logo

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་གི་དགོངས་པའི་སྐོར་གླེང་བ།

རྩོམ་པ་པོ།:ལྷག་པ་ཆོས་འཕེལ། ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ། དུས་ཚོད།:2022-12-31 ཀློག་གྲངས།:
       སྤྱིར་སྔར་ནས་ད་བར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐོར་ཞིབ་འཇུག་གནང་མཁན་མང་ཞིང་། ལྷག་པར་དུ་དེང་རྒྱལ་ཕྱི་རྒྱལ་ནང་གང་སར་ཕྱོགས་མང་པོ་ནས་ཞིབ་འཇུག་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཁས་དབང་གང་ལ་ལྟ་ལོག་དང་། སྡོམ་ཤོར། དུ་ཆང་གི་རྐྱལ་པ་ཞེས་ཚིག་རྩུབ་ཀྱི་མདའ་མོ་འཕེན་ནས་དམའ་འབེབས་པ་ལས། རིག་པའི་དཔའ་བོ་ཞེས་གཙུག་ཏུ་བཀུར་ནས་མཁས་དབང་དེ་ལྟ་བུ་ལོ་རྒྱུས་ཐོག་ཏུ་སྔོན་བྱོན་མ་མྱོང་ལ་སླད་ནས་ཀྱང་འབྱོན་པ་དཀའ་བའི་ཚད་དུ་གདེང་འཇོག་གིས་ཁས་ལེན་བྱ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དོན་དུ་མཁས་དབང་དགེ་ཆོས་ནི་བསམ་བློ་མཁས་ཅན་དང་། ཆོས་ལུགས་མཁས་ཅན། ལོ་རྒྱུས་མཁས་ཅན། རྩོམ་རིག་མཁས་ཅན། བརྡ་སྤྲོད་མཁས་ཅན། ལོ་ཙཱ་མཁས་ཅན། རི་མོ་མཁས་ཅན། མཚན་ཉིད་རིག་པ་མཁས་ཅན་བཅས་རིག་པའི་གནས་ཕལ་ཆེ་བར་མངའ་བསྙེས་པའི་མཁས་པའི་གཙུག་རྒྱན་ཞིག་ཡིན་པ་མ་ཟད། རང་སྲོག་བསྡོས་ནས་བདེན་པའི་ཕུ་ཐག་གཅོད་མཁན་གྱི་སྐྱེས་བུ་ཞིག་དང་། མིང་སྟོང་རྒྱབ་ཏུ་བསྐྱུར་ཏེ་ཤེས་བྱའི་གནས་ལུགས་འཚོལ་མཁན་ཞིག རང་དབང་གཅེས་པར་འཛིན་ནས་བདེ་སྐྱིད་ཀྱི་དུང་བརྡ་སྒྲོག་མཁན་ཞིག མི་ཆོས་རིག་པ་དང་བློ་འབྱེད་རིག་པའི་སྔོན་བསྐྱོད་པ་ཞིག་ཡིན་པས། རང་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་སུས་ཀྱང་བསྙོན་མི་ནུས། འོན་ཀྱང་བོད་པའི་བསོད་ནམས་ཀྱི་དབང་གིས་ཡིན་ནའང་འདྲ། ཁྱི་རྒན་སེང་གེ་ལ་སྡང་བའི་མི་སྣ་འགའི་དབང་གིས་ཡིན་ནའང་འདྲ། འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ་དེ་རང་རིགས་རང་གིས་རྡོ་ལ་བརྡབས་པ་རེད། དེ་ལྟར་རིག་པའི་དཔའ་བོ་ཞིག་ལག་ཉེས་བཏང་བ་ནི་མི་རིགས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན་པ་བརྗོད་མི་དགོས། ད་ཕན་མཁས་དབང་གང་གི་རྩོམ་རིག་གི་དགོངས་པའི་སྐོར་ཞིབ་འཇུག་བྱས་པ་མཐོང་ལམ་དུ་མ་གྱུར་བས་ད་ཐེངས་གནད་འདིར་ཚོད་གླེང་བྱེད་འདོད་པ་ནི་དམ་པ་ཁོང་ལ་མཐའ་གཅིག་ཏུ་དད་གུས་དང་རྗེས་སུ་ཡི་རངས་ཞུ་བཞིན་པའི་ཉམ་ཆུང་ཁོ་བོའི་འདུན་པ་ཡིན།
དང་པོ། མཁས་དབང་དགེ་ཆོས་ཀྱི་མཚན་ཉིད་རིག་པའི་ལྟ་བ་རགས་གླེང་།
       རྩོམ་རིག་གི་བརྩམས་ཆོས་ཅི་འདྲ་ཞིག་ཡིན་ཡང་བསམ་བློའི་རྨང་གཞི་ངེས་ཅན་ཞིག་ལ་བརྟེན་ནས་བརྩམས་པའམ་མཚན་ཉིད་རིག་པའི་ལྟ་བ་ངེས་ཅན་ཞིག་ལ་བརྟེན་ནས་བརྩམས་པ་ཞིག་ཡིན་པ་དང་། རྩོམ་རིག་གི་གྲུབ་མཐའ་ཅི་འདྲ་ཞིག་ཡིན་ཡང་མཚན་ཉིད་རིག་པའི་ལྟ་བ་གང་རུང་ཞིག་ལ་གཞི་བཅོལ་ནས་བྱུང་བ་ཡིན་ན། མཁས་དབང་དགེ་ཆོས་ཀྱི་རྩོམ་རིག་གི་དགོངས་པ་གླེང་བའི་ཚེ་ན་ཡང་མཁས་དབང་གང་གི་མཚན་ཉིད་རིག་པའི་ལྟ་བ་དང་ཅིས་ནས་ཀྱང་འབྲེལ་བ་བྱེད་དགོས་པར་སྣང་། དེས་ན་ཤེས་དམན་ཁོ་བོ་ལྟ་བུས་རིག་པའི་སེང་གེ་གང་གི་དགོངས་པའི་ཟུར་ཙམ་ཡང་མི་རྟོགས་ཀྱང་ཚོད་གླེང་གི་དགོས་པ་ཡོད།
       གཅིག མི་ལ་བདེ་བ་དགོས་རྐྱེན་རང་དབང་དགོས་པར་འཛིན་པ།
