འཇམ། ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་བཀླགས་ཟིན།
རྩོམ་པ་པོ།:མུ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-07-21
ཀློག་གྲངས།:
ཁོ་བོ་ནི་རྩོམ་རིག་ཅེས་པར་དགའ་དུང་བླ་ལྷག་ཏུ་ཡོད་མཁན་ཞིག་ཏུ་བརྫུས་ཡོད་ཁར་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་མཁན་ཞིག་ཏུ་ཆགས་ཡོད་པས། ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་ཞིག་ཡིན་ཚེ་ངེས་པར་དུ་བལྟ་ཀློག་ཅིག་བྱ་དགོས་སྙམ་ནས་ན་ནིང་ལོར་སྐྱེ་རྒུ་གྲོང་ཁྱེར་ནས་དེབ་རྒན་ཞིག་ལ་ཡོན་ཆེན་ཞིག་བྱིན་ཏེ་བླུས་ནའང་། ད་བར་དུ་དཔེ་དེབ་ཚོའི་བར་གསེང་དུ་གྲགས་འགུལ་ཅི་ཡང་མེད་པར་ལུས། ཉིན་འདི་དག་ལ་དབྱར་གནང་དུ་ཁེལ་བས། ཡུལ་འཁྱམ་ཐེངས་ཤིག་ཞིག་ནས་དེབ་འདིར་ཐེངས་ཤིག་མཇུག་པར་བྱས། འདི་ནི་ངའི་དབྱར་གནང་གི་ཡུལ་འཁྱམ་གཉིས་པ་ཡིན་ཞེས་ལབ་ཀྱང་ཆོག འོ་རེད་གཤམ་དུ་ཚིག་སྣ་ཧ་ཅང་བསྡུས་དྲགས་པས་ཀློག་ཀྱང་དཀའ་བ་ཞིག་ཏུ་གྱུར་འདུག་ཡོད་ལས་ཆེ་ནའང་ད་ནི་དེ་ཙམ་ཡིན། ཁྱེད་ཀྱི་དུས་ཚོད་འཕྲོ་བརླག་མི་འགྲོ་བར་སྨོན།
བརྩམས་ཆོས་འདི་ནི་གཙོ་བོ་ཀླད་ཀྱི་གཏམ་ལས་གསལ་བ་བཞིན། རང་རེའི་མི་རིགས་ཀྱི་ཕྱི་དང་ནང་གི་དཔལ་ཡོན་མི་འདྲ་གཉིས་ལས་འདིར་སྔ་མའི་ཁྱད་པར་དམིགས་སུ་བཟུང་ཞིང་ཞིབ་འབྲི་བྱས་པ་ཞིག་དང་དེ་ཡང་བོད་ཀྱི་སྐྱེས་ཆེན་དང་དམངས་ཕལ་བའི་རིག་གནས་གཉིས་སུ་ཕྱེས་ཤིང་འདིར་ཕྱི་མའི་རིག་གནས་ལ་དང་དོད་ནམ་མོ་བྱས་ཏེ་དེར་རྗེས་སུ་ཡི་རངས་བྱེད་པའི་རྣམ་འགྱུར་ཞིག་བསྟན་པ་བཅས་སོ། །༡ ལེའུ་དང་པོ།
དང་པོ། “ན་སོ་ཤིན་ཏུ་གཞོན་པའི་མཐོ་སྒང”ཞེས་པ་ནས་མདོ་དབུས་མཐོ་སྒང་འདི་མཚོ་ལས་ཇི་ལྟར་འཕགས་ཚུལ་དང་དེ་འབྲེལ་སྲིད་པ་ཆགས་པའི་ལྷ་དགུའི་གསང་བ་དམིགས་གསལ་བ་ཞིག་གསེད་དཀྲོལ་བྱས་འདུག
