ཞི་བདེ་ཉི་མའི«བསླུ་བྲིད»ཀྱི་སྒྱུ་རྩལ་ཁྱད་ཆོས་ཟུར་ཙམ་གླེང་བ།
རྩོམ་པ་པོ།:འབྲོང་བུ་རྡོ་རྗེ་རིན་ཆེན།
ཡོང་ཁུངས།:རྐང་ལམ་ཕྲ་མོ།
དུས་ཚོད།:2022-12-11
ཀློག་གྲངས།:
སྒྱུ་རྩལ་བསྐྱར་ཟློས་ཀྱི་དགེ་མཚན།
ཞི་བདེ་ཉི་མའི«བསླུ་བྲིད»ཀྱི་སྒྱུ་རྩལ་ཁྱད་ཆོས་ཟུར་ཙམ་གླེང་བ།
ཞི་བདེ་ཉི་མའི«བསླུ་བྲིད»ཀྱི་སྒྱུ་རྩལ་ཁྱད་ཆོས་ཟུར་ཙམ་གླེང་བ།
འབྲོང་བུ་རྡོ་རྗེ་རིན་ཆེན།
རླབས་ཆེ་བའི་རྩོམ་པ་པོ་ལེ་ཧྥུ•ཐོར་སི་ཐེ་ཡིས“སྒྱུ་རྩལ་གྱི་ཆེས་གལ་ཆེ་བའི་དངོས་པོ་ནི། དེ་ལ་འདུ་གནས་ཤིག་ཡོད་དགོས་པ་དེ་ཡིན། དེ་ཡང་། འདུ་གནས་དེ་འོད་སྣང་ཡོད་ཚད་གནས་གཅིག་ཏུ་བསྡུས་པའམ། ཡང་ན་གནས་གཅིག་ནས་འོད་ཐིག་ཕྱོགས་བཞིར་འཕྲོ་ནུས་པ་ཞིག་ཡིན་འོས་པ་དང་། འདི་ལྟ་བུའི་འདུ་གནས་དེ་ངག་ལམ་ནས་རྗོད་ཐབས་བྲལ་བ་ཞིག་རེད”ཅེས་གསུངས་མྱོང་ལ། དེའི་ནང་དུ“འདུ་གནས་དེ་ངག་ལམ་ནས་བརྗོད་ཐབས་བྲལ་བ་ཞིག་རེད”ཅེས་པ་ནི“འདུ་གནས”དེ་མཐར་གཏུགས་ན་འདི་འདྲ་ཞིག་གོ་ཞེས་བྱེ་བྲག་ཏུ་རྗོད་ཐབས་མེད་པའི་དོན་བསྟན་པ་རེད། དེའི་དབང་གིས་ང་ཚོས་ཀྱང་“འདུ་གནས”ཀྱི་མཚན་གཞི་ཞིག་ལ་བརྟེན་ནས་འདུ་གནས་ལ་ངོས་འཛིན་བྱེད་པ་ལས“འདུ་གནས”ཀྱི་གོ་དོན་སྟེང་ནས་འདུ་གནས་ཀྱི་མཚན་གཞི་འཇོག་ཤིན་ཏུ་དཀའ་འོ། །
«གངས་རྒྱན་མེ་ཏོག»(༡༩༩༢.༣)ཏུ་བཀོད་པའི་སྒྲུང་གཏམ་ཐུང་ངུ«བསླུ་བྲིད»ནི་སྒྱུ་རྩལ་གྱི“འདུ་གནས”མངོན་པར་གསལ་བའི་སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་རེད། རྩོམ་པ་པོ་སུ་ཞིག་ཡིན་ཡང“འདུ་གནས”དེ་ལས་མངར་བ་དང་སྐྱུར་བ། ཚྭ་བ། ལན་ཚྭ་བ། ཁ་བ། བསྐ་བ་སོགས་རོ་བཅུད་སྣ་མང་ཞིག་མྱོང་དུ་འཇུག་ཆེད་དུས་རྒྱུན་དུ་སྒྱུ་རྩལ་གྱི་ཐད་ནས་འུད་བརྗོད་དང་། བསྡུས་བརྗོད། དཔེ་འགོད། བསྡུ་འབྲི་སོགས་ཀྱི་བྱེད་ཐབས་བེད་སྤྱོད་བྱེད་བཞིན་ཡོད་ལ། «བསླུ་བྲིད»ཀྱི་རྩོམ་པ་པོས་ཀྱང་སྒྱུ་རྩལ་བསྐྱར་ཟློས་ཀྱི་མཚོན་ཐབས་འདི་བཀོལ་ཏེ་བརྩམས་སྒྲུང་ནང་གི་སྒྱུ་རྩལ་གྱི“འདུ་གནས”དེ་མངོན་གསལ་དོད་པོ་ཡོང་བར་བྱས།
