logo

༢༠༢༢ལོའི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ།

རྩོམ་པ་པོ།:འབྲོག་ཀློའུ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-01-16 ཀློག་གྲངས།:
       སླར་ཡང་ལོ་མཇུག་ཏུ་སླེབས་པས། དཔེ་ཆ་བཀླག་རྒྱུར་དགའ་བའི་མི་ཚོའི་ངོས་ནས་གླེང་ཚེ། ལོ་འདིར་རང་ལ་བློ་བསྐྱེད་ཐུབ་ཅིང་། དུས་ཀྱི་ཉམས་ཟད་ཐེག་པ། གསར་གཏོད་ལྡན་པའི་དཔེ་དེབ་ཅི་ཙམ་ཐོན་ཡོད་མེད་ཐད་ལ་སྡོམ་རྩིས་དང་ཕྱི་མིག་འཕེན་རྒྱུ་ནི་གོང་གི་དོན་བྱ་གཉིས་ལས་ཅུང་ཆོད་ཆེ་བའི་བྱ་བ་ཞིག་ཡིན་ངེས་སྙམ། དེ་གང་རེད་ཅེ་ན། དཔེ་དེབ་བཀླག་རྒྱུར་དགའ་བའི་མི་ཞིག་གི་ངོས་ནས་བརྗོད་ཚེ། མ་རྐང་ཉོ་སྒྲུབ་བྱེད་མཁན་ཞིག་གིས་མ་རྐང་གི་འཛའ་ཐང་འཕར་ཆག་ལ་དོ་སྣང་ཆེན་པོ་བྱེད་པ་ལྟར། ཡིད་སེམས་གཉིས་ཀ་བརྟེན་ས་དང་ཆགས་ས་གཙོ་བོ་ནི་དཔེ་དེབ་ཡིན་ཞིང་། དཔེ་དེབ་ལེགས་པོ་ཞིག་ལག་ཏུ་ཐོབ་པ་དེ་ནི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་བརྩི་བས། སེམས་པ་སྟོང་བར་ལུས་པ་དང་། ཨམ་འབྱོག་འུར་ཆོམ་གྱིས་བཀང་པའི་སྐབས་རེ་རེར། དཔེ་དེབ་རང་ལ་དབང་བའི་ཞིང་ཁམས་འབྱམས་ཀླས་པ་ཞིག་དང་ཀུན་ནས་མཚུངས། ལོ་འདིར་བོད་ཡིག་རྩོམ་སྟེགས་སུ་སྨྱུ་གུའི་འདུ་བྱེད་བསྒྱུར་ལ་དབང་འབྱོར་བའི་རྩོམ་པ་པོ་དག་གི་བརྩམས་ཆོས་མང་པོ་དྲ་སྒང་སོ་སོར་བཀྲམ་དང་འགྲེམ་མུས་སུ་ཡོད་པས། ཆད་ལྷག་མེད་པར་རེ་རེ་བཞིན་དུ་བརྗོད་པར་མི་སྤོབས་རུང་། སྐབས་འདིར་གཙོ་བོ་སྒེར་ངོས་ནས་སྒྲུང་གཏམ་གྱི་ཆ་དང་། ལྷུག་རྩོམ་གྱི་ཆ། སྙན་ངག་གི་ཆ། འགྱུར་རྩོམ་གྱི་ཆ། དཔྱད་བརྗོད་ཀྱི་ཆ་བཅས་ཕྱོགས་དྲུག་ཙམ་ནས་ད་ལོའི་བརྩམས་ཆོས་དག་ལ་ཕྱི་མིག་ཅིག་འཕེན་པར་བྱའོ། །
       སྒྲུང་གཏམ་གྱི་ཆ་ནས། ཁྲི་སེམས་དཔའི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ«གྲོ་ཞིང་ཁ»ཞེས་པ་བོད་ཀྱི་དེང་རབས་གསར་རྩོམ་གཅེས་བཏུས་དཔེ་ཚོགས་ཁག་གསུམ་པའི་སྒྲུང་གཏམ་གྱི་སྐོར་དུ་བདམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་དཔེ་ཚོགས»སུ། སྐྱབས་ཆེན་བདེ་གྲོལ་གྱི«ཟ་འཕྲུག»དང་། ཁྲི་སེམས་དཔའི«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ» མ་ཅིག་འཚོའི«ཆར་ཁྲོད་ཀྱི་ཁང་རྒན» སྙན་བུའི«རི་མོའི་ནང་གི་ཨ་ཕ» འདམ་འཇིལ་ལིའི«རླུང་ཁའི་ལས་འཕྲོ» རྡོ་སྦིས་ཚེ་རིང་ནོར་བུའི«མཚམས་སྤྲིན་ཁྲོད་ཀྱི་ཨ་མ་ཇོ་མོ»བཅས་པོད་དྲུག་གི་བདག་ཉིད་ཅན་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས་ཤིང་། ད་ལོའི་སྦྲང་ཆར་དེབ་གསུམ་པའི་སྣ་འཛོམས་ཞེས་པའི་ལེའུར་དཔེ་ཀློག་ཅེས་པའི་ས་བཅད་ཅིག་བཟོས་ཏེ་དཔྱད་བརྗོད་སྤེལ། འཁྲབ་ཁྲིད་པའམ་རྩོམ་པ་པོ་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་དེབ«གཏམ་རྒྱུད་ཀྱི་ཕྱེད་ཀ་ལས་བཤད་མ་ཚར»ཞེས་པ་པར་འགྲེམས་བྱས་ཤིང་། གཞུང་ཕྱོགས་དྲ་བ་སྟེ«མཚོ་སྔོན་བོད་ཡིག་གསར་འགྱུར་ཁང»གི་འཕྲིན་སྟེགས་ལས་འགྲེམ་སྤེལ་ཁྱབ་བསྒྲགས་བྱས། 