རྫ་མགོ རི་སྒང་། བྲག་རི། ཐང་། ལུང་པ། འོབས་སོགས་ཅུང་ཟད་བདོས་དྲག་པ་མིན་ནམ་སྙམ་ཡང་བསྟན་དོན་དངོས་ལ་གཞིགས་ཚེ་དེ་འདྲའི་ཡིད་གར་འོང་བ་ཞིག་གྲུབ་འདུག །དེ་དག་ཀྱང་མཐར་རྩོམ་པ་པོས”དེ་རུ་ལྷན་སྐྱེས་སམ་གདོད་མ། ཡང་ན་ཀ་དག་གི་ངོ་བོར་འཐིམས་པའི་བྱམས་དང་བརྩེ་བ་ཆེན་པོ་ཞིག་གིས་ཁེངས་ཡོད་དེ།”ཞེས་ཅི་འདྲའི་འཇམ་ཞིང་ཞི་བ་ཞིག་ཏུ་བསྡུས་འདུག་ཨང་།
གྲོང་ཚོ་འདིའི་གཞིས་ཁྱིམ་དང་དེ་དག་གི་བྱེད་ནུས་གཟིགས་མེད་ཀྱི་དད་པ་སོགས་ཅི་འདྲའི་བབ་ཆགས་ཤིག འགྲན་རྩོད་ཀྱི་དུས་སྐབས་འདི་ནས་ཡང་བསྐྱར་གྲོང་ཚོ་འདིར་ཕྱིར་མིག་ཐེངས་ཤིག་ངང་གིས་ཤོར་འགྲོ་ལ་འདི་ནི་གྲོང་ཚོ་འདིའི་ཁྱབ་བྱེད་དུ་གྱུར་བའི་མི་རིགས་དང་དེའི་རིག་གཞུང་ལ་འབྲེལ་བ་ཞིག་ཤུགས་ཀྱིས་གྲུབ་ཡོད་དམ། རྩོམ་རིག་ནི་དངོས་གནས་འདི་འདྲ་ཞིག
༢ ལེའུ་གཉིས་པ།
ཁྱིམ་བདག་དང་། ཁྱིམ་བདག་མ། སྤོ་བོ་དང་རྨོ་བོ། ཕྲུ་གུ་སོགས་སོ་སོའི་འོས་བབས་ཀྱི་ལས་ཀ་ལ་འགན་ཁུར་གྱི་འདུ་ཤེས་བླ་ན་མེད་པས་ཉིན་གཅིག་གི་ཞོགས་པ་དང་སྔ་དྲོ། ཉིན་གུང་། ཕྱི་དྲོ། དགོང་མོ་བཅས་སྐྱེལ་བའི་རྣམ་པ་ཞིབ་ཅིང་ཕྲ་ལ། རྒྱས་ཤིང་གོ་རིམ་ཅན་ཤ་ཏག་སྟེ་འཚོ་བར་རོ་བཅུད་ཕུན་སུན་ཚོགས་ཤིང་གོང་བཀུར་འོག་སྐྱོང་གི་གཤིས་བཟང་ཁྱད་དུ་མཚར་བས་མཛའ་མཐུན་ཆུ་བོ་ལྷོད་ཀྱིས་འཁྲིད་འོང་།
Mགྲོང་ཚོའི་དུས་ཚིགས་བཞི་པོ་བྲིས་པ་ཅི་འདྲའི་གསོན་ཉམས་དང་ལྡན་པ་ཞིག་སྟེ་ཁྱེད་ཉིད་འདིར་ས་ཞིང་རྨོ་འདེབས་ཀྱི་ལས་ཀར་ཐེངས་ཤིག་ཞུགས་ཏེ་ད་ཆར་ལུས་ལྷོད་སེམས་གློད་དབུགས་ཧར་གྱིས་མངགས་ཏེ། ཆུང་མས་ཁྱོ་གར་བཅངས་བའི་བརྩེ་བ་དང་ཁྱོ་གས་ཆུང་མར་དུང་བའི་ངོ་གདོང་བཅས་ཏེ་ཁྱོ་ཤུག་འདི་དག་གི་ངལ་རྩོལ་གྱི་ཟུན་ཐུན་རེ་རེ་ལོངས་སུ་སྤྱད་པར་ཡིད་གཏད་ཅིང་རེ་ཞིག་བློ་རྩེ་ངལ་ཞིང་དུད་པ་འདི་གསོ་བར་རིགས་སོ། །
