མོག་བུ་ཡེ་ཤེས་སྐྱབས་ཀྱི་སྙན་ངག་ཅིག་དང་དེའི་ཕྲན་དཔྱད།
རྩོམ་པ་པོ།:མོག་བུ་ཡེ་ཤེས་སྐྱབས།
ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ།
དུས་ཚོད།:2022-12-13
ཀློག་གྲངས།:
རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ།
མོག་བུ་ཡེ་ཤེས་སྐྱབས།
ང་ལམ་ལ་ཆས་དུས།
རི་རྩེར་སྨུག་པ་ལང་ལོང་འཁོར།
སྨུག་པའི་གསེབ་ཀྱི་ལུག་ཁྱུ་ཡར་ལ་འགོས།
ལུག་ཁྱུའི་རྗེས་ཀྱི་ཨ་ཕའི་རྒྱབ་གཟུགས་མཐོང་ཡོང་།
རྒྱབ་གཟུགས་ནི་རི་བོ་ལྟར་བརྟན་ཞིང་བརླིང་པ་ཞིག
བརྟན་ཞིང་བརླིང་པའི་རྒྱབ་གཟུགས་ཀྱིས།
རི་རབ་འདོམ་གྱིས་བཅལ་ནས་འགྲོ།
ཨ་ཕ་ཡར་ལ་འགོ་བ་མི་འདྲ་རི་རབ་མར་ལ་འབབ་པ་འདྲ།
རི་རབ་རྡོག་པས་གནོན་པའི་ཨ་ཕ།
ནམ་མཁའ་འདྲ་ལ་རི་རབ་འདྲ།
རི་རབ་ལྟ་བུའི་ཕ་ཞིག་ཡོད་པ་ནི།
རི་རྒྱབ་ཀྱི་སྨུག་པ་དྭངས་རྗེས་ཀྱི་ཞོགས་པ་འདྲ།
ཞོགས་པའི་ཉི་ཤར་ནང་གི་ཨ་ཕ།
ཉི་ཤར་གྱི་ནང་ནས་ཚེས་པའི་འོད་ཀྱི་ལམ།
ང་ལམ་ལ་ཆས་དུས།
རི་འདབས་ཀྱི་གྲིབ་མ་ཡོར་ཡོར།
གྲིབ་མའི་སྣེ་ནས་ནོར་ཁྱུ་མར་ལ་འབབ།
ནོར་ཁྱུའི་མཐའ་ཡི་ཨ་མའི་འཛུམ་མདངས་མཐོང་ཡོང་།
འཛུམ་མདངས་ནི་གཙང་པོ་བཞིན་དྭངས་ཤིང་མཉེན་པ་ཞིག
དྭངས་ཤིང་མཉེན་པའི་འཛུམ་མདངས་ཀྱིས།
ཐང་ཆེན་པང་ལ་བླངས་ནས་འབབ།
ཨ་མ་མར་ལ་འབབ་པ་མི་འདྲ་ཐང་ཆེན་པང་ལ་ལེན་པ་འདྲ།
ཐང་ཆེན་པང་ལ་ལེན་པའི་ཨ་མ།
ས་གཞི་འདྲ་ལ་གཙང་པོ་འདྲ།
གཙང་པོ་ལྟ་བུའི་མ་ཞིག་ཡོད་པ་ནི།
རི་འདབས་ཀྱི་གྲིབ་སོ་དག་རྗེས་ཀྱི་ཞོགས་པ་འདྲ།
ཞོགས་པའི་ཉི་ཤར་ནང་གི་ཨ་མ།
ཉི་ཤར་ལས་འཁྲུངས་པའི་འོད་ཀྱི་ཟས།
ང་ལམ་ལ་ཆས་དུས།
རི་རྩེ་སྨུག་པ་ལང་ལོང་།
སེམས་ཀྱི་སྨུག་ཞགས་ཨ་ཕའི་སྒལ་ཚིགས་སུ་བབས།
ཁོག་སྟོད་སྒུ་རུ་རུ།
ང་ལམ་ལ་ཆས་དུས།
རི་འདབས་ཀྱི་གྲིབ་མ་ཡོར་ཡོར།
གདུང་བའི་གྲིབ་མ་ཨ་མའི་དཔྲལ་བ་རུ་ཐོགས།
གཉེར་རིས་ཤིག་ཤིག་ཤིག
ང་ལམ་ལ་ཆས་དུས།
ཕྱིར་འཁོར་ནས་ཨ་ཕར་ལན་གཅིག་བལྟས།
རི་རབ་རྡེའུ་དང་བཅས་པ་སྙིང་ལ་བཅུག
ཕྱིར་འཁོར་ནས་རུས་པ་འདེབས་ས་ཡིན།
ང་ལམ་ལ་ཆས་དུས།
ཕྱིར་འཁོར་ནས་ཨ་མར་ལན་གཅིག་བལྟས།
གཙང་པོ་རླབས་ཕྲེང་དང་བཅས་པ་ཁོང་དུ་ཉར།
ཕྱིར་འཁོར་ནས་དྲོད་མལ་བཅའ་ས་ཡིན།
སྤྱི་ལོ༢༠༢༡ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་ལྔ་པ་ལས་བདམས།
རྩོམ་པ་པོ་ངོ་སྤྲོད།