སྒྱུ་རྩལ་བསྐྱར་ཟློས་ཟེར་བ་ནི་རྒྱའི་རྩོམ་རིག་གི་གཞུང་ལུགས་སྨྲ་བར་ངག་སྒོ་ཅུང་ཟད་ཡངས་པའི་རྩོམ་མཁན་ལིའུ་ཧེ་ཐོ་ཡི་བཞེད་པ་ལྟར་ན། རྩོམ་ཡིག་ཁྲོད་ཀྱི་ལྟེ་གནས་སུ་གྱུར་པའི་ཞིབ་ཕྲའི་བྱུང་རིམ་གྱི་ཁག་རེ་གཉིས་ཐེངས་འགར་བསྐྱར་ཟློས་བྱས་ཏེ་སྒྱུ་རྩལ་གྱི་བློས་བསླངས་རྒྱ་བསྐྱེད་པ་དེ་ལ་ཟེར་ཞིང་། སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་ཤེས་སྤྱད་པའི་བརྩམས་ཆོས་ནི་ཕྱི་གླིང་ལ་མཚོན་ན་གནའ་སྔ་མོ་ནས་དར་ཡོད་པ་དང་། རང་རྒྱལ་དུའང་དེ་འདྲའི་ཐབས་ཤེས་བེད་སྤྱོད་པའི་སྲོལ་ཡོད་པ་དཔེར་ན། རྒྱལ་ཡོངས་སྐབས་དང་པོའི་སྒྲུང་ཐུང་ཡིག་བརྒྱ་མའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས«!!!!»ནི་སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་ཤེས་འབའ་ཞིག་སྤྱད་པའི་སྒྲུང་ཐུང་ཕུལ་དུ་བྱུང་བ་ཞིག་སྟེ། དེའི་ནང་དུ“ང”རླངས་འཁོར་འབབ་ཚིགས་སུ་སོང་སྟེ་རླངས་འཁོར་ལ་སྒུག་སྐབས། བྱིས་པ་གཉིས་ཀྱིས“ང་ཚོ་ཚང་མ་ཤིང་གི་མི། སྨྲ་མི་ཤེས་ལ་འགུལ་མི་ནུས”ཞེས་རྗོད་བཞིན་གནའ་བོའི་རྩེད་མོ་རྩེ་བཞིན་པ་མཐོང་ཞིང་། རྩེད་མོ་ཐེངས་དྲུག་ལ་རྩེས་པ་དང་། ཞིབ་ཕྲའི་བྱུང་རིམ་གྱི་ཁག་དེ་ཡང་། ཐེངས་དྲུག་ལ་བསྐྱར་ཟློས་བྱས་ཡོད་ཅིང་། དེ་ནི་མིག་སྔར་རྒྱལ་ནང་ལ་མཚོན་ན་སྒྲུང་གཏམ་དུ་སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་ཤེས་སྤྱད་པ་ཆེས་ཕ་མཐར་སོན་པ་ཞིག་རེད་ཅེས་བཤད་ཆོག་པ་རེད།
