དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱི་དཔྱད་རྩོམ།
རྩོམ་པ་པོ།:བདུད་ལྷ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-16
ཀློག་གྲངས།:
ལྷུག་རྩོམ་སྙན་ངག«ལམ་གྱི་ལེའུ»ཡི་ནང་དོན་གྱི་སྒྲིག་གཞི་ལ་དབྱེ་ཞིབ་ཅུང་ཙམ་བྱེད་པ།
བདུད་ལྷ་རྒྱལ།
«ལམ་གྱི་ལེའུ»ཞེས་པའི་ལྷུག་རྩོམ་སྙན་ངག་འདི་ཐོག་མར༢༠༠༢ལོའི«སྦྲང་ཆར»དེབ་བཞི་པའི་སྟེང་བཀོད་པ་དང་། དེ་ནས་ཚིག་དང་ཡི་གེ་ཁ་ཤས་བཅོས་ཏེ་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི་མཐོ་འབྲིང་གི་ངེས་སྦྱོང་དེབ་གཉིས་པའི་ནང་བདམས་ཡོད། རྩོམ་འདི་དེང་རབས་རྩོམ་རིག་གི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། རྩོམ་རིག་གསར་པར་འཇུག་པར་དོན་སྙིང་ཡང་ལྡན་པས། འདིར་བསླབ་ཚན་འདིའི་ནང་དོན་གྱི་སྒྲིག་གཞིའི་ཐད་ནས་དབྱེ་ཞིབ་བམ་མྱོང་དཔྱོད་ཅུང་ཟད་བྱ་བ་ཡིན།
དང་པོ། ཐ་སྙད་ཀྱི་མཐའ་དཔྱོད།
«ལམ་གྱི་ལེའུ»ཞེས་པའི་བསླབ་ཚན་འདི་ནི་ལྷུག་རྩོམ་སྙན་ངག་ཅིག་རེད། ལ་ལས་ལྷུག་རྩོམ་སྙན་ངག་མི་ཟེར་བར་ཚིག་ལྷུག་སྙན་ངག[1]ཟེར་བ་ནི་རྒྱ་ཡིག་གི“散文诗”ཡི་སྐད་དོད་རེད། “散文诗”ལ་འགྲེལ་བ་བྱེད་དུས་དེ་ནི“散文”དང“诗”གཉིས་སྡེབ་པ་རེད་ཟེར། “散文”ཟེར་བ་འདི་སྤྱིར་ཚིག་ལྷུག་ལ་འཇུག་ཀྱང་དེང་དུས་ཁོའི་ཡང་དག་པའི་དོན་ནམ་སྒྲ་དོག་འཇུག་གི་དོན་ནི་རྩོམ་ལུས་བྱེ་བྲག་པ་ཞིག་རེད། ཚིགས་སུ་གཅོད་སྟངས་ལྷུག་པ་ཡིན་པ་ཙམ་མ་རེད།བོད་སྐད་ཀྱི་ཁྲོད་ནས་ཚིག་ལྷུག་ཟེར་དུས་དེ་ནི་རྩོམ་གྱི་རིགས་ལ་རྩོམ་རིག་དང་རྩོམ་རིག་མ་ཡིན་པ་གཉིས་སུ་ཕྱེ་བ་ལ་ཁྱད་པར་མེད་པར། གཉིས་ཀའི་ཚིག་གི་གཅོད་སྟངས་ཚིགས་སུ་བཅད་པ་མ་ཡིན་པ་ལ་གོ་བ་རེད། རྩོམ་རིག་གསར་པའི་སྐབས་ན་བཤད་པའི“散文”ཟེར་བ་ནི་རྩོམ་རིག་ཡིན་པ་གཞིར་བཞག་གི་སྟེང་ནས་སྙན་ངག་དང་བརྩམས་སྒྲུང་དེ་བཞིན་ཟློས་གར་འཁྲབ་གཞུང་མ་ཡིན་པའི་རྩོམ་ལུས་ཤིག་ལ་གོ་དགོས། དེ་ནི་ཚིགས་སུ་གཅོད་ལུགས་ཀྱི་ཐད་ནས་བཏགས་པའི་མིང་ཞིག་མ་ཡིན་པར། རྩོམ་ལུས་ཀྱི་ཐད་ནས་བཏགས་པའི་ཐ་སྙད་ཅིག་རེད། རྩོམ་ལུས་ཞེས་དོན་སྟོན་ཚུལ་ཞིག་དང་དོན་ལ་ངོས་འཛིན་བྱེད་སྟངས་ཤིག་གི་རྣམ་པ་ཁྱད་པར་བ་ཞིག་ཡིན། དེ་ལྟ་བས་ན། ཚིགས་སུ་གཅོད་སྟངས་ཀྱི་ཐད་ནས་བརྩམས་སྒྲུང་གི་ཚིགས་སུ་གཅོད་ལུགས་ཚིག་ལྷུག་ཡིན་ཡང་། བརྩམས་སྒྲུང་ལ་ཚིག་ལྷུག་ཅེས་པའི་ཐ་སྙད་ཀྱིས་སྟོན་མི་རུང་། དེའི་ཕྱིར། མིང་གི་ཆ་ནས་ཉོག་འཁྲུག་མི་འབྱུང་བར་ཚིག་ལྷུག་དང་ཁྱད་འབྱེད་ཕྱིར་ལྷུག་རྩོམ་དང་ལྷུག་རྩོམ་སྙན་ངག་ཅེ་ན་འགྲིག དེར་མ་ཟད་བོད་ཀྱི་རྩོམ་རིག་གསར་པའི་གཞུང་ལུགས་སྔ་མ་དག་གིས་ཀྱང་ལྷུག་རྩོམ་ཞེས་སུ་བཤད་ཡོད།ལྷུག་རྩོམ་སྙན་ངག་འདི་རང་རྐྱ་འཕེར་བའི་རྣམ་པར་དུས་རབས་བཅུ་དགུ་པའི་ནང་བྱུང་བར་བཞེད་ལ། ཧྥ་རན་སིའི་རྩོམ་པ་པོ་ཕོ་ཏི་ལར(波德莱尔1821-1867)ནི་རྩོམ་ལུས་འདི་དར་བར་བྱེད་མཁན་གྱི་རྩོམ་པ་པོ་ཐོག་མར་ངོས་འཛིན་བྱེད་པ་ཡིན།