མོག་བུ་ཡེ་ཤེས་སྐྱབས། མདོ་སྨད་བོང་སྟག་ཏུ་སྐྱེས། རྒྱལ་ཁབ་རིམ་པ་གསུམ་པའི་རྩོམ་པ་པོ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དབུ་ཆེན་གཞོན་པ། «གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་བཅས་ཡིན། སྙན་དེབ«གཡག་གོང་གི་ཚོ་བ»དང«རྟོད་ཐག་ཁྲ་ཁྲ» བྱིས་སྒྲུང་དེབ«བེའུ་རྫི་སྐྱ་རིལ» ལ་གཞས་དེབ«འདང་བལ་དཀར་ཁ་ཆུ» «ལབ་རྩིད་ཞགས་ནག་པོ» «སྲོག་གི་སྐྱ་ཡ»བཅས་ཡོད།
«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ཞེས་པའི་ཕྲན་དཔྱད།
སྤེན་པ་དོན་གྲུབ།
སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས་ཀྱི«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ཞེས་པའི་སྙན་ངག་འདི2021ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་ལྔ་པར་བཀོད་འདུག བཀླགས་མ་ཐག་པའི་སྐད་ཅིག་མར་བདག་ལ་མྱོང་རོལ་གྱི་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་བྱིན་བྱུང་། གཤམ་དུ་ཕྲན་དཔྱད་ཚིག་གསུམ་ཞུ་འདོད་པ་འདི་ལྟ་སྟེ།
བདག་གིས་ནམ་རྒྱུན་ཁོང་གི་སྙན་ངག་མང་པོ་བཀླགས་མྱོང་། ང་རང་གི་མྱོང་ཚོར་ལྟར་ན། ཁོང་གི་སྙན་ངག་ཕལ་མོ་ཆེའི་ཚིག་རིས་ཆུ་ལྟར་འཇམ་པ་གང་ཞིག རེག་བྱ་འཇམ་དྲགས་ཏེ་ཐ་སྙད་སྙི་ཞིང་ནེམ་པས་རྩོམ་གཤིས་འཇམ་པའི་ཡོན་ཏན་གྱི་སྙན་རོ་ཕུན་སུམ་ཚོགས་པར་འདོད། དེར་བརྟེན་ཁོང་གི་སྙན་ངག་ཅིག་བཀླགས་པ་ནི་ཧ་ལམ་བསེར་བུས་བསྐྱོམས་པའི་མཚོ་མོའི་རླབས་སྒྲ་འཇམ་པོར་ཉན་པ་དང་ཀུན་ནས་མཚུངས། ནམ་རྒྱུན་བདག་ལ་གོམས་གཤིས་འདི་འདྲ་ཞིག་མཆིས་པ་སྟེ། མཚམས་རེར་ལྗོངས་རྒྱུ་སོགས་ཁམས་གསེང་ལ་བསྐྱོད་དུས་མཚོ་མོའི་རླབས་སྒྲ་འཇམ་པོར་ཉན་པར་དགའ། གང་ལགས་ཤེ་ན། རླབས་སྒྲ་འཇམ་པོར་ཉན་ན་ལུས་སེམས་སྐྱིད། ལུས་སེམས་སྐྱིད་ན་བདེ་བའི་རྒྱུ་དང་ལྡན་སོང་སྙམ་པའི་ཆོག་ཤེས་སེམས་ཀྱི་ལོངས་སྤྱོད་ཅིག་མྱོང་རྒྱུ་འདུག
ཁོང་གི་སྙན་ངག་ཀློག་དུས་ཀྱང་སྐད་ཅིག་མའི་བདེ་བ་དེ་འདྲ་ལྕེ་རྩེའི་སྣེ་དང་། སེམས་ཁོང་གི་གཏིང་ནས་མྱོང་རྒྱུ་འདུག ལན་རེར། མི་ཚེ་འདི་ལ་ཀློག་པ་པོ་ཞིག་གིས་རྩོམ་གཤིས་ཁ་ལྷོད་ཅིང་། ཚིག་རིས་འཇམ་པའི་སྙན་ངག་དེ་འདྲའི་སྙན་རོ་མྱོང་ཚུལ་གྱི་རྒྱུན་ནི་ཤིན་ཏུ་ཕྲ་བ་སྟེ། སྐད་ཅིག་མར་འཇིག་སྲིད་པའི་བདེ་བ་ཕྲ་ཞིང་ཕྲ་བ་ཞིག་ཡིན་སྙམ་པའི་ཕངས་སེམས་ཤིག་དང་། ཡང་ན། སྤྲོ་སྣང་ཞིག་མ་བཅོས་ཅིག་ཅར་དུ་སྐྱེས། མ་གཞིར་སྙན་ངག་པར་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དབང་པོའམ། སྐད་བརྡའི་རྫི་བོར་བོས་པ་ཡོངས་གྲགས་ཀྱི་གཏམ་མ་ཡིན་ནམ། གང་ལྟར་ཡང་ཚིག་རིས་འཇམ་པའི་སྐད་ཆའི་མཛེས་པ་འདི་སྙན་ངག་བརྡ་འཕྲིན་གྱི་ཕྱི་ནང་མ་ལུས་པར་ཁྱབ་འདུག