2022ལོའི་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་དེབ་གཉིས་པར་བདམས་ཤིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་འཁོད་ཡོད་པའི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ«ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག»ཅེས་པར་ཀློག་གྲངས་ཁྲི་ཕྲག་གཅིག་དང་སྟོང་གཉིས་སུ་སླེབས། གཞན་ཡང་། ཁོང་གི་སྒྲུང་ཐུང་གསར་པ«ཇག་པ»ཞེས་པ2022ལོའི་མི་རིགས་རྩོམ་རིག་དེབ་བཞི་པར་བདམས་ཤིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནས་ཀློག་གྲངས་ཁྲི1དང་སྟོང6ཏུ་སླེབས། སྒྲུང་ཐུང་ཡིག་བརྒྱ་མ«ནོར་སྐྱག»ཅེས་པ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནས་ཀློག་པ་པོ་དག་གི་གཟིགས་ངོར་བཀྲམ་པ་དང་། དེར་ཀློག་གྲངས་ཁྲི3དང་སྟོང2སུ་སླེབས། ཉེ་བའི་ཆར། དྲ་རྒྱའི་རྩོམ་རིག་གི་ངོས་ནས།ལོ་རེ་བཞིན་དྲ་བའི་རིག་གནས་ཀྱི་ཁོར་ཡུག་དར་རྒྱས་སུ་འགྲོ་དང་འགྲོ་མུར། དྲ་རྩོམ་ལ་དོ་སྣང་བྱེད་མཁན་ཡང་སྔར་ལས་ཇེ་མང་ཡིན་པས། སྒྲུང་མཁན་ཁོང་ཡང་དགའ་བསུ་ཚད་མེད་ཐོབ་བཞིན་པའི་གྲས་སུ་ཡང་བརྩི་ཆོག་སྙམ། རྩོམ་པ་པོ་མདའ་བཙན་པོས«མཛེས་མ་དང་གཞན་དག»ཅེས་པའི་སྒྲུང་རིང་ཞིག་བཀྲམ།དེབ་དེ་གཞུང་ཕྱོགས་ཀྱི་ཚད་ལྡན་ལྟར་པར་དུ་བསྐྲུན་པ་མིན་ནའང་། དེ་རུ་སྒྲུང་མཁན་ཁོང་གི་ཐུན་མིན་གྱི་སྐད་ཆའི་མཚོན་སྟོབས་ཀྱི་ཁྱད་ཆོས་ཤིག་ལྟར་བྲིས་འདུག མགོ་ལོག་གི་རྩོམ་པ་པོ་ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་བསྡུས་དེབ«ཉི་མ་ཚང་དང་ཉི་མ་ལྷ་ས»ཞེས་པ་པར་འགྲེམས་བྱས།
       སྙན་ངག་གི་ཆ་ནས། མོག་ཟླའི་སྙན་དེབ«ནམ་མཁའི་རྩྭ་ཐང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་ལ། དེབ་ཀྱི་མགོ་བརྗོད་སྐྱ་ཙ་ཡོན་ཏན་ནམ་ངལ་རྫིས་བྲིས། རྨ་ལྷོ་བོད་ཡིག་ཚགས་པར་སྟེང་གི་རིག་རྩལ་གཞོགས་བཀོད་ཀྱི་ལེ་ཚན་དུ་བཀོད་པ་ལྟར་ན། སྙན་དེབ་ཧྲིལ་པོ“གངས་ཐིགས་ཀྱི་གསང་བ”སོགས་ཚན་པ་བརྒྱད་དུ་ཕྱེ་ཡོད་ཅིང་། བཅར་འདྲིའི་སྐོར་ཡང་ལྷན་ཐབས་སུ་བཀོད་འདུག སྙན་དེབ་འདི་ནི་རྩོམ་པ་པོ་ཁོ་གསར་རྩོམ་གྱི་བགྱི་བར་ཞུགས་ཚུན་ནས་བྲིས་པའི་སྙན་ངག300རུ་ཉེ་བ་ལས་བརྩམས་ཆོས་རྩེ་གྲ་བརྒྱ་གྲངས་མ་ལོངས་ཙམ་ཞིག་གཅིག་བསྡུས་སུ་བཀོད་འདུག