ད་ལྟའི་གྲོང་ཁྱེར་ནང་གི་མི་ལྟར་དུས་ཚོད་དག་མགྱོགས་མྱུར་གྱིས་བོར་བརླག་ཏུ་གྱུར་བའི་མགོ་རྨོངས་པའི་དྲི་བ་མེད་པར་གཅིག་འཕྱོ་གཅིག་འཇགས་ཀྱི་རླབས་ཕྲེང་དང་མཚུངས་པའི་གྲིམ་ལྷོད་རན་པའི་ཉིན་གཅིག་གམ། དུས་ཚིགས་གཅིག ལོ་གཅིག་གི་ནང་ནས་མི་དང་མིའི་སྤྱི་ཚོགས་དེའི་རིགས་དཔལ་སོགས་ཀྱང་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ཏེ་མེ་ཏོག་བཞད་པ་མིན་ནམ།
༣ ལེའུ་གསུམ་པ།
འདིར་ཡང་གཟུར་གནས་ཉམས་ཞིབ་པ་ཞིག་གི་ཞིབ་འཇུག་དང་ལྟ་བ་བཞིན་གྲོང་ཚོ་གང་དེའི་ཡུལ་སྲོལ་གོམས་གཤིས་ལ་བརྟག་དཔྱད་དང་གདེང་འཇོག་བྱ་བར་རྒྱུ་མཚན་ཡང་དག་ཅིག་རྙེད་རག་བར་དུ་བཙལ་བར་བྱ་ཞེས་རྩོམ་པ་པོའི་རང་བསྟོད་ཅིག་གཏན་ནས་བྲིས་མེད་ནའང་འུ་ཅག་གིས་འདི་ལས་རྩོམ་པ་པོ་ཁོང་གི་མི་གཤིས་ཀྱི་བརྟན་བརླིང་། ཤེས་རབ་ཀྱི་ཟབ་ཚད། རྩོམ་རིགས་ལ་དད་འདུན་སོགས་ངང་གིས་རྟོགས་འོང་བར་མི་འདུག་གམ།
ཁྱིམ་ཚང་གི་སྒྲིག་གཞིའམ་མགོ་ལྟོས་ལ་སྒྲིག་ལམ་ཁྱད་མཚར་བ་འགའ་ཡང་འདུག་སྟེ། དཔེར་ན། སྐེ་རགས་འཆིང་དུས་སྐེ་རེགས་ཀྱི་སྣེ་མོ་རྒྱབ་ཕྱོགས་ནས་མདུད་པ་ལས་མདུན་དང་སྟ་ཟུར་ནས་མདུད་མི་རུང་བ་སྟེ། དེ་ལྟར་མདུད་པ་ནི་ཁྱིམ་དེར་མི་ཤི་རྟ་འགྱེལ་སོགས་མྱ་ངན་གྱི་རྟགས་སུ་མངོན་པ་ལྟ་བུ་དང་། ཞྭ་མོ་ཕྱིར་སློག་ནས་གྱོན་པ་ནི་ཕ་མ་སྤུན་མཆེད་སོགས་འདས་གྲོངས་སུ་གྱུར་ནས་འདུན་མཚོན་པས་དེ་འདྲ་མིན་པ་དེ་ལྟར་གྱོན་མི་རུང་བ་དང་། བཟའ་མི་དག་གིས་མཚན་མོར་མགོ་བཀྲུ་བའམ་གདོང་པ་སོགས་འཁྲུད་མི་རུང་བ་དང་། སྟག་ཤ་རས་ནངས་རྩམ་མི་ཟ་ཞེས་ཞོགས་པར་རྩམ་པ་བརྫིས་ནས་མི་ཟ་ལྟ་བུ་སོགས་བལྟས་ན་ཅུང་དགོད་དྲོ་ལྟ་བུ་སྣང་ཡང་དོན་དུ་ཁྱིམ་ཚང་གང་དེའི་སྒྲིག་འཛུགས་དེ་འཆོལ་བར་མི་བྱེད་པའི་ཁག་ཐེག་ལྟ་བུར་གྱུར་འདུག་ཅིང་དེར་གནས་པ་ནི་དེའི་འཚོ་བ་དང་བསམ་བློ་སོགས་ནུས་ལྡན་དང་གོང་འཕེལ་དུ་འབྱུང་བའི་ཐབས་སུ་གནས་པས་དེས་ན་གྲོང་ཚོ་དང་སྤྱི་ཚོགས་ཀྱི་ཕྱི་ནང་གི་དཔལ་ཡོན་ཕུན་སུམ་ཚོགས་པར་འབྱུང་བ་ནི་ཐབས་བྱུང་ངོ་། །
ཚོ་པ་དངMགྲོང་ཚོའི་ཚོ་པ། རུ་སྐོར། གྲོང་ཚོ། ད་དུང་དེ་དག་གི་དབང་འཛིན་སྒྲིག་གཞིའི་རིམ་པ་དང་དེའི་བཅུན་བསྡོམས་སོགས་ཀྱིས་སྤྱིའི་འཚོ་གནས་ཀྱི་ཁེ་ཕན་དང་སྐྱིད་ཁྲ་མཉམ། སྡུག་ནག་མཉམ་ད་རུང་བྱམས་དང་བརྩེ་བས་ཁེངས་ཤིང་རང་གི་ཕང་བར་གནས་པའི་སྲོག་ལྡན་དག་ལ་གཏོང་ཕོད་ཆེན་པོས་དུས་ནམ་ཡང་འཚོ་གནས་མཁོ་སྤྲོད་གནང་བའི་རང་བྱུང་ཁམས་ཆེན་པོ་འདི་ལ་ཡང་གཅེས་སྤྲས་བྱེད་པའི་མཐུན་རྐྱེན་དུ་གྱུར་བའི་རྟེན་འབྲེལ་འདི་ནི་ཅི་འདྲ་སྨྲ་བསམ་བརྗོད་འདས་ཀྱི་བློས་བསླངས་ཤིག་ཏུ་བཞེངས་འདུག་ཨང་།
ཧོར་ཟླ་བ་ནི་ཡོན་རྒྱལ་པོ་ཇིང་གེར་ཧན་གྱིས་སྲོལ་ཕྱེས་ཤིང་ས་སྐྱས་བོད་དུ་དབང་བསྒྱུར་སྐབས་བཀས་བཅད་དེ་བརྩི་སྲོལ་བྱུང་བ་ལྟར་ཧོར་ཟླ་དང་པོར་ལོ་གསར་ཁེལ་ཡོད་ལ་དེར་གྲ་སྒྲིག་དཔེ་མེད་བྱས་ཤིང་ལོ་མཇུག་གི་ཉེར་དགུའི་དགོང་མོར་དགུ་ཐུག་རྒྱགས་ཚད་ཅིག་འཐུང་དགོས་ཏེ། རྩོམ་པ་པོས། ”མཚན་མོ་འདིར་མི་རྣམས་གཉིད་དུ་ཡུར་བའི་གོ་སྐབས་དང་བསྟུན་གཤིན་རྗེ་ཆོས་རྒྱལ་གྱིས་ཕོ་ཉ་མངགས་ནས་གཤིན་རྗེའི་རྒྱ་མས་མི་རེ་རེའི་ལྕི་ཡང་འཇལ་བར་བྱེད་དེ། དེ་ཡང་རྒྱ་མ་ཡང་བ་གང་མི་ཡུལ་དུ་མི་བསྐྱུར་བར་འཁྲིད་འགྲོ་ཟེར།བཤད་སྲོལ་འདི་ནི་ཅི་འདྲའི་སྙིང་ཉེ་བ་ཞིག་ཨང་། ཕྲུ་གུ་དག་གིས་དར་མ་རྣམས་ཀྱི་དེ་ལྟར་བཤད་པར་ཐོས་དུས་ཧུར་ཐག་གིས་དགུ་ཐུག་རྒྱགས་ཚད་ཅིག་འཐུང་བར་བྱེད་པ་དང་། ཐོད་པ་ནས་རྔུལ་ཆུ་བཞུར་ཡོང་།”ཞེས་ཅི་འདྲའི་ཉམས་མཚར་ལ་སྙིང་ཉེ་བ་སྤྲོ་དགས་ཁེངས་པ་ཞིག་བསྟན་ཅིང་ལོ་གསར་སྐབས་ཀྱི་དགའ་སྟོན་དག་ཀྱང་རིམ་གྱིས་བལྟས་པས་ངོམས་པ་མེད་ཅིག་ཏུ་བསྟན་འདུག
སྐྲ་སྟོན་ནི་ལང་ཚོ་དར་ལ་བབས་པའི་བརྡ་རུ་མཚུངས་ཏེ་དུས་དེ་ནས་གྲོང་ཚོ་དེར་ལང་ཚོའི་སྒེག་ཉམས་ཅན་གྱི་གཞོན་ནུ་མ་ཞིག་གམ་མ་འོངས་པའི་ཆུང་མ་ཞིག་གི་ཇེ་མང་དུ་གྱུར་པ་དང་དེར་དགའ་གྲོགས་འདོད་པའི་སྐྱེས་པ་མང་དུ་འགྱུར་བ་དང་། གཉེན་འཛིན་འདོད་ཅན་གྱིས་ཀྱང་གཉེན་བསླང་ཡང་ཡང་མངགས་ཀྱང་ཆོག་གིན་འདུག རིམ་བཞིན་གཉེན་སྟོན་སོགས་ལས་གླུ་ཤགས་ཀྱི་རོལ་རྩེད། ལུས་རྩལ་གྱི་རོལ་རྩེད། རྡེའུ་རིགས་ཀྱི་རོལ་རྩེད། འགྲན་བསྡུར་གཞན་དག་བཅས་པ་ནིMགྲོང་ཚོའི་སྐྱིད་རྟགས་འབའ་ཞིག་ཏུ་མངོན་པས་བྲིས་པའང་བློར་ཤོང་དཀའ་བ་ཞིག་ཏུ་གནས་པས་ཁྱེད་ཀྱིས་ངེས་པར་དུ་ལེ་ཚན་འདི་ཙམ་ལའང་སྤྱན་ཟུང་ཐེངས་ཤིག་གཡོ་ཙམ་གྱིས་དང་དགའ་ཚོར་བརྗོད་མི་ཤེས་པའི་འགྲུལ་བཞུད་ཐེངས་གཅིག་ཏུ་འགྱུར་ངེས།
དེ་ཡང་ལོས་ཡིན་ཏེ་དགའ་བ་ཡོད་ན་སྐྱོ་བའང་ཡོད་ངེས་པསMགྲོང་ཚོར་མཚོན་ནའང་སྐྱེ་རྒ་ན་འཆི་སོགས་མི་འདོད་པ་མང་པོ་ཞིག་རང་བཞིན་ཤུགས་ཀྱིས་འབྱུང་ཞིང་དེར་བརྟེན་ཆགས་པ་དང་སྡང་བ་སོགས་ཀྱང་མཐར་བཏུགས་ན་མིའི་འཚོ་བའི་བརྡ་རྟགས་ཤིག་ཏུ་མངོན་ཡོང་།
༤ ལེའུ་བཞི་པ།
དགོན་པ་ཞེས་པའི་ཐ་སྙད་ནི་བོད་ཙམ་མ་ཡིན་པར་སྔོན་དུས་སུ་རྒྱ་གར་ལྟ་བུ་ལའང་གྲགས་པ་དང་། དགོན་པའི་གདོད་མའི་རྣམ་པ་དང་དེ་ཅིའི་ཕྱིར་འདེབས་དགོས་ཚུལ། དེར་གནས་པའི་བླ་གྲྭ་དང་དེ་དག་གི་སྤང་ཀློག་བྱེད་ཚུལ་བཅས་ནི་ཅུང་གུ་ཡངས་པོས་བྲིས་འདུག་པར་སྣང་ལ། ད་དུང་དེ་འབྲེལ་གྱི་ལྷ་སྡེ་མི་སྡེ། གཞན་ཡང་སྲོལ་རྒྱུན་ཞིག་གིས་ལྷ་དང་སྲུང་མ་གཙན་དང་ཐེའུ་རང་སོགས་ཀྱང་གྲོང་ཚོ་འདི་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་འདུག