གཉིས་པ། ལྷུག་རྩོམ་སྙན་ངག་གི་ཁྱད་ཆོས།
ལྷུག་རྩོམ་སྙན་ངག་ནི་མ་གཞི་སྙན་ངག་གི་ངོར་གནས་པ་ཡིན། རྩ་བའི་ཆ་ནས་ལྷུག་རྩོམ་སྙན་ངག་ཏུ་འགོད་པའི་བརྗོད་བྱ་དེ་ལྷུག་རྩོམ་དང་བརྩམས་སྒྲུང་བཞིན་དུ་འཚོ་བའི་རྣམ་པ་ཇི་བཞིན་པ་མིན་པར། མཚོན་དོན་ནམ་བསྡུས་བརྗོད་དམ་ཡིད་བརྙན་གྱི་རྣམ་པར་བསམ་བྱ་དེ་དང་ཆོས་མཚུངས་པའི་ཁ་གཡར་སའི་དངོས་པོ་གཞན་རྩོམ་དུ་འགོད་པ་ཡིན། བསླབ་ཚན«ལམ་གྱི་ལེའུ»ལ་མཚོན་ན་རྩོམ་ནང་ལམ་བྲིས་ཡོད་ཀྱང་བསམ་བྱ་དངོས་སམ་བསྟན་བྱ་དངོས་དེ་ལམ་མིན། འདི་ལས་ལྷུག་རྩོམ་སྙན་ངག་ནི་སྙན་ངག་དང་མཚུངས་པར་ཡིད་བརྙན་གྱི་ཤུགས་ནས་བསྟན་བྱ་གཞན་ཞིག་སྟོན་པར་འགྱུར་བ་དང་། བསྟན་བྱ་དེ་ད་དུང་གཏན་འཁེལ(确定)མ་ཡིན་པའི་རབ་རིབ་ཅན་ཞིག་ཡིན།ལྷུག་རྩོམ་སྙན་ངག་གི་སྐད་ཆ་ལའང་སྙན་ངག་གི་རང་བཞིན་ཡོད་དེ། དེའི་སྐད་ཆ་ནི་བསམ་ཡན་ཅན་གྱི་སྐད་ཆ་ཡིན་པ་ལས། དངོས་ཡོད་ཅན་གྱི་སྐད་ཆ་མིན། དངོས་ཡོད་ཅན་གྱི་སྐད་ཆ་ནི་ང་ཚོས་དངོས་ཡོད་འཚོ་བའི་ཁྲོད་དུས་རྒྱུན་བཤད་པའི་སྐད་ཆ་དེ་རེད། དེ་ནི་མིང་དང་མིང་གི་འབྲེལ་བ་ལས་གྲུབ་པའི་རྗོད་བྱེད་ཚིག་གིས་དོན་གྱི་གཏན་ཚིགས་ལ་མི་གནོད་པའི་བརྗོད་བྱ་གོ་བདེ་རེ་སྟོན་པ་ཞིག་ཡིན། སྙན་ངག་གི་སྐད་ཆའམ་བསམ་ཡན་ཅན་གྱི་སྐད་ཆས། མིང་དང་མིང་གི་འབྲེལ་བ་ལས་གྲུབ་པའི་རྗོད་བྱེད་ཚིག་གཅིག་གིས་བརྗོད་བྱ་སྟོན་དུས་སུ་དོན་གྱི་གཏན་ཚིགས་ལ་གནོད་ནས་ཡོད། དཔེར་ན། «ལམ་གྱི་ལེའུ»ནང“ལམ་ནི་རྔུལ་ཆུས་བྲིས་པའི་སྙན་ངག་དང་འདྲ་བའི་ཚེ་སྲོག་ཡིན”ཞེས་པའི་སྙན་ཚིག་དེ་ལྟ་བུ། རྔུལ་ཆུས་བྲིས་པའི་སྙན་ངག་ཅེས་པ་དངོས་ཡོད་ཅན་གྱི་སྐད་ཆའི་ཐད་ནས་གོ་བ་བླངས་ཚེ་དོན་གྱི་གཏན་ཚིགས་ལ་གནོད་ཡོད་དེ། དོན་གྱི་གཏན་ཚིགས་ལྟར་ན་སྙན་ངག་ནི་རྔུལ་ཆུས་འབྲི་དགོས་པ་མ་རེད་སྣག་ཚས་འབྲི་དགོས་པ་རེད། ལམ་ནི་སྙན་ངག་དང་འདྲ་ཟེར་ན་ཡང་དེ་བཞིན་རེད། ལམ་ནི་འཁྱོག་པོ་གཞུ་དང་འདྲ་ཟེར་བའམ་དྲང་མོ་མདའ་དང་འདྲ་ཟེར་ན་དོན་གྱི་གཏན་ཚིགས་དང་མཐུན་པ་རེད་མ་གཏོགས། སྙན་ངག་དང་འདྲ་ཟེར་ན་དངོས་ཡོད་སྐད་ཆའི་དཔེ་དོན་གྱི་འབྲེལ་བ་མི་གྲུབ། དེ་བས་ལྷུག་རྩོམ་སྙན་ངག་གི་སྐད་ཆ་ལ་བསམ་ཡན་ཅན་གྱི་སྐད་ཆའི་ཆ་ནས་གོ་བ་ལེན་དགོས་ལ། དེའི་སྒོ་ནས་གོ་བ་བླངས་ཚེ་ཚིག་ཟིན་གྱི་གོ་བ་ལས་འདས་པའི་གོ་བ་གཞན་ཞིག་ཡོད།