གངས་མ་ཆར་གྱི་སྙན་དེབ་གཉིས་པ«སེམས་ཀྱི་ལྷན་པ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་འགྲེམས་བྱས། སྐད་གཉིས་རྩོམ་པ་པོའི་སྡེ་ཡི་ས་དམར་གྲགས་པས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྙན་དེབ«བསིལ་ཟེར་གྱི་འཕོ་འཇུག»ཅེས་པ་དང་། སྙན་བུས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྙན་དེབ«ང་རང་ལམ་དུ་ཆས་བསམས»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། དེབ་འདིར་མགོ་བརྗོད་གཉིས་འདུག་ཅེས་བརྗོད་ཆོག ཅིག་ཤོས་ནག་པོའམ་དགའ་བདེ་ཚེ་རིང་གིས་བྲིས། གོང་དུ་བཤད་ཟིན་པའི་སྒྲུང་གཏམ་དང་། འཆད་འགྱུར་གྱི་སྙན་ངག་ལྟར་དྲ་ཐོག་མཉམ་འུར་དང་ཀློག་གྲངས་མང་བ་ཞིག་མིན་ཡང་། ནམ་ཡང་གསར་རྩོམ་གྱི་སྨྱུག་མཚམས་མི་འཇོག་པར་མདུན་སྐྱོད་དང་། ཐོད་བརྒལ། གསར་གཏོད་ཀྱི་ཆ་ལ་འགྲན་སློང་བྱེད་བཞིན་པ་ཡང་ཁ་ཤས་བདོག དཔོན་ཚང་རྡོ་རྗེས་སྙན་དེབ«སྐྱོ་བས་དུབ་པའི་གཞོན་ནུ་དེ་དག»ཅེས་པ་པར་བསྐྲུན་བྱས་ཤིང་། དུས་ཚོད་ཀྱི་ཆ་ནས(2008-2016)ལོའི་བར་གྱི་སྙན་ངག་སྐོར་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་པར་སྐྲུན་བྱས། སེར་ལེགས་འཕྲིན་གྱི་སྙན་དེབ་གསུམ་པ«ཝེར་མ»ཞེས་པ་འགྲེམ་སྤེལ་བྱས། དེབ་ཏུ་འཁོད་ཟིན་པའི་སྙན་ངག100ཙམ་ཡོད་ལ། རྩོམ་ལུས་ཀྱི་ཆ་ནས་རང་མོས་སྙན་ངག་ཁོ་ནར་གཏོགས། ཆོས་ཤུལ་གསང་བདག་གིས་བརྩམས་པའི་སྙན་དེབ«འཁྲུལ་བའི་གར»ཞེས་པ་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་སྔར་བཀྲམ་ཞིང་། པོད་ཕྲན་ལས་མཉམ་འུར་བསླངས། དེབ་ཏུ་རང་མོས་སྙན་ངག་བརྒྱ་ལྷག་ཡོད་ལ། དེ་ལས་སྙན་ངག་སུམ་ཅུ་ལྷག 2021ལོར་བྲིས་པ་ཡིན་ཞེས་འཁོད་འདུག་ལ། རྩོམ་པ་པོ་ཁོང་གི་སྙན་ངག་འགྱུར་མཚམས་ཀྱི་ལོ་ཟླ་ཞིག་ཏུ་ངོས་འཛིན་གནང་ཆོག རྨ་དགེའི་མོ་ནམ་གཟི་འོད་བོད་ཡིག་འཕྲིན་སྟེགས་སུ་འཁོད་ཡོད་པའི་གནས་ཚུལ་ལྟར་ན། རིམས་ནད་སྐབས་ཀྱི་གསར་རྩོམ་དམངས་གཞས་ཞེས་པའི་བརྗོད་གཞིར་བྱས་ཐོག བྱང་ཐང་སྨྱུག་ཚོགས་ནས་ཚིགས་བཅད་ཀྱི་ལམ་ནས་མཉམ་བྲིས་སྤེལ་ཞིང་། དེ་རུ་སོག་རུ་ཀརྨ་ཀུན་ཁྱབ་དང་། གཅུང་གངས་མྱུག་སོགས་མཚོན་པའི་རྩོམ་པ་པོ་སུམ་ཅུ་ལྷག་འདུག འཕྲིན་སྟེགས་དེར་ཀློག་གྲངས་ཁྲི2སུ་སླེབས། ཡི་གེའི་འགབ་ཏུ་མཆན་ཡང་སྣ་ཚོགས་བཏབ་པས། རྒྱ་ཆེའི་ཀློག་པ་པོས་ཁས་ལེན་དང་གདེང་འཇོག་བསྩལ།
       ལྷུག་རྩོམ་གྱི་ཆ་ནས། དཀར་མཛེས་ཚགས་པར་ཁང་གི་གངས་དབང་གིས2020ལོར་བརྩམས་པའི་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དཔར་ཐེངས་གཉིས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྱར་དུ་པར་སྐྲུན་བྱས་ཤིང་། མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པ་ལས་དེབ་དང་པོ་པར་དུ་བསྐྲུན་པ་ནས་བཟུང་། ཕྱོགས་སོ་སོའི་ཀློག་པ་པོའི་གཟིགས་ངོར་བཀྲམ། དེབ་གཉིས་པར། རྩོམ་པ་པོས་དེབ་དང་པོའི་ནང་དུ་ནང་དོན་གྱི་ཐད་ནས་ཆད་པ་རྣམས་བསྣན་ཞིང་། རྗོད་བྱེད་ཀྱི་ཐད་ནས་ཡིག་ནོར་ཤོར་བ་དང་ཚིག་འགྲོས་ཉམས་པ་རྣམས་བཅོས་པ་དང་། དེབ་ཀྱི་མདུན་ངོས་དང་རྒྱབ་ངོས་ཀྱི་རྣམ་པ། དཀར་ཆག་སྒྲིག་སྟངས་ཀྱང་བསྒྱུར་ཏེ་སྔར་ལས་ཕྱི་ནང་གཉིས་ཆར་སྤུས་གཙང་དག་མར་བཟོས་ཏེ། ཀློག་པ་པོ་མང་པོའི་རེ་བ་ལྟར་ཐེངས་གཉིས་པ་པར་སྐྲུན་བྱས། འབྲོག་སྐྱ་བོའི་ཡུལ་སྐོར་ཟིན་ཐོ«དུས་མཐའི་འཁྱམ་སྐྱོད»(སྟོད་སྨད་གཉིས)ཞེས་པ་པར་སྐྲུན་བྱས།
       འགྱུར་རྩོམ་གྱི་ཆ་ནས། ཚེ་གྲུབ་ཀྱིས་སྒྱུར་སྒྲིག་བྱས་པའི«རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ལྟ་ཀློག་འཇུག་བདེ་ལམ་བཟང»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་པར་སྐྲུན་གྱི་གལ་ཆེའི་ལས་གཞི་ཞིག་ཏུ་བགྲང་ཆོག ལྡོང་བུའི་འགྱུར་དེབ«རྡོ་ཉི་མ»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། དེབ་འདི་ནི་འདས་པའི་ལོ་ངོ་དུ་མའི་རིང་ཁོ་བོས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་སྙན་ངག་ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་ལ།དེབ་ཀྱི་མཇུག་ཏུ་སྙན་ངག་པ་དག་གི་རུས་མིང་དང་སྙན་ངག་དག་གི་ཁ་བྱང་དབྱིན་བོད་ཤན་སྦྱར་གྱི་ཚུལ་དུ་བཀོད་ཅིང་སྙན་ངག་འདི་དག་གང་ལས་བསྒྱུར་བའི་ཁུངས་ཀྱང་དཔེ་ཐོའི་ཚུལ་དུ་བཀྲམ་པའི་ཁྱད་ཆོས་ཀྱང་བདོག ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང་བསྡུས་དེབ«ལམ་གྱི་ཉི་འོད»ཅེས་པའི་ཉི་འགྱུར་མའི་པར་གཞི་པར་འགྲེམས་བྱས་ཤིང་། སྒྲུང་གཏམ་བསྡུས་དེབ་ཏུ་རྩོམ་པ་པོའི་འཐུས་ཚབ་བརྩམས་ཆོས་སུ་བགྲང་ཆོག་པའི་སྒྲུང་ཐུང་བརྒྱད་བདམས་བསྒྱུར་བྱས་འདུག་ཅིང་། སྐད་བསྒྱུར་གནང་མཁན་ཉི་ཧོང་གི་ཐའོ་ཁྱའོ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕམ་ཧའོ་ཤིས་ཏེ། བོད་མིང་ལ་འཆི་མེད་དུ་འབོད་པ་ཁོང་ལགས་ཡིན་འདུག འདི་ནི་རྩོམ་པ་པོའི་ཉི་འགྱུར་བརྩམས་ཆོས་ཁག་གཉིས་པ་དེ་ཡིན་ལ། ཉིས་སྟོང་བཅོ་ལྔ་ལོར་ཁོང་གི་སྒྲུང་རིང«བོད་ཀྱི་གཅེས་ཕྲུག»ཅེས་པ་ལོ་ཙཱ་བ་འཆི་མེད་ཀྱིས་ཉི་ཧོང་གི་སྐད་དུ་བསྒྱུར་འདུག