Mགྲོང་ཚོ་དང་དམིགས་ཀྱིས་འབྲེལ་བའི་ཁྲི་ཀའི་མཆོད་རྟེན་དྲིལ་གསིལ་མའམ་མཆོད་རྟེན་དྲིལ་གསིལ་མ་ནི་སྔོན་ཕ་དམ་པས་བཞེངས་པར་གྲགས་ནའང་ད་ཆར་རང་བྱུང་གི་དེའི་འབུར་ཞིག་དང་མཚུངས་པ་ལས་མིའི་བཟོས་པའི་རྩིག་བཟོ་སོགས་ཀྱི་ཤུལ་ནི་ཅི་ཡང་མི་རྙེད་པ་ཞིག་སྟེ་བོད་ཁུལ་དུ་འདི་འདྲ་འགའ་རེར་སྣང་དུ་འདུག་པས་དེ་དག་ཅིའི་ཕྱིར་རྣམ་པ་འདི་ལྟ་བུ་ཞིག་ཏུ་གྱུར་པར་མཁས་པ་དག་གིས་དོ་སྣང་ཆེན་པོ་གནང་མི་འདུག་ཅེས་རྩོམ་པ་པོས་གླེང་སློང་བའི་ཚུལ་དུ་འཆད་འདུག་གོ །
མདོར་ན། མི་ཚེ། འཚོ་བ། དད་མོས། ཡུལ་སྲོལ་སོགས་ཟབ་ཅིང་ཞིབ་ལ་འཇམ་ཞིང་གཉེན་པ་འདི་དག་གིས་འཇམ་གྱི་རིག་གནས་ཀྱི་སྙིང་སྟོབས་ཤིག་རང་བཞིན་ཤུགས་ཀྱིས་མངོན་ཡོང་ལ། གང་ཅི་ལའང་དང་དོད་མི་བྱེད་པའི་གཏོང་སྙོམས་རང་ལུགས་པ་དང་ཡོད་ཚད་སྒེར་པ་ཁོ་ནར་དམིགས་པའི་སྒེར་སེམས་རང་ལུགས་པ་གང་གིའང་ཕྱོགས་སུ་མ་ལྷུང་བའི་དབུ་མར་གནས་པ་འདི་ནི་འཇམ་གྱི་རིག་གནས་སམ་འཇམ་གྱི་འཚོ་བ། འཇམ་གྱི་བླ་སྲོག་ཡིན་ངེས། མ་ཟད་མཇུག་བྱང་དུ་རྩོམ་པོས། ”གྲོང་ཚོ་འདི་ནི་མིའི་རིགས་ཀྱི་བསྡུས་གཟིགས་ཤིག་དང་། བོད་མི་རིགས་ཀྱི་བསྡུས་གཟིགས་ཤིག་ཡིན་པར་ད་ལྟ་ང་རང་གིས་རིམ་གྱིས་གདེང་ཚོད་རྙེད་བྱུང་།”ཞེས་པ་ལྟར་འདི་ནི་མང་པོ་ཞིག་གི་བསྡུས་གཟིགས་ཤིག་ཏུ་ཅིས་མི་འགྱུར་ཏེ་འགྱུར་བླའོ། །
གུས་པས་ཀྱང་མཐར་སྡོམ་གྱི་ཚུལ་དུ།