སྙན་ངག་གི་སྐད་ཆའི་ཁམས་ལ་ཚོར་བའི་བརྙན་རིས་ཟེར། འདི་ནི་སྙན་ངག་གི་སྣང་བརྙན་གྱི་དོན་ནོ། །སྤྱིར་ཚོར་བའི་སྣང་བརྙན་ཏེ། དགའ་སྡུག་ཆགས་སྡང་ལས་བསྐྱེད་པའི་ཚོར་བའམ། ཚོར་འདུ། ཡིད་འགྱུར་སོགས་ཀྱི་བརྙན་རིས་སམ་སྣང་བརྙན་ལ་ཟེར། བྱེ་བྲག་ཏུ་སྙན་ངག་གི་ཁམས་དང་། ཡིད་བརྙན། སྐད་བརྡའི་ཁམས་སོགས་སོ། །ཡུལ་གྱི་སྤུ་རིས་ཇི་བཞིན་མ་ཡིན་པར་ཚོར་བའི་ཆགས་སྡང་རྗེན་པ་སྣང་བརྙན་དུ་བཞེངས་རྒྱུ་རྩ་བའི་བླང་བྱའོ། །འགངས་ཤིན་ཏུ་ཆེ་སྟེ། སྙན་ངག་ཅིག་ལ་མྱོང་རོལ་བྱ་རྒྱུའི་ཡན་ལག་གམ། ཡིད་འགྱུར་གྱི་རྟེན་ཡིན་པའི་ཕྱིར། ལྡོག་ན་ཐ་སྙད་སྤྲོས་བརྗོད་ཀྱི་སྐྱོན་ཆས་ངག་སྒོ་མི་མཛེས་པའི་རྒྱུར་འགྱུར་རོ། །
ཁོང་གི་སྙན་ངག་གི་སྣང་བརྙན་ནི་ཁ་དོག་ཅིག་ཡིན་ན་ཆུ་ཤེལ་ལྟར་དྭངས་ཤིང་། དབྱིབས་ཤིག་ཡིན་ན་ལུག་བལ་ལྟར་ནེམ་པའོ། །དེའང་ཚིག་རིས་འཇམ་པོའི་ཀློང་ན་དྲི་མེད་རང་གསལ་གྱི་མེ་ལོང་ལྟར་ཧ་ཡིས་ནོག་སྲིད་སྙམ་པའི་ཐུན་མིན་ཁྱད་ཆོས་ལྡན་འདུག

རྩོམ་པོ་པོའི་བརྩམས་དེབ་ཁག་ཅིག
ཡོངས་གྲགས་སུ་སྙན་ངག་ཅིག་ལ་ཚིག་ཟིན་གྱི་གོ་ཚུལ་ལྟར་འགྲེལ་བཤད་བྱ་བ་ནི་གདོད་མའི་ཚིག་རྒྱན་དུས་རབས་ཀྱི་སྙན་ངག་སྨྲ་བའི་བགྱི་བར་ཟད། བདག་ནི་སྙན་ངག་གི་ཕྱིའི་མཛེས་པ་སྟེ། ཕྱིའི་བརྡ་འཕྲིན་གྱིས་གྲུབ་པའི་སྣང་བརྙན་ལ་མྱོང་རོལ་གྱི་སྟོན་མོར་འཇུག་རྒྱུ་གོམས་འདྲིས་སུ་གྱུར་བས་དེ་ལྟར་བྱའོ། །དེའང«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ཞེས་པའི་སྔོན་འགྲོ་རུ། རི་རྩེར་སྨུག་པ་ལང་ལོང་འཁོར་ཞིང་། སྨུག་པའི་གསེབ་ཀྱི་ལུག་ཁྱུའི་རྗེས་ཀྱི་ཨ་ཕའི་རྒྱབ་གཟུགས་བརྟན་ཞིང་བརླིང་པ་རི་རབ་འདྲ་ལ་ནམ་མཁའ་འདྲ། དེ་ཡང་རི་རྒྱབ་ཀྱི་སྨུག་པ་དྭངས་རྗེས་ཀྱི་ཞོགས་པ་འདྲ་ལ། ཞོགས་པའི་ཉི་ཤར་ན་ཚེས་པའི་འོད་ཀྱི་ལམ་བུ་འདྲ་ཞེས་དང་། ཡང་རི་འདབས་སུ་གྲིབ་མ་ཕོག་ཅིང་། གྲིབ་མའི་སྣེའི་ནོར་ཁྱུའི་མཐའི་ཨ་མའི་འཛུམ་མདངས་དྭངས་ཤིང་མཉེན་པ་ས་གཞི་འདྲ་ལ་གཙང་པོ་འདྲ། དེ་ཡང་རི་འདབས་ཀྱི་གྲིབ་མ་དག་རྗེས་ཀྱི་ཞོགས་པ་འདྲ་ལ། ཞོགས་པའི་ཉི་ཤར་ན་འཁྲུངས་པའི་འོད་ཀྱི་ཟས་འདྲ་ཞེས་ཡིད་འགྱུར་གྱི་རྟེན་དུ་གྱུར་བའི“ཨ་ཕའི་རྒྱབ་གཟུགས”དང་། “ཨ་མའི་འཛུམ་མདངས”ལས་འཕྲོས་པའི་ཞོགས་པའི་ཉི་ཤར་གྱི་སྔ་ནུབ་ཏུ་རི་རྩེར་སྨུག་པ་ལང་ལོང་འཁོར་ཅིང་། རི་འདབས་སུ་གྲིབ་མ་ཡོར་ཡོར་འཁོར་བའི་སྐད་ཅིག་མར་ལུག་ཁྱུའི་རྗེས་ཀྱི་ཨ་ཕའི་རྒྱབ་གཟུགས་ནམ་མཁའ་དང་། རི་རབ། འོད་ཀྱི་ལམ་བུ་དང་འདྲ་ཞིང་། ནོར་ཁྱུའི་མཐའི་ཨ་མའི་འཛུམ་མདངས་ས་གཞི་དང་། གཙང་པོ། འོད་ཀྱི་ཟས་དང་འདྲ་ཞེས་པའི་བློས་བསླངས་ངོ་མཚར་ཞིང་། འཆར་ཡན་དྲག་པོས་ཕྱུག་པའི་སྙན་ངག་གི་སྣང་བརྙན་དེ་མིག་ཡིད་རྣ་བའི་སྟོན་མོར་བཤམས་འདུགའདི་ནི་སྙན་ངག་པའི་ཚོར་བའི་སྣང་བརྙན་ཏེ། རི་རྩེ་དང་རི་འདབས། ལུག་ཁྱུ་དང་ནོར་ཁྱུ། འོད་དང་གྲིབ་མ། ཨ་ཕ་དང་ཨ་མ་ལྟ་བུ་ལྟོས་བཅས་སམ། རྟེན་དང་བརྟེན་པའི་ཚུལ་གྱིས་མངོན་པའི་ཡིད་བརྙན་གྱི་ཆ་ཤས་ལས་གྲུབ་པའི་སྣང་བརྙན་འབའ་ཞིག་གོ །དེ་ལས་དེང་རབས་གྲོང་ཁྱེར་གྱི་འདུ་འཛི་ལས་རྒྱང་བཀྱེད་པའི་གདོད་མའི་འབྱུང་ཁམས་ཀྱི་དབེན་ཅག་ལ་ཁ་ཐག་ཉེ་བར་བཅར་བའི་སེམས་པའི་བར་ཐག་ཅིག་མངོན་གྱི་འདུག སྐད་ཆའི་འགུལ་རིས་འདི་ནི་འབག་བཙོག་གི་དྲི་མས་མ་བསླད་པའི་སྦས་ལུང་ཞིག་གམ། ཡང་ན། ཆུ་ཤེལ་གྱི་གོང་བུ་ལྟར་ཕྱི་གསལ་ནང་གསལ་དུ་གྲུབ་པས། ཀློག་གིན་ཀློག་གིན། ནམ་ཞིག་བདག་གི་སེམས་ལ་བྱབས་ཁྲུས་ཞུ་སའི་བསྟི་གནས་སུ་གྱུར་ན་ཅི་མ་རུང་སྙམ་པའི་དགའ་སྣང་སྟེར་གྱི་འདུག མ་གཞི་མི་ཞིག་དེང་རབས་རིག་གནས་ཀྱི་ཚོན་རྩིས་བསླད་པའི་གྲོང་ཁྱེར་གྱི་འདུ་འཛིར་སུན་ཏེ་དྲི་མེད་དྭངས་གསལ་གྱི་གདོད་མའི་འབྱུང་ཁམས་ཀྱི་པང་དུ་ལོག་འདོད་པ་ནི“མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན”ཞེས་པའི་གཏམ་དཔེ་ལྟར། འདི་ནི་མི་ཞིག་དེང་རབས་རིག་གནས་ཀྱི་འབག་བཙོག་གིས་རང་རྒྱུད་བསླད་པར་རྟོགས་པ་སད་དེ་སྲོལ་རྒྱུན་རིག་གནས་ཀྱི་མ་རྒྱུད་ནས་རང་ཉིད་ཀྱི་ཁ་དོག་འཚོལ་སྟངས་ཀྱི་སེམས་པའི་བར་ཐག་ཅིག་གི་འཚོལ་སྙེག་ཀྱང་ངོ་། །རྟོག་པའི་དྲི་མས་བསླད་པའི་མི་རང་མཚན་པ་ཞིག་ལ་ཆ་མཚོན་ན། མི་ཚེའི་ཁྲལ་ལས་ཀྱི་རྙེད་པས་ཇི་ལྟར་ངལ་རུང་། མཐའ་མའི་བསྒྲུབ་བྱ་རྙེད་བྱའི་གཏན་གྱི་འདུན་མ་བྱ་བ་དེ་ག་རང་ཡིན་སྲིད།
ཀློག་པ་པོ་བདག་ལ་ཆ་མཚོན་ན། རིག་གནས་ཀྱི་རྩ་བ་རྩད་པའི་འདུ་ཤེས(文化寻根意识)ཀྱི་རྩ་ལག་བརྟས་བྱུང་། ངས་རྩ་ལག་དེའི་དཀྱིལ་འཁོར་ནས་རང་ཉིད་ཅི་ཡིན་གྱི་གཉུག་མའི་རང་མདངས་ཏེ། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་བསྒྱུར་བའི། བྱམས་དང་སྙིང་རྗེའི་བདུད་རྩིས་བྲན་པའི། ཐབས་དང་ཤེས་རབ་ཀྱི་ཉི་ཟླས་མཛེས་པའི་སྲོལ་རྒྱུན་རིག་གནས་ཀྱི་ནུ་ཞོས་བསྐྱངས་པའི་བུ་ཆུང་ཞིག་ཡིན་པར་ངེས་ཤེས་འདྲོངས་པ་དེའོ།། བདག་གིས་ཁོང་གི་སྙན་ངག་གི་སྣང་བརྙན་དབྱིབས་དང་ཁ་དོག་གི་དཔེ་རུ་སྦྱར་ཏེ་དྲི་མེད་རང་གསལ་ཡིན་ཞེས་པའི་ཉིང་དགོས་ཀྱང་འདིའོ། ཡིད་བརྙན་གྱི་ཆ་ཤས་དེའི་སྙིང་པོར་གྱུར་པའི“རྒྱབ་གཟུགས”དང་། “འཛུམ་མདངས”ལས། གཅིག་ནི་ཨ་ཕའི་རྒྱབ་གཟུགས་དང་། གཅིག་ཤོས་ཨ་མའི་འཛུམ་མདངས་ཡིན་པ་ཀློག་པ་པོ་ཀུན་ལ་ཆ་རྒྱུས་ཟབ་མོད། འདི་ནི་སྙན་ངག་པ་ཁོང་གི་རང་བློ་ལྐོག་ཏུ་གྱུར་བའི་བཅོས་མིན་ཡིད་ཀྱི་འབོད་པ་ཞིག་སྟེ། ཨ་ཕའི་རྒྱབ་གཟུགས་ཇི་ལྟར་བརྟན་ཞིང་བརླིང་པ་ནི་ནམ་མཁའ་འདྲ་ཞིང་རི་རབ་འདྲ་བ། དེ་ཡང་རི་རྒྱབ་ཀྱི་སྨུག་པ་དྭངས་རྗེས་ཀྱི་ཞོགས་པ་འདྲ་བ། ཞོགས་པའི་ཉི་ཤར་ན་ཚེས་པའི་འོད་ཀྱི་ལམ་བུ་འདྲ་ཞེས་དང་། ཨ་མའི་འཛུམ་མདངས་ཇི་ལྟར་དྭངས་ཤིང་མཉེན་པ་ནི་ས་གཞི་འདྲ་ཞིང་གཙང་པོ་འདྲ་བ། དེ་ཡང་རི་འདབས་ཀྱི་གྲིབ་མ་དག་རྗེས་ཀྱི་ཞོགས་པ་འདྲ་བ། ཞོགས་པའི་ཉི་ཤར་ན་འཁྲུངས་པའི་འོད་ཀྱི་ཟས་འདྲ་ཞེས་སྒེར་གཤིས་ཅན(个性化)གྱི་མཚོན་དོན་ཟབ་པོ་མངའ། འདིའང་ལྐོག་གྱུར་དང་། སྤྱི་མཚན་གྱི་ངོ་བོར་མ་གྲུབ་པས་ཆེ་ཆུང་དང་། མང་ཉུང་། གྲིམ་ལྷོད་ཀྱི་ཚད་ཅི་འདྲ་ཡིན་པ་སྲད་བུར་བརྒྱུས་པའི་དཔེའི་སྣང་བརྙན་ལས་མྱོང་པ་པོའི་བློ་སྦྱོང་གི་རྣོ་རྟུལ་ལྟར་མྱང་རྒྱུ་ཞིག་ལས། ཐ་སྙད་སྤྲོས་བརྗོད་ཀྱི་ལམ་ནས་བསྟན་དོན་རྡོག་རྡོག་ཅིག་འདི་ཡིན་ཞེས་ལེན་མི་བཏུབ་ན་མྱོང་རོལ་གྱི་ཁམས་ཤིན་ཏུ་ཡངས་སོ། །
བརྟན་ཞིང་བརླིང་བའི་རྒྱབ་གཟུགས་ལས་འཕྲོས་པའི་རི་རབ་ལྟ་བུའི་ཨ་ཕ་དང་། དྭངས་ཤིང་མཉེན་པའི་འཛུམ་མདངས་ལས་འཕྲོས་པའི་གཙང་པོ་ལྟ་བུའི་ཨ་མ་གཉི་གའི་མཚོན་དོན་ཅི་ཡིན་ནམ། ཡིད་ཀྱི་འབོད་པ་འདི་ནི་བཅོས་མ་མ་ཡིན་པ་གང་ཞིག མཛའ་ཞིང་གཤིན་པའང་ཅིའི་ཕྱིར། འདྲི་ཚིག་འདི་ལྟ་བུས་ཀློག་པ་པོ་བདག་གི་མྱོང་རོལ་གྱི་མཐོང་སྣེ་ཇེ་ཡངས་སུ་གྱུར་སོང་། བདག་གིས་བསམས་ན། འདི་ནི་སྙན་ངག་པ་ཁོང་གི་སྒེར་གཤིས་ཅན་གྱི་མཚོན་དོན་ཞིག་སྟེ། དཔེར་ན། ཨེར་ལོ་ཐེར་གྱི་འབྲོག་སྟོང་ནི་མྱ་ངམ་ཐང་གི་གོ་དོན་མིན་པ་གང་ཞིག སྐབས་དེའི་མི་ཚུལ་རིག་གནས་ཀྱི་གཡའ་དང་བྲལ་བའི་ནུབ་ཕྱོགས་པའི་མི་ཚེའི་རིན་ཐང་ལྟ་བ་སྐྱ་ཟད་སྔོ་གཏུགས་སུ་འགྱུར་བྱེད་ཀྱི་རྩ་བ་སྟེ། བཀག་བསྐྱིལ་རང་བཞིན་གྱི་ལྷ་ཆོས་རིག་གནས་འདུ་ཤེས་ཀྱི་མཚོན་དོན་དུ་གྱུར་བ་ལྟར་རོ། །སྐབས་བབ་ཀྱི་མཚོན་དོན་ཡང་སྙན་ངག་པ་ཁོང་གི་ཡབ་ཡུམ་གྱི་གོ་དོན་མིན་པ་གང་ཞིག ཁོང་རང་གི་ཤེས་རབ་ཀྱི་གཉོམ་ལག་རྒྱས་བྱེད་ཀྱི་རིག་པའི་ནུ་ཞོ་སྟེ། ལུས་ཟུངས་འཚོ་བྱེད་ཀྱི་ཟུངས་ཁྲག་ལྟ་བུའི། རང་ཉིད་ཀྱི་གཉུག་མའི་ཁ་དོག་ཅི་ཡིན་འཆར་སའི་མེ་ལོང་ལྟ་བུའི་སྲོལ་རྒྱུན་རིག་གནས་ལ་མཛའ་ཞིང་གཤིན་པའི་འབོད་པ་ཡིན་པ་གོར་མ་ཆག ཁོང་གི་སྙན་ངག་འདི་ཀློག་དུས་བདག་ལ་རིག་གནས་ཀྱི་རྩ་བ་རྩད་པའི་འདུ་ཤེས་ཀྱི་རྩ་ལག་བརྟས་བྱུང་ཞེས་པའི་ཤུགས་བསྟན་ཡང་འདི་ལ་ཐུག་གོ །
དྲང་པོར་ཞུས་ན། སྙན་ངག་ཅིག་བཀླག་རྒྱུ་ལས་སླ་པོ་ཁྱོན་ནས་མ་རེད། ལྷག་པར་དུ་སྙན་ངག་རྩེ་གྲ་ཞིག་བཀླག་རྒྱུ་དེ་བས་ཚེགས་ཆེའོ། །
དེས་ན་སྦས་ལུང་ལྟ་བུའི། དྲི་མེད་རང་གསལ་ལྟ་བུའི། འཇམ་མཉེན་སྐད་ཆའི་འགུལ་རིས་དྲི་མེད་ཀློང་གི་བརྟན་ཞིང་བརླིང་པའི་ཨ་ཕའི་རྒྱབ་གཟུགས་དང་། དྭངས་ཤིང་མཉེན་པའི་ཨ་མའི་འཛུམ་མདངས་ཀྱི་མཚོན་དོན་དུ་གྱུར་བའི་སྲོལ་རྒྱུན་རིག་གནས་ཀྱི་ད་ལྟའི་གནས་བབ་ཅི་འདྲ་ཡིན་ཞེ་ན། དེའང་བདག་སོགས་དེང་རབས་ཀྱི་སྐྱེ་བོ་ཁག་གཅིག་གི་མི་ཚེའི་རིན་ཐང་ལྟ་བ་ལོག་པ་དང་། སྐྱིད་འདོད་ལེ་ལོའི་རང་གཤིས་དང་འགལ་བ་ལྟག་སྤྲོད་ཚུལ་དུ་གནས་ཤིང་། ལུགས་ཟུང་ཤེས་རིག་སྟེགས་བུའི་གྲལ་གཤམ་ན་སྣང་མེད་དུ་བོར་བའི་སྣང་ཚུལ་དེ་ཡིན་སྙམ། ལུགས་ལྟར་རུང་བར་བཀོལ་སྤྱོད་མི་ཤེས་པས་ཚེ་སྲོག་གི་རང་མདངས་ཤོར་བ་ནི་ཨ་ཕའི“ཁོག་སྟོད་སྒུ་རུ་རུ”དང་། ཨ་མའི་དཔྲལ་བར“གཉེར་རིས་ཤིག་ཤིག་ཤིག”ལྟ་བུ་དྲིན་ཆེན་ཡབ་ཡུམ་རྒས་པའི་མི་སྡུག་སྣང་བརྙན་ལས་མཚོན་འདུག་སྙམ།
མ་གཞིར་གོ་ལ་གཅིག་གྱུར་རང་བཞིན་གྱི་བརྡ་འཕྲིན་དུས་རབས་སུ་སྣ་མང་རིག་གནས་འདྲེས་བསྣོས་དང་། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་ལ་སོགས་པའི་ཡོ་ལང་དྲག་པོའི་ཀློང་གི་གྲོང་ཁྱེར་རིག་གནས་ཀྱིས་བརྩམས་པའི་དེང་རབས་ཡུལ་དུས་ཀྱི་བཞིན་རས་འགྱུར་དྲགས་ཏེ་འདི་སྣང་ཚད་མའོ་ཞེས་ན་སུ་ཞིག་ཡིད་རྟོན་ནུས། དེང་རབས་རིག་གནས་ཀྱི་ལྟོས་གྲུབ་ཏུ་གྱུར་བའི་སྲོལ་རྒྱུན་རིག་གནས་ཀྱང་ཉག་ཕྲ་བར་གྱུར་བ་གོར་མ་ཆག ལར་ད་ལྟའི་ཤར་ནུབ་རྒྱལ་ཁབ་ཅི་རུང་གི་མི་རིགས་གང་ཞིག་གི་སྲོལ་རྒྱུན་རིག་གནས་ལ་དེ་ལྟ་བུའི་ཕོག་ཐུག་དང་། གོད་ཆགས་བྱུང་དང་འབྱུང་མུས་ལགས། རང་རེ་ཕུད་པའི་ཁོང་ཅག་ནི་སྙིགས་དོར་བཅུད་ལེན་གྱི་ལམ་ནས་རིག་གནས་འདུ་ཤེས་དང་། རིན་ཐང་ལྟ་བ་སྙོམས་སྒྲིག་གི་ཐབས་ལ་ཤིན་ཏུ་མཁས་པས་དེང་རབས་མི་ཚུལ་རིག་གནས་ཀྱི་དཔལ་ཡོན་དར་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་རང་བཞིན་མ་དོར་རོ། །རང་རེ་ནི་བཀོལ་སྤྱོད་ཀྱི་བློ་ཤིན་ཏུ་རྩིང་བས་དེང་རབས་རིག་གནས་ཀྱི་སྙིང་པོ་མི་ཚུལ་རིག་གནས་ལྟ་ཅི། སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་སྟེ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཡ་བྲལ་དུ་མ་གྱུར་བའི་ནང་བསྟན་མཚན་ཉིད་རིག་པའི་ལྟོས་གྲུབ་ཀྱི་ལྟ་བར་ཤིན་ཏུ་རྨོངས་སོ། །དེར་བརྟེན་དེང་རབས་ཀྱི་འཚོ་ཚིས་དང་ཁ་འཕྲོས་པའི་མི་ཆོས་རིག་གནས་ཀྱི་སྙིང་པོ་སྟེ། ལམ་དང་རྒྱུན་ཤེས། ཁྲིམས་ལུགས་དང་ཚན་རྩལ་ཤེས་བྱར་རྨོངས་པ་གང་ཞིག