       མཁས་དབང་དགེ་ཆོས་ཀྱིས“གོམ་གཅིག་འདོར་ཡང་བདེ་བ་འཚོལ་ཕྱིར་ཏེ། །ཚིག་གཅིག་སྨྲ་ཡང་བདེ་བ་འཚོལ་ཕྱིར་སྨྲ། །དགེ་བའི་ལས་ཀྱང་བདེ་བའི་ཆེད་དུ་བྱེད། །སྡིག་པའི་ལས་ཀྱང་བདེ་བའི་སླད་དུ་བྱེད། །གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས། །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས། །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས”[1]ཞེས་དང་། “འཇིག་རྟེན་མིའི་བདེ་བ་ཡོད་ན་མེད་ན་རང་དབང་ཟེར་བ་དེ་རེད། ཁྱོད་ཚོས་མིའི་རང་དབང་ཟེར་བ་དེ་ཤེས་ཀྱི་ཡོད་དམ། ངས་མིའི་བདེ་བ་དེ་ཤེས་གིན་ཡོད་པ་རེད”[2]ཅེས་དང་། “དགེ་འདུན་ཆོས་འཕེལ་ལ་ཨ་ལྕག་ཡག་པོ་གཅིག་ཀྱང་རག་ཡོད་པ་མ་རེད་ཅེས་ལབ་པ་དེའི་ལན་ལ་དགེ་འདུན་ཆོས་འཕེལ་གྱིས་དེ་ལྟར་ལབ་པ་རེད། ང་ལ་ཨ་ལྕག་མ་རག་པ་མ་རེད། ངས་ཨ་ལྕག་འཚོལ་གྱི་ཡོད་ན་དབྱིན་ཇིའི་བུ་མོ་དང་རྒྱ་གར་བྷ་བྷོ་ཡི་བུ་མོ། ཁམས་པའི་ཚོང་དཔོན་གྱི་བུ་མོ་སྙིང་རྗེ་བོ་དེ་འདྲ་མང་པོས་ཚུར་རེ་བ་འདོན་མྱོང་ཡོད་པ་རེད་དེ། ངས་ཁྱོན་ནས་མ་བྱས།……ངས་ཁས་ལེན་མ་བྱས་པ་འདིའི་རྒྱུ་མཚན་ཁྱོད་རང་ཚོས་ཤེས་གི་ཨེ་ཡོད། ཁྱོད་ཚོས་རྒྱུ་མཚན་ཤེས་གིན་མ་རེད། ང་དགེ་འདུ་ཆོས་འཕེལ་འདི་མིའི་རང་དབང་རྩོད་ལེན་བྱེད་མཁན་ཞིག་རེད། ང་ལ་རང་དབང་ཆ་ཚང་ཞིག་དགོས་སྟབས་ངས་ཁོ་རང་ཚོའི་འདོད་པ་མ་བསྐང་པ་རེད”[3]ཅེས་མཐར་གཏུགས་ན་མི་ལ་དགོས་པ་ནི་བདེ་བ་ཡིན་པ་དང་། བདེ་བ་དགོས་ན་རང་དབང་རྩོད་ལེན་བྱེད་དགོས་པར་བསྟན་ཡོད། དེ་བཞིན“འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་། །གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས། །མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད”[4]ཅེས་མི་རྣམས་ཀྱི་ཡུལ་ལུགས་གོམས་གཤིས་མི་གཅིག་པས་ཟ་འཐུང་སོགས་ཀྱི་གོམས་གཤིས་ཀྱང་མི་གཅིག་ན་རང་འདོད་བཞིན་སྤྱོད་པ་ལས་བཙན་གྱིས་བསྐུལ་མི་རུང་བར་གསུངས་པ་འདི་ཡང་མི་ལ་དགོས་པ་བདེ་བ་ཡིན་རྐྱེན་རང་དབང་ལས་བཙན་གྱིས་མི་རུང་པར་ནན་ཏུར་གྱིས་གསུངས་པ་ཞིག་རང་ཡིན།
       གཉིས། མི་ཞེས་པ་ལག་རྗེས་གཙོ་བོར་འཛིན་དགོས་པ་ལས་འདི་སྣང་གི་མིང་དང་རྒྱུ་ནོར་ལོངས་སྤྱོད་ལ་ཆགས་ཞེན་མི་རུང་བར་འཛིན་པ།
       མཁས་དབང་དགེ་ཆོས་ཀྱིས“འཇིག་རྟེན་ན་མི་སྐྱེས་པའི་དོན་པོ་ལག་རྗེས་རེ་འཇོག་དགོས་པ་ཡིན། ང་རང་སེམས་ལ་བོད་འདི་ལ་དབུ་ཚད་གཉིས་ལ་ཁྱད་ཆོས་རེ་བཏོན་དགོས་སྙམ་པ་ཡོད”[5]ཅེས་དང་། “གང་ལྟར་རང་གི་མཁས་འདོད་དང་སྐྱིད་འདོད། དངུལ་དངོས་འབྱོར་ཐབས་ཀྱི་རེ་འདོད་རྩ་བ་ནས་བཅད་པ་ཡིན། དགེ་ཆོས་ཤི་རྗེས་མིང་ཤུལ་གཙང་མ་གཙང་རྐྱང་ཡིན་ཨང”[6]ཞེས་དང་། “མཐོ་རིས་ཐར་པའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད”[7] གསུངས་པ་ལས་མཁས་དབང་གང་གིས་མི་ཞེས་པ་སྨྲ་ཤེས་དོན་གོ་བའི་སྙིང་པོ་ནི་མིང་སྟོང་དང་། རྒྱུ་ནོར་ལོངས་སྤྱོད་རྩོད་རྒྱུ་དེ་མ་ཡིན་པར་གཞན་ཕན་གྱི་ལག་རྗེས་རེ་འཇོག་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་གི་ཡོད་པ་གསལ་མཚོན་ནུས་པ་དང་། དོན་དུ་ཡང་དགེ་བཤེས་ལྷ་རམས་པའི་མིང་སྟོང་མ་བཞེས་པར་བདེན་པའི་གནས་ལུགས་རྩོད་པར་ཕེབས་པ་དང་། རྒན་པོ་ཤེས་རབ་རྒྱ་མཚོས“ང་རང་སེམས་ལ་རྒྱ་གར་དུ་ལོ་མང་བསྡད་ནས་བོད་དུ་ཕེབས་པ་ཞིག་ཡིན་སྟབས་འབྱོར་ལྡན་ཉམས་ཆེན་རྫིག་མདོག་ཁ་པོ་ཞིག་ཡོད་ཡོང་སྙམ་པ་ཡོད་ཀྱང་དེ་འདྲ་མི་འདུག ཞལ་རས་ཞུམས་ཉམས་ཙམ་ལ་མདུན་སོ་གཉིས་ཀྱི་སོ་ཞོ་ཤིན་ཏུ་དཀར་ལ་འཛུམ་ཉམས་ཅན་རས་རྒྱ་སྨུག་གི་ཕྱུ་པ་གྱོན་པ་ཞིག་འདུག དངོས་རྫས་ལྕགས་སྒམ་ནག་པོ་ཆེན་པོ་ཞིག་དང་། མེ་ཐབ་ཨི་སི་ཀྲོབ་གཅིག ཧ་ཡང་ཆུང་ཆུང་གཅིག མལ་ཆས་དོད་ཙམ་ཞིག་ལས་ཅི་ཡང་མི་འདུག”[8]ཅེས་པ་ལས་དགོངས་པ་དེ་མཁས་དབང་གང་གིས་སྐུ་ཚེ་ཧྲིལ་པོར་ལག་ལེན་མཐར་ཕྱིན་གནང་ཡོད་པ་ལས་མཚོན་ཐུབ།
       གསུམ། མི་ཞིག་ཡིན་ཕྱིན་དྲང་བདེན་གྱིས་ཚུགས་ཟིན་དགོས་པར་འཛིན་པ།