རྒྱུས་ལོན་པ་ལྟར་ན། ཐེངས་འདིར་པར་བསྐྲུན་བྱས་པའི་ཉི་ཧོང་སྐད་ཀྱི་སྒྲུང་གཏམ་བསྡུས་དེབ་ཏུ་རྩོམ་པ་པོའི་སྒྲུང་གཏམ་མང་པོའི་ནང་ནས«ལམ་གྱི་ཉི་འོད»(2010)དང«གཉིད་དུ་ཡུར་བའི་ཆུ»(2018) «རླུང་ལ་བཅོལ་བ»(2012) «ནུབ་ཀྱི་སྐར་མ»(2015) «རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས»(2018) «ལོ་བཞི་བཅུའི་སྐྱེས་པའི་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང»(2018) «མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང»(2019) «རྒྱང་རིང་གི་ས་ཀུ་ར་རྗེ་མ»(2020)བཅས་བདམས་ནས་སྒྱུར་འདུག མོ་ཞི་ཁོ་རྒྱལ་ཁབ་ཀྱི་སྙན་ངག་པ་དང་ལྷུག་རྩོམ་མཁན། གཞན་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་ཨའོ་ཁེ་ཐ་ཝེ་ཨའོཕ་སིས་བརྩམས་ཤིང་། སྒྲེན་པོས་བསྒྱུར་བའི«སྙན་ངག་དང་འབྲེལ་བའི་མནོ་བསམ»ཞེས་པ་རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས་སུ་ཁག་ལྔ་རུ་དགར་ཏེ་མུ་འགོད་བྱས།
       དཔྱད་བརྗོད་ཀྱི་ཆ་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཞེས་པ་རྒྱ་ཆེའི་ཀློག་པ་པོའི་གཟིགས་མོར་བཀྲམ་པ་དང་། ཟི་ལིང་གི་གཙུག་ལག་ཕྲེང་བ་དཔེ་ཁང་གིས་འགྲེམ་སྤེལ་མཛད་སྒོ་བསྡུས། བདུད་ལྷ་རྒྱལ་གྱི་དགོངས་ཚུལ་ལྟར་ན། ད་ཐེངས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་། དཔེ་དེབ་ལ་གཅིག་གྱུར་རང་བཞིན་ཡོང་ཕྱིར་དང་། སྔ་མའི་དཔྱད་རྩོམ་ལ་འདོར་ལེན་ཡང་བྱེད་ཁག་པས། དེབ་ཀྱི་ཁ་བྱང་ལ་བརྩམས་ཆོས་བྱེ་བྲག་པའི་དཔྱད་བརྗོད་ཅེ་ན་འགྲིག་ཅེས་ཁོང་གིས་བཅར་འདྲིའི་ལེ་ཚན་རེ་ཟུང་ནས་གསུངས། རྩོམ་རིག་དཔྱད་བརྗོད་བྲིས་ནས་ད་བར་དུ་མི་ལོ་ཉེར་བརྒྱད་འགོར་སོང་། འདིའི་ནང་དུ་བརྩམས་ཆོས་ལ་ཐད་ཀར་དཔྱད་བརྗོད་བྱས་པ་ཡོད་ལ། གཞུང་ལུགས་དང་ལོ་རྒྱུས་ཐད་ནས་དཔྱད་པ་བཏང་བའང་ཡོད། ད་དུང་རྩོམ་རིག་དང་བསམ་བློ་སྦྲགས་ཏེ་བསམ་བློའི་རང་བཞིན་ཅན་གྱི་དཔྱད་བརྗོད་ཀྱང་འདུག གཞན་བསེ་ཆང་ཤ་བོ་ཚེ་བརྟན་ནམ་ན་རོའི་དེབ་གསར«བརྩམས་སྒྲུང་དང་རིག་གནས»ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམས་བྱས་ཤིང་། དེབ་འདིར་དཔྱད་ཐབས་གསར་པ་ཞིག་ལ་བསྟེན་ནས་བརྩམས་སྒྲུང་དང་རིག་གནས་གཉིས་ཀྱི་འབྲེལ་བའི་ཚུལ་ལས་བརྩམས་ཏེ། དུས་སྐབས་གསར་པའི་བོད་ཀྱི་བརྩམས་སྒྲུང་གི་མིའི་རིགས་རིག་པའི་བསམ་བློར་དཔྱད་པ་ཞེས་པའི་ཆེད་དེབ་ཅིག་ཏུ་བརྩི། བྱ་གཞུང་དབྱངས་བྷས«རྩོམ་རིག་དང་མི»ཞེས་པ་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ནད་ཡམས་ཀྱི་བར་མཚམས་སུ་ཁེལ་བས་རྡལ་གླ་སོགས་མཐོན་པོར་སྤྲད་ནའང་། འགྲུལ་ལམ་གྱི་བར་གླགས་གང་ནས་བོར་བརླག་ཐེབས་མིན་ཅི་ཆ། དུས་ལྟར་ལག་ཏུ་མ་འབྱོར་བས། དེབ་ཀྱི་དགེ་སྐྱོན་སོགས་གླེང་མ་སྤོབས། བརྩམས་ཆོས་བྱེ་བྲག་པའི་ཆ་ནས། བདུད་ལྷ་རྒྱལ་ལགས་ཀྱི«སྙན་ངག་རང་བཞིན་གྱི་ཤེས་རབ་ཀྱི་མཐོངས་ལས་ལང་ཚོའི་རྦབ་ཆུ་ཡི་སྟོབས་ཀྱི་མཛེས་པ་གླེང་བ»ཞེས་པ་ཀྲུང་གོའི་བོད་རིག་པའི་དེབ་གསུམ་པར་བཀོད་འདུག