༄༅། །འཇུ་སྐལ་བཟང་གི་ལྷུག་རྩོམ«རང་ཁྱིམ»ལ་ཕྲན་ཙམ་དཔྱད་པ།
རྩོམ་པ་པོ།:རྣམ་མེ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-05-29
ཀློག་གྲངས།:
༄༅། །འཇུ་སྐལ་བཟང་གི་ལྷུག་རྩོམ«རང་ཁྱིམ»ལ་ཕྲན་ཙམ་དཔྱད་པ།
རྣམ་མེ།
ནང་དོན་གནད་བསྡུས། «རང་ཁྱིམ»ནི་ལྷུག་རྩོམ་གྱི་ངོ་བོའི་སྟེང་ནས་ཡིད་འགྱུར་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་ཤིང་རྩོམ་ཧྲིལ་པོར་རྩོམ་པ་པོས་སྙན་ཞིང་འཇེབས་པའི་ཚིག་གི་རྒྱན་དང་སྡེབ་ལེགས་པའི་ཚིག་གི་སྦྱོར་བ། འགྲོས་མཉམ་པའི་དབྱངས་ཀྱི་འདེགས་འཇོག་སོགས་ཡིད་ཀྱི་ཚོར་འདུ་ཤུགས་དྲག་པའི་ངང་བརྗོད་བྱ་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད། ལྷུག་རྩོམ་འདི་གྲངས་ཚད་ཀྱི་ཆ་ནས་ལྷུག་རྩོམ་ཐུང་ངུའི་གྲས་སུ་ཚུད། རྩོམ་ཧྲིལ་པོར་རང་གྲུབ་ཚན་པ་བཅུ་གསུམ་གྱིས་གྲུབ་ཅིང་ཚན་པ་ལ་ཤས་ཅུང་ཙམ་རིང་ཞིང་ལ་ཤས་ཧ་ཅང་ཐུང་། དེ་ཡང་རྩོམ་པ་པོའི་ཡིད་ཀྱི་སྒྲིག་བཀོད་དང་ཚོར་འདུར་འབྲེལ་བ་དམ་ཟབ་ཡོད་པར་སྙམ། མཚོན་ཐབས་ཀྱི་ཆ་ནས་བསྡུས་བརྗོད་ཀྱི་ཐབས་བཀོད་དེ་རྩོམ་ཧྲིལ་པོའི་བརྗོད་སྙིང་ལ་གསར་གཏོད་དང་བློ་འབྱེད་ཀྱི་ནུས་པ་ལྡན་པར་བྱས། དེ་བས་ལྷུག་རྩོམ་འདིའི་བརྗོད་བྱ་ཕུན་སུམ་ཚོགས་པ་དང་སྒྲིག་གཞིའི་བཀོད་སྒྲིག་འོས་ཤིང་འཚམ་པ། རྗོད་བྱེད་ཚིག་མཛེས་ཤིང་མཚོན་ཐབས་སྒྱུ་རྩལ་གྱིས་ཕྱུག་པ་སོགས་ཁག་བཞི་རུ་དགར་ནས་རང་གི་བློ་དང་རིག་པས་ས་བཅད་མ་སྟོང་བ་ཙམ་གྱིས་ཕྲན་ཙམ་དཔྱད་ཡོད།
བརྡ་ཆད་གཙོ་བོ། ལྷུག་རྩོམ། རང་ཁྱིམ། རྗོད་བྱེད་ཚིག་གི་མཛེས་པ། བརྗོད་སྙིང་།
དང་པོ། བརྗོད་བྱ་ཕུན་སུམ་ཚོགས་པ།
དེ་ཡང་ང་ཚོའི་སྔོན་བྱོན་དམ་པ་དག་གི་བརྩམས་ཆོས་མང་ཤས་ལས་འཁོར་བ་ནི་སྡུག་བསྔལ་གྱི་ཚང་དང་འཁོར་བའི་ལས་ནས་ཐར་ཏེ་ཐར་བ་དང་ཐམས་ཅན་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ནི་དམིགས་ཡུལ་གཙོ་བོར་བཟུང་བ་དང་འཁོར་བ་ལས་གྲོལ་ནས་དམ་པའི་རི་ཁྲོད་འགྲིམས་པ་ནི་གཟི་བརྗིད་ཆེ་བ་དང་བྱིན་རླབས་ཆེ་བའི་གནས་སུ་རྩི་བཞིན་མཆིས། ཡིན་ནའང་འཇུ་སྐལ་བཟང་གིས་གོང་སྨྲས་ཀྱི་བརྗོད་གཞི་འདི་ལས་ཐོད་བརྒལ་བྱས་ནས“རང་ཁྱིམ་ནི་མི་ཡི་ས་བཅད་ཆུང་ངུར་