logo

དེང་གི་གསར་སྐྱེས་རྩོམ་པ་པོ་གཉིས་ཀྱི་སྒྲུང་གཏམ་ལས་འཕྲོས་པའི་གླེང་སློང་།

རྩོམ་པ་པོ།:བདུད་ལྷ་རྒྱལ། ཡོང་ཁུངས།:«སྦྲང་ཆར» དུས་ཚོད།:2022-12-22 ཀློག་གྲངས།:
       མི་ལོ་ཉི་ཤུ་ལྷག་གི་བོད་ཀྱི་སྒྲུང་གཏམ་ལ་ཕྱིར་བལྟས་ཤིག་བྱས་ན། འཕེལ་རྒྱས་ཀྱི་དུམ་མཚམས་དང་རྟགས་མཚན་རབ་རིབ་མང་བོ་ཞིག་མཐོང་རྒྱུ་ཡོད། རྩོམ་པ་པོ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་རྩོམ་རྩལ་ལས་ཐོད་རྒལ་བྱས་པ་ཡོད་ལ། རྩོམ་པ་པོ་གཅིག་གི་རྩོམ་རྩལ་ལའང་དུས་སྔ་ཕྱིའི་མི་འདྲ་བའི་ཐོད་རྒལ་ཡོད། དུས་རབས་ཉེར་གཅིག་པའི་ནང་དུ་རྩོམ་པ་པོ་གསར་བ་སྐོར་ཞིག་དང་རྩོམ་གསར་བ་སྐོར་ཞིག་བོད་ཀྱི་རྩོམ་སྟེགས་སུ་ཐོན་ནས་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་མཛེས་སྡུག་ཅན་དུ་བྱས་ཡོད། ལྷ་བྱམས་རྒྱལ་དང་ཅོ་ནེ་ཡུམ་ཚེ་རིང་གཉིས་ནི་དེའི་ཁྲོད་ཀྱི་མངོན་པར་གསལ་བའི་སྐར་ཆེན་གཉིས་རེད་ཅེས་བརྗོད་ཆོག
       སྤྱིར་རྩོམ་པ་པོ་དེ་གཉིས་ཀའི་གང་ཡིན་ཀྱང༌། སྒྲུང་གཏམ་མང་བོ་སྤེལ་ཡོད་མཁན་ཞིག་མ་རེད། དུས་རབས་ཉེར་གཅིག་པའི་ནང«སྦྲང་ཆར»དུ་ལྷ་བྱམས་རྒྱལ་གྱིས་སྒྲུང་གཏམ་གསུམ་སྤེལ་ཡོད་ལ། ཅོ་ནེ་ཡུམ་ཚེ་རིང་གིས་སྒྲུང་གཏམ་གཅིག་མ་གཏོགས་སྤེལ་མེད། ཡིན་ནའང་གྲངས་ཚད་ཉུང་ཡང་སྒྲུང་གཏམ་དེ་དག་ལས་ཁོ་གཉིས་ཀྱི་གསར་རྩོམ་གྱི་རྨང་གཞི་ནི་འཐུས་ཚང་ཞིང་བརྟན་པོ་ཡིན་པ་མཐོང་ཐུབ། འདིར་འཆད་བདེ་བའི་ཆེད་དུ་ལྷ་བྱམས་རྒྱལ་གྱི«སྒྲོལ་མའི་རྨི་ལམ»དང༌། ཅོ་ནེ་ཡུམ་ཚེ་རིང་གི«རྣམ་སྨིན»གཉིས་ལ་དམིགས་ནས་འཆད་པར་བྱའོ། །
       ཉིང་འདུས་ཀྱི་སྒྲིག་གཞི། སྤྱིར་སྒྲུང་གཏམ་ལ་མེད་དུ་མི་རུང་བ་ནི་ཞིབ་འབྲི་ཡིན། ལྗོངས་ཀྱི་ཞིབ་འབྲི། གཟུགས་བྱད་ཀྱི་ཞིབ་འབྲི། སེམས་ཁམས་ཀྱི་ཞིབ་འབྲི། ཕྲ་རབ་ཀྱི་ཞིབ་འབྲི་སོགས་ཡོད་པས་སྒྲུང་གཏམ་རྩོམ་ལུས་ཀྱི་ཁྱད་གཤིས་ཐོན་པར་འགྱུར་བ་ཞིག་ཡིན། ཡིན་ནའང་སྒྲུང་ཐུང་ལ་ཉིང་འདུས་ཀྱི་ཁྱད་ཆོས་ཅིས་ཀྱང་ཐོན་དགོས་པས་ཞིབ་འབྲིའི་སྐབས་སུ་རྒྱས་པའི་ཞིབ་འབྲི་བྱས་པས་སྒྲུང་ཐུང་རང་གི་ཆོས་ཉིད་དང་འགལ་འགྲོ་བ་ཡིན། འདི་ལྟའི་སྣང་ཚུལ་མི་ལེགས་པ་བོད་ཀྱི་རྩོམ་རིག་ཏུ་བྱུང་ལ་འབྱུང་མུས་སུའང་ཡོད།
       སྒྲུང་གཏམ་འབྲི་མཁན་ཞིག་ལ་མཚོན་ན། ཐོག་མར་རྩོམ་དུ་ཅི་ཞིག་འབྲི་རྒྱུ་ཡིན་པ་དང་ཅི་ཞིག་འབྲི་རྒྱུ་མིན་པའི་འདམ་ང་ཞིག་ཡོད། བསྟན་དོན་མཚོན་པ་ལ་མཚོན་པའི་ནུས་པ་ཡོད་པ་དང༌། ཡང་ན་རྩོམ་རིག་གི་མཛེས་པ་འདོན་པ་ལ་རམ་འདེགས་སུ་འགྱུར་བའི་ཆ་དེ་འབྲི་དགོས་པ་སྨོས་མ་དགོས་ཀྱང༌། འདི་ནི་བཤད་ན་སླ་ལ་ལས་ན་དཀའ་བའི་བྱ་ལས་ཤིག་རེད། ལྷག་པར་ང་ཚོར་རྩོམ་རིག་ཅེས་པ་སྣང་བརྙན་ཅན་ཞིག་ཡིན་དགོས་ལ། སྣང་བརྙན་དེ་གཟུགས་བརྙན་ལྟ་བུའི་ཅིར་ཡང་སྣང་དུ་ཡོད་པ་ཞིག་ཏུ་འབྲི་དགོས་རྒྱུ་རེད་སྙམ་པའི་ཚིག་གི་གོ་བ་ལྟར་སྣང་བ་ཞིག་ཆགས་ནས་ཡོད་པས། ཕལ་ཆེ་བས་སྨྱུག་ཁར་ཚོད་འཛིན་ཆེན་པོ་མེད་པའི་རྒྱས་འབྲི་བྱས་པ་རེད། དེ་ལྟར་བྱས་པས་དགོས་པ་ཆེན་པོ་མེད་པའི“ལྷག་མ་རུ་གྱུར་པའི”དོན་གྱི་ཚན་པ་མང་བོ་ཞིག་བརྩམས་ཆོས་རང་དུ་བྱུང་ལ། དེ་བཞིན་བརྩམས་ཆོས་རང་ཉིད་ཀྱི་སྒྲིག་གཞིའི་ཆ་ནས་སྙོམས་པོ་ཞིག་མི་འོང་བར་དོ་ལུག་ཅན་དུ་གྱུར་པ་རེད། དེའི་ཐད་ནས་བཤད་ན་ལྷ་བྱམས་རྒྱལ་དང༌། ཅོ་ནེ་ཡུམ་ཚེ་རིང་གཉིས་ཀྱི་སྒྲུང་གཏམ་དེ་གཉིས་ཀྱིས་དེ་འདྲའི་ངང་ཚུལ་ཐད་ལ་མཉམ་འཇོག་བྱས་པ་ཤིན་ཏུ་ལེགས།
       སྒྲུང་གཏམ་ལ་ལྟ་བའི་གོ་རིམ་ཁྲོད་དུ་བྲིས་པའི་ཚན་པ་གང་ཡིན་ཀྱང་ལྟ་མཁན་ལ་མངོན་སུམ་ལྟ་བུའི་ཚོར་སྣང(实感)རེ་སྐྱེད་པར་མ་ཟད། རྩོམ་ནང་དོན་མེད་ལྷག་མ་ཅན་དུ་གྱུར་པའི་ཆ་ཡོད་པའི་སྣང་བ་མི་སྟེར་བར་རྩོམ་ཉིད་ཉིང་འདུས་ཅན་དང་ངོས་གཙང་བ་ཅན་དུ་འདུགའདི་ནས་སྒྲུང་ཐུང་གི་ཁྱད་གཤིས་ཐོག་མར་མངོན་པར་ཤར་ཡོད།
       རྩོམ་པ་པོ་གཉིས་ཀའི་གང་ཡིན་ཀྱང་རྩོམ་གྱི་སྒྲིག་གཞིའི་ཆ་ན་འདྲ་ས་ཞིག་ཡོད་པ་ནི། གཉིས་ཀས་ཀྱང་དོན་དག་གི་མགོ་སྔ་བར་གསུམ་པོ་བརྒྱུད་གཅིག་ཏུ་མུར་སྦྲེལ་ནས་བྲིས་པ་མིན་པར། དོན་དག་ཧྲིལ་བོའི་ཁྲོད་ནས་དུས་ཡུན་རང་མཚན་པ་འགའ་ཞིག་བདམས་ཏེ་ཚན་པ་རེ་བྱས་ཏེ་བྲིས་ཡོད། དེ་ལྟར་བྱས་པས་ཚན་པ་རང་ཉིད་རྩོམ་ལས་ཅུང་ཞིབ་ཚགས་སུ་འབྲི་རྒྱུ་བྱུང་ལ་ཚན་པ་དང་ཚན་པའི་བར་ན་དགོས་མེད་ཀྱི་དོན་དག་གི་བརྒྱུད་རིམ་ཕལ་བ་མང་བོ་ཞིག་སྟོང་ཆ་རུ་བསྐྱུར་རྒྱུ་བྱུང༌། འདི་ལྟའི་སྒྲིག་གཞིའི་བཀོད་པ་ལས་གཏམ་རྒྱུད་ཀྱི་བྱུང་རིམ་དེ་ཉིད་རུས་སྦལ་གྱི་ནུར་འགྲོས་ལྟར་བུལ་པའི་རྣམ་པ་མེད་པར། སྟག་མོའི་མཆོང་སྟབས་ལྟ་བུའི་མཚམས་ཀྱིས་ཆོད་པ་ཅན་དུ་གནས་ཡོད། དེ་ནི་སྒྲུང་ཐུང་གཉིས་ཀྱི་སྒྲིག་གཞིའི་ཆ་ན་ཡོད་པའི་ཐུན་མོང་བའི་དགེ་མཚན་རེད། རྩོམ་རིག་སྒྱུ་རྩལ་གང་ཡིན་ཀྱང་ཀློག་པ་པོར་རང་ཉིད་ཀྱིས་ཁ་སྐོང་བྱེད་པའི་སྟོང་ཆ་ཞིག་ངེས་པར་དགོས་ངེས་ཡིན། དེའི་ཆ་ཡོད་ན་རྩོམ་ལ་བར་གླེགས་ཀྱི་ཆ་ཡོད་དོ་ཞེས་རྩོམ་གྱི་དགེ་མཚན་དུ་རྩི་བ་ཡིན། དེ་མིན་ཐམས་ཅད་རྩོམ་པ་པོས་བྲིས་པའམ་བཤད་པར་གྱུར་ན་དངོས་ཡོད་ཀྱི་ཆ་ཆེས་ཆེ་སོང་བས་སྐྱོན་དུ་འགྱུར།