བསེ་ཆང་ཤ་བོ་ཚེ་བརྟན་གྱི«རྩོམ་རིག་དང་གསོ་རིག་གཉིས་ཀྱི་འབྲེལ་བའི་མཐོང་སྣེ་ནས་རྒྱུད་བཞི་ལས་བྱུང་བའི་གཏམ་སྙན་ཞེས་པར་ཆེ་ལོང་ཙམ་དཔྱད་པ»ཞེས་པ་མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ་སྤྱིའི་འདོན་ཐེངས59པར་འཁོད་འདུག བདེ་ལེགས་ཀྱི«བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་སྒྱུ་རྩལ་འཕེལ་ཕྱོགས་སྐོར་གྱི་བསམ་གཞིག»ཅེས་པ་དང་། བསྟན་པ་ཡེ་ཤེས་ཀྱི«བདེ་སྐྱིད་མེ་ཏོག་དང་མོའི་ལས་དབང་ཞེས་པའི་བརྩམས་སྒྲུང་གི་སྒྱུ་རྩལ་ཁྱད་ཆོས་སྐོར་མདོ་ཙམ་གླེང་བ»གཉིས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་དང་པོར་འཁོད་འདུག འཁྱམ་རུ་གནམ་ལྷ་རྒྱལ་གྱི«བརྩམས་སྒྲུང་གསར་རྩོམ་གྱི་བློས་བསླངས་སྐྱེ་རིམ»ཞེས་པ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གཉིས་པར་འཁོད་འདུག ཁང་སྐྱིད་བསོད་བསྟན་གྱི«བོད་རྩོམ་གསར་པའི་རིག་གནས་ལྷུག་བརྗོད་ཀྱི་གྲགས་འགུལ། རིག་གནས་ལྷུག་རྩོམ་དང་འབྲེལ་བའི་ཐོག་མའི་བགྲོ་གླེང»ཞེས་པ་དང་། སྒྲོལ་དཀར་མཚོའི«སད་ཀྱིས་བཅོམ་པའི་མེ་ཏོག»དང«མི་ཚེ»གཉིས་ཀྱི་གཤིབ་བསྡུར་ཞེས་པ་གཉིས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་གསུམ་པར་འཁོད་འདུག སྤེན་པ་དོན་གྲུབ་ཀྱི«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»ཞེས་པའི་ཕྲན་དཔྱད་ཅེས་པ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་བཞི་པར་འཁོད་འདུག ལྷག་པ་ཆོས་འཕེལ་གྱི«མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་གི་དགོངས་པའི་སྐོར་གླེང་བ»ཞེས་པ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་ལྔ་པར་འཁོད་འདུག བདུད་ལྷ་རྒྱལ་ལགས་ཀྱིས་དཔྱད་པའི་ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་ཐུང«སྡོམ་པ་སྲུང་བ»རུ་དམངས་ཁྲོད་ཀྱི་དོན་བརྗོད་ལྷུར་བླངས་ཚུལ་ལ་དཔྱད་པ་ཞེས་པ«སྦྲང་ཆར»དེབ་དང་པོར་འཁོད་འདུག པདྨ་རྣམ་རྒྱལ་གྱིས་དཔྱད་པའི«ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནས་ར་ལོ་ཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ»ཞེས་པ«སྦྲང་ཆར་དེབ་གཉིས་པར་འཁོད་འདུག གཞན་ད་དུང་རྩེ་སྟོད་འགྱུར་མེད་རྒྱ་མཚོས་དཔྱད་པའི«ཚེ་དབང་རྣམ་རྒྱལ་གྱི་སྒྲུང་གཏམ་གྱི་བསམ་བློ་དང་སྒྱུ་རྩལ་ཐབས་ལམ་ལ་དཔྱད་པ»ཞེས་པ«སྦྲང་ཆར»དེབ་གསུམ་པར་འཁོད་པ་བཅས་འདུག