       མཁས་དབང་དགེ་ཆོས་ཀྱིས“བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ། །ཆེན་པོའི་ངོ་བསྲུང་བརྩེགས་པའི་གཅམ་བུའི་ཚིག །དད་པའི་ཁུན་བུ་སློང་བའི་སྒྲུང་གཏམ་དག །རིང་དུ་སྤངས་ཏེ་དྲང་པོའི་ལམ་དུ་བཞུགས”[9]ཞེས་དང་། “མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་། །ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག །འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚིང་ན། །གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ། །ཤེས་རབ་ཅན་གྱིས་སྙིང་རྗེའི་ཡུལ་དུ་དགོངས། །བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས”[10]ཞེས་མི་ཞིག་ཡིན་ཕྱིན་ཧར་གཏམ་དང་ངོ་སྲུང་གི་རྗེས་སུ་མི་འབྲང་བར་བདེན་པ་རང་གི་སྲོག་ལ་ཐུག་ཀྱང་སྲུང་དགོས་པར་འཛིན་ཡོད་པ་དང་། དེ་བཞིན“ངའི་སྐད་ཆའི་ནང་ན་སྐྱག་རྫུན་རྩ་བ་ནས་མེད”[11]ཅེས་ཡང་ཡང་གསུངས་ཡོད་པ་མ་ཟད། “ཁོང་ཉིད་ཕྱིས་སུ་མི་ཚེའི་ཀྱག་ཀྱོག་ལམ་དུ། ཆོས་དང་འཇིག་རྟེན་གང་གི་ཐད་ལའང་བདེན་དོན་མཐའ་འཁྱོངས་ཀྱི་སླད་དུ། ཐུགས་གཟུ་བོར་གནས་པའི་རིགས་ལམ་ཟབ་མོས་ཆེ་བ་དང་མཐོན་པོ་བཙན་པོ་དྲག་པོ་མཁས་པ་སོགས་ལ་ཕོག་ཐུག་འབྱུང་བའི་འཛེམ་ཟོན་རྒྱབ་ཏུ་བསྐྱུར་ཏེ་རང་གི་ལྟ་བ་དང་རིག་པ་འཆར་ཚུལ་རྗེན་པ་བཏོན་ནས་ཕྱི་རབས་སྐྱེ་བོའི་བློ་མིག་ཕྱེ་བའི་ཐབས་ཚུལ་ཟོལ་མེད་མཛད་ཐུབ”[12]ཡོད་ན། དྲང་བདེན་གྱི་ཚུགས་ཟིན་དགོས་པར་འཛིན་པ་ནི་མཁས་དབང་གང་གི་གལ་ཆེའི་དགོངས་པ་ཞིག་ཡིན།
       བཞི། རང་ཅག་རྣམས་ཀྱིས་ཡོད་མེད་ཡིན་མིན་གང་ཐག་བཅད་པ་ཐམས་ཅད་རང་རང་གི་བློ་ལ་ཤར་ལུགས་བཞིན་དུ་ཐག་བཅད་པ་ཙམ་ཡིན་པར་འདོད་པ།
       མཁས་དབང་དགེ་ཆོས་ཀྱིས“རང་ཅག་རྣམས་ཀྱིས་ཡོད་མེད་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་རང་རང་གི་བློ་ལ་ཤར་ལུགས་བཞིན་དུ་ཐག་བཅད་པ་ཙམ་ཡིན”[13]ཞེས་དང་། “གལ་ཏེ་རང་རེས་ཐག་བཅད་པ་ལ་ཡིད་རྟོན་མེད་དུ་ཆུག་ཀྱང་། སངས་རྒྱས་ཀྱིས་ཐག་བཅད་པའི་རྗེས་སུ་འབྲངས་ནས་མི་བསླུ་བ་ཡིན་སྙམ་ན། འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ནི་ཀླུ་སྒྲུབ་སོགས་མཁས་པ་ཆེན་པོ་རྣམས་ཀྱིས་ཐག་བཅད་ཟེར་ན། འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད། དེ་ནི་རྗེ་བླ་མས་ཐག་བཅད་དོ་ཟེར་ན། འོ་ན་རྗེ་བླ་མ་མི་བསླུ་བར་སུས་ཤེས། དེ་ནི་ཁོ་བོ་ཅག་གི་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་ཆེ་གེ་མོས་ཐག་བཅད་དོ་ཟེར་ན། འོ་ན་ཁྱོད་ཀྱི་བླ་མ་དམ་པ་ལ་བརྟེན་ནས་མི་བསླུ་བ་ནི་ཁྱོད་རང་གི་བློས་ཐག་བཅད་པར་འདུག་པས། དོན་ལ་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་ལ། བྱི་ལའི་དཔང་པོ་ལ་འབུ་བཙུག་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག དེས་ན་གང་ཐག་བཅད་ཚད་ཀྱི་རྩ་བ་མཐར་ཐུག་ཞིབ་ཏུ་བཅད་ཚེ་རང་རང་གི་བློ་ལ་ཐུག་པ་མ་གཏོགས་གཞན་ཅི་ཡང་མི་སྣང”[14]ཞེས་དང་། “ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ”[15]ཞེས་གསུངས་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མེད་པ་དང་ཐ་སྙད་ཚད་གྲུབ་མ་ཡིན་པར་བསྒྲུབ་པ་འདི་དགེ་ལུགས་སོགས་པ་དང་མི་མཐུན་པའི་རིགས་པ་ཡ་མཚན་ཞིག་ཡིན། དེའི་ཕྱོགས་ནས་འགའ་ཞིག་གིས་མཁས་དབང་དགེ་ཆོས་ཀྱི་དབུ་མའི་ལྟ་བ་ཞེས་གླེང་བར་བྱེད་ཀྱང་ཟབ་གནད་འདི་ལྟ་བུ་ཁོ་བོས་དཔྱད་པར་མི་བཟོད་ན་ཡང་རང་ཅག་རྣམས་ཀྱིས་ཡོད་མེད་ཡིན་མིན་གང་ཐག་བཅད་པ་ཐམས་ཅད་རང་རང་གི་བློ་ལ་ཤར་ལུགས་བཞིན་དུ་ཐག་བཅད་པ་ཙམ་ལས་མཐའ་གཅིག་ཏུ་བདེན་པར་གྲུབ་པ་མ་ཡིན་པ་ནི་མཁས་དབང་གང་གི་མཚན་ཉིད་རིག་པའི་ལྟ་བ་དམིགས་བསལ་ཞིག་ཡིན་པར་སེམས།
       ལྔ། མི་ཚེའི་གནས་ལུགས་བསྟན་པ།
       མཁས་དབང་དགེ་ཆོས་ཀྱིས“མེད་ན་ལྟོགས་ཀྱིས་དོགས་པའི་བཟའ་བཏུང་གི་རྩོལ་སྒྲུབ། །ཡོད་ན་ཟད་ཀྱིས་དོགས་པའི་ཁེ་ཚོང་གི་འདུ་འགོད། །དོན་ཆུང་ལས་ལ་འབད་པའི་ཕྲེང་གོག་དེ་བགྲང་ནས། །ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་དེ་ཟད་སོང”[16]ཞེས་དང་། “མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །ཁྲལ་པ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །སྡུག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག”[17] “འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང་། །རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། །བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང”[18]ཞེས་མི་ཡི་མིང་ཅན་ཕལ་ཆེར་བཟའ་བཏུང་རྩོལ་སྒྲུབ་ཀྱི་ངང་ནས་མི་ཚེ་རྫོགས་པ་དང་། མི་ཚེ་ཞེས་པ་དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན་སྡུག་དུས་ཐུང་དུ་གཏོང་བའི་ཐབས་མེད་ཅིང་། འབྱོར་ཚེ་གུས་ཤིང་རྒུད་ཚེ་འཕྱ་བ་གྲོགས་ངན་གི་རང་གཤིས་ཡིན་པའི་མི་ཚེའི་གནས་ལུགས་བསྡུས་དོན་གྱིས་ཕྱོགས་བསྡོམས་གནད་འཁེལ་གནང་ཡོད། གཞན་ཡང་ཁག་ཅིག་གིས་མཁས་དབང་དགེ་ཆོས་ལ“ཅི་བཤད་འདི་བཤད་མེད་པའི་བླ་བརྡོལ་བ། །གསར་མིན་ཪྙིང་མིན་ཕྱི་མིན་ནང་བའང་མིན”[19]ཞེས་དམའ་ཕབ་གང་ཐུབ་བྱས་ཡོད་ན་ཡང་དོན་དུ་མཁས་དབང་ཁོང་ནི་རང་གི་མི་རིགས་དང་། རང་གི་ཕ་ཡུལ། རང་གི་རིག་གནས་ལ་རང་སྲོག་ལས་ཀྱང་གཅེས་པར་འཛིན་མཁན་ཞིག་ཡིན་པ་ནི«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ»རུ“ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་། །ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་བརྒལ་ཏེ། །གཅེས་ཤིང་འཕང་བའི་སྲོག་གི་ཉམ་ཐག་རལ་གྲིའི་སོ་ལ་དྲངས་པ་ལས། །དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་སྟེས་གཞུང་འདི་གྲུབ”[20]ཅེས་དང་། «དེབ་ཐེར་དཀར་པོ»རུ“རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་བ་ཅན་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ”[21]ཅེས་པས་མཚོན་ནུས།
གཉིས་པ། མཁས་དབང་དགེ་ཆོས་ཀྱི་རྩོམ་རིག་གི་དགོངས་པ་དངོས་གླེང་བ།
       མཁས་དབང་དགེ་ཆོས་ཀྱིས་རྩོམ་རིག་གི་གཞུང་ལུགས་སྐོར་དངོས་སུ་གླེང་བའི་གསུང་རྩོམ་ཞིག་མེད་ནའང་། མཁས་དབང་དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་མཛད་པ་ཤིན་ཏུ་ཆེ་བའི་རྩོམ་པ་པོ་མཁས་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་སྙན་ངག་གསར་རྩོམ་ཐད་གཞན་དང་མི་འདྲ་བའི་ཕྱག་རྗེས་ཆེ་བ་ནི་ཀུན་གྱིས་མཁྱེན་གསལ་ཡིན་པས། “མར་ནང་རྡོ་རྗེ་འཆང་གིས་དེང་སང་སྙན་ངག་མཁན་ནི་འཛམ་བུའི་གླིང་ན་དགེ་འདུན་ཆོས་འཕེལ་ལྟ་བུ་ཡོད་ཀྱི་མ་རེད”[22]ཅེས་དང་། བོད་ཀྱི་ཀ་མད་སུམ་ཅུའི་གོ་རིམ་ནི་མཁས་དབང་དགེ་ཆོས་ཀྱིས་ཀ་བཤད་རྩོམ་པའི་ཆེད་དུ་བསྒྲིགས་པ་འདྲ་ལྟ་བུའི་གདེང་འཇོག་བྱ་སྲོལ་ཡོད་ན་བོད་ཀྱི་རྩོམ་རིག་སྐོར་ལ་རང་རང་གི་དགོངས་ཚུལ་ཡོད་པ་སྨྲོས་མི་དགོས་ཤིང་། དོན་དུ་ཡང་མཁས་དབང་གང་གི་རྩོམ་རིག་སྐོར་གྱི་དགོངས་ཚུལ་མི་ཉུང་ཙམ་གསུང་རྩོམ་ཁག་ཏུ་ཐོར་བུ་བསྟན་ཡོད།
       གཅིག རྩོམ་རིག་གི་བརྗོད་བྱ་གཙོ་བོ་དངོས་ཡོད་སྤྱི་ཚོགས་ལ་ཕྱོགས་དགོས་པ།
       དེ་ཡང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས་གནའ་རབས་ཀྱི་དུས་སུ་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་གཙོ་བོ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་མི་རྣམས་ཀྱི་ནང་བསམ་པའི་འགྱུར་བ་ཡིན་པ་དང་། བར་དུས་ཀྱི་སྐབས་ནང་ཆོས་ཀྱི་དགོངས་པ་མཚོན་རྒྱུ་གཙོ་བཟུང་བྱས་ཡོད་པ། ཉེ་རབས་ཀྱི་སྐབས་དངོས་ཡོད་ཀྱི་སྤྱི་ཚོགས་དང་ཐག་ཉེ་རུ་སོང་ཡོད་པ། དེང་རབས་ཀྱི་སྐབས་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་འཚོ་བ་དང་མི་རྣམས་ཀྱི་ནང་བསམ་པའི་འགྱུར་བ་མཚོན་པའི་ཕྱོགས་སུ་དངོས་སུ་སླེབས་ཐུབ་པ་བྱུང་ཡོད། རྩོམ་རིག་ནི་འདི་སྣང་གི་མིའི་བསམ་པའི་དགོས་པ་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བ་དང་། འཇིག་རྟེན་འདིའི་མིའི་བདེ་སྡུག་མཚོན་མཁན་ཞིག་དང་ཡང་ན་འཇིག་རྟེན་འདིའི་མིའི་འཚོ་གནས་དང་། ལས་དབང་། མདུན་ལམ་མཚོན་མཁན་ཞིག་ཡིན་ནའང་ལོ་རྒྱུས་ཀྱི་དམིགས་བསལ་གནས་ཚུལ་འོག་མཚམས་རེ་ཆོས་ལུགས་ཀྱི་ལག་ཆར་གྱུར་བའི་སྐབས་ཡོད་པ་དང་། མཚམས་རེ་ཆབ་སྲིད་ཀྱི་ལག་ཆར་གྱུར་བའི་སྐབས་ཀྱང་ཡོད། འོན་ཀྱང་བོད་ཀྱི་རྩོམ་རིག་འཕེལ་རིམ་ལ་བལྟས་ཚེ་དེང་རྩོམ་གྱི་ནང་དོན་དེ་དེང་གི་སྤྱི་ཚོགས་འཚོ་བ་དངོས་དང་སྤྱི་ཚོགས་འདིའི་མི་གསོན་པོ་དངོས་ཀྱི་བདེ་སྡུག་མཚོན་པའི་ཕྱོགས་སུ་དོན་ངོ་མར་སླེབས་ཐུབ་པ་བྱུང་བ་ནི་རྩོམ་རིག་གི་ལས་འགན་དངོས་དང་མཐུན་ཡོད། གོང་གསལ་གནས་ལུགས་ལ་བརྟེན་ནས་རྩོམ་རིག་གི་བརྗོད་བྱ་དངོས་ཡོད་སྤྱི་ཚོགས་ལ་ཕྱོགས་དགོས་པ་ཤོད་མི་དགོས། མཁས་དབང་དགེ་ཆོས་ཀྱིས“ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། །ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན། །ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། །ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན”[23]ཞེས་དང་། “ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང་། །མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ། །གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས། །ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན”[24]ཞེས་དོན་དངོས་མི་རྣམས་ཀྱི་བསམ་རྒྱུ་ནི་འདི་སྣང་གི་ལོངས་སྤྱོད་ཡིན་ན། དོན་ངོ་མའི་མི་ཞིག་བྱ་དགོས་པར་བརྩམས་ཆོས་ལས་བསྟན་པ་འདིས་རྣམ་དཔྱོད་ཅན་གང་དེས་རྩོམ་རིག་གི་བརྗོད་བྱ་གཙོ་བོ་དངོས་ཡོད་སྤྱི་ཚོགས་ལ་ཕྱོགས་དགོས་པར་འཛིན་གྱི་ཡོད་པ་མཚོན་ནུས་པ་དང་། དེ་བཞིན་མཁས་དབང་དགེ་ཆོས་ནི་མིའི་བདེ་བ་དང་རང་དབང་བརྩོན་ལེན་བྱེད་མཁན་ཞིག་ཡིན་པ་དང་། བདེན་དོན་མཐའ་འཁྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་གང་གི་བརྩམས་ཆོས་ཕལ་ཆེ་བའི་ནང་དོན་དོན་དངོས་སྤྱི་ཚོགས་ལ་དཔྱད་དེ་ཐོབ་པའི་མྱོང་བ་ཡིན་པ་མངོན་སུམ་དུ་གྲུབ་པས་ཀྱང་དགོངས་པ་དེ་འཛིན་གྱི་ཡོད་པ་ར་སྤྲོད་བྱ་ཐུབ། དེས་ན་དུས་སྐབས་དེའི་སྤྱི་ཚོགས་ནང་གནས་ལུགས་དང་མཐུན་པའི་དགོངས་པ་གསར་པ་དེ་འདྲ་ཞིག་ཡོད་པ་ནི་ལས་སླ་མོ་ཞིག་མིན།
       གཉིས། རྩོམ་རིག་གི་རྗོད་བྱེད་ཚིག་གོ་བདེ་བྱ་དགོས་པ།
       མཁས་དབང་དགེ་ཆོས་ཀྱིས“བརྩམས་པ་རྣམས་མངོན་བརྗོད་ཀྱིས་མང་པོ་བཅིངས་མི་ཉན། དོན་འདུས་ལ་ཁ་གསལ་གོ་བདེ་བ་ཞིག་དགོས། རྩོམ་རབ་ལན་གཅིག་གིས་གོ་ཟེར་བ་ཡིན་མོད། རྩོམ་རབ་ཟེར་དུས་ཆགས་ལོའི་བདེ་སྨོན་འདྲ་ཞིག་དགོས”[25]ཞེས་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཚིག་སྦྱོར་ནི་གོ་བདེ་རང་བྱེད་དགོས་པའི་དགོངས་པ་མཐའ་གཅིག་ཏུ་འཛིན་ཡོད། དེ་ལྟའི་དགོངས་པ་ནི་མཁས་དབང་ཉིད་ཀྱི་དགོངས་པ་འཁྲུལ་མེད་ཅིག་ཡིན་པ་གང་གི་གསུང་རྩོམ་གང་དང་ཅི་ཡིན་ན་ཡང་གོ་བདེ་གཙོ་བཟུང་གནང་ཡོད་པ་དང་། ཁྱད་པར་དུ་རྩོམ་རིག་གི་བརྩམས་ཆོས་དང་སྙན་ངག་རྣམས་གོ་བདེ་གཙོ་བཟུང་གནང་ཡོད་པ་ལས་ར་སྤྲོད་གསལ་པོ་ཐུབ་ཅིང་། དགོངས་ཚུལ་དེ་སྙན་ངག་མེ་ལོང་མའི་གཞུང་གི་ལྟ་བ་དང་མཐུན་པ་ཞིག་ཡིན་པ་མེ་ལོང་གི་ཡོན་ཏན་བཅུར་རབ་དྭངས་ཞེས་ཡོན་ཏན་ཞིག་ཏུ་བསྟན་ནས་སྙན་ངག་གི་ཚིག་སྦྱོར་ནི་རྡེའུ་ཆུ་ནང་ནས་མཐོང་པ་ལྟ་བུ་ཞིག་དགོས་པར་གསུངས་པ་དང་ཡོངས་སུ་མཐུན་པའི་ཕྱིར། སྤྱིར་རྩོམ་རིག་གི་ཚིག་སྦྱོར་དང་ལྷག་པར་དུ་སྙན་ངག་གི་ཚིག་སྦྱོར་དེ་གོ་བདེ་ཁོ་ན་ལས་གོ་དཀའ་མི་རུང་བ་མ་ཡིན་ཞིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་ཡང་ཁ་གསལ་ཞིང་གོ་བདེ་བའི་རིགས་གཅིག་དང་ཁ་དམ་ཞིང་གོ་དཀའ་བའི་རིགས་གཅིག་བྱུང་མྱོང་བ་དངོས་ཡོད་ཡིན་པ་དང་། དེང་བོད་ཀྱི་སྙན་ངག་ཏུ་ཡང་གོ་དཀའ་སླ་གཉིས་ཡོད་པ་མངོན་སུམ་ཚད་མ་ཡིན། དེར་བརྟེན་སྙན་ངག་ལྟ་བུའི་རྩོམ་ལུས་སུ་གོ་དཀའ་སླ་གང་ཡང་ཆོག་པ་ལས་གཅིག་ལས་མི་ཉན་པའི་རེ་འདུན་མཐའ་གཅིག་ཏུ་འདོན་མི་རུང་། འོན་ཀྱང་རྩོམ་རིག་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་མཁན་ཞིག་དང་རྒྱ་ཆེ་བའི་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་རིག་ཚན་ཞིག་ཡིན་དགོས་པའི་ངོས་ནས་སྨྲོས་ན་གོ་བདེའི་དགོངས་པ་འཛིན་པར་ནོར་འཁྲུལ་ཡེ་ནས་མེད་པ་ཀུན་གྱིས་མཁྱེན་གསལ་ཡིན།
       གསུམ། རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་པ།
       མཁས་དབང་དགེ་ཆོས་ཀྱིས“རང་རེའི་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ། རྩོམ་པའི་སྒྲིགས་སྟངས། ཆས་དང་། ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་བའི་ཤན་གྱིས་ཁྱབ་ནས་ཡོད་ཅིང་། ཐ་ན་ཚིགས་བཅད་དུམ་རེའི་ནང་དུ་དཔེ་འགའ་ཞིག་སྟོན་དགོས་ཚེའང་རྒྱ་གར་གྱི་ཆུ་བོ་རི་ལྗོངས་མེ་ཏོག་སོགས་ཀྱི་མིང་ཁོ་ན་འོངས་པ། དཔེར་ན། འབིགས་བྱེད་རི་བོ་བཞིན་དུ་བརྗིད་པའི་སྐུ། གངྒའི་རྒྱུན་ལྟར་དག་ཅིང་དྲི་མེད་གསུང་། །ཞེས་སྦྱར་ཚེ་ཚིགས་བཅད་ལེགས་པ་ཞིག་ཏུ་བགྲང་རུང་བ་དང་། རྨ་རྒྱལ་སྤོམ་ར་བཞིན་དུ་བརྗིད་པའི་སྐུ། །རྨ་ཆུ་བཞིན་དུ་རྒྱུན་ཆད་མེད་པའི་གསུང་། །ཞེས་སྦྱར་ཚེ་ཚིག་གི་ཐོག་མ་སྒྲ་མཚུངས་སུ་སོང་བ་སོགས་མི་ལེགས་པ་མི་འདུག་ནའང་བཞད་གད་སློང་བའི་ཉམས་སུ་འགྱུར་བ་སོགས་ཡིན”[26]ཞེས་དང་། “བོད་ཀྱི་རྒད་པོ་རྣམས་ཀྱིས་ཕ་མེས་ལུགས་ཀྱི་ཚིག་སྦྱོར་བྲིས་པ་ལ་ནི་མང་དུ་སྣང་བ་ངོ་མཚར་ཏེ། དཔེར་ན། མདོས་ཆོག་སོགས་ན། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། ཉི་མ་ཤར་ཕྱོགས་ཕ་གི་ན། སྨུག་པོ་མཆོང་གི་ཕོ་བྲང་ན། སོགས་དང་། དགུང་སྔོན་ཡི་ནི་བདུན་རིམ་ནས། ལྷ་ཡུལ་ཡི་ནི་གོང་མ་ནས། སོགས་དང་། བོན་གྱི་ཁྱུང་ལྡིང་གི་རྒྱུད་མ་བྱ་བ་ལས། རྒྱལ་པོ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་ཐོད་དཀར་གདུང་འཛིན་དུ། རྒྱལ་བོ་དུང་ཐོད་བྱ་བ་བཞག སོགས་བྱུང་བ་བཞིན་ལ་ད་དུང་ཡང་མདོ་སྨད་སོགས་སུ་གྲོང་པའི་གླུ་རྣམས་ཀྱི་ཚིག་སྦྱོར་འདི་འདྲ་ཤིན་ཏུ་མང་། དེས་ན་བོད་སྐད་རང་གི་གཤིས་ལ་ཡོད་པ་ཡིན། བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་སྟེ། འོན་ཀྱང་ཚིག་སྦྱོར་འདི་རིགས་ལ་མཁས་པ་རྣམས་ཀྱིས་ཅིག་ཅར་རས་སུ་བོར་ཏེ་བཞད་གད་ཀྱི་ཡུལ་དུ་བྱས་པས་རལ་ཞིང་རུལ་ཏེ་བྱ་བ་བྱེད་མི་ནུས་སུ་སོང་། ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ། རྒྱལ་པོ་དེ་ནི་ཟས་གཙང་སྲས། སྐྱེས་པའི་ཡུམ་ལ་མཚན་གསོལ་བ། སྒྱུ་མ་དེ་ནི་ལྷ་མཛེས་ལགས། སོགས་བྲིས་ན་ཐམས་ཅད་བཞད་གད་དུ་འགྱུར་བ་ལས་མི་འོངས། དེ་བཞིན་འདར་ར་ར་དུ་རུ་རུ་ལྷབས་སེ་ལྷབ་སོགས་བོད་སྐད་རང་བྱུང་གི་ཟུང་ལྡན་རྣམས་ཡིན་མོད། གཏོར་བཟློག་དང་སྔགས་སོགས་ནང་ཚུད་ཙམ་ལས། སྙན་དངགས་སུ་གྲགས་པའི་ནང་དུ་ནི་སུས་ཀྱང་མི་འཇུག་པར་སྣང་། དེ་ནི་རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་རྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད། སུ་ཞིག་གི་རྣ་བར་འགྲོ”[27]ཞེས། རང་རེ་རྣམས་ཀྱི་ད་ལྟའི་རྩོམ་རིག་གསར་རྩོམ་བྱེད་ལུགས་ནི་བསམ་བློའི་རྨང་གཞི་ནས་ནང་དོན་དང་། གསར་རྩོམ་བྱེད་ཐབས་ནས་ཚིག་གི་སྦྱོར་བ་བཅས་ཚང་མ་རྒྱ་སྐད་བོད་དུ་བསྒྱུར་བའི་ཚུལ་ཁོ་ནར་བྲིས་པ་ལས་བོད་རང་གི་རྩོམ་པའི་རྒྱུན་བསྐྱངས་པ་ཞིག་མ་ཡིན་ལ་གསར་གཏོད་ཀྱང་མིན་པར་གསུངས་པ་ནི་དུས་སྐབས་གཅིག་རིང་གི་བོད་ཀྱི་རྩོམ་རིག་གི་ཆོས་ཉིད་དངོས་ལ་ཡང་དག་པའི་ཕྱོགས་བསྡོམས་མཛད་པ་ཞིག་ཡིན་པ་དང་། དེས་དུས་སྐབས་དེ་དག་རིང་གི་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་དངོས་གང་ཡིན་གསལ་པོ་མཐོང་ཐུབ་ཅིང་། རྩོམ་རིག་ཅེས་པ་གཞན་གྱི་ལད་ཟློས་ཁོ་ནའི་དབང་དུ་སོང་ན་མི་འགྲིག་པར་གཞན་གྱི་དགེ་མཚན་དང་ལེན་དང་རང་གི་སྲོལ་བཟང་ཡང་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་དུས་མཐུན་གྱི་གསར་གཏོད་ཀྱང་དགོས་པ་ཤུགས་སུ་བསྟན་ནུས་པས་རྣམ་དཔྱོད་ཅན་གྱི་དགོངས་པ་དེ་ནི་རྩོམ་རིག་གསར་རྩོམ་གྱི་ཆོས་ཉིད་དངོས་དང་མཐུན་པའི་ལེགས་བཤད་ཅིག་ཡིན་པ་སུས་ཀྱང་བསྙོན་མི་ནུས་ན་དེང་གི་དུས་སུ་ཡང་ངེས་པར་དུ་དང་ལེན་བྱ་རིགས། གཞན་ཡང་གོང་གསལ་ལུང་འདྲེན་ལས་མཁས་དབང་གང་གིས་བོད་རྩོམ་ཀྱི་ཚིག་སྦྱོར་ལ་བོད་རང་གི་ཁྱད་ཆོས་ཡོད་ཅིང་སྒྲ་རྒྱན་ལྟ་བུར་དེ་བས་བོད་སྐད་ལ་རང་གི་ཁྱད་ཆོས་ལྡན་པས་ཡོད་ཚད་ལེགས་སྦྱར་སྐད་ཀྱི་ཚིག་གི་སྦྱོར་བའི་ལུགས་བཞིན་བྱ་དགོས་པའི་ངེས་པ་མེད་པར་འདར་ར་ར་དུ་རུ་རུ་ལྷབས་སེ་ལྷབ་ལྟ་བུའི་བོད་སྐད་རང་བྱུང་གི་ཟུང་ལྡན་རྣམས་རྒྱུན་འཛིན་གྱིས་ལག་ལེན་དངོས་ཀྱི་ནང་བཀོལ་སྤྱོད་བྱས་ན་མི་འཚམ་པ་གང་ཡང་མེད་པའི་དགོངས་ཚུལ་འཛིན་གྱི་ཡོད་པ་ཡང་བློ་དང་ལྡན་པ་ཞིག་ཡིན་ཚེ་དང་ལེན་བྱ་འོས། རྒྱུ་མཚན་ནི་སྐད་རིགས་ཅི་འདྲ་ཞིག་ཡིན་ནའང་རང་རང་སོ་སོའི་ཁྱད་ཆོས་ཡོད་པ་དང་། ཁྱད་འཕགས་ཀྱི་ཚིག་རྩལ་འདོན་དགོས་པའི་རྩོམ་རིག་ནས་བརྗོད་ན་མ་རྩོམ་གྱི་རྩལ་ཇི་བཞིན་སྒྱུར་རྩོམ་ལ་འོང་དཀའ་བ་ཀུན་གྱིས་མཐོང་ཆོས་ཡིན་ཞིང་། བོད་རྩོམ་རང་ནས་གླེང་ན་ཡང་ཀ་རྩོམ་གྱི་ཁྱད་ཆོས་ཇི་བཞིན་ཡིག་རིགས་གཞན་ཅི་འདྲ་ཞིག་ལ་ཕབ་ནའང་མི་འོང་བས་ཟུང་ལྡན་ཙམ་མ་ཟད། ངང་ཚུལ་བརྗོད་པའི་སྒྲ་རྒྱན་ཏེ། དཔེར་ན། སྐྱ་ཐེར་ཐེར་དང་སྣུམ་ཚིལ་ཚིལ། ཁུ་སིམ་སིམ་དང་འཇམ་ཐིང་ཐིང་ལྟ་བུ་དངོས་པོའི་ངང་ཚུལ་གསལ་རྗེན་དུ་མཚོན་ནུས་པའི་སྒྲ་རྒྱན་འདི་འདྲ་རང་རེའི་སྐད་དུ་རྒྱུན་སྤྱོད་ཡིན་པས་ཅི་ནས་ཀྱང་གསར་རྩོམ་གྱི་ལག་ལེན་དངོས་ཀྱི་སྐབས་བཀོལ་སྤྱོད་མི་འཕྱུག་པ་བྱ་དགོས།
       བཞི། སྙན་ངག་ལ་རྟོག་བཟོ་ཅི་རིགས་བྱ་ཆོག་པ།
       མཁས་དབང་དགེ་ཆོས་ཀྱིས“གངས་ཀྱི་སེངྒེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅི་མི་འོས”[28]ཞེས་སྙན་ངག་ལ་རྟོག་བཟོ་གང་ཡང་བྱ་ཆོག་པའི་ལྟ་ཚུལ་འཛིན་ཡོད། སྤྱིར་འཛམ་བུ་གླིང་དུ་ད་བར་སྙན་ངག་ལ་གཅིག་གྱུར་གྱི་ལྟ་ཚུལ་ཞིག་མེད་པ་དང་། ཐ་ན་སྙན་ངག་ལ་མཐའ་གཅིག་ཏུ་ངེས་པའི་མཚན་ཉིད་འཇོག་རྒྱུ་མེད་པར་ཡང་འཛིན་མཁན་ཡོད། འོན་ཀྱང་ཚོར་འདུ་མེད་ན་སྙན་ངག་མེད་ཅེས་པ་དང་། འཆར་སྒོ་མེད་ན་སྙན་ངག་མེད་ཅེས་པ་ནི་གཅིག་གྱུར་གྱིས་ཁས་ལེན་པ་བཞིན། སྙན་ངག་ལ་ཅིས་ནས་ཀྱང་རྟོག་བཟོ་དགོས་པར་འཛིན་པ་ནི་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཞིག་ཡིན་ན། ཕྱོགས་ངེས་ཅན་ཞིག་ནས་འཆད་ན་རྟོག་བཟོ་མེད་ན་སྙན་ངག་མེད་ཅེས་བརྗོད་ཆོག སྔར་བོད་དུ་སྙན་ངག་མཁན་གྱིས་ཅི་ཡང་རྒྱན། ལྟོ་འདུན་ཅན་ལ་ཅི་ཡང་ཟས། ཞེས་ཀུན་ལ་གྲགས་པ་ལྟར་སྙན་ངག་ལ་རྟོག་བཟོ་ཅི་ཡང་བྱ་ཆོག་ཅིང་། སྙན་ངག་ནི་རྟོག་བཟོའི་ཁོ་ལག་རྒྱས་ནས་ཡངས་པའི་མཁའ་དབྱིངས་སུ་གཤོག་རྩལ་ཅི་དགར་ངོམས་པའི་བྱ་རྒྱལ་རྒོད་པོ་ཞིག་ཡིན་དགོས་པ་དང་། སྙན་ངག་ནི་ཡངས་པའི་ས་གཞིར་བང་རྩལ་ཅི་དགར་ངོམས་པའི་གྱི་ལིང་གི་རྟ་ཕོ་ཞིག་ཡིན་ན། སྙན་ངག་གི་སྐབས་སུ་ལྗང་པ་རྡོ་ཡི་སྟེང་དུ་སྐྱེ་ཆོག་ལ། ནམ་མཁར་མེ་ཏོག་དང་རི་བོང་ལ་རྭ་ཡོད་ཆོག