྩོམ་འདི་ལ་ཚིག་སྦྱོར་གྱི་ཆ་ནས་སྙན་ངག་གི་ཁྱད་ཆོས་ལྡན་ཞིང་། བརྗོད་བྱའི་ཆ་ནས་བསྡུས་བརྗོད་ཀྱི་རང་བཞིན་ཡང་ལྡན། མེ་ཏོག་དེ་ནི་རང་གི་ཆུང་མ་ཡིན་ཆོག་ལ་མཛའ་མོ་ཡང་ཡིན་ཆོག མེ་ཏོག་གི་མཛེས་པ་དང་དྲི་བསུང་ནི་བརྩེ་དུངས་ཀྱི་དྲི་ངད་དང་། མེ་ཏོག་དང་འགྲོགས་པའི་ཚེར་མ་ནི་མཛའ་མོ་གང་དེའི་སྐྱོན་ཆ་ཡིན་ཡང་ཆོག ལྷུག་རྩོམ་དུ་མེ་ཏོག་ལ་དགའ་ན་མེ་ཏོག་གི་ཚེར་མ་དེ་དང་ལེན་བྱ་དགོས་ཤིང་། མཛའ་མོ་ལ་དུངས་ན་མཛའ་མོའི་སྐྱོན་ཆ་དེ་བློ་ཁོག་ཏུ་ཆུད་དགོས་པའི་གནས་ལུགས་དེ་བསྟན་ཡོད།     
        རྩོམ་པ་པོས“«ཆར་བའི་རོལ་དབྱངས»སུ་དོན་བརྗོད་དང་ཡིད་འགྱུ་འདྲེས་མའི་ལྷུག་རྩོམ་སྐོར་ཞིག་བསྡུས་ཡོད་ལ། ལྷུག་རྩོམ་དེ་དག་ནི་དོན་དག་ཆུང་ངུ་ཞིག་བརྒྱུད་ནས། བརྗོད་པར་འདོད་པའི་དོན་གང་ཞིག་གསལ་བོར་སྟོན་པ་ཅན་དང་། ཕྱི་རོལ་གྱི་ལྗོངས་དངོས་གང་རུང་ཞིག་ལ་བརྟེན་ནས། ནང་སེམས་ཀྱི་དགའ་སྐྱོའི་ཚོར་བ་ཕྱི་རུ་མངོན་པ་ཞིག་ཡིན”ཞེས་པ་ལྟར། ལྷུག་རྩོམ་གྱི་བརྗོད་བྱ་མང་བོ་ཞིག་ཆར་བ་དང་འབྲེལ་བ་འདི་ཡང་རྩོམ་པ་པོ་སྙན་ངག་པ་ཞིག་ཡིན་པའི་ཤན་ཤུགས་ཡིན་པ་དང་། ལྷུག་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་སྙན་ངག་གི་འབྲི་ཐབས་ཀྱིས་ཤན་ཐེབས་ཡོད་པ་འདིའང་། ལྷུག་རྩོམ་དེབ་འདིའི་ཁྱད་ཆོས་དང་རང་གཤིས་ཤིག་ཏུ་ངོས་བཟུང་ཆོག ཁོའི་ཚིག་སྦྱོར་ལ་སྙན་ངག་གི་ཆ་ཡོད་པས། ལྷུག་རྩོམ་གྱི་ལྷོད་ཆ་དེ་མེད་པར་སྙན་ངག་གི་འཕར་ལྡིང་གི་ཆ་དེ་ཅུང་ཆེ། ལྷུག་རྩོམ་ནི་དྲག་ཏུ་འཕྱོ་བའི་རྦབ་ཆུ་ལྟ་བུ་ཞིག་མ་ཡིན་པར། ལྷོད་ཀྱིས་བཞུར་བའི་གཙང་བོ་ལྟ་བུ་ཞིག་ཡིན་པ་དང་། ཕྱི་ནས་བལྟས་ན་ལྷོད་ཤ་ཞིག་སྟེར་ནའང་ནང་དུ་ཞུགས་ན་སྔངས་འཚབ་སྟེར་མཁན་ཞིག་ཡིན་པས། ལྷུག་རྩོམ་ལ་ངེས་པར་འཇམ་ཤའི་ཁྲོད་ཀྱི་བྲེལ་ཤ་དེ་དགོས་ལ། ལྷོད་ཤའི་ཁྲོད་ཀྱི་མྱུར་ཤ་དེ་ཡང་དགོས་པ་ཡིན། ཚིག་ལ་སྙན་ངག་གི་ཆ་ལྡན་ཞིང་འཕར་ལྡིང་ཆེ་བ་འདི་ནི་ལྷུག་རྩོམ་གྱི་སྐྱོན་ཆ་ཞིག་ཏུ་བགྲང་མི་རུང་ནའང་། ལྷུག་རྩོམ་ལ་ལྷུག་རྩོམ་གྱི་ཁྱད་ཆོས་དང་རང་གཤིས་ཤིག་ངེས་པར་འཛོམས་དགོས་པ་ཡིན།