སྒྲེན་པོ་ནས་ཁེར་བུའི་ཉིས་སྟོང་བཅུ་བདུན་ལོའི«སྦྲང་ཆར»དེབ་བཞི་པའི་སྟེང་བཀོད་ཡོད་པའི་སྙན་ཚིག«སྙན་ངག་འདེབས་མཁན»ནས«རྒོད་པོ་འཕུར་སོང»ཞེས་པའི་བར་གྱི་སྙན་ངག་བདུན་པོ་བཀླགས་རྗེས། དེ་ལ་དཔྱད་བརྗོད་ཕྲན་བུ་རེ་བྱས་ཤིང་། དེ་མ་ཟད་རྨ་འོད་ཀྱི«ས་རུབ་ཁའི་སྙན་ངག»ཅེས་པ་དང་། མགོ་ལོག་གི་ཚྭའི་སྙན་ངག«རྟག་བརྟན་གྱི་རྨོངས་པ»ཞེས་པ། དུང་བུ་ཆོས་འབུམ་རྒྱལ་གྱི«ལང་ཚོ»ཞེས་པས་མཚོན་པའི་སྙན་ངག་ཁ་ཤས་ལ་དཔྱད་པ་ཕྲན་བུ་བྱས་པ་སོགས་མཆིས།
       རྩོམ་རིག་བྱ་དགའི་ཆ་ནས། རྩོམ་རིག་བྱ་དགའ་ལ་དབྱེ་ན། ཚོགས་པའི་མིང་ཐོག་ནས་སྤྲོད་པའི་བྱ་དགའ་དང་། ཚགས་ཤོག་གི་མིང་ཐོག་ནས་སྤྲོད་པའི་བྱ་དགའ། མི་སྒེར་གྱི་མིང་གིས་མཚོན་པའི་བྱ་དགའ་སོགས་རིགས་མང་དུ་ཡོད་ནའང་། གལ་འགངས་ཆེ་ཤོས་ནི་ཐོག་མར་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་བྱུང་བའི་ཆ་རྐྱེན་འོག ད་གཟོད་ངེས་དོན་གྱི་བྱ་དགའ་ཞིག་སྩོལ་བ་མ་གཏོགས། རྩོམ་རྒྱུ་དངོས་དེ་མ་གྲུབ་པར་བྱ་དགའ་སྟེར་བའི་དཔེ་ཞིག“མི་སྲིད་པའི་དཔེ་རུ”སྣང་ཆོག དེ་ལྟ་དེ་ལྟར། རྩོམ་རིག་བྱ་དགའ་དེའི་བྱུང་འཕེལ་གྱི་ལོ་རྒྱུས་དང་བརྩམས་ཆོས་ཀྱི་ལེགས་ཉེས་དེས། རྩོམ་རིག་བྱ་དགའ་དེ་ཉིད་ཀྱི་ཚད་གཞི་ཞིག་མཚོན་གྱིན་ཡོད་ལ། ཚད་རིམ་ལྟར་གྱི་མཚན་སྙན་དེས་བརྩམས་ཆོས་ལ་འཛིན་པའི་ཚད་ཤིང་ལའང་ཏན་ཏན་འགྱུར་ལྡོག་ཐེབས་ངེས། དཔེ་མཚོན་དུ་དྲངས་ཆོག་པ་ཞིག་ལ། འཛམ་གླིང་གི་རྩོམ་རིག་འཕེལ་རྒྱས་ངོས་ནས། ནོ་བྷེལ་རྩོམ་རིག་བྱ་དགའ་ནི་ཆེས་མཐོའི་ཚད་གཞི་ཞིག་ཏུ་ངོས་འཛིན་པ་དེ་བཞིན་ཀྲུང་གོའི་རྩོམ་རིག་ལ་མཚོན་ནས་བཤད་ནའང་ཆོག སྒྲུང་རིང་གི་ཚད་མཐོའི་བྱ་དགའ་ལ་མའོ་ཏུན་རྩོམ་རིག་བྱ་དགའ་དང་། སྒྱུ་རྩལ་རྩོམ་རིག་སྤྱིའི་ཚད་མཐོའི་བྱ་དགའ་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་འཇོག་པ་དེ་ལྟར། བོད་ལ་འདིའོ་ཞེས་ཚད་མཐོའི་བྱ་དགར་ཁས་འཆེས་པ་ཞིག་དཀའ་ནའང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས། རྩོམ་རིག་གསར་པའི་སྐྱེ་སྟོབས་ཀྱི་མྱུ་གུ་འབུས་པ་དང་། གསར་དར་རྩོམ་རིག་པའི་གཤིན་སར་གྱུར་བའི་དུས་དེབ་ཏུ་བརྩི་ཆོག་པ་ལ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གཙོས་པའི་དུས་དེབ་ཁག་དང་། «མཚོ་སྔོན་བོད་ཡིག་གསར་འགྱུར»གྱིས་མཚོན་པའི་ཚགས་ཤོག་མང་དུ་བདོ་བར་གྱུར་བས། རྩོམ་རིག་གི་སྐྱེད་ཚལ་ནང་ལ་མེ་ཏོག་སྣ་བརྒྱའི་བསུང་ངད་ཀྱིས་ཁྱབ་པར་གྱུར།ད་ལྟ་ཡོངས་གྲགས་ཀྱིས་གླེང་གིན་པ་ལ། བོད་ཀྱི་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། སྙན་ངག་གི་ཆེས་མཐོའི་བྱ་དགའ་ལ་གངས་རྒྱན་མེ་ཏོག་གི་སྙན་ངག་གི་བྱ་དགའ་དེ་གཉིས་ལྟོས་བཅས་སུ་གྲུབ་འདུག་པ་ལྟ་བུ།