དེར་བརྟེན་མཁས་དབང་དགེ་ཆོས་ཀྱིས་སྙན་ངག་ལ་རྟོག་བཟོ་ཅི་ཡང་བྱ་ཆོག་པའི་ངོས་འཛིན་གནང་ཡོད་པ་ནི་ཡང་དག་པའི་དགོངས་པ་ཞིག་ཡིན། མདོར་ན། མཁས་དབང་དགེ་ཆོས་ཀྱི་རྩོམ་རིག་གི་དགོངས་པ་དེ་དག་དེང་གི་ངོས་ནས་གླེང་ན་ལྟ་བ་གསར་པ་གང་ཡང་མིན་ཡང་། རང་རེ་རྣམས་སྙན་ངག་མེ་ལོང་ཙམ་ལས་རྒྱུས་མེད་པ་དང་། ནང་བསྟན་ཤེས་རིག་ཙམ་ལས་དང་ལེན་མི་བྱེད་པའི་དུས་སྐབས་དེ་འདྲ་ཞིག་དང་། རྒྱལ་ནང་ལ་མཚོན་ནས་བཤད་ནའང་དེ་སྔའི་སུའུ་ལེན་གྱི་རྩོམ་རིག་གཞུང་ལུགས་ཆ་ཚང་ནང་འདྲེན་བྱེད་པའི་དུས་སུ་སླེབས་མེད་པའི་སྐབས་དེ་འདྲ་ཞིག་ཏུ། ཡང་དག་པའི་རྩོམ་རིག་གི་དགོངས་ཚུལ་དེ་ལྟ་བུ་འདོན་མཁན་ནི་རིག་པའི་དཔའ་བོས་མ་གཏོགས་མི་ནུས། དེས་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག“རང་རེ་རྣམས་ཀྱི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན”ཞེས་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆོས་ཉིད་ལ་དོན་དང་མཐུན་པའི་ཕྱོགས་བསྡོམས་གནང་མཁན་ཐོག་མ་ནི་སྨྲ་བའི་ཁྱུ་མཆོག་གང་དེ་ཡིན་པ་དང་། རྩོམ་རིག་གི་བརྗོད་བྱ་དངོས་ཡོད་ལ་ཕྱོགས་དགོས་པ་དང་། རྗོད་བྱེད་ཚིག་སྦྱོར་གོ་བདེ་བྱ་དགོས་པ། སྙན་ངག་ལ་རྟོག་བཟོ་ཅི་ཡང་བྱ་ཆོག་པའི་དགོངས་ཚུལ་ཐོག་མ་གསུང་མཁན་ནི་མཁས་དབང་གང་དེ་ཡིན་པར་སྨྲ་བ་གཟེངས་སུ་བཏེགས་ནས་བརྗོད་ཆོག་པས། ངེད་ཕྱི་རབས་པ་རྣམས་ཀྱིས་ལག་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་རྗེས་སུ་ཡི་རངས་མི་ཞུ་མི་སྲིད་དོ།།

མཆན།
[1][7][9][20][27] «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ» སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ།  ཤ518 ཤ398 ཤ5 ཤ477 ཤ224-225
[2][3][11][22] རོང་བོ་དགེ་འདུན་ལྷུན་གྲུབ་སོགས། «དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི» ཀྲུང་གོ་རིག་གནས་ཐོན་ལས་དཔེ་སྐྲུན་ཁང་། 2016ལོའི་དཔར་མ། ཤ54 ཤ52 ཤ52 ཤ90
[4][16][18] «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ» དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། 1990ལོའི་དཔར་མ། ཤ407 ཤ396 ཤ36 
[5][6][8][10][12][13][14][15][21][23][24][25][28]  «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་དཔར་མ།  ཤ18 ཤ8 ཤ13-14 ཤ418 ཤ18 ཤ138 ཤ139 ཤ161 ཤ132 ཤ403 ཤ413 ཤ17-18 ཤ356
[17] «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ» སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་དཔར་མ། ཤ 525
[19] «དགེ་ཆོས་ཞིབ་འཇུག»འདོན་ཐེངས་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་དཔར་མ། ཤ17
[26] «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»དེབ་དང་པོ།  བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། 1990ལོའི་དཔར་མ། ཤ4

རྩོམ་པ་པོ་ངོ་སྤྲོད།
       ལྷག་པ་ཆོས་འཕེལ། སྤྱི་ལོ༡༩༦༡ལོར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་ཁྱིམ་ཕལ་བ་ཞིག་ཏུ་འཁྲུངས། ༡༩༨༥ལོར་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་ནས་ཐོན་ཏེ་སློབ་གྲྭ་དེ་གའི་དགེ་རྒན་གྱི་ཕྱག་ལས་གནང་། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཡིན། བརྩམས་ཆོས་ལ«བོད་ཀྱི་རྩོམ་རིག་ལོ་རྒྱུས»(སྟོད་ཆ་དང་སྨད་ཆ)དང«རྩོམ་རིག་གི་རྩོམ་ལུས་རྣམ་གཞག» «རྩོམ་གཞུང་བློ་གསར་འཇུག་སྒོ»(མཉམ་ལས) «བོད་ཀྱི་དེང་རྩོམ་གཅེས་བསྒྲིགས»(མཉམ་ལས) «འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས»(མཉམ་ལས)བཅས་པར་སྐྲུན་བྱས་པ་དང་། «བོད་ཀྱི་སྙན་རྩོམ་གསར་པའི་ཁྱད་ཆོས་སྐོར»སོགས་དཔྱད་རྩོམ་བཞི་ཅུ་ཙམ«ཀྲུང་གོའི་བོད་ཀྱི་ཤེས་རིག»དང«བོད་ལྗོངས་ཞིབ་འཇུག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་དུས་དེབ་སྟེང་སྤེལ། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་ཞིབ་འཇུག་རྣམ་གྲངས་འགའ་ཞིག་གི་འགན་བཞེས་མྱོང་།
འབྲེལ་ཡོད་འོས་སྦྱོར།