སྲོལ་རྒྱུན་རིག་གནས་དང་ཁ་འཕྲོས་པའི་ལྷ་ཆོས་རིག་གནས་ཀྱི་སྙིང་པོ་སྟེ། བྱམས་དང་སྙིང་རྗེའི་ཐབས་ཀྱི་རང་བཞིན་དོར་ཞིང་། སྟོང་པ་རྟེན་འབྲེལ་དུ་གོ་ནུས་པའི་ཤེས་རབ་ཀྱི་ཁོ་ལག་གིས་རབ་ཏུ་ཕོངས་ཏེ་ཕྱུགས་ལྟར་ཀླ་ཀློའི་རང་བཞིན་ངན་པར་ཞེན་ཅིང་། རྨོངས་པ་ངོ་མཚར་སྐྱེ་བྱེད་ཀྱི་སྙོམས་ལས་འབའ་ཞིག་རང་ཉིད་ལེགས་ལམ་དུ་དཀྲི་བའི་ཐབས་སུ་རློམ་མོ། །འདི་ལ་ལམ་དང་རྒྱུན་ཤེས་ལ་རྨོངས་ཤིང་། རང་རྒྱུད་སྙིང་རྗེའི་རྟ་རྔས་མ་བཟུང་བའི་མི་ཚུགས་ཀླ་ཀློའི་རང་བཞིན་ཞེས་བྱའོ། །འོན་ཀྱང་བདག་ཅག་ནི་མིའི་འགྲོ་བ་ཡིན་པས་ཀླ་ཀློའི་ལམ་དུ་འཇུག་པ་ནི་རང་ཉིད་ཅོལ་ཆུང་གླེན་རྟགས་ཚ་བའི་རང་མཚང་མ་ཡིན་ནམ།

རྩོམ་པོ་པོའི་བརྩམས་དེབ་ཁག་ཅིག
གོལ་ལམ་འདིའི་ཉེར་ལེན་གྱི་རྒྱུ་ཉག་གཅིག་ཀྱང་བདག་ཅག་གིས་སྲོལ་རྒྱུན་རིག་གནས་ཀྱི་རྣལ་མ་གོ་ཞིང་། རུང་བར་བཀོལ་རྒྱུའི་རང་བློ་རྩིང་པོས་སྣང་མེད་དུ་བོར་བས་ལན་པའོ། །ཁ་གསལ་པོར་ཞུས་ན། བདག་ཅག་གིས་ཁོང་ཅག་ལྟ་བུའི་མི་བོ་ཆེའི་གོམ་ཞེང་མ་ཆོད། རང་ཅག་ལྟ་བུའི་མིའུ་ཐུང་ཞིག་གིས་རང་ཉིད་ཀྱི་གཉུག་མའི་ཁ་དོག་འཆར་སའི་མེ་ལོང་བོར་བར་རྟོགས་པ་མ་སད་པས་ལན་པའོ། །ཨ་ཕའི“ཁོག་སྟོད་སྒུ་རུ་རུ”དང་། ཨ་མའི་དཔྲལ་བར“གཉེར་རིས་ཤིག་ཤིག་ཤིག”ལྟ་བུའི་ཡིད་བརྙན་འདི་གཉིས་དྲིན་ཆེན་ཡབ་ཡུམ་རྒས་པའི་མི་སྡུག་སྣང་བརྙན་ལས་ཁ་འཕྲོས་པའི་རང་རེའི་རིག་པའི་ནུ་ཞོ་སྟེ། སྲོལ་རྒྱུན་རིག་གནས་ཀྱི་ཚེ་སྲོག་ཉག་ཕྲ་བར་གྱུར་བའི་མཚོན་དོན་ཡིན་པར་འདོད། །འོ་ན། འབོད་པ་འདི་བཅོས་མ་མ་ཡིན་པ་ཇི་ལྟར་ཡིན་ཞེ་ན། ཀློག་པ་པོ་ཞིག་གིས་སྙན་ངག་པ་ཁོང་གི་ཕྱིར་མིག་དྲག་པོའི་ཀློང་གི་སྐད་ཆའི་འཇིག་རྟེན་དེ་ཉུལ་ན་གཞི་ནས་མྱོང་རོལ་བྱ་ཐུབ། དེའང་ཇི་ལྟར་རྒས་ཏེ་མི་སྡུག་པར་གྱུར་རུང་། ཕྱིར་འཁོར་ནས“རུས་པ་འདེབས་ས”དང་། “ཞལ་ལག་མཆོད་ས”ཡིན་པ་དེའོ། །འདི་ནི་སྙན་ངག་པ་ཁོང་གིས་རེ་ཞིང་སྙེག་པའི་སེམས་པའི་ལོག་ཕེབས་ཐེངས་ཤིག་སྟེ། ཁོང་གི་ཁེར་རྐྱང་གི་སྐྱོ་ཡུས་སངས་སའི་སེམས་པའི་བསྟི་གནས་གཅིག་པུ་དེའོ། ཀློག་པ་པོ་བདག་ལ་བསམས་ན། རང་ཉིད་ཀྱི་གཉུག་མའི་ཁ་དོག་ཅི་ཡིན་སོ་ལྟ་བྱ་སའི་མེ་ལོང་ཁོ་ན་ལས་མ་འདས་སོ། །