བཅད་པའི་མཐར་ཐུག་དང་མི་རབས་ནས་མི་རབས་བར་མཇུག་མི་སྒྲིལ་བའི་བཟོ་བཀོད་ཆུང་ཆུང་ཞིག་ཡིན་པ་དང་། འདི་ནི་ཁྱོད་ཀྱིས་མི་ཡུལ་འདི་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཞིང་། འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ལགས”ལྟ་བུ་དང་། དེ་མིན་ད་དུང“བཙལ་བཙལ་བའི་མཐར་ཁྱེད་ཀྱིས་འདི་ལས་གཞན་ཞིག་མ་རྙེད་ཅིང་། དཔྱད་དཔྱད་པའི་མཐར་ཁྱེད་ཀྱིས་འདི་ལས་ཅི་ཡང་མ་རྟོགས”ཞེས་པ་ལས་རྩོམ་པ་པོས་དེ་ལྟ་མ་ཡིན་པར་རང་ཁྱིམ་ནི་ཀུན་གྱི་གནས་ཚང་དྲོན་མོ་དེ་ཡིན་པས་ང་ཚོ་ཀུན་ཀྱང་དེ་ལ་དགའ་ཞིང་དེ་ལ་གཅེས་མཁན་ཞིག་ཡིན་པར་མ་ཟད་རང་ཁྱིམ་གྱི་དགོས་གལ་དང་རང་དབང་། བདེ་སྐྱིད་སོགས་ཚིག་འབྲུ་རེ་རེ་ཡི་གསེང་ནས་རྙེད་ཐུབ།
བརྗོད་བྱ་ཕུན་སུམ་ཚོགས་པ་ནི་བརྗོད་བྱ་རྒྱ་ཆེ་བ་ཁོ་ནར་བཤད་ཀྱིན་མེད་པར་བརྗོད་སྙིང་ཧྲིལ་པོ་མཚོན་བྱེད་དུ་བརྗོད་བྱ་དུ་མ་དྲངས་ཤིང་བརྗོད་བྱ་དེས་མི་བུ་སོ་སོའི་སེམས་ལ་ཤུགས་བསྟན་གྱི་གནས་ལུགས་ཤིག་འཇོག་པའམ་ཆེས་རྒྱུན་ལྡན་གྱི་དོན་ཕྲན་ག་གེ་མོའམ་ནང་སེམས་སུ་དྲན་སླ་བ་གང་ཞིག་ཚིག་གི་རྩལ་ལས་མངོན་པར་བྱས་པ་དེ་ནི་ལྷུག་རྩོམ་ཡན་གར་བ་ཞིག་འབྱུང་བའི་སྔ་ལྟས་ཡིན། ང་ཚོས་རྩོམ་རིག་གི་ཐོན་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན་ཞེས་བཤད་པ་བཞིན་རྩོམ་ལུས་གང་ཞིག་བེད་སྤྱོད་པའམ་བརྗོད་བྱ་གང་ཞིག་བདམས་ཀྱང་སྤྱི་ཚོགས་འཚོ་བ་དང་ཁ་ཐག་ཉེ་བ། དངོས་ཡོད་དང་ཉེ་བར་བཅར་ནས་བརྗོད་བྱ་གདམ་དགོས་པ་མ་གཏོགས་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་ཞིང་རྟོག་པ་དང་འཆར་སྣང་གིས་གྲུབ་པའི་བརྗོད་བྱ་བདམས་ཤིང་བྲིས་པ་ནི་ཀློག་པ་པོ་དང་མི་འཚམ་ཞིང་རྩོམ་རིག་གི་ཁྱབ་ཁོངས་ལས་བརྒལ་བའི་གླེང་གཞི་གཞན་ཞིག་ཡིན་པར་འདོད། དེ་བས་ན་འདིར་བརྗོད་པའི་བརྗོད་བྱ་རང་ཁྱིམ་ནི་ང་ཚོའི་འཚོ་བ་དང་ཁ་ཐག་ཧ་ཅང་ཉེ་བར་མ་ཟད་མི་མང་པོ་ཞིག་གིས་རང་ཁྱིམ་བོར་ནས་ཕྱིར་ལོག་མི་ཐུབ་པ་དང་རང་དབང་གི་གཤོག་པ་བཅད་ནས་གཤོག་འགྱུར་ལྷོད་མི་ཐུབ་པར་ཕྱིར་རང་ཁྱིམ་དྲོན་མོར་ལོག་མི་ཐུབ་པ་གཞིར་བཟུང་ནས་ཚན་པ་འདིའི་ཆེས་མཇུག་མཐར“འོ་ན་ཁྱོད་ལ་འཇིག་རྟེན་ཁམས་ཀྱི་རྙེད་པ་ཆུང་ཆུང་འདི་གཏན་དུ་འཐོབ་པའི་རྟེན་འབྲེལ་ཞིག་ཞུ་ཞིང་། ཆེས་མཐའ་མཇུག་གི་རང་དབང་ཕྲན་བུ་འདི་དང་ཡུན་རིང་མི་འབྲལ་བའི་སྨོན་ལམ་ཞིག་ཀྱང་འདེབས་སོ། །”ལྟ་བུ་ལས་རང་ཁྱིམ་ལ་སྔར་ལས་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་རང་དབང་གི་གོ་སྐབས་ཕྲན་བུ་བ་དེ་ཡིན་ནོ། །
གཉིས་པ། སྒྲིག་གཞིའི་བཀོད་སྒྲིག་འོས་ཤིང་འཚམ་པ།
ལྷུག་རྩོམ་ནི་བརྗོད་བྱ་རྒྱ་ཆེ་ཞིང་སྒྲིག་གཞི་རང་དབང་ཆེ་བ་ཞིག་ཡིན་ནའང་དེ་ཡང་གང་བསམ་གང་འདོད་ཀྱིས་སྦྱར་ཆོག་ཆོག་ཅིག་ག་ལ་ཡིན། སྒྲིག་གཞི་འཐུས་ཚང་མིན་ན་རྩོམ་ཧྲིལ་པོའི་བརྗོད་སྙིང་ཐད་གོ་འཛོལ་འབྱུང་ངེས། དེ་བས་སྤྱིར་ལྷུག་རྩོམ་གྱི་སྒྲིག་གཞི་ལ་རིགས་སྣ་ཚོགས་ཡོད་དེ། དུས་ཚོད་ཀྱི་གོ་རིམ་ལྟར་སྒྲིག་པ། བར་སྟོང་གནས་ཡུལ་གྱི་གོ་རིམ་ལྟར་སྒྲིག་པ།བྱ་དངོས་ཀྱི་ངོ་བོ་དང་རིགས་དབྱེ། རྣམ་པ་ལྟར་སྒྲིག་པ། རྩོམ་པ་པོའི་བསམ་བློའི་འགྱུར་ལྡོག་ལྟར་སྒྲིག་པ། ཞིབ་བསྡུར་རྣམ་པས་འབྲི་བ་སོགས་སྣ་མང་དུ་ཡོད་ནའང་འཇུ་སྐལ་བཟང་གི«རང་ཁྱིམ»ནི་ཡིད་འགྱུར་ལྷུག་རྩོམ་ཞིག་ཡིན་པའི་ཆ་ནས་རྩོམ་པ་པོས་རང་གི་ནང་སེམས་ཀྱི་ཚོར་སྣང་ལྟར་བྲིས་པ་ཞིག་ཡིན་པར་མ་ཟད་སྒྲིག་གཞི་དེ་ཡང་རྣམ་པ་གཅིག་ཅན་མ་ཡིན་པར་བང་རིམ་དུ་མ་ཅན་ཞིག་ཡིན། དེ་ཡང་རྩོམ་ཧྲིལ་པོའི་མགོ་ནས་ཚན་པ་གསུམ་གྱི་མགོ་བརྗོད་དུ“རང་ཁྱིམ་ནི”ཞེས་པའི“ནི”སྒྲས་ཀློག་པ་པོ་རྩོམ་འདིར་འཇུག་པའི་དུངས་པ་འདྲེན་ཐུབ་པར་མ་ཟད་རྩོམ་ཀློག་པའི་ཚེ་ན་བསམ་བློ་ནང་དུ་བཀུག་པའི་བློ་སྒོ་ཡངས་པར་ཕྱེས་པ། དེ་ནས་ཚན་པ་བཞི་པ་དང་ལྔ་པའི་མགོ་བརྗོད་དུ་ཤུགས་འདོན་པ་དང་བརྗོད་བྱ་ལྷག་མ་འདྲེན་པའི་ཚིག་བཀོད་མེད་པའི་རྒྱུ་མཚན་ནི་ཀློག་པ་པོར་ཁམས་ཡངས་པོར་བསྐྲུན་པ་དང་། མགོ་ནས་བློ་རྩེ་གཅིག་སྒྲིམ་གྱིས་བཀླགས་པས་གཞི་ནས་ལྷོད་མོའི་ངང་ཞིབ་ཀྱིས་ཀློག་པའི་ཁམས་ཤིག་བསྐྲུན་པ་རེད། ཚན་པ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་མགོ་བརྗོད་དུ“རང་ཁྱིམ་སྟེ། འདི་ཉིད་ཁོ་ནར……”ཞེས་པས་ཚན་པ་རེ་རེའི་ནང་དུ་རང་ཁྱིམ་གྱི་ནུས་པ་དང་དྲོད་ཁོལ། བདེ་སྐྱིད་སོགས་ཞིབ་ཅིང་ཕྲ་བའི་ངང་ནས་གསལ་འགྲེལ་བྱས་ཡོད། ཚན་པ་བཅུ་པ་དང་བཅུ་གཅིག་པའི་ནང་དུ་“ཀྱེ་མ”ཞེས་པའི་འབོད་པའི་ཐ་སྙད་འདི་བཀོལ་ནས་ཡང་བསྐྱར་རང་ཁྱིམ་གྱི་དགོས་གལ་རང་བཞིན་དང་དགའ་སྐྱོ་ཆགས་སྡང་། རྔུལ་ཆུ་དང་རྗེས་ཤུལ་མཐའ་དག་རང་ཁྱིམ་ན་ཡོད་པས་རང་ཁྱིམ་ལ་ལོག་པ་ནི་མཐར་ཐུག་གི་དམིགས་ཡུལ་དང་བདེ་སྐྱིད་ཀྱི་གནས་མལ་ཡིན་པ་གསལ་བཤད་བྱས་ཡོད། ཆེས་མཇུག་མཐའི་ཚན་པ་གཉིས་སུ“ད་དུང་དང་འོ་ན”ཞེས་པའི་ཚིག་ཕྲད་ཀྱིས་རྩོམ་ཧྲིལ་པོར་ཕྱོགས་སྡོམ་དང་ཀློག་པ་པོ་ལ་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་འདུག བརྗོད་བྱ་གང་ཞིག་བརྗོད་པའི་ཚེ་ན་ཕྱི་ནས་ནང་དང་ནང་ནས་ཕྱི། ཡང་ན་གོང་འོག་ཆ་ཚང་བ་སོགས་སྒྲིག་གཞི་ལའང་གོ་རིམ་ཡོད་པ་ཞིག་ཡིན་ན་ཀློག་པ་པོས་ཀློག་པའི་ཚེ་ན་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་དང་དཔྱད་བརྗོད་པའི་དཔྱད་པའི་ཚེ་ན་ཐབས་ལམ་སྣ་ཚོགས་བེད་སྤྱོད་ཆོག་པ་ཞིག་ཡིན་ནོ། །«རང་ཁྱིམ»ནི་ཡིད་འགྱུར་ལྷུག་རྩོམ་གཞན་ལྟར་སྐད་ཆའི་མཚོན་སྟོབས་ཀྱི་ནུས་པས་བརྗོད་བྱ་གསལ་བར་སྟོན་པ་ཁོ་ན་མ་ཡིན་པར་སྒྲིག་གཞི་བང་རིམ་ཅན་གྱིས་རྩོམ་གྱི་བརྗོད་བྱ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་སྣ་འཛོམས་པོ་ཞིག་ཏུ་བཏང་འདུག་པར་མ་ཟད། དབྱངས་ཀྱི་འདེགས་འཇོག་གསལ་བས་ཀློག་པ་པོས་མྱོང་རོལ་གྱི་སྐབས་སུ་ཆད་སྣང་མེད་པར་ཡང་ནས་ཡང་དུ་ཀློག་འདོད་ཀྱི་སེམས་ཤུགས་སྟེར་ནུས་པ་ནི་རྩོམ་འདིའི་སྒྲིག་གཞིའི་བཀོད་སྒྲིག་ལེགས་པའི་དགེ་མཚན་དུ་མཐོང་སོང་།
གསུམ་པ། རྗོད་བྱེད་ཚིག་གི་མཛེས་པ།
སྤྱིར་བཏང་དུ་ལྷུག་རྩོམ་ཞེས་བྱ་དུས་གཙོ་བོ་ཚིག་གི་ཐོག་ནས་དེའི་སྒྱུ་རྩལ་མངོན་པར་འདེགས་དགོས་པས། སྐད་ཀྱི་གཤིས་སུ་གྲུབ་པའི་ཡི་གེའི་འཇམ་རྩུབ་དང་ཚིག་གི་ལྕི་ཡང་། ཚིག་སྦྱོར་གྱི་གྲིམ་ལྷོད། བསྟན་དོན་གྲ་དག་ཅིག་ཡོང་ན་ལྷུག་རྩོམ་ཡག་པོ་ཞིག་འཁྱོངས་པར་ནུས་པ་འདོན་ཐུབ། ང་ཚོས་བརྗོད་བྱ་དང་རྗོད་བྱེད་གཉིས་ལས་བརྗོད་བྱ་གཙིགས་སུ་འཛིན་པར་གོམས་ཤིང་ཡང་ན་ཇི་ལྟར་བྲིས་ཡོད་པར་དོ་སྣང་མི་བྱེད་པར་ཅི་ཞིག་བྲིས་ཡོད་པར་དོ་སྣང་བྱེད་པ་རེད། དེ་བས་ན་རྗོད་བྱེད་ཀྱི་ཚིག་འབྲུ་རེ་རེ་ནི་རྩོམ་ཧྲིལ་པོའི་བསམ་བློའི་ཟབ་ཚད་དང་སྒྲིག་གཞིའི་གོ་རིམ། མཚོན་སྟོབས་སོགས་མངོན་པར་འདེགས་བྱེད་ཀྱི་རྒྱུ་ཡིན། ལྷུག་རྩོམ་གྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་མཛེས་པ་དེ་མི་རིགས་ཤིག་གི་སྐད་ཆའི་སྲོག་ཤིང་ལྟ་བུར་གྱུར་འདུག