logo

«བྱ་ལེན་མའི་ཟློས་གར»གྱི་བརྗོད་བྱར་དཔྱད་པ།

རྩོམ་པ་པོ།:ཆོས་སྐྱོང་སྐྱབས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-02-27 ཀློག་གྲངས།: 13165
དགག་བཞག་དངོས་ཡོད་རིང་ལུགས་ཀྱི་ལམ་ནས«བྱ་ལེན་མའི་ཟློས་གར»གྱི་བརྗོད་བྱར་དཔྱད་པ།
ཆོས་སྐྱོང་སྐྱབས།

དང་པོ། «བྱ་ལེན་མའི་ཟློས་གར»གྱི་བརྗོད་བྱ་སྤྱིར་བསྟན་པ།
       ཟློས་གར་གྱི་བསྟན་བཅོས་འདིའི་ནང་དུ་རྒྱལ་པོ་གདུལ་དཀའ་དང་བུ་མོ་བྱ་ལེན་མ་གཉིས་ཀྱི་བརྩེ་དུང་བརྗོད་བྱ་གཙོ་བོ་བྱས་ཤིང་། རྒྱལ་པོ་རི་དྭགས་ཀྱི་རྗེས་བསྙེགས་ཏེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སླེབས་པ་དང་མཛེས་མ་བྱ་ལེན་མ་མཐོང་འཕྲལ་སྙིང་ལ་མེ་ཏོག་གི་མཚོན་གྱིས་བསྣུན་པ། དེ་ནས་རྣམ་པ་ཀུན་ཏུ་དེ་ཁོ་ན་ཡིད་ལ་བསམ་ཞིང་བྱ་ལེན་མ་ཡང་རྒྱལ་པོ་ལ་ཞེ་ཤོར་ཏེ་ཕན་ཚུན་དྲན་པའི་ཡུལ་དུ་གྱུར། ནམ་ཞིག་བྱ་ལེན་མའི་གྲོགས་མོ་ཟུང་གིས་ནན་གྱིས་དྲིས་པའི་ལན་ལ་མོ་རྒྱལ་པོར་ཞེ་ཆགས་པའི་བསམ་ཚུལ་བརྗོད་པ་རྒྱལ་པོས་ལྐོག་ནས་ཐོས་ཏེ། དེ་མ་ཐག་ལྗོན་ཤིང་གི་དྲ་བའི་གསེབ་ནས་ཕྱིར་ཕྱུང་སྟེ་རང་གི་སྨྲ་འདོད་ཀྱི་གཏམ་ལན་དུ་སྦྱིན་པས་ཕན་ཚུན་གྱི་འདོད་པའི་འབྲས་བུ་མངོན་དུ་གྱུར། དེ་ནས་དྲི་ཟའི་ལུགས་ལྟར་སྨྱན་བྱེད་མཁན་མེད་པར་དགའ་འདུས་ཀྱིས་གཉེན་སྒྲིག་བྱས་ཤིང་། ཕྱིས་སུ་དྲང་སྲོང་གིས་དམོད་བོར་བ་དང་བྱ་ལེན་མས་སོར་གདུབ་བོར་བ། རྒྱལ་པོས་མོ་རང་གི་ཆུང་མ་ཡིན་པར་ཁས་མ་བླངས་པས་བྱ་ལེན་མ་ལྷ་ཡུལ་ལ་གཤེགས་པ་དང་རྒྱལ་པོའི་དྲན་པ་སོས་ནས་རང་གི་སྔར་བྱས་ཀྱི་ལས་ལ་འགྱོད་གདུང་ཚད་མེད་སྐྱེས་པ་སོགས་བར་ཆད་རབ་དང་རིམ་པ་བྱུང་ཡང་མཐར་ལྷན་འཛོམས་བྱུང་སྟེ་དགའ་བའི་དཔལ་ལ་རོལ་བར་གྱུར་ཏོ། །
གཉིས་པ། བྱ་ལེན་མའི་གཤིས་ཀས་བསྐྱེད་པའི་ཟློས་གར་གྱི་དོན་སྙིང་།