«བསླུ་བྲིད»ཀྱི་ནང་དུ་རྩོམ་པ་པོས་བསམ་བློའི་ནང་དོན་ཕྲ་རགས་ཐམས་ཅད་མངོན་པར་མཚོན་ཆེད་དང་ཀློག་པ་པོའི་ཡིད་དབང་འགུག་ཆེད་དུ“རྒྱང་རིང་རྒྱང་རིང་གི་གནས་དེ་རུ། སྐར་ཚོགས་ལྟ་བུའི་མིག་ཟུང་གྲངས་མེད་འཚེར། སྐྱོད་བཞིན་པའི་རླུང་རྟ་གྲངས་མེད་འཚུབ། གསེར་མདོག་གི་རྒྱ་ཕིབས་དང་ནགས་ཚལ་སྔོན་པོས་ཁེབས”ཞེས་པའི་ཞིབ་ཕྲའི་བྱུང་རིམ་དེ་ཁྱོན་བསྡོམས་ཐེངས་བཞི་ལ་བསྐྱར་ཟློས་བྱས་ཏེ་སྒྱུ་རྩལ་གྱི་རྣམ་པ་ཅན་དུ་བསྒྱུར་ཡོད་པ་རེད། སྒྱུ་རྩལ་གྱི་བསྐྱར་ཟློས་དེས་ཕྱོགས་གཅིག་ནས་སྒྲུང་གཏམ་གྱི་སྒྲིག་གཞི་ཚགས་ཇེ་དམ་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་བརྗོད་བྱའི་སྙིང་བོའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རྩོམ་ཡིག་ཧྲིལ་བོར་ཕྲ་བཏབ་པ་ལྟ་བུའི་དགེ་མཚན་ཐོན་ཡོད་པ་རེད།
«བསླུ་བྲིད»ནི་བསམ་བློའི་ཤོང་ཚད་དང་སྒྲིག་གཞི། གྲུབ་ཚུལ་སོགས་གང་གི་ཆ་ནས་དཔྱད་ཀྱང་སྒྲུང་གཏམ་ཐུང་ཤོས་ཀྱི་ཁོངས་སུ་གཏོགས། འཇར་པན་གྱི་རྩོམ་པ་པོ་གྲགས་ཅན་ཞིན་ཞིན་དབྱི་དང་། ཨ་མེ་རི་ཀའི་དཔྱད་བརྗོད་མཁས་པ་ལོ་པི་ཐི•ཨོ་ཧྥུ་ཧྥ་སི་སོགས་ཀྱི་འདོད་པ་ལྟར་ན། སྒྲུང་གཏམ་ཐུང་ཤོས་ལ་ཁྱད་ཆོས་ཆེན་པོ་གསུམ་ལྡན་དགོས་ཏེ། དང་པོ་བརྗོད་སྙིང་ཁྱད་མཚར་ཅན་ཡིན་པ། གཉིས་པ། བྱུང་རིམ་ཆ་ཚང་ཡིན་པ། གསུམ་པ། མཇུག་འབྲས་བསམ་ཡུལ་ལས་འདས་པ་བཅས་སོ། ཁྱད་ཆོས་དེ་གསུམ་ག་ནི་སྒྲུང་གཏམ་ཐུང་ཤོས་ཡོད་དོ་ཅོག་ལ་ཁྱབ་པའི་ངེས་པ་མེད་ཀྱང་། «བསླུ་བྲིད»ལ་མཚོན་ན། ཁྱད་ཆོས་དེ་གསུམ་ཡོངས་སུ་ཚང་བར་མངོན། ཁྱད་ཆོས་དེ་གསུམ་ལྡན་པའི་སྟེང་དུ་སྒྲུང་གཏམ་ཐུང་ཤོས་ལ་ངེས་པར་དུ་སྒྱུ་རྩལ་གྱི་ཐབས་རྩལ་ཆ་ནས“ཁེར་ཚུགས་ཅན་དང་ཕྱོགས་བསྡུས་ཅན”གྱི་གནས་སུ་བསྐྱལ་དགོས་པར་སེམས། «བསླུ་བྲིད»ནང་སྤྱད་པའི་སྒྱུ་རྩལ་བསྐྱར་ཟློས་ཀྱི་དམིགས་ཡུལ་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན། “ཁེར་ཚུགས་ཅན་དང་ཕྱོགས་བསྡུས་ཅན”ལ་ཞབས་འདེགས་ཞུ་བའི་ཆེད་དུ་སོང་ཡོད་པ་རེད།