རྡོ་རིང་པད་མ་དབང་ཆེན་དང«དབུས་ལམ་རིང་མོ»

        ཕྲན་ཆུང་ཡང«སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས»ཁྲོད་ཀྱི«དབུས་ལམ་རིང་མོ»ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཡིན་ལ། རང་རྩོམ་ལ་རང་གིས་དཔྱད་པ་གཏོང་བའི་དཔེ་མེད་པས། དེབ་འདིའི་ལེགས་ཉེས་ཐད་ནས་སྐད་ཆ་ཚིག་གཅིག་བཤད་པར་སྙིང་འདར་ཞིང་། ཡི་གེ་ན་གཅིག་འབྲི་བར་ལག་འཁུམས་ནའང་། རྩོམ་འདིའི་ས་བཅད་མ་སྟོངས་ཙམ་དུ«དབུས་ལམ་རིང་མོ»ངོ་སྤྲོད་རགས་ཙམ་ཞུ་བ་ལ། དེབ་འདི་ནི་ངའི་མི་ཚེའི་ལོ་རྒྱུས་དང་ངའི་མཐོང་ཐོས་མྱོང་གསུམ་གྱི་ཚོར་བ་ཟིན་བྲིས་སུ་བཀོད་པའི་དེབ་ཅིག་ཡིན་པས། ལྷུག་རྩོམ་དེབ་འདིའི་ནང་དུ་ངའི་མི་ཚེ་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཚོར་བའི་འཕྱོ་འཇགས་ཀྱི་འགྱུ་བ་དེ་བཀོད་ཡོད་ལ། རང་ཉིད་ཀྱིས་རིག་གནས་དང་ལོ་རྒྱུས་ཀྱི་ཐད་ལ་བསམ་གཞིག་ཏོག་ཙམ་བགྱིས་པའི་ཚོར་བ་ཕྲ་རགས་ཐམས་ཅད་ཀྱང་འཇོན་ཚོད་དང་ནུས་ཚོད་ཀྱིས་བྲིས་ཡོད། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་ཚོར་བ་ཟིན་བྲིས་སུ་འགོད་པའི་སྐབས་སུ་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཏེ་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཡང་རབ་རིབ་ཅིག་བྲིས་ཡོད།
མཇུག་སྡུད་ཀྱི་སྐད་ཆ་ཚིག་གསུམ་མ།
        སྐྱོན་ཡོན་གཉིས་ནི་ལུས་དང་གྲིབ་མ་བཞིན་དུ་ཕན་ཚུན་ལ་རྟེན་ཅིང་འབྲེལ་ནས་ཡོད་པས། འཇིག་རྟེན་འདིར་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མེད། གོང་དུ་གླེངས་མ་ཐག་པའི་ལྷུག་རྩོམ་གྱི་དཔེ་ཚོགས་འདི་ལ། ཁྱད་ཆོས་དང་དགེ་མཚན་མང་བོ་ཞིག་ཡོད་པ་བཞིན་དུ་དེའི་ཟླ་ལ་ཞན་ཆ་དང་མི་འདང་ས་ཡང་མང་བོ་ཞིག་ཡོད། དཔལ་མོ་རྒྱལ་ལ་མཚོན་ན་རྩོམ་ཡིག་གི་ཚིག་སྦྱོར་ལ་དང་དོད་བྱེད་པ་མང་དྲགས་པས། བརྗོད་བྱ་མཐར་ཆགས་སུ་འགྲེམས་པར་བཀག་རྒྱ་དང་། ཡིད་འགྱུ་ཤུགས་དྲག་ཅིང་ཞིབ་བརྗོད་དང་ཞིབ་འབྲིའི་ཐད་ནས་ཅུང་ཞན་པར་སྙམ་ལ། སེང་གཤོང་སྙིང་བྱམས་རྒྱལ་ལ་མཚོན་ན་རྙིང་བར་ཞེན་པ་ཆེ་ཞིང་གསར་བར་སྔངས་པའི་སེམས་ཚོར་ཞིག་ཡོད་པ་འདྲ་ཞིང་། པད་མ་རིག་འཛིན་དང་ཤེར་གྲོལ་ལ་མཚོན་ན་ཚིག་ལ་ལྷོད་ཤ་ཆེ་ཞིང་ཞིབ་འབྲི་དང་ཞིབ་བརྗོད་སོགས་ཅུང་རགས་མོར་ལུས་པར་སྙམ། དེ་བཞིན་ཁུ་བྱུག་སྔོན་མོར་མཚོན་ན་ཡང་། དོན་བརྗོད་ལྷུག་རྩོམ་སྐོར་ཞིག་ཞིབ་བརྗོད་བྱས་པ་དང་། དོན་གྱི་བྱུང་རིམ་དེ་འདྲའི་འཕལ་ཁ་འཕྲོད་པ་ཞིག་མིན། དེ་ནི་རྩོམ་པ་པོ་དངོས་སུ་བརྒྱུད་པའམ་བརྒྱུད་ནས་བརྒྱུད་པ་གང་ཞིག་ཡིན་ཡང་། འབྲི་ཐབས་དང་བཀོད་སྒྲིག་སོགས་ལ་ཐུགས་བསམ་ཞིབ་མོར་མ་གནང་བའི་རྐྱེན་གྱིས་མིན་ནམ་སྙམ། 
        རྩོམ་པ་པོ་སྤྱིའི་ཆ་ནས་མི་སེམས་དབྱེ་ཞིབ་ཀྱི་ནུས་པ་ཞན་པ་དང་། རང་གི་མཐོང་ཐོས་མྱོང་གསུམ་བྲིས་པ་ཙམ་ལས། དེ་ལས་བསམ་བློ་དང་རིག་གནས། ཆོས་ཉིད་དང་གནས་ལུགས་ཀྱི་ཤན་སྟོབས་ཆུང་ཞིང་། རྩོམ་ཡིག་ལ་སྒེར་གཤིས་མེད་པ་དང་། ལྷུག་རྩོམ་མང་བོ་ཞིག་འབྲི་ཐབས་ཆིག་རྐྱང་ཅན་ཡིན་པས། རྩོམ་ཡིག་རེ་གཉིས་བཀླགས་རྗེས། དེབ་ཧྲིལ་བོ་མ་བཀླགས་ཀྱང་སྤྱིའི་ཆ་ནས་དེབ་ཀྱི་གནས་ཚུལ་རྟོགས་ཐུབ་པ་དང་ཞིབ་བརྗོད་དང་ཞིབ་འབྲི་བྱས་པར་ཞིབ་ཆ་མེད་ལ། བརྗོད་བྱ་ཆིག་རྐྱང་ཅན་དུ་གྱུར་པ། བརྗོད་བྱ་བློས་བསླངས་བྱས་རྗེས། བསམ་བློ་ཡུན་རིང་མ་བཏང་བར་རྟབ་རྟབ་པོར་བྲིས་པ་ལྟ་བུའི་ཚོར་བའང་སྦྱིན་པར་བྱེད། ཕྲན་གྱིས་གཞན་གྱི་སྐྱོན་དུ་བསམས་ཏེ་གླེང་བ་དེ་དག དོན་གྱིས་རང་སྟེང་དུའང་དེ་བཞིན་གནས་པ་ཡིན་ཏེ། «སྐྱེ་བོ་གསོ་ཐིགས»ལས། “གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ། །གཞན་གྱི་སྐྱོན་རྣམས་ཅི་བརྗོད་པ། །དེ་བཞིན་བདག་ལའང་ཡོད་པ་སྟེ། །དཔེར་ན་ཝ་དང་བུད་མེད་བཞིན”ཞེས་པ་ལྟར་ཡིན་ནོ། །
        སྤྱིར་བཏང་དུ་སྙན་ངག་ནི་ཚོར་བས་འབྲི་དགོས་པ་དང་། ལྷུག་རྩོམ་དང་སྒྲུང་གཏམ་ནི་བསམ་གཞིག་གིས་འབྲི་དགོས་པ་ཞིག་ཡིན་པས། ལྷུག་རྩོམ་ཐུང་ངུ་ཞིག་ཡིན་ནའང་། བློས་བསླངས་བྱས་རྗེས། ཇི་ལྟར་འབྲི་བའི་ཐད་ལ་བསམ་གཞིག་ཡང་ཡང་གཏོང་དགོས་པ་དང་། དེ་དང་འབྲེལ་ཡོད་ཀྱི་དཔེ་ཀློག་ཀྱང་