དེ་བས་ན་ལྷུག་རྩོམ་གྱི་སྐད་ཆའི་སྒྱུ་རྩལ་ལ་རྩོམ་ལུས་གཞན་ལས་བླ་ལྷག་དང་ཁྱད་འཕགས་ཀྱི་ནུས་པ་ལྡན། སྐད་ཆའི་སྒྱུ་རྩལ་གྱིས་སྟོང་ཚེ་བརྗོད་སྙིང་མི་གསལ་བ་དང་རྩོམ་ལུས་དེ་འབོལ་རྩོམ་གྱི་རྣམ་པར་འགྱུར་ཉེན་ཆེ། ཕུལ་དུ་བྱུང་བའི་ལྷུག་རྩོམ་གྱི་ངག་སྦྱོར་ལ་ཚིག་དག་ཅིང་ཡིག་ཚོགས་ཉུང་ལ་དོན་སྡུད་ཆེ་བ། རྒྱན་སྣ་ཚོགས་བཀོལ་ནས་ཚིག་སྦྱོར་སྙན་ཞིང་འཇེབས་པའི་མཛེས་ཉམས་ཐོན་པས་ཡིད་ཀྱི་དགའ་སྐྱོ་ཅིག་ཅར་འཕྲོག་ཐུབ་པའི་ནུས་པ་ལྡན། དཔེ་དང་དཔེ་ཅན་གྱི་བཀོད་པ་དངོས་པོའི་ཆོས་ཉིད་དང་མཐུན་པ། སྐབས་དོན་གྱི་བབ་དང་མཐུན་ཞིང་འབྲེལ་ཆགས་པ། བརྗོད་བྱ་དངོས་གཟུགས་བྱེ་བྲག་པའི་རྣམ་པ་ཚིག་ཕྲེང་དུ་སྤེལ་བ་གསོན་ཉམས་ལྡན་པ། སྣང་བརྙན་གསར་སྐྲུན་བྱས་པ་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་དུ་མས་ཕྱུག་པ་ཞིག་ཡིན།འཇུ་སྐལ་བཟང་གི«རང་ཁྱིམ»གྱི་ཚིག་གི་སྦྱོར་བ་དང་ཚིག་གི་སྙན་ཆ། ཚིག་སྦྱོར་སྡེབ་སྟངས་དང་ཚིག་གི་གྲིམ་ལྷོད། དབྱངས་ཀྱི་འདེགས་འཇོག་སོགས་ཕྱོགས་གང་ཅིའི་ཐད་ནས་ཡིད་འགྱུར་ལྷུག་རྩོམ་གཞན་དག་ལས་མངོན་པར་མཐོ་ཞིང་ཁྱད་དུ་འཕགས་པ་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཡིན། ཚིག་སྦྱོར་ཡག་པ་ཁོ་ནས་ལྷུག་རྩོམ་ཡག་པོ་ཞིག་ཏུ་མཐོང་དཀའ་ཞིང་ལྷུག་རྩོམ་རྩེ་གྲས་སུ་ཚུད་དཀའ། དེ་ཡང་ཚིག་གི་སྦྱོར་བ་རེ་རེ་ལ་མི་རིགས་རང་གི་ཐུན་མོང་གི་ཁྱད་ཆོས་ཡོད་པར་མ་ཟད་ཚིག་གི་སྦྱོར་བ་རེ་རེ་ལས་དོན་གྱིས་གནད་འབྱིན་ཐུབ་ན་ད་གཟོད་ཚིག་ལེགས་དོན་ལྡན་ཞིག་ཏུ་འགྲུབ་ཐུབ། ནང་དོན་གྱི་ཆ་ནས་གནད་དུ་འཁེལ་ཞིང་འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན་པར་མ་ཟད་གཏན་ཚིགས་དང་མཐུན་ལ་ཉ་ཉོག་དང་བསྐྱར་ཟློས་མེད་པའི་ཁར་རྒྱན་སྣ་ཚོགས་བཀོལ་ཡོད་པས་གསོན་ཉམས་ལྡན་པར་མ་ཟད་གོ་བདེར་བཀླགས་པ་ཙམ་གྱིས་ཡིད་ཀྱི་དྭངས་པ་ཅིག་ཅར་འཕྲོག་ཐུབ་པའི་རྩོམ་གྱི་ནུས་པ་ཁྱད་པར་བ་ཞིག་རེད།