       ལོ་གཉིས་རེར་ཐེངས་རེ་སྤེལ་བཞིན་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་རེག་པའི་མིང་ཐོ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཞུང་ཕྱོགས་འཕྲིན་སྟེགས་ནས་གསལ་བསྒྲགས་བྱས་ཤིང་། དཔྱད་འདེམ་གྱི་ཁྱབ་ཁོངས་སུ་དབྱེ་ན། 2021ལོ་ནས2022ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་བཅུ་བཞིའི་སྟེང་འཁོད་ཟིན་པའི་བརྩམས་ཆོས་ཚང་མ་ཚུད་པར་བྱས། ཕུལ་བྱུང་བརྩམས་ཆོས་ལ་མིང་མ་བཀོད་པའི་འདེམས་ཤོག་བརྒྱུད་ནས། འདེམས་ཤོག་གི་མང་ཉུང་ལ་གཞིགས་ཏེ་བྱ་དགའ་ཐོབ་པའི་རྩོམ་ཡིག་དགུ་གཏན་འཁེལ་བྱས། དེ་རུ་བརྩམས་སྒྲུང་གཉིས་དང་། སྙན་ངག་གཉིས། ལྷུག་རྩོམ་གཉིས། དཔྱད་རྩོམ་གཅིག་དང་། བསྒྱུར་རྩོམ་གཅིག སྙན་ཞུའི་རྩོམ་རིག་གཅིག་བཅས་བདམས་ཐོན་བྱུང་། བརྩམས་སྒྲུང་ལ་ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱིས་བརྩམས་པའི«འགོ་བ་རྒྱལ་པོ»དང་། སྟག་འབུམ་རྒྱལ་གྱི«འཚོ་བའི་རོལ་རྩེད»ཅེས་པར་གཏང་རག་ཐོབ།
       སྙན་ངག་གི་ཐད་ནས་ཕན་ཤུལ་འཆི་མེད་དབང་འདུས་ཀྱི«དྭགས་སྨད་སྣང་རྫོང་དུ་ཟུར་ལུགས་གསོ་རིག་ཇི་ལྟར་དར་ཚུལ་གྱི་གཏམ་ཁུ་བྱུག་སྔོན་མོའི་གསུང་སྙན»དང་། མོག་བུ་ཡེ་ཤེས་སྐྱབས་ཀྱི«རི་རབ་ལྟ་བུའི་ཨ་ཕ། གཙང་པོ་ལྟ་བུའི་ཨ་མ»གཉིས་ལ་གཏང་རག་ཐོབ། ལྷུག་རྩོམ་གྱི་ཆ་ནས། བཀྲ་ཤིས་དཔལ་ལྡན་ལགས་ཀྱི«འགྲོ་བའི་ནད་གདུང་སེལ་བའི་ལྷ་ཆབ»དང་། སོག་རུ་ཀརྨ་ཀུན་ཁྱབ་ཀྱི«ས་ཆེན་གྱི་སྒལ་ཚིགས། གཙང་པོའི་མགོ་ཁུངས»ཞེས་པ་གཉིས་ལ་གཏང་རག་ཐོབ། དཔྱད་རྩོམ་གྱི་ཆ་ནས། ལྷག་པ་ཆོས་འཕེལ་ལགས་ཀྱི«བོད་ཀྱི་དེང་རབས་རྩོམ་རིག་གི་ཚིག་སྐྱོན་སྐོར་གླེང་བ»ཞེས་པར་གཏང་རག་ཐོབ། བསྒྱུར་རྩོམ་གྱི་ཆ་ནས། པ་སངས་སྒྲོལ་དཀར་གྱི«དབྱར་རྩྭ་དགུན་འབུ་སྟུག་པོར་སྐྱེས་པའི་སྙིང»ཞེས་པར་གཏང་རག་ཐོབ། སྙན་ཞུའི་རྩོམ་རིག་གི་ཆ་ནས། ལྷོ་སྨྱོན་བློ་བཟང་དོན་གྲུབ་ཀྱི«སྐྱིད་སྡུག་སྤེལ་མའི་ཚེ་ན། རྣ་བར་སྙན་པའི་གཏམ་རྒྱུད་མཆིས»ཞེས་པར་གཏང་རག་ཐོབ་པ་བཅས་སོ། །
       དཀར་མཛེས་ཚགས་པར་ཁང་གི་སྨྱན་བྱད་ནས་བསྒྲགས་པ་ལྟར་ན། 2022ལོའི་ཟླ11པའི་ཚེས12ཉིན་ལ། སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་གསར་རྩོམ་བྱ་དགའི་མིང་ཐོག་ནས། བོད་ཡིག་ལམ་ནས་བརྩམས་པའི་བརྩམས་ཆོས་ལ། ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་དེབ«སྤྲིན་གྱི་རྫི་བོ»དང་། གངས་དབང་གི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»གཉིས་ལ་བྱ་དགའི་གཟེངས་སྐྱེས་བསྩལ། །
འབྲེལ་ཡོད་འོས་སྦྱོར།