       ཟློས་གར་འདིའི་ཡན་ལག་བཞི་པ་ནི་བརྗོད་བྱ་དང་མི་སྣའི་སྣང་བརྙན་གྱི་ཐད་ནས་ཡང་རྩེར་སླེབས་ཤིང་ཉམས་འགྱུར་གྱིས་ཕྱུག་ལ། ཁྱད་པར་དུ་བྱ་ལེན་མའི་བརྩེ་དུང་བྲིས་པ་ནི་ཡིད་འགྱུར་ཡིག་འབྲུ་ལ་བསྟིམས་ཤིང་ཡིད་སེམས་དབང་མེད་དུ་གཡོ་བ་ཞིག་རེད། བྱ་ལེན་མ་ཕོ་བྲང་དུ་འགྲོ་སྐབས་ནགས་ཀྱི་བྱ་བྱིའུ་དང་ལྗོན་པ་སོགས་ཀྱིས་ཀྱང་འབྲལ་མི་བཟོད་པའི་མྱ་ངན་བྱེད། དཔེར་ན། “རྐང་འཐུང་ཤིང་གི་ལྗོན་པ་ཡང་། །བྱ་ལེན་མ་ཡི་ཉེ་དུ་སྟེ། །དེ་རྣམས་ཁུ་བྱུག་སྐད་སྙན་གྱིས། །མོ་ལ་འཁྲེང་བའི་སྐྱེལ་མ་བྱེད། །”ཞེས་པ་ལྟ་བུ་སོགས་ནི་རབ་རྟོག་དང་བློས་བསླངས་བྱས་པ་ངོ་མཚར་ལ་ཚིག་སྦྱོར་མཛེས་ཤིང་གནད་དུ་ཕྱིན་པ་ཤ་སྟག་ཡིན་པས། བརྩེ་དུང་ཤུགས་དྲག་ཅིང་ཀློག་མཁན་གྱི་ཡིད་སེམས་དབང་མེད་དུ་གཡོ་བར་བྱེད། བྱ་ལེན་མ་ཡང་དེ་དག་ལ་ཡིད་ཤིན་ཏུ་འཁྲེང་ནས་གྱེན་དུ་བཏེགས་པའི་གོམ་པ་ཡང་མདུན་དུ་སྤོ་མི་བཏུབ་པར་གྱུར་ཅིང་། སྙིང་རྗེ་གཞུང་དྲང་གི་གཤིས་ཀ་ཆུ་མིག་གི་རྡེའུ་བཞིན་གསལ་ལྷང་ངེར་མངོན།
       རང་བཞིན་གྱིས་མཛེས་ཤིང་ལྟ་ན་སྡུག་པའི་བསྟི་གནས་ནགས་ཚལ་དང་གྱེས་ཁ་མའི་བྱ་ལེན་མའི་སེམས་པ་ནི་བྱམས་དང་བརྩེ་བས་ཀུན་ནས་ཕྱུག་ཅིང་། རང་ཡུལ་བསམ་ན་འབྲལ་མི་ཕོད་པ་དང་མཛའ་བོ་དྲན་ན་འདུག་མི་བཟོད་པའི་མོ་ནི་དགའ་སྐྱོ་ཟུང་གི་བློའི་འགྱུར་བག་ཤིན་ཏུ་ཆེ། དཔེར་ན། བྱ་ལེན་མ་གྲོགས་མོ་གཉིས་ལ་དམ་དུ་འཁྱུད་ནས“ཁྱེད་ཅག་ཡིད་གཉིས་སུ་བྱེད་པའི་གཏམ་འདི་ཐོས་ན་བདག་གི་སྙིང་ཡང་འདར་བར་བྱེད”ཅེས་ཐ་ན་འབྲལ་བའི་ཚུལ་བསམ་ན་གྱེན་དུ་བཏེགས་པའི་གོམ་པ་ཡང་མདུན་དུ་སྤོ་མི་བཏུབ་པར་གྱུར་མོད། འོན་ཀྱང་། མོས་འགྱུར་མེད་ཆོད་སེམས་སྙིང་ལ་བཅངས་ནས་ལྷད་མེད་པའི་བརྩེ་དུང་གི་ཆེད་དུ་ཕོ་བྲང་གི་ཕྱོགས་སུ་གོམ་པ་སྤོས་པ་ནི་རྩོམ་པ་པོའི་རང་དབང་དང་འདྲ་མཉམ་ལྟ་ཚུལ་གྱི་གོམ་པ་ཡིན་ལ། རིགས་ཀྱི་ཆོས་སམ་རིགས་མཐུན་གཉེན་སྒྲིག་གི་ལམ་སྲོལ་ལ་འགྲན་བསླངས་པའི་གོམ་པའང་ཡིན།