རྩོམ་འདི་ཡང་སྲོལ་རྒྱུན་གྱི་ཚིག་རྒྱན་ལས་བརྒལ་བར་བྱས་ནས་བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་བཅིངས་མེད་ལ་མགོ་འཇུག་བར་གསུམ་དུ་ཚིག་ལྷག་མ་དང་བསྐྱར་ཟློས་ཀྱི་ཆ་ཧ་ཅང་ཉུང་བར་མ་ཟད་མི་རིགས་རང་གི་དམངས་ཁྲོད་རིག་གནས་ཀྱི་ཤུགས་རྐྱེན་ལས་བཟོས་པའི་མིང་ཚིག་གང་མང་ཡང་བེད་སྤྱོད་བྱས་ཡོད་དེ། དཔེར་ན། “སྐྱོ་ངལ་སྤར་སེན་དང་ཆེས་དྲོ་སའི་སྒྱེད་རྩ། སྐྱིལ་དྲུང་། ལྷམ་ཀོག མེད་ན་སྐྱོ་མ་མི་ཡིས་མི་མཐོང་། ཤོག་དཀར་ཐ་གང་།”ལྟ་བུ་སོགས་བོད་རང་གི་རྩམ་དྲི་མ་ཡལ་བའི་ཚིག་དང་བརྗོད་པ་བཀོད་ཡོད་པར་མ་ཟད་ངང་ཚུལ་སྟོན་པའི་ཚིག་སྟེ“གོར་གོར་དང་ཀོང་ཀོང་། སྔོ་རྒྱང་རྒྱང་། རློན་ཐོལ་ཐོལ། བྱོ་ཆོག་ཆོག མིག་ཆུ་ཤམ་ཤམ”ལྟ་བུ་དང་།དེ་མིན་ད་རུང་གཏམ་དཔེ“ལུས་ན་སར་རེག་པ་དང་སེམས་ན་ས་ཤོད་པ”ལྟ་བུ་སོགས་ཚིག་སྦྱོར་ལ་ལྷོད་ཤ་ལྡན་ཞིང་མཚོན་སྟངས་སྣ་མང་སྤྱད་ཡོད། ཆེས་སྤྱིར་བཏང་དང་ཆེས་རྒྱུན་ལྡན་དུ་གྱུར་པའི་རང་ཁྱིམ་དེ་ཆེས་སྤྱིར་བཏང་གི་ཚིག་སྦྱོར་ལྷུ་འགྲིག་པོའི་སྒོ་ནས་མཚོན་པར་བྱས་ཡོད།
བཞི་པ། སྒྱུ་རྩལ་མཚོན་ཐབས།
«རང་ཁྱིམ»ནི་འཚོ་བའི་སྣང་ཚུལ་ཞིབ་ཕྲ་བཀོད་འབྲི་བྱས་ཡོད་པར་མ་ཟད་རྩོམ་པ་པོས་དུངས་སེམས་མཚོན་པ་འོས་ཤིང་འཚམ་པའི་ལྷུག་རྩོམ་ཡག་ཤོས་ཤིག་རེད། ལྷུག་རྩོམ་ནི་གཏན་དུ་འཚོ་བ་དང་ཁ་ཐག་ཉེ་སའི་བྱ་དངོས་གང་རུང་ཞིག་མིའི་བློ་གྲོས་ཀྱི་རྣམ་དཔྱོད་ལ་ཞུགས་ནས་དེ་ལས་བརྩེ་སེམས་ཀྱི་ཚོར་བར་བརྒྱུས་ནས་ཡིད་ལ་དྲན་པའམ་དངོས་ཡོད་འཚོ་བ་ཇི་མ་ཇི་བཞིན་དུ་མཚོན་པ་ཞིག་ཡིན་ན་ད་གཟོད་ལྷུག་རྩོམ་རྩེ་གྲས་ཤིག་ལ་བརྩི་ཆོག་པ་ཡིན། དེ་ལྟ་མིན་པར་རྗོད་བྱེད་ཚིག་གི་མཛེས་པ་ཁོ་ནར་གཞི་བཅོལ་བ་དང་ཚིག་གི་སྙན་ཆ་འབུར་དུ་ཐོན་ཆེད་རྫུན་བཟོ་དང་རབ་རྟོག་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་དག་ནི་ལྷུག་རྩོམ་ཡག་ཤོས་ཤིག་ལ་བརྩི་མི་རུང་བར་སྙམ། རྩོམ་རིག་ནི་སྐད་ཆ་ལ་བརྟེན་ནས་བརྗོད་འདོད་ཀྱི་བསམ་བློ་གང་ཞིག་སྟོན་པའི་ངག་གི་སྒྱུ་རྩལ་ཞིག་ཡིན། བརྩམས་ཆོས་གང་ཞིག་ལ་སྒྱུ་རྩལ་མཚོན་ཐབས་ཀྱིས་སྟོང་ཚེ། དེ་ནི་ཡིག་ཚོགས་ཀྱིས་གྲུབ་པ་ཁོ་ན་ཡིན་པར་མ་ཟད་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