རྩོམ་པ་པོས་ལེའུ་གསུམ་པའི་གྲོང་ཚོའི་སྒྲིག་འཛུགས་ཀྱི་དབང་འཛིན་ལམ་ལུགས་འཆད་སྐབས་སུ་འདི་ལྟ་བུ་ཞིག་བྲིས་འདུག་སྟེ། “བོད་ཀྱི་ལོ་རྒྱུས་ཀྱི་ཡིད་ཕངས་པའི་ཆ་སྟེ། ད་ལྟའི་བར་དུ་སྤྱི་བྲིས་ཡོད་ཀྱང་བྱེ་བྲག་བྲིས་མེད་པ། དཔོན་བྲིས་ཀྱང་དམངས་བྲིས་མེད་པ། བསམ་བློ་བྲིས་ཀྱང་འཚོ་གནས་བྲིས་མེད་པ། ཆོས་དང་ཆོས་པ་བྲིས་ཀྱང་དད་པ་དང་དད་འབངས་བྲིས་མེད་པ། དམག་བྲིས་ཀྱང་དམག་འཁྲུག་བྲིས་མེད་པ། དོན་སྤྱི་བྲིས་ཡོད་ཀྱང་བྱུང་རིམ་བྲིས་མེད་པ་སོགས་མདོར་ན་ལོ་རྒྱུས་ལ་གཤོག་པ་ཡ་གཅིག་དུས་ནམ་ཡང་ཆད་ཡོད།”ཅེས་གནད་ལ་ཁེལ་ཞིག་གསུངས་འདུག ཡིན་ཡང་གུས་པས་ཆེད་དུ་འདི་ནས་ཁོང་གི་བརྩམས་ཆོས་འདི་ནི་གོང་དུ་དྲངས་པའི་ཚིག་དེ་ལས་ཡོངས་སུ་འདས་ཤིང་བཟློག་པ་ཞིག་སྟེ་ཆད་ལྷག་བདོས་སྐྱོན་ཀུན་དང་བྲལ་བ་ཞིག་ཏུ་འདུག་གོ་ཞེས་ཚིག་དེའི་བཟློག་ཕྱོགས་ནི་ཁོང་གི་བརྩམས་ཆོས་འདིའི་ངོ་བོ་དང་ངོ་སྤྲོད་དུ་སྤོབས་པ་ཆེན་པོ་ཞུ་བར་ཕོད་ལ་ཞུ་གི་ཡང་ཡིན། ཡིན་ཡང་ཁོང་གིས་ད་རུང་མཇུག་བྱང་དུ”ཡིག་འབྲི་ཁྲི་བཞི་བཅུ་ལྷག་གི་པོད་རྒན་ཞིག་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་ཡོང་དུས་སེམས་སུ་ད་དུང་གྲོང་ཚོ་འདི་ཡོངས་སུ་བཤད་མ་ཚར་བའི་ཚོར་བ་ཡང་ཡང་སྐྱེས་ཡོང་།”ཞེས་ཀྱང་ལབ་འདུག་གོ །
ད་དུང་རྩོམ་པ་པོས། ”འདི་ནི་ང་རང་ལ་མཚོན་ན་མནོ་བསམ་གཏོང་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཐེབས་པའི་གོ་རིམ་ཞིག་ཡིན་ཏེ། ངས་གཞི་ནས་གནས་ལུགས་རྒྱ་ཆེན་པོ་དག་ནི་ཆེ་ས་ན་མེད་པར་ཆུང་ས་ན་ཡོད་པ། བར་སྣང་ན་མེད་པར་རྡོག་འོག་ཏུ་ཡོད་པ། བོངས་ཆེ་ས་ན་མེད་པར་རྡུལ་ཕྲ་རབ་ཅིག་གི་ཐིག་ཏུ་ཡོད་པ་རྟོགས་ཤིང་།”ཞེས་རྟིང་སྐུལ་ཞིག་གི་ཚབ་ཏུ་མཇུག་ཀྱང་ཅི་འདྲའི་བལྟ་རིན་ཡོད་པ་ཞིག་གིས་ཡོངས་སུ་གྲུབ་པར་བྱས་འདུག་ཨང་།
༢༠༢༢ལོའི་ཟླ༧ཚེས༡༨ཉིན་བཀླགས་ཟིན་དུ་གྲུབ་པར་བྱས།
འབྲེལ་ཡོད་འོས་སྦྱོར།