དེ་བས་ན་སྙན་ངག་གི་སྐད་ཆའམ་བསམ་ཡན་ཅན་གྱི་སྐད་ཆའི་མིང་དང་ཚིག་དེ་ངེས་གཏན་ཅན་དང་གསལ་བ་ཅན་མ་ཡིན་པར། ལྡེམ་ཤུགས(弹性)ཅན་དང་གཏན་ལ་འཁེལ་བ་མ་ཡིན་པ་དང་རབ་རིབ་ཕུན་ཚོགས་ཅན་ཞིག་ཡིན། དེར་མ་ཟད། ཚིག་དང་ཚིག་གི་བར་དང་། ཚན་པ་དང་ཚན་པའི་བར་གྱི་འབྲེལ་བ་ཡང་དངོས་ཡོད་ཅན་གྱི་སྐད་ཆ་ལྟར་དུའམ། ལྷུག་རྩོམ་དང་བརྩམས་སྒྲུང་བཞིན་དུ་གོ་རིམ་གསལ་བ་དང་བརྒྱུད་རིམ་ལྡན་པ། འབྲེལ་དམ་པ་ལྟ་བུ་མ་ཡིན་པར། མཆོང་ལྡིང་ཆེ་བ་དང་བར་སྟོང་ཆེ་བ་ཡིན། བསླབ་ཚན་ནང་དུ“ལམ་དེའི་རྐྱེན་པས། དཔའ་མཛངས་ཀྱི་མི་ཚེ་དང་ལང་ཚོ་རྙེད་འོས”ཟེར་བ་ལ་མཚོན་ན། ལམ་གྱི་སྟབས་ཀྱིས་དཔའ་མཛངས་ཀྱི་མི་ཚེ་རྙེད་འོས་ཟེར་བ་ཡིན་ཡང་། དེར་གོ་བ་དངོས་ལེན་པ་ལ་མིང་ཚིག་དེའི་བར་ན་བར་སྟོང་ཆེ་སྟེ་འབྲུ་སྣོན་རྒྱུ་མང་པོ་ཞིག་ཡོད།
བསླབ་ཚན«ལམ་གྱི་ལེའུ»ནི་ཚིག་དང་ཚིག་གི་བར་དང་། ཚན་པ་དང་ཚན་པའི་བར་གྱི་འབྲེལ་བར་མཆོང་ལྡིང་ཆེ་བ་དང་བར་སྟོང་ཆེ་བའི་རྗེས་མཐུན་ཙམ་རེད་མ་གཏོགས་དེའི་ཚབ་མཚོན་དུ་ད་དུང་མི་འགྲོ། སྤྱིར་སྙན་ངག་གི་སྐད་ཆ་ནི་མ་གཞི་ནས་བར་སྟོང་དང་མཆོང་ལྡིང་ཡོད་པ་ཞིག་ཡིན།
དེ་ལྟར་དུ་མིང་དང་མིང་གི་བར་དང་། ཚིག་དང་ཚིག་གི་བར་དང་། ཚན་པ་དང་ཚན་པའི་བར་གྱི་འབྲེལ་བ་བརྒྱུད་རིམ་ལྡན་པ་དང་གོ་རིམ་གསལ་བ་རུས་སྦལ་གྱི་ནུར་འགྲོས་བཞིན་དུ་བཀོད་མེད་པར། མཆོང་ལྡིང་དང་བར་སྟོང་ཡོད་པས་ན། ལྷུག་རྩོམ་སྙན་ངག་ལ་སྙན་ངག་ལྟ་བུའི་ཉིང་བསྡུས་ཀྱི་རང་བཞིན་ཡོད། དེ་བས་ལྷུག་རྩོམ་སྙན་ངག་ནི་སྤྱིར་ན་ཐུང་ཞིང་དྲིལ་བ་ཉིང་བསྡུས་ཅན་ཞིག་ཡིན། ཡིན་ན་ཡང་སྙན་ངག་ལྟ་བུའི་མཆོང་ལྡིང་ཅན་མ་ཡིན་ལ། སྙན་ངག་ལྟ་བུའི་ཡོད་བརྙན་གྱི་ཚགས་དམ་པ་ཡང་མ་ཡིན་པར་ཅུང་ཟད་ལྷུག་པའམ་ལུག་པའི་རྣམ་པར་ཡོད་པས་སྙན་ངག་དང་ཁྱད་ཕྱེ་ཡོད། དེ་ལྟར་དུ་སྙན་ངག་དང་འདྲ་ས་ཡོད་པས་ལྷུག་རྩོམ་དངོས་མ་ཡིན་པ་དང་། ཡང་སྙན་ངག་དངོས་འདྲ་མ་ཡིན་པར་ལྷུག་རྩོམ་དང་འདྲ་ས་ཡོད་པས་ན་ལྷུག་རྩོམ་སྙན་ངག་ཅེས་ཟེར་བ་ཡིན།
གསུམ་པ། བསླབ་ཚན«ལམ་གྱི་ལེའུ»དངོས་བཤད་པ།
«ལམ་གྱི་ལེའུ»ཞེས་པའི་རྩོམ་འདིའི་བརྗོད་བྱ་ནི་ལམ་རེད། ཡིན་ཡང་ས་ཐོག་གི་ལམ་རང་ག་བ་དེ་མ་ཡིན་པར། འབྲས་བུ་གང་ཞིག་ཐོབ་ཕྱིར་འབད་འབུངས་བྱེད་པའི་བརྒྱུད་རིམ་དང་གནས་བབ་དེ་ལ་གོ་དགོས་པ་ཡིན། ལྷུག་རྩོམ་སྙན་ངག་འདིའི་ཁྲོད་ཀྱི་ལམ་ནི་མཚོན་དོན་ཞིག་རེད་ཅེས་བརྗོད་ཆོག མཚོན་དོན་ལམ་དེའི་མཚོན་བྱ་ནི་གོང་ནས་བཤད་པའི་འབྲས་བུ་གང་ཞིག་འཐོབ་ཕྱིར་བརྩོན་བཞིན་པའི་གནས་བབ་དེ་རེད། བོད་ཀྱི་རྩོམ་རིག་དང་རིག་གནས་ཁྲོད་དུ་འདི་ལྟའི་དཔེ་དོན་གྱི་སྦྱོར་བ་མང་པོ་ཡོད་དེ། དཔེར་ན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཟེར་དུས་སུ། ལམ་དེ་དཔེ་ཡི་སྒོ་ནས་བཏགས་པའི་མིང་ཞིག་རེད། གཞི་གང་འདྲ་ཡིན་པ་གཏན་ལ་ཕབ་རྗེས། གཏན་ལ་ཕབ་པ་ལྟར་དུ་ལག་ལེན་དུ་བསྟར་ན་མཐར་འབྲས་བུ་གང་ཞིག་ཐོབ་པ་ཡིན་ལ། དེ་འདྲའི་འབྲས་བུ་ལོན་བྱེད་ཀྱི་ལག་ལེན་གྱི་ཆ་དེ་ལ་ལམ་ཞེས་བསྟན་ཡོད་པ་རེད། ས་བཅུ་ལམ་ལྔ་ཞེས་པའི་ལམ་ཡང་དེ་ལྟར་རེད། ལམ་ལྔ་པོ་རིམ་གྱིས་བགྲོད་པས་མཐར་མི་སློབ་པའི་ལམ་ལ་སོན་པར་འགྱུར་བ་རེད། དེ་བས་རྩོམ་འདིར་བསྟན་པའི་ལམ་འདི་མཚོན་དོན་གྱི་ཆོས་སམ་ཡིད་བཪྙན་ཞིག་གི་ངོས་ནས་བཤད་ན་ཡིད་བཪྙན་གསར་པ་གསར་རྐྱང་ཞིག་མ་ཡིན་ཏེ། སྔོན་ཆད་དེ་ལྟའི་དཔེ་དོན་གྱི་སྦྱོར་བ་ཡོད་པས་སོ།། དེའི་མཚོན་བྱ་རུ་གྱུར་པའི་ནང་དོན་གྱི་ཆ་ནས་བཤད་ན་ད་གཟོད་གསར་པ་སྟེ། རྩོམ་འདིས་བོད་ཀྱི་རྩོམ་རིག་དང་རིག་གནས་ཁྲོད་བྱུང་བའི་ལམ་གྱི་མཚོན་བྱ་ལས་འདས་པར་བྱས་ཏེ། ཆོས་འཇིག་རྟེན་གང་ཡིན་ཡང་འབྲས་བུ་འཐོབ་བྱེད་ཀྱི་རྒྱུ་རུ་གྱུར་པའི་འབད་འབུངས་ཀྱི་གནས་བབ་ཡོངས་ཁྱབ་པ་དེ་སྟོན་པ་རེད།དེ་ཡང་སྙན་ངག་ཅིག་ཏུ། “ལམ།-གང་ནས། གང་ལྟར། གང་ལ”[2]ཞེས་ལམ་ལ་གནས་སྐབས་གསུམ་ཡོད་པར་བསྟན་ཡོད། དཔེར་ན་ལྷ་སར་འགྲོ་བར་མཚོན་ན། ཐོག་མར་ས་གང་ནས་ལམ་ལ་ཆས་དེ་འགྲོ་དགོས་པའི་ལམ་གྱི་འགོ་འཛུགས་ས་ཞིག་ཡོད། དེ་ནས་ལམ་གྱི་ཐད་ནས་རྐང་ཐང་དུ་འགྲོའམ། རླངས་འཁོར་ལ་བསྡད་དེ་འགྲོའམ། མེ་འཁོར་ལ་འདུག་གམ་གནམ་གྲུ་ལ་བསྡད་དེ་བགྲོད་པའི“གང་ལྟར”གྱི་གནས་སྐབས་ཤིག་ཡོད། མཐར་ལམ་དུ་བགྲོད་པའི་མཐའི་དམིགས་ཡུལ་ཏེ་གང་ལ་ཐོན་པར་འགྱུར་ན་ལྷ་སར་ཐོན་པར་འགྱུར་བ་ཡིན།
བསླབ་ཚན་འདིར་ནང་དོན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་གང་ལ་སྟེ། ཕུགས་བསམ་དང་རེ་འདུན་སྟོན་པའི་ནང་དོན་གྱི་ཚན་པ་ཞིག་དང་། ཅིག་ཤོས་ནི་གང་ལྟར་ཏེ། ཕུགས་བསམ་མངོན་འགྱུར་གྱི་གོ་རིམ་ནི་ཇི་ལྟ་བ་ཡིན་པར་སྟོན་པའི་ནང་དོན་གྱི་ཚན་པ་གཉིས་ཡོད། དེ་གཉིས་ལས་ཀྱང་རྒྱ་ཆེར་དང་གཙོ་ཆེར་བསྟན་ཡོད་པ་ནང་དོན་གཉིས་པ་རེད། འདིའི་ཚན་པ་ཞེས་པ་རྩོམ་ལ་རང་བྱུང་ཚན་པ་བཅུ་གཉིས་ཡོད་པ་དེའི་ཚན་པ་དེར་ཟེར་བ་མ་ཡིན་པར། སྤྱིའི་ནང་དོན་ལ་ཕྱོགས་གཉིས་སུ་ཡོད་པ་རེད་ཅེས་པའི་དོན་ཡིན།
གཅིག ཕུགས་བསམ་སྟོན་པའི་ནང་དོན་གྱི་ཚན་པ།