མང་བོ་བྱ་དགོས་པར་མ་ཟད། ད་དུང་ཡུལ་དངོས་སུ་ཕྱིན་ནས་བརྟག་དཔྱད་ཀྱང་བྱས་ཏེ། འབྲི་བར་འདོད་པའི་བརྗོད་བྱ་དེ་ཁྱུང་སྒོ་ངའི་ནང་ནས་གཤོག་རྩལ་རྒྱས་པ་ལྟར། རང་སེམས་ནས་ལེགས་པར་གྲུབ་རྗེས། ད་གཟོད་ནན་ནན་ཏན་ཏན་གྱིས་འབྲི་དགོས་པ་དང་། བྲིས་ཚར་རྗེས་དེ་ལ་ཡང་དང་བསྐྱར་དུ་བཟོ་བཅོས་རྒྱག་དགོས་པ་ཡིན། ད་ལྟའི་བོད་ཀྱི་ལྷུག་རྩོམ་མང་བོ་ཞིག་ལ་འཚོ་བའི་རྨང་གཞི་ཞན་པ་དང་། བསམ་བློའི་ཟབ་ཚད་མེད་པ། རིག་གནས་ཀྱི་འདུས་ཚད་ཞན་པ། ཆོས་ཉིད་ཀྱི་བདེན་པ་ཉུང་བ། མི་གཤིས་ཀྱི་བྲོ་བ་མེད་པ། བརྩེ་བ་དང་སྙིང་རྗེ་ཡི་བསམ་བློ་དབུལ་བ་སོགས་ཀྱི་ཞན་ཆ་མང་བོ་ཞིག་ཡོད་ལ། ཞན་ཆ་འདིའི་རིགས་སེལ་བའི་གཉེན་པོ་ནི་འཚོ་བར་ལྟ་ཞིབ་བྱེད་པ་དང་། དཔེ་ཀློག་མང་དུ་བྱེད་པ། བསམ་བློ་མང་དུ་གཏོང་བ། ཉམས་མྱོང་མང་བོ་གསོག་པ། སྨྱུག་རྩལ་ཡང་ཡང་སྦྱོང་བ་བཅས་ལ་བརྟེན་དགོས་ཤིང་། ལྷུག་རྩོམ་འབྲི་མཁན་ཞིག་ཡིན་ན་དཔེ་ཆ་མང་བོར་ལྟ་བ་དང་ཉམས་མྱོང་མང་བོ་བསགས་དགོས་ཏེ། “འཁོར་འདས་བློར་ཆུད་པའི་མིས་ད་གཟོད་ལྷུག་རྩོམ་ལེགས་པོ་འབྲི་ཐུབ”[9]ཅེས་པ་ལྟར། ང་ཚོའི་རྩོམ་པ་པོ་དག་གིས་ཤེས་བྱ་སྣ་མང་སྦྱངས་པ་དང་། འཚོ་བའི་ཉམས་མྱོང་བསགས་པ། བསམ་གཞིག་གི་སྒོ་མོ་ཕྱེ་བ། རྟོག་འཆར་གྱི་གཤོག་པ་བརྐྱངས་ཏེ་བྲིས་ན། འཚོ་བའི་བྲོ་བ་དང་རྟོག་པའི་ཟབ་ཚད། རིག་གནས་ཀྱི་འདུས་ཚད། བརྩེ་བ་ཡི་རང་མདངས་སོགས་གསལ་བའི་ལྷུག་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པ་ཡིན།

ཟུར་ལྟའི་དཔྱད་གཞི།
[1]陈剑晖.诗性想象[M].广东人民出版社.2014:  269.
[2]张志刚.什么是宗教学[M].北京大学出版社.2020:156.
[3]林非.散文的昨天和今天[M].广东人民出版社.2016:  197.
[4]谢有顺.散文的常道[M].广东人民出版社.2014:  11.
[5]李建军.文学的态度[M].作家出版社.2011:  221.
[6]林非.散文的昨天和今天[M].广东人民出版社2016:  198.
[7]李建军.文学的态度[M].作家出版社.2011:  8.
[8]王兆胜.新时期散文的发展向度[M].广东人民出版社.2014:  288.
[9]谢有顺.散文的常道[M].广东人民出版社 2014:  6 .
ཡོང་ཁུངས། ༢༠༢༢ལོའི་སྦྲང་ཆར་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།