       མཁའ་དབུགས་སྟུག་པོ། བརྩམས་ཆོས་གཉིས་ཀར་སྒྲིག་གཞིའི་ཆ་ན་དེ་ལྟའི་དགེ་མཚན་ཡོད་པར་མ་ཟད། རྩོམ་གྱི་མཁའ་དབུགས་ཀྱི་ཆ་ནའང་གཉིས་ཀར་དགེ་མཚན་ཡོད་དེ། སྒྲུང་གཏམ་བཀླགས་པའི་མོད་ལ་སྒྲུང་གཏམ་རང་ན་སྨྲ་བརྗོད་ལས་འདས་པའི་མཁའ་དབུགས་སྟུག་པོ་ཞིག་གིས་ཁྱབ་ཡོད་སྟབས་སྒྲུང་གཏམ་གྱི་མཛེས་པ་ཕུན་སུམ་ཚོགས་པོ་རེད། ད་སྔའི་བོད་རྩོམ་མང་བོ་ཞིག་གིས་རྩོམ་གྱི་མཁའ་དབུགས་ལ་དོ་སྣང་བྱས་མེད་དེ། རྩོམ་དེ་ཉིད་བསྟན་དོན་གང་ཞིག་མཚོན་པའི་གཏམ་རྒྱུད་ཅི་ཞིག་དང༌། ཡང་ན་ལྗོངས་དང་མི་སྣ་རང་ཐད་ནས་འབྲི་བ་མ་གཏོགས་མཁའ་དབུགས་ལྷུར་ལེན་བྱེད་མཁན་ཆེས་ཉུང༌། ད་སྔ་ཡན་གྱི་བོད་ཀྱི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་བརྩམས་ཆོས་མང་བོ་ཞིག་གིས་རང་གི་དགག་རྒྱག་དང་ཐེར་འདོན་བྱ་བའི་དགོངས་དོན་དེ་སྤྱིར་སྐྱོ་གར་ཅན་གྱི་གཏམ་རྒྱུད་རེ་བྲིས་ནས་མཚོན་པར་བྱས་པ་ཡིན་ཀྱང༌། སྐྱོ་གར་ཅན་གྱི་དོན་དག་སྟོན་པའི་སྒྲུང་གཏམ་དེ་དག་སྤྱིར་དོན་དག་རྐྱང་བ་ཅན་ནམ་ཡང་ན་རྩོམ་ཉམས་གསལ་བ་ཅན་དུ་སྣང་བ་ལས། སྐྱོ་གདུང་གི་མཁའ་དབུགས་སྟུག་པོ་ཡོད་པ་ཅན་ཉུང༌། དཔེར་ན«སད་ཀྱིས་བཅོམ་པའི་མེ་ཏོག»ལྟ་བུར་མཚོན་ན། ལྷ་སྐྱིད་རང་ཉིད་འཇིག་རྟེན་འཁོར་བར་ཡི་མུག་པའི་ཕྱི་ཉིན་དེར། མོ་ཇོ་རྒན་མ་དང་མཉམ་དུ་བླ་བྲང་ལ་འགྲོ་སྐབས། རྩོམ་པ་པོས་ཞོགས་པའི་དུས་སྐབས་འདི་ལྟར་བྲིས་ཡོད་དེ། “ཕྱི་ཉིན་ནམ་མ་ལངས་གོང་དུ། ང་རང་ཁོ་མོ་དང་འགྲོགས་ཏེ་བླ་བྲང་ལ་ཆས་པ་ཡིན། ཞོགས་པའི་སྐྱ་རེངས་ཀྱི་བུ་མོའི་མགུལ་བར་ཐུན་མཚམས་ཀྱི་ཆུ་འཛིན་དམར་སེར་གྱི་རྒྱན་ཆ་བཏགས་ནས་ཤར་ཕྱོགས་ཀྱི་རི་རྩེ་ལས་འཛུམ་དམུལ་ལེར་བྱུང་བ་དང༌། དགུང་ཨ་སྔོན་སྔོ་ཞིང་དྭངས་ལ་སོ་