སྒྲུང་གཏམ་གྱི་སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་ཤེས་ལ་བྱེ་བྲག་ཏུ་དབྱེ་ན་རིགས་གསུམ་ཡོད་དེ། དང་པོ་ནི་རྩོམ་པ་པོའི་ཡིད་ཀྱི་འགྱུར་བ་མཚོན་པའི་ཞིབ་ཕྲའི་བྱུང་རིམ་གཅིག་བསྐྱར་ཟློས་དང་། གཉིས་པ་ནི་ཡུལ་གཅིག་འདྲ་ལ་ཞིབ་ཕྲའི་བྱུང་རིམ་གཅིག་འདྲ་བསྐྱར་ཟློས་དང་། གསུམ་པ་ནི། ཡུལ་ཐ་དད་ལ་ཞིབ་ཕྲའི་བྱུང་རིམ་གཅིག་འདྲ་བསྐྱར་ཟློས་བྱེད་པ་བཅས་ཡིན་ལ། «བསླུ་བྲིད»ནི་ཡུལ་ཐ་དད་ལ་ཞིབ་ཕྲའི་བྱུང་རིམ་གཅིག་འདྲ་བསྐྱར་ཟློས་བྱེད་པའི་ཁོངས་སུ་གཏོགས་པ་རེད། སྒྲུང་གཏམ་དུ། ཁོ་དང་ཁོ་མོ་གཉིས་དུས་མཉམ་དུ་ཡུལ་ཐ་དད་པ་ནས་ཕྱོགས་ཐ་དད་པའི“རྒྱང་རིང་རྒྱང་རིང་གི་གནས་དེ་རུ། སྐར་ཚོགས་ལྟ་བུའི་མིག་ཟུང་གྲངས་མེད་འཚེར། སྐྱོད་བཞིན་པའི་རླུང་རྟ་གྲངས་མེད་འཚུབ། གསེར་མདོག་གི་རྒྱ་ཕིབས་དང་ནགས་ཚལ་སྔོན་པོས་ཁེངས”པའི་གནས་ཤིག་ཏུ་ལམ་ལ་ཆས་སྐབས་ལམ་བར་དུ་ཐུག་འཕྲད་བྱུང་སྟེ་སོ་སོའི་བསྙེག་ཡུལ་ལ་རེ་ཐག་ཆད་ཅིང་ཁྱིམ་གཞིས་ཆགས་ཚུལ་དང་། ནམ་ཞིག་ཁོ་གཉིས་ཀྱི་བུ་ཆུང་གིས་གནས་དེ་འདྲ་ཞིག་ལ་གཤེགས་པར་རྩོམ་པའི་སྐབས་སུ་བཟའ་ཟླ་གཉིས་ཀྱིས་བཀག་འགོག་བྱས་པ་སོགས་ཀྱི་ཡུལ་དུས་ཁོར་ཡུག་མི་འདྲ་བའི་བྱུང་རིམ་ཁྲོད་ཐེངས་བཞི་ལ་བསྐྱར་ཟློས་དང་། བསྐྱར་ཟློས་བྱས་པའི་བྱུང་རིམ་རེ་རེ་ལ་ནུས་པ་མི་འདྲ་བ་རེ་རེ་ཐོན་ཡོད་དེ། ཐེངས་དང་པོའི་བྱུང་རིམ་དེས་ཀློག་པ་པོ་རྣམས་ལ་སྣང་བརྙན་ཟབ་མོའི་བག་ཆགས་ཤིག་བཞག་པར་མ་ཟད། དངོས་ཡོད་ཀྱི་འཚོ་བ་ལས་རིམ་པ་གཅིག་གིས་བརྒལ་ཏེ་སྒྱུ་རྩལ་འཚོ་བའི་ཡུལ་ལྗོངས་ཤིག་ངོ་སྤྲོད་གནང་ཡོད་པ་དང་། “ཡུལ་ལྗོངས”དེ་ནི་རྩོམ་པ་པོའི་ཡུན་རིང་གི་རེ་སྨོན་འཆའ་སའམ། ཡང་ན་ཁ་བའི་མི་རིགས་འདིས་འབྱུང་འགྱུར་ལ་རེ་ལྟོས་བྱེད་པའི“དག་ཞིང”གི་ཚབ་མཚོན་དུ་གྱུར་ཡོད་པ་རེད།
བསྐྱར་ཟློས་བྱས་པའི་ཞིབ་ཕྲའི་བྱུང་རིམ་ཐེངས་གཉིས་པ་ནི་ཚིག་དང་ཡི་གེའི་ཆ་ནས་གོང་དང་འགལ་མེད་ངོ་བོ་གཅིག་ཏུ་གྲུབ་ན་ཡང་དེ་གཉིས་ཀྱིས་སོ་སོར་ཐོན་པའི་སྒྱུ་རྩལ་གྱི་བག་ཆགས་གཏན་ནས་མི་འདྲ། བསྐྱར་ཟློས་ཐེངས་གཉིས་པའི་ཞིབ་ཕྲའི་བྱུང་རིམ་དེས་མི་སྣའི་གཤིས་ཀའི་ཆ་ཤས་ཤིག་གཏན་ལ་ཕབ་པ་དང་སེམས་ཁམས་ཀྱི་འགྱུར་བ་དེ་ཚབ་མཚོན་ཐུབ་པའི་སྒོ་ནས་གསལ་སྟོན་བྱས་པ་ཡིན་ཞིང་། ཞིབ་ཕྲའི་བྱུང་རིམ་འདི་བཀླགས་རྗེས། ཀློག་པ་པོས་སྒྲུང་གཏམ་ནང་གི“ཁོ་མོའི” ཕུགས་བསམ་དང་རེ་སྙེག བསམ་པའི་འགྱུར་བ། འཇིག་རྟེན་ལྟ་ཚུལ་སོགས་ཀྱི་ཟུར་ཙམ་རྟོགས་ནུས་པ་ནི་སྒྱུ་རྩལ་བསྐྱར་ཟློས་ཀྱི་དགེ་མཚན་ལ་ཐད་ཀར་རག་ལས་པ་ཡིན།
བསྐྱར་ཟློས་ཀྱི་ཞིབ་ཕྲའི་བྱུང་རིམ་ཐེངས་གསུམ་པ་ནི་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་སྟེ“ཁོའི”ལབ་གླེང་གི་ཐོག་ནས་མངོན་པ་ཡིན། མི་འདྲ་བའི་མི་སྣ་ཡིས་འདྲ་མཚུངས་ཀྱི་སྐད་ཆ་བཤད་མི་སྲིད་ཀྱང་། རྩོམ་པ་པོས་ཐབས་མཁས་ཀྱི་སྒོ་ནས་དེ་ལྟར་བྲིས་པས་ཐབས་ལམ་དེ་སྐྱོན་དུ་མ་སོང་བར་སྒྱུ་རྩལ་གྱི་རྣམ་པར་ཆགས་པ་རེད། ཐེངས་གསུམ་པར་བྱུང་རིམ་བསྐྱར་ཟློས་མཛད་པ་དེས་གོམ་གང་མདུན་སྤོས་ཀྱི་ངང་ནས་དཔེ་མཚོན་ཁོར་ཡུག་ཁྲོད་ཀྱི་དཔེ་མཚོན་མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་ཇེ་གསལ་དུ་བཏང་བར་མ་ཟད། སྒྱུ་རྩལ་གྱི་ཉམས་སྣང་དོད་པོ་ཐོན་ཡོད་པ་རེད།