གོང་གི་སྙན་ངག་དེའི་ནང་ད་དུང“དམིགས་འབེན་མེད་ན་འགྲོ་ལམ་བྲལ་ཞིང་། འགྲོ་ལམ་གྱི་གཞུང་ནས་ཚེ་སྲོག་བསྲིང་དགོས་ཡ”ཞེས་ཐོག་མར་དམིགས་འབེན་གལ་ཆེ་སྟེ་དམིགས་འབེན་མེད་ན་ལམ་མེད་པར་བསྟན་ཡོད། མིའི་མི་ཚེ་ཡང་དེ་ལྟར་ཡིན་ཏེ། ཐོག་མར་རང་སེམས་ན་དམིགས་ཡུལ་ལམ་ཕུགས་བསམ། འཐོབ་བྱའམ་རེ་འདུན་ཞིག་ཅིས་ཀྱང་ཡོད་དགོས། དེ་འདྲ་མེད་དུས་མི་ལ་སྒུལ་ཤུགས་ཡོད་མི་སྲིད་པས། ར་ལོ་ལྟ་བུར་གྱུར་པ་ཡིན།
དེ་བས་རྩོམ་འདིའི་མགོ་ན“ཆེས་ཐོག་མ་ནས་ང་ལ་སེམས་ཁོང་ན་རྒས་རྒྱུ་མེད་པའི་རྨི་ལམ་ཡོད”ཅེས་ལམ་དོན་གཉེར་ཅན་ལ་ཐོག་མར་ཕུགས་བསམ་དང་རེ་འདུན་ཡོད་པའམ་ཡོད་དགོས་པར་བསྟན་ཡོད། སྐབས་འདིའི་རྨི་ལམ་ཞེས་པ་ཡང་གོ་བ་གཞན་དུ་ལེན་དགོས། འདི་མཚོན་དོན་ཞིག་རེད་ཅེས་བཤད་ཆོག་ལ། ཡིད་བརྙན་ཞིག་རེད་ཅེས་ཀྱང་བཤད་ཆོག དེའི་དོན་ལ་རིག་གནས་གསར་པ་ལྟར་དུ་གོ་བ་ལེན་དགོས་ཏེ། སྲོལ་རྒྱུན་རིག་གནས་ལྟར་ན་རྨི་ལམ་གྱི་མཚོན་དོན་ནི་སྙིང་པོ་མེད་པའམ་མི་རྟག་པ་ཡིན། སྒྱུ་མའི་དཔེ་བརྒྱད་ཀྱི་སྐབས་ན། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཞེས་ཟེར། རིག་གནས་གསར་པའམ་ནུབ་གླིང་རིག་གནས་ཁྲོད་ནས་རྨི་ལམ་དེ་ཕུགས་འདུན་ནམ་རེ་འདུན་གྱི་དོན་སྟོན་བྱེད་ཀྱི་མིང་ཚིག་ཅིག་ཡིན།
དེར་མ་ཟད། རྩོམ་གྱི་བར་ན་ཡང“ཐག་རིང་ན་རང་གིས་དྲན་མྱོང་བའི་དགའ་ས་དད་ཡུལ་དེ་དངོས་སུ་ཡོད……”ཅེས་དང་། “ཐག་རིང་ན་ད་གཟོད་རང་ལ་དབང་བའི་ཕུགས་སྨོན་གྱི་སྤྱིལ་བུ་ཆུང་ཆུང་ཞིག་ལའང་ལྗང་མདོག་འཚེར་གྱིན་ཡོད……”ཅེས་ཕུགས་བསམ་དང་རེ་འདུན་དེ་རྒྱང་རིང་ན་དམིགས་ཡུལ་གྱི་ཚུལ་དུ་ཡོད་པར་བསྟན་ཡོད། ཕུགས་བསམ་ནི་གལ་ཆེན་པོ་ཡིན་ཏེ། དམིགས་འབེན་མེད་ན་འགྲོ་ལམ་བྲལ་ཞིང་ཟེར་བ་ལྟ་བུ་རེད། རྩོམ་འདིས་ཀྱང་དེ་ཉིད་གལ་ཆེན་དུ་བསྟན་ཡོད། ཡིན་ཡང་། རྩོམ་གྱི་ནང་ནས་རྒྱ་ཆེ་ཞིང་རྒྱས་པར་བསྟན་ཡོད་པ་ནི་ཕུགས་བསམ་མངོན་འགྱུར་གྱི་ལམ་དངོས་དེ་རེད།
གཉིས། ཕུགས་བསམ་མངོན་འགྱུར་གྱི་གོ་རིམ་ལས་ལམ་དངོས་སྟོན་པའི་ནང་དོན་གྱི་ཚན་པ།
ཕུགས་བསམ་མངོན་འགྱུར་གྱི་ལམ་དངོས་སྟོན་པ་དེས་རྩོམ་གྱི་གྲུབ་ཆ་ཆེ་ཤོས་བཟུང་ཡོད་ལ། དེ་ལ་ངོས་ཟུར་མང་པོ་ཞིག་གི་སྒོ་ནས་བསྟན་འདུག
༡.དཀའ་ཚེགས་ཅན་དུ་བསྟན་པ།
ས་སྐྱ་པཎ་ཆེན་གྱིས། མཁས་པ་སློབ་པའི་དུས་ན་སྡུག །ཅེས་པ་ལྟར། འབྲས་བུ་གང་ཞིག་འཐོབ་དགོས་ཀྱང་། ཕུགས་བསམ་གང་ཞིག་མངོན་འགྱུར་བྱེད་དགོས་ཀྱང་། དེ་འཐོབ་པར་བྱེད་པའི་བརྒྱུད་རིམ་ནི་དཀའ་ཚེགས་ཅན་ཞིག་ཡིན། དཀའ་བ་སྤྱད་པའི་འབྲས་བུ་ལ་ད་གཟོད་འཐོབ་འདོད་ཀྱི་འབྲས་བུ་གང་དེ་ཐོབ་པར་འགྱུར་བ་ཡིན། འདི་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན། སྙན་རྩོམ་གྱི་ཁྲོད་དུ་དེ་ལ་ངེས་ཤེས་གསལ་པོ་ཡོད་པའི་སྒོ་ནས་ལམ་གྱི་གནས་སྐབས་དེ་དཀའ་སྡུག་ཅན་དུ་རྒྱས་པར་བསྟན་ཡོད།