མ་ཆུས་བཀྲུས་པའི་ནོར་བུ་ལེབ་མོ་ཆེན་པོ་ཞིག་དང་འདྲ། ཟི་ལིང་གི་ཙོང་ཆུ་དལ་བ་རིང་མོ་ནི་ད་དུང་འཁྱགས་རོམ་གྱི་སྦུབས་ན་གཉིད་དུ་ཡུར་ཏེ་སྐབས་རེར་སྔུར་བ་ཡང་མོར་འཐེན་པ་དང༌། ལ་ཆའི་གཞུང་ལམ་དུ་རླངས་འཁོར་རེ་གཉིས་ཀྱིས་དུང་སྒྲ་སིང་སིང་སྒྲོག་བཞིན་ཤར་ཕྱོགས་སུ་རྒྱུག་གིན་གདའ། ”སྐབས་འདིའི་དགོས་ངེས་ཀྱི་མཁའ་དབུགས་ནི་ལྷ་སྐྱིད་ཀྱི་སེམས་ཁོང་གི་སྐྱོ་གདུང་དང་ཁ་འཕྲོད་པའི་སྐྱ་བོ་སྐྱ་ཤུར། མདངས་མེད་ཤུགས་ཟད་ཀྱི་མཁའ་དབུགས་ཡིན་དགོས་པ་ལ། རྩོམ་དངོས་ཀྱི་མཁའ་དབུགས་ནི་དེ་ལས་ལྡོག་པའི་བཀྲག་མདངས་ཅན་ནོ། །
       སྤྱིར་སྒྲུང་ཐུང་ལ་མཁའ་དབུགས་ལྷག་པར་གལ་ཆེ་སྟེ། སྒྲུང་ཐུང་རང་ཉིད་ཀྱི་རྩོམ་ལུས་ཀྱི་དབང་གིས་བྲི་བྱའི་ཆོས་ཐམས་ཅད་ལ་ཚོད་འཛིན་ཐེབས་ཏེ་ཐམས་ཅད་པོ་ཅི་དགར་རྒྱས་འགྲེམ་བྱེད་མི་ཐུབ་པར་བྱས་ཡོད་པས། སྒྲུང་གཏམ་ལྷུག་བརྗོད་ཀྱི་སྐད་ཆ་ལ་སོགས་པར་བརྟེན་ནས་སྒྲུང་གཏམ་གྱི་མཁའ་དབུགས་གང་རུང་ལྷུར་བླངས་ཏེ། སྒྱུ་རྩལ་གྱི་མཛེས་པ་བླ་ལྷག་ཏུ་འདོན་མ་ཐུབ་ཚེ། རང་གི་སྒྱུ་རྩལ་གྱི་མཛེས་པ་མཐར་ཆགས་སུ་མངོན་དཀའ་ལ། སྒྲུང་གཏམ་ལ་བབ་ལྕི་བའི་རྣམ་པ་ཡང་འབྱུང་དཀའ། དེ་འདྲ་ཡིན་ན་རྩོམ་ཉིད་གྱི་ན་བར་མི་འགྱུར་བའི་འོས་མེད། དེ་བས་རྩོམ་པ་པོ་ཀྲང་ཞན་ལིང(张贤良)གིས“དེང་གི་སྒྲུང་གཏམ་ནི་སྤྱིར་གཏམ་རྒྱུད་ཀྱི་བྱུང་བའི་སྟེང་མཁའ་དབུགས་བསྣན་པའོ”ཞེས་ཉམས་མྱོང་ཚད་མའི་འབེལ་གཏམ་གནང་ཡོད། 2000ལོའི«སྦྲང་ཆར»དེབ་བཞི་པའི་སྟེང་གི«འཚུབ་མ་ཁེར་རྐྱང»ལ་ང་ཤིན་ཏུ་དགའ་ལ། དེའི་ཐུན་མོང་མ་ཡིན་པའི་མཛེས་པའང་འདིར་བཤད་པའི་རྩོམ་གྱི་མཁའ་དབུགས་ཀྱི་སྟེང་ན་ཡོད། །
འབྲེལ་ཡོད་འོས་སྦྱོར།