མདོར་ན«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ནི་སྙན་ངག་པ་ཁོང་ལམ་དུ་ཆས་དུས་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་གླུ་ངག་ཅིག་སྟེ། གྲེ་བ་བདེ་མོས་དེང་རབས་སྣ་མང་རིག་གནས་ཀྱི་ཚོན་རྩིའི་དྲི་མས་འབག་པའི་སྲོལ་རྒྱུན་རིག་གནས་ཀྱི་མེ་ལོང་ནས་རང་མདོག་འགྱུར་བཞིན་པའི་བདག་སོགས་ཀྱི་གཉུག་མའི་བཞིན་རས་འཚོལ་འདོད་པའི་བཅོས་མིན་ཡིད་ཀྱི་འབོད་པ་ཞིག་གོ །ཅི་སྟེ་འདི་ནི་སྙན་ངག་པ་ཁོང་གི་དྲིན་ཆེན་ཡབ་ཡུམ་གྱི་དོན་དུ་གོ་རུང་མོད། རྩོམ་རབ་ལན་བརྒྱར་གོ་ཞེས་པའི་གཏམ་འདི་ཤིན་ཏུ་བདེན་ཅིང་། བདག་ནི་ཚིག་རྒྱན་དུས་རབས་ཀྱི་སྙན་ངག་སྨྲ་བའི་བགྱི་བ་སྤངས་ཏེ་སྙན་ངག་གི་ཕྱིའི་མཛེས་པས་གྲུབ་པའི་སྣང་བརྙན་ལ་མྱོང་རོལ་བྱ་རྒྱུ་གོམས་འདྲིས་སུ་གྱུར་བ་གོང་དུ་ཞུས་ཟིན་ཏོ། །
སྙན་ངག་འདིའི་ཡིད་བརྙན་གྱི་ཆ་ཤས་ཚུགས་ཐུབ་ཏུ་གནས་པ་གང་ཞིག སྙན་ངག་པའི་ཡིད་འགྱུར་གྱི་རྟེན་ནམ། ཚོར་བའི་ཁོང་ཐིག་གི་སྲད་བུར་བརྒྱུས་པས་མྱོང་རོལ་གྱི་མཐོང་སྣེ་ཡངས་ཤིང་། ཚིག་གི་སྒྱུ་རྩལ་གྱི་འཛེམ་བྱར་གྱུར་བའི་ཐ་སྙད་སྤྱི་མཚན་ལམ་གྱི་གླེན་པའི་ལབ་རྡོལ་གྱི་དྲི་མས་མ་བསླད་པའི་སྙན་ངག་སྣང་བརྙན་གྱི་རྨད་བྱུང་དགེ་མཚན་ལྡན་ནོ། །འདི་ནི་ཁྱད་ཆོས་ཆེན་པོ་ཞིག་རེད་འདུག་སྙམ། གཞན་ཡང་ཚོར་བའི་ཆགས་སྡང་གྲིམ་ལྷོད་རན་པ་སྟེ། དཔེར་ན། སྐྱེས་བུ་རང་ཚུགས་ཅན་གྱི་གཤིས་ཀ་ལྟར་སྒམ་ཞིང་བརླིང་པའོ། །དེ་འདྲའི་མཐོ་རྒྱག་དམའ་རྒྱག་མེད་པ་སྟེ། རང་བློ་རྣལ་དུ་ཕབ་པའི་རྗེས་ཤུལ་ཟབ་ཅིང་། དཀྱེལ་ཡངས་ཀྱི་རང་གཤིས་བརྟན་ནོ། །རྩ་བའི་ཆར་སྙན་ངག་པ་ཁོང་གི་རང་གཤིས་དང་སྦྲེལ་ཆགས་པར་སྣང་། འདི་ཡང་ཁྱད་ཆོས་གཅིག་ཏུ་མཐོང་། སྤྱིར་ང་རང་སྒེར་གྱི་མྱོང་ཚོར་ལྟར་ན། སྙན་ངག་ཅིག་ལ་འཆར་ཡན་རིང་ལུགས་ལྟ་བུའི་མཐོ་རྒྱག་དམའ་རྒྱག་གི་ཁ་གཡང་དང་། འབོད་ཚིག་གིས་དབེན་པ་ཤིན་ཏུ་ལེགས་མོད། སྙན་ངག་པའི་ཚོར་བ་ནི་སེམས་ཁོང་གི་རྒྱ་མཚོ་འཁྱོམས་པའི་དགའ་སྡུག་ཆགས་སྡང་གི་རླབས་རྒྱུན་དྲག་པོ་ཡིན་པས་སེམས་པའི་འདེགས་འཇོག་ལྟར་ཐོལ་གྱིས་བཞུར་རྒྱུ་འགངས་ཆེ། ལྡོག་ན་ཚོར་བ་བག་ཏུ་ཞ་བའི་སྨྱུག་ཟོར་དོག་པར་འགྱུར་བར་སྙམ་མོ། །
བདག་གིས་སྙན་ངག་པ་ཁོང་གི་སྙན་ངག་ཕལ་མོ་ཆེའི་ཚིག་རིས་འཇམ་པོའི་ཀློང་གི་ར་རིའི་དྲི་མས་མ་བསླད་པའི་དྭངས་གསལ་ཆུ་ཤེལ་ལྟ་བུའི་སྣང་བརྙན་གྱི་བསླུ་བྲིད་ནམ་ཡང་བཟློག་པར་དཀའ། སླད་ནམ་ནམ་ཞར་ཞར་དེ་ལྟ་བུའི་བསླུ་བྲིད་ཀྱི་ཞིང་ཁམས་སུ་ཉུལ་ཞིང་འཕྱན་པར་གྱུར་ཅིག་གུ །
སྤྱི་ལོ༢༠༢༢ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་བཞི་པ་ལས་བདམས།
འབྲེལ་ཡོད་འོས་སྦྱོར།