ཐོག་མ་ནས་ལམ་ནི་རྔུལ་ཆུས་བྲིས་པའི་སྙན་ངག་དང་འདྲ་བའི་ཚེ་སྲོག་ཡིན་ཞེས་བསྟན་ཡོད་པ་དང། རང་བྱུང་ཚན་པ་བདུན་པའི་ནང་ལམ་ལ་དཀྱོག་མཚམས་མང་བ་ནི་ལམ་གྱི་ཁྱད་ཆོས་དང་། ལམ་གྱིས་མི་རྣམས་ལ་བཏོན་པའི་རེ་བའང་དེ་ཙམ་ལགས་ཞེས་སྙན་ངག་གི་སྐད་ཆའི་སྒོ་ནས་ལམ་གྱི་གནས་སྐབས་ནི་དཀའ་ཚེགས་ཅན་ཡིན་པར་བསྟན་པ་མ་ཟད། དཀའ་ཚེགས་དེ་ལམ་གྱིས་མི་རྣམས་ལ་བཏོན་པའི་རེ་བ་ལགས་ཞེས་ལམ་གྱི་ཆོས་ཉིད་དུ་བསྟན་འདུག
༢.དོན་སྙིང་ཅན་དུ་བསྟན་པ།
ཕུགས་བསམ་མངོན་འགྱུར་གྱི་གོ་རིམ་དེ་དཀའ་ཚེགས་ཅན་ཞིག་ཡིན་ཡང་། དཀའ་བ་ཁྱད་དུ་གསོད་པའམ་དཀའ་ཚེགས་ལ་མགོ་མ་སྒུར་བའི་གདོང་མཆོང་བྱེད་པའི་ཁྲོད་ནས་མི་ཚེའི་རིན་ཐང་མངོན་པ་དང་། མི་ཚེའི་རིན་ཐང་མངོན་ཚུལ་དེ་འདྲ་ནི་ཐ་ན་འབྲས་བུ་ལོན་པ་ལས་ཀྱང་དོན་སྙིང་ཆེ། རྩོམ་གྱིས་ཀྱང་དེ་ལྟ་བུའི་འཐབ་འཛིང་གི་གོ་རིམ་དེའི་དོན་སྙིང་རྟོགས་པའི་སྒོ་ནས། “དཔའ་མཛངས་ཀྱི་མི་ཚེ་དང་ལང་ཚོ་རྙེད་འོས”ཞེས་ཁྱེད་རང་དཔའ་བོ་ཡིན་པའི་རྟགས་སམ་དཔའ་རྟུལ་གྱི་མི་ཚེ་ནི་ཕུགས་བསམ་མངོན་འགྱུར་ཁྲོད་ཀྱི་ལམ་གྱི་དཀའ་བ་ཁྱད་དུ་གསོད་ཐུབ་པའི་སྟེང་ནས་མངོན་དགོས་པ་དང་། གཞོན་ནུ་ཞིག་གི་ལང་ཚོའི་གཟི་དཔལ་ཀྱང་རང་གི་ཕུགས་བསམ་མངོན་འགྱུར་ལ་འཕྲད་པའི་རྐྱེན་ངན་མང་པོ་ལ་གདོང་གཏོད་པ་ཁོ་ན་ལས་མངོན་དགོས་པའི་གནད་བསྟན་ཡོད། ད་དུང་རང་བྱུང་ཚན་པ་བཞི་པའི་ནང་། “ལམ་ལ་བཀུར་སྟི་དང་བརྩི་འཇོག་ཤེས་པ་ནས། སུ་ཡང་དོན་མེད་དུ་རྒས་མི་སྲིད་ཅིང་། རང་གི་ལུས་ནས་མི་མངོན་ཞིང་མི་གསལ་བའི་ཞན་ཆ་དང་། རུལ་སུངས་ལྟ་བུའི་ཉེས་སྐྱོན་ཡང་རྙེད་ཐུབ”ཅེས་དང་། ཚན་པ་ལྔ་པའི་ནང་། “ལམ་འཚོལ་བ་ནི་གོ་རིམ་ཞིག་དང་། རང་ཉིད་ཀྱི་ཚེ་སྲོག་ལ་མགོ་རྩོམ་གཞས་དབྱངས་འདྲེན་པའི་རེ་བ་ཞིག་ཡིན”ཞེས་ལམ་གྱི་དོན་སྙིང་ཡང་བསྟན།
༣.ལམ་གྱི་གནས་སྐབས་ནས་ཡིད་ཆེས་ཡོད་དགོས་པར་བསྟན་པ།
ལམ་ནི་དཀའ་ཚེགས་ཅན་ཞིག་ཡིན་པས་ཞེད་སྣང་སྐྱེ་སྲིད་ལ། ཡང་ལམ་ནི་མི་ཚེའི་རིན་ཐང་མངོན་ས་ཞིག་ཡིན་པས་དོན་སྙིང་ཅན་ཞིག་ཀྱང་ཡིན། དེས་ན་ཞེད་སྣང་གི་དབང་དུ་མ་གྱུར་པའི་དོན་སྙིང་དེ་བདག་གིར་མཛད་དགོས་ན། ངེས་པར་དུ་རང་ལ་སེམས་ཀྱི་གཟེངས་བསྟོད་པའམ་དཔའ་གདེང་རྙེད་ཐུབ་པའི་སྙིང་སྟོབས་ཤིག་དགོས། དེ་ནི་སེམས་མི་ཤི་བའི་ཡིད་ཆེས་ཡིན། རྒྱའི་སྐད་དུ་དེ་ལ“信仰”ཟེར། ཕུགས་བསམ་མངོན་འགྱུར་ཐུབ་པའི་ཆ་ལ་ཡིད་ཆེས་ཡོད་དགོས་ལ། རང་གི་དཀའ་སྤྱད་ལ་འབྲས་བུ་འབྱིན་སྲིད་པའི་ཡིད་ཆེས་ཡོད་དགོས།