་མི་གཏོགས། ལྷུག་རྩོམ་ནི་རྩོམ་ལུས་གཞན་དག་གི་མཚོན་ཐབས་ཀྱི་ལེགས་ཆ་མཐའ་དག་བདེ་བླག་ཏུ་སྤྱད་ནས་མཚོན་བྱེད་ཀྱི་ཐབས་དང་རྣམ་པ་མང་སྟེ། དེ་ཡང་ཚིག་གི་མཚོན་ཐབས་དང་དོན་གྱི་མཚོན་ཐབས་གཉིས་གཞི་གཅིག་ལ་འདྲེས་པའམ་ཡང་ན་ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ལ་འབྲེལ་ནས་རྩོམ་དེ་གཞན་ལས་ཡན་གར་བ་དང་སྒྱུ་རྩལ་སྣ་ཚོགས་ཀྱིས་བརྒྱན་པར་བྱས་པ་ཞིག་ཡིན། གཙོ་བོ་རྩོམ་པ་པོའི་སྒྱུ་རྩལ་གྱི་རྣམ་དཔྱོད་རིག་པའི་རྩལ་ལ་རག་ལས་ཏེ། བརྗོད་བྱ་སྣ་ཚོགས་ལ་སྒྱུ་རྩལ་ཀུན་རྟོག་གིས་ཁ་ལོ་བསྒྱུར་ཏེ་མཛེས་རྟོག་གི་སྣང་བརྙན་ཕུན་སུམ་ཚོགས་པར་བསྐྲུན་རྒྱུ་དེ་ཡིན།སྐད་ཆ་དང་མཚོན་ཐབས་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པས་སྐད་ཆའི་ཁྲོད་དུ་མཚོན་ཐབས་ཞུགས་ཡོད་པ་དང་མཚོན་ཐབས་ཀྱི་ཁྲོད་དུ་སྐད་ཆ་སིམ་ནས་ཡོད་པས་བརྗོད་སྙིང་དང་རྣམ་པའི་བར་གྱི་འབྲེལ་བ་གཅིག་མཚུངས་ཡིན། ལྷུག་རྩོམ«རང་ཁྱིམ»ཡང་དེ་ལས་མ་འདས་པར་རྩོམ་པ་པོས་མི་རྣམས་ལ་གོ་བརྡ་ལྷག་མ་ཞིག་སྤྲོད་ཆེད“རང་ཁྱིམ་ནི་མི་ཡི་ས་བཅད་ཆུང་ངུར་བཅད་པའི་མཐར་ཐུག་ཅིག་དང་། རང་མོས་སྒོས་འཛུགས་སྒྲུབ་བྱས་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་ཡིན་ཞིང་། ཁྱིམ་ཚང་གྲངས་མེད་ཀྱི་ནང་ནས་གདམ་ང་མ་བྱེད་པར་ཁྱོད་ལ་ལས་དབང་གིས་ཐོབ་པའི་བགོ་སྐལ་ཞིག་ཡིན།”ཞེས་པས་བསྡུས་བརྗོད་ཀྱི་སྒོ་ནས་རང་ཁྱིམ་གྱི་དགོས་གལ་གསལ་བར་བྱས་པ་ལྟ་བུ། དེ་བཞིན་དུ་རྩོམ་པ་པོས་ཚིག་དོན་གྱི་ཆ་རེའི་འོག་ན་དུངས་པ་རེ་གབ་སྦས་བྱས་ཏེ། ཀློག་པ་པོར་དུངས་པ་དེ་ཉིད་བཙལ་འཚོལ་དང་མྱོང་རོལ་བྱ་རུ་བཅུག་པས་དོན་དུ་དུངས་པ་དེ་ཉིད་བཙལ་འཚོལ་དང་མྱོང་རོལ་བྱེད་པ་དེ་ཡང་སྒྱུ་རྩལ་ལ་བཙལ་འཚོལ་དང་མྱོང་རོལ་བྱེད་པའི་བརྒྱུད་རིམ་ཡིན།
«རང་ཁྱིམ»ཞེས་པའི་ལྷུག་རྩོམ་འདིར་བསྡུས་བརྗོད་ཤུགས་བསྟན་དང་དུངས་བརྗོད་ཟུང་འབྲེལ་གྱི་སྒོ་ནས་སྒྱུ་རྩལ་མཚོན་པ་ཞིག་ཡིན། སྤྱིར་བསྡུས་བརྗོད་དེ་ལའང་མ་གཞུང་གི་བསྡུས་བརྗོད(本体象征)དང་ལེགས་བཤད་བསྡུས་བརྗོད།(寓言象征) མཚོན་རྟགས་བསྡུས་བརྗོད(符号象征)དང་ཉམས་སྣང་བསྡུས་བརྗོད(氛围象征)སོགས་ཀྱི་དབྱེ་ཚུལ་ཡོད། དེ་དག་གི་རྩ་བའི་ཁྱད་ཆོས་ནི་མཚོན་བྱའི་ནང་དོན་དེ་མཚོན་བྱེད་རང་ཉིད་ལས་ཁྱབ་རྒྱ་ཆེ་བའམ་ངེས་གཏན་མེད་པར་མཚོན་བྱ་དང་མཚུངས་ཆོས་ལྡན་པའི་རིགས་ཅན་གྱི་བྱ་དངོས་སྣ་ཚོགས་དང་འབྲེལ་ནས་ཡོད། མཚོན་རྟགས་རེ་རེ་ལའང་རང་སྟེང་ལས་བརྒལ་བའི་གབ་དོན་ནམ་བསྡུས་དོན་ངེས་ཅན་ཡོད་ལ། དེའི་མི་ཚད་རང་ལས་ཆེ་ཞིང་མི་གསལ་བའང་ངེས་གཏན་མེད་པའི་རིགས་ཅན་སོགས་བྱ་དངོས་གང་རུང་ཞིག་སྟོན་པ་ཡིན། རྩོམ་འདིར་རྩོམ་པ་པོས་རང་གི་ཉམས་སྣང་གིས་ཁ་གསལ་གོ་བདེ་ཡི་ཡིད་བརྙན་དང་ཡིད་བརྙན་སྡེབ་ལེགས་པའི་ངང་བསྒྲིགས་ཤིང་དེའི་ཤུགས་ལས་རང་དབང་དང་དྲོད་ཁོལ། རེ་འདུན་དང་སྨོན་པ་སོགས་མཚོན་པར་བྱས་ཡོད།
དཔྱད་གཞིའི་ཡིག་ཆ།
1. རྣམ་སྲས་ཀྱིས་བརྩམས་པའི«བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག» [M] མི་རིགས་དཔེ་སྐྲུན་ཁང་ནས2007ལོའི་ཟླ7པར་པར་གཞི་དང་པོ་བསྒྲིགས།
2. ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི«བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས» [M] མི་རིགས་དཔེ་སྐྲུན་ཁང་ནས2007ལོའི་ཟླ7པར་པར་གཞི་དང་པོ་བསྒྲིགས།
3. བྱ་མདོ་དོན་གྲུབ་ཚེ་རིང་གིས་བསྒྲིགས་པའི«ལྷུག་རྩོམ་སུམ་ཅུ་པ་དང་དཔྱད་པ་ཚིག་གསུམ» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས2015ལོའི་ཟླ12པར་པར་ཐེངས་དང་པོ་བསྒྲིགས།
4. འཇུ་སྐལ་བཟང་གིས་བརྩམས་པའི«འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་ཟླ10པར་པར་གཞི་དང་པོ་བསྒྲིགས།
5. དཔལ་ལྡན་གྱི«སྙན་ངག་གསར་བ་ལས་ལྗང་བུ་དང་འཇུ་སྐལ་བཟང་སོགས་ཀྱི་ཐོག་མའི་དུས་ཀྱི་སྙན་ངག་ལ་དཔྱད་པ།» [J] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2015ལོའི་འདོན་ཐེངས་དང་པོ།
6. སྐྱ་བྷ་ཡི་བོད་ཀྱི«དེང་རབས་རྩོམ་རིག་ལས་ན་གཞོན་རྩོམ་པ་པོ་འགའི་སྙན་ངག་བརྩམས་ཆོས་ལ་བཤད་པ།»ཀྲུང་གོའི་བོད་རིག་པ། [J] 2008ལོའི་དེབ་གསུམ་པ།
7. རྭ་ས་བསྟན་འཛིན་ཆོས་གྲགས་ཀྱི«སླར་ཡང་ཁྱིམ་དུ་ལོག་པ» [J] 2011ལོའི«སྦྲང་ཆར»དེབ་གཉིས་པ།
8. 方遒 «散文学综论» [M] 安徽教育出版社 1993年3月第1版
9. 刘锡庆 «论散文创作» [M] 河北教育出版社 1998年7月出版
འབྲེལ་ཡོད་འོས་སྦྱོར།