བསྐྱར་ཟློས་ཀྱི་ཞིབ་ཕྲའི་བྱུང་རིམ་ཐེངས་བཞི་པ་ནི་རྩོམ་ཡིག་ཁྲོད་ཀྱི་འགལ་བ་ཡང་རྩེར་ཐོན་པའི་སྐབས་སུ་བྱུང་བ་ཡིན་ལ། བྱུང་རིམ་བསྐྱར་ཟློས་ཀྱིས་ཆེས་མཐའ་མ་ཡང་ཡིན། བྱུང་རིམ་དེས་མི་རབས་རྗེས་མའི་ཚབ་མཚོན་དུ་གྱུར་བའི“བུ་ཆུང”གི་སེམས་ཀྱི་འགྱུར་བ་སྟེ། ཤེས་རྟོགས་ཀྱི་ཆུ་ཚད་དང་འབྱུང་འགྱུར་གྱི་རེ་སྙེག ཕུགས་བསམ་གྱི་འདུན་པ་སོགས་ལག་མཐིལ་གྱི་རི་མོ་ཇི་བཞིན་རྗེན་པར་མཐོང་ཐུབ་ལ། རྩོམ་ཡིག་ཧྲིལ་བོའི་བརྗོད་བྱའི་སྙིང་བོ་འབུར་དུ་ཐོན་པར་ནུས་པ་ཆེས་གཙོ་བོ་ཐོན་པར་སྣང་། རྩོམ་པ་པོས་གསར་རྩོམ་གྱི་ཚོར་བ་རྣོན་པོ་དང་སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་རྩལ་བེད་སྤྱོད་གང་ལེགས་མཛད་པས«བསླུ་བྲིད»ཀྱི་ཁྱད་མཚར་ལྡན་པའི་སྒྱུ་རྩལ་གྱི་སྣང་ཚུལ་ལེགས་གྲུབ་བྱུང་བར་མ་ཟད། སྒྱུ་རྩལ་བསྐྱར་ཟློས་ཀྱི་ཐབས་ཤེས་ལ་བརྟེན་ཏེ་མི་སྣ་མི་འདྲ་བ་གསུམ་གྱི་གཟུགས་བརྙན་གསར་བཞེངས་དོད་པོ་བྱས་པ་བརྒྱུད་རྩོམ་པ་པོའི་སྒྱུ་རྩལ་གྱི་སྒོ་ནས“རང་ཤོང་སྤྱིལ་བུར”ཡིད་ཚིམ་ཞིང་ཞེ་ལྷོད་ངང་སྡོད་པའི་མི་རིགས་འདིའི་རྗེས་ལུས་ཀྱི་འཚོ་སྟངས་ལ་ཟུར་ཟ་དང་། འཚོལ་སྙེག་དང་ཕུགས་བསམ་བརྟན་པོ་མེད་པའི་གཤིས་ཀ་ལ་རྡུང་རྡེག་དྲག་པོ་བཏང་སྟེ། ང་ཚོས་མི་རབས་རྗེས་མར་སློབ་གསོ་གཏོང་བའི་འགན་འཁྲིའི་འགལ་བ་དམར་རྗེན་དུ་བསྟན་ནས། རྗེས་རབས་པའི་གསར་བརྗེའི་སྙིང་སྟོབས་ལ་བར་ཆད་གཏོང་བའི་མི་རེ་འགར་ཐ་ཚིག་ནན་བསྒྲགས་དང་། ང་ཚོས་མི་རིགས་འདི་འཕེལ་རྒྱས་གོང་འཕེལ་འབྱུང་དགོས་ན་ངེས་པར་དུ་སློབ་གསོ་གཙིགས་འཛིན་དང་ཕྱི་ཕྱོགས་ཀྱི་འཇིག་རྟེན་ལ་རྒྱང་ལྟ་བྱ་དགོས་པའི་སྐུལ་འདེད་རང་བཞིན་གྱི་བསམ་བློ་དེ་ཐབས་མཁས་ཀྱིས་སྤྱི་བསྒྲགས་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།