རྩོམ་ནང“ལམ་དེ་ན་རང་ལ་འཚམ་པའི་འབྱོར་ཕྱུག་དང་མངའ་ཐང་མེད་ཟེར་རུང་། ལམ་དེ་ན་ཚེ་སྲོག་རེ་རེར་ཟུག་གཟེར་དང་སྐྱོ་གདུང་ལྕི་ཟེར་ན་ཡང་། སྨོན་ལམ་མི་ཡལ་བའི་སྙིང་ཁ་དྲོན་མོ་ན་དྲོད་ལམ་ལམ་དུ་བཟུང་བའི་བདག་གི་ལམ་ནི་འཛད་མཐའ་མེད་པའི་བརྩེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་དང་། རང་བྱུང་ཚན་པ་དྲུག་པར། ཐག་རིང་ན་རང་གིས་དྲན་མྱོང་བའི་དགའ་ས་དད་ཡུལ་དེ་དངོས་སུ་ཡོད་པ་མཐོང་ལ། ཐག་རིང་ན་ད་གཟོད་རང་ལ་དབང་བའི་ཕུགས་སྨོན་གྱི་སྤྱིལ་བུ་ཆུང་ཆུང་ཞིག་ལ་ལྗང་མདོག་འཚེར་གྱིན་པ་མཐོང”ཞེས། རང་བྱུང་ཚན་པ་བཅུ་པར། “སྤུན་ཟླ། ཐེར་ཟུག་གི་འཇིག་རྟེན་དུ་མི་ཞིག་གི་བསམ་བསམ་འདོད་འདོད་ཀྱི་སྟོང་བསམ་དག་མངོན་དུ་འགྱུར་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པ་སྨོས་མ་དགོས་ནའང་། སྟོང་བསམ་གྱི་འཇིག་རྟེན་ཞིག་ལ་བཙན་འཛུལ་བྱེད་ཕོད་པའི་མི་ནི་མ་གཞི་ནས་ལམ་ལ་ཆས་དུས་རང་རྐྱ་ཐུབ་མཁན་ཞིག་ཡིན་དགོས”ཞེས་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་ད་དུང་བློ་བརྟན་འགྱུར་མེད་དང་ཚུགས་ཐུབ་ཀྱི་མི་ཞིག་ཡིན་དགོས་པར་བསྟན་ཡོད། འདི་ལ་མཛེས་རྟོག་རིག་པའི་ཁྲོད་ནས་སྐྱོ་གར་གྱི་སྙིང་སྟོབས(悲剧精神)ཞེས་ཀྱང་ཟེར་བ་ཡིན།
༤.ལམ་གྱི་གནས་སྐབས་སུ་རང་ལ་རང་གིས་སྐུལ་ལྕག་འདེབས་དགོས་པ།
མི་ཚེ་དོན་ཡོད་དུ་གཏོང་ན། ཐོག་མར་རྒྱ་ཆེ་བའི་དམིགས་ཡུལ་ལམ་ཕུགས་བསམ་ཞིག་ཡོད་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་ལམ་གྱི་དཀའ་བ་བཟོད་ཐུབ་དགོས། དེར་མ་ཟད་དམིགས་ཡུལ་ལམ་ཕུགས་བསམ་མི་བརྗེད་པའི་དྲན་པ་དང་། རང་གི་བསམ་སྤྱོད་ལ་དུས་རྒྱུན་བྱ་ར་བྱེད་པའི་ཤེས་བཞིན་དང་སྐུལ་ལྕག་དགོས། ང་ཚོ་ནི་དུས་རྒྱུན་མི་གཤིས་ཀྱི་གཉོམ་སའི་དབང་དུ་གྱུར་ཏེ། ཕུགས་བསམ་ཞིག་ཡོད་ཀྱང་སྐབས་དང་སྐབས་སུ་གུས་སྦྱོར་གྱི་བརྩོན་འགྲུས་ལྟ་བུའང་ཡོད་སྲིད་ཀྱང་། ཆད་པ་མེད་པའི་བརྩོན་པ་ཆུ་བོའི་རྒྱུན་ནི་ཉུང་། དེ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་འཆི་བ་མི་རྟག་པ་བསམས་ནས་རང་ལ་སྐུལ་ལྕག་བྱེད་པ་ཡིན། ང་ཚོས་དེ་འདྲ་མི་ནུས་པས་དུས་དང་དུས་སུ་དྲན་ཤེས་བསྟེན་ནས་དུས་དང་དུས་སུ་རང་ལ་སྐུལ་ལྕག་འདེབས་དགོས་པ་ཡིན། དེ་བས་ལམ་གྱི་གནས་སྐབས་ཀྱི་སྐུལ་ལྕག་ནི་གལ་ཆེན་པོ་ཡིན། ལྷུག་རྩོམ་སྙན་ངག་འདིས་ཀྱང་དེ་ལ་ངེས་ཤེས་ཡོད་པའི་སྒོ་ནས་དེ་འདྲའི་ལམ་གྱི་སྐུལ་ལྕག་སྙན་ངག་གི་ནང་དུ་གཙོ་ཆེ་ས་ནས་བསྟན་ཡོད།
“འགྲམ་ལྕག་ལྟ་བུའི་ཚ་བེར་བེར་གྱི་ཆིག་ལབ་རེ་རེས་རང་ཉིད་གཉོར་ཞིང་བསྐྱངས་པ་ཡིན”ཞེས་དང་། ཚན་པ་བཅུ་པར། “ངས་ནམ་རྒྱུན་རང་གི་མིག་མདུན་ན་མངོན་སུམ་དུ་བཞུར་གྱིན་ཡོད་པའི་དུས་ཚོད་ལ་བལྟས་ཏེ། གློ་བུར་གློ་བུར་དུ། གང་ལས་ཀྱང་རིན་ཐང་ཆེ་བའི་ལམ་དང་། དེའི་ཕ་རོལ་ན་སྦས་སྐུང་བྱས་པའི་དགེ་མཚན་དྲན་ཏེ། ཞོགས་པ་ནས་ས་སྲོས་རེ་རེར་རང་ཉིད་ལམ་ཆེན་དུ་དེད་དེ་སོང་བ་ཡིན”ཞེས་བསྟན་འདུག
བཞི་པ། མཇུག་བསྡུ་བ།
དེ་ལྟར་དམིགས་ཡུལ་ལམ་རེ་འདུན། ཕུགས་བསམ་རྨང་གཞི་རུ་བསྟན་པའི་སྟེང་ནས། ལམ་དེ་དོན་སྙིང་ཆེན་པོ་ཅན་དང་། དོན་སྙིང་ཡོད་ཀྱང་དཀའ་ཚེགས་དང་བཅས་པ་ཞིག་དང་། དཀའ་ཚེགས་ལ་གདོང་གཏད་དུས་གལ་ཆེ་བ་ནི་ཡིད་ཆེས་དང་བློ་བརྟན་ཡིན་པ་དང་། ལམ་གྱི་གནས་སྐབས་ཀུན་ཏུ་དུས་དང་དུས་སུ་རང་ལ་ལྕག་འདེབས་དགོས་པ་བཅས་ཀྱིས་རྒྱལ་ཁ་ལོན་པ་དང་འབྲས་བུ་ཐོབ་པའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ཞིག་བསྟན་ཡོད་པ་འདི། མི་ཚེ་དོན་ལྡན་དུ་བྱ་བ་ལ་ཆེས་གལ་ཆེ་ཞིང་། ཕུགས་བསམ་ཅན་གྱི་མི་ཚེ་ལ་ཆེས་གལ་ཆེ་བ་ཡིན་པས། རྩོམ་གྱི་བསམ་བློ་ལ་ཆོས་ཉིད་ཀྱི་གནད་སྟོན་ཐུབ་པའི་བསམ་བློའི་རང་བཞིན་དང་ལེགས་བཤད་ཀྱི་རང་བཞིན(哲理性)ཡང་ཡོད།ལྷུག་རྩོམ་སྙན་ངག་ནི་སྙན་ངག་གི་ངོ་བོར་གཏོགས་པས། བསླབ་ཚན་འདི་ཀློག་པར་ངེས་པར་དུ་སྙན་ངག་གསར་པའི་ཀློག་འདོན་གྱི་ཐབས་ལམ་སྤྱོད་ཤེས་དགོས། དེ་ནི་ཧྲིལ་གྱིས་པ་དང་། ཁོག་དབུབ་ཀྱི་ཀློག་སྟངས་ཤིག་ཡིན། དེ་སྤྱིར་བཏང་གི་ཤོ་ལོ་ཀའི་འགྲེལ་བཞིན་དུ་ཚིག་རེ་རེ་ནས་འགྲེལ་བྱེད་དགོས་པ་ཞིག་མིན་ལ། ཚིག་རེ་རེ་ནས་འགྲེལ་བྱེད་ཐུབ་པ་ཞིག་ཀྱང་མིན།
ལྷུག་རྩོམ་སྙན་ངག་འདིས་རང་གི་བསྟན་དོན་ལམ་སྟོན་དུས་སུའང་གོ་རིམ་གསལ་བ་བརྒྱུད་རིམ་བསྟར་ལ་བརྒྱུས་པ་ལྟར་ལམ་གྱི་རིགས་ལམ་གསལ་བའི་སྒོ་ནས་ལམ་གྱི་གནས་བབ་བསྟན་པ་མིན་པར། ཚོར་འདུ་དྲག་པོ་ཞིག་གིས་གདུང་ཞེན་གྱི་སྒོ་ནས་བསྲེས་སྦྱོར་དང་སྐོར་བའི་སྒོ་ནས་བསྟན་ཡོད་པས་ཚིག་དོན་ལ་བསྐྱར་བ་ཡོད་ལ། སྙན་ངག་གི་སྐད་ཆ་གཅིག་བསྟན་དོན་དུ་མ་ལ་འཇུག་པའི་ཆ་ཡང་ཡོད། འདི་དག་ནི་སྲོལ་རྒྱུན་སྙན་ངག་ལས་འདས་པའི་སྙན་ངག་གསར་པའི་རིག་ལམ་དང་མཚོན་ཐབས་ཡིན་པ་ཤེས་དགོས། དེ་བས། བསླབ་ཚན་འདི་འཁྲིད་པའི་དམིགས་ཡུལ་གཅིག་ནི། སྙན་ངག་གསར་པར་འཇུག་པའི་ཐོག་མའི་བློ་སྦྱོང་ཞིག་སྙན་ངག་གསར་པར་འཇུག་མ་མྱོང་བ་དག་གི་རྒྱུད་ལ་འཇུག་པར་བྱེད་རྒྱུ་དེ་ཡིན།
ལུང་འདྲེན་དཔྱད་ཡིག
[1] དགེ་རྒན་གྱི་སློབ་ཁྲིད་སྤྱོད་དེབ་ནང་དེ་ལྟར་ཟེར།
[2] ལྗང་བུ། «གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»༡༩༨༧ལོའི་དེབ་གཉིས་པ།
སྤྱི་ལོ༢༠༢༡ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་ལྔ་པ་ལས་བདམས།
འབྲེལ་ཡོད་འོས་སྦྱོར།