       རྩོམ་པ་པོས་བྱ་ལེན་མ་དང་མཛའ་བོ། ཡབ་ཡུམ། གྲོགས་མོ་དག་གི་བར་གྱི་བརྩེ་དུང་ཞིབ་འབྲི་བྱས་པ་ནས་ནགས་ཀྱི་ལྗོན་ཤིང་གི་བར་གྱི་བརྩེ་བ་བྲིས་ཏེ། བཅོས་མ་མ་ཡིན་པའི་རང་བྱུང་གི་དུང་སེམས་གསོན་པོར་དངོས་སུ་ཉམས་སུ་མྱོང་ནུས་པ་ལྟ་བུ་ཞིག་བྲིས་ཡོད་པ་ནི་དཔེར་ན།“གདུང་བའི་རི་དྭགས་ཕྱེད་ཟོས་རྩྭ་ཡང་ལྷུང་། །གཙུག་ཕུད་ཅན་མས་གར་དག་བྱེད་པ་བརྗེད། །འཁྲི་ཤིང་རང་གི་ཡན་ལག་བསིལ་བ་བཞིན། །མདངས་རབ་ཉམས་པའི་ལོ་འདབ་ས་ལ་གཏོར། །”ཞེས་དེ་དག་ཕན་ཚུན་ལ་ཞེ་འཁྲེང་བའི་ཉམས་འགྱུར་བྲིས་པ་ནི་འཆི་མེད་བུ་མོ་གར་སྟབས་ཀྱི་ཆས་སུ་ཞུགས་པ་དང་མཚུངས་པས། ཀློག་མཁན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ལ་མགྲིན་པ་བརྣངས་ཤིང་ཡིད་འཁུལ་བར་བྱེད། མཚམས་འདིར་ཟློས་གར་འདིའི་ཡན་ལག་སྔ་ཕྱི་དོར་ཏེ་སྙན་ངག་གི་ལམ་ནས་བལྟས་ན་སྙན་པ་དང་མཛེས་པའི་ཡོན་ཏན་གྱི་མཐར་ཐུག་ལྟ་བུ་ཉམས་འགྱུར་གྱིས་གཏམས་ཤིང་། བྱུང་རིམ་སྔ་ཕྱི་སྦྲེལ་ཏེ་བལྟས་ན་ཟློས་གར་ཧྲིལ་པོའི་རྫོགས་ལྡན་དང་མཐོ་རླབས། ཆེས་ཆེ་བའི་དཀྱོགས་མཚམས་ཡིན་ཏེ། གཅིག་ན་བྱ་ལེན་མའི་ལྷད་མེད་བརྩེ་དུང་གི་མཐར་ཐུག་ཡིན་ལ། གཉིས་ན་སྤྲོ་ཉམས་ནས་སྐྱོ་ཉམས་ལ་བར་བརྒལ་བྱེད་སའི་དཀྱོགས་མཚམས་ཆེས་ཆེ་བ་ཡིན། གསུམ་ན་སློབ་དཔོན་ནག་མོ་ཁོལ་གྱི་ལམ་ལུགས་བཅོས་བསྒྱུར་གྱི་ཐོག་མའི་སྟ་གོན་ཡང་ཡིན་པས། ཆ་གང་ནས་བལྟས་ཀྱང་མཛེས་སྡུག་དང་སྤྲོ་སྣང་། རེ་བ་དང་ཡིད་ཆེས། སྤོབས་པ་དང་སྙིང་སྟོབས་ཀྱིས་ཁེངས་ཡོད། དེ་ལ་བརྟེན་ནས“ཤ་ཀུན་ཏ་ལ་ཀུན་ཀྱང་མཛེས། །དེ་ལས་ཡན་ལག་བཞི་པ་མཛེས”ཞེས་པའི་བཤད་སྲོལ་ཡང་བྱུང་བར་འདོད།
གསུམ་པ། «བྱ་ལེན་མའི་ཟློས་གར»གྱི་དངོས་ཡོད་དོན་སྙིང་།
       སློབ་དཔོན་ནག་མོ་ཁོལ་གྱིས་རིགས་མཐུན་གཉེན་བསྲེས་ཀྱི་ལམ་སྲོལ་ངན་པའི་རྒོལ་ལན་དུ། རང་དབང་རང་འཐད་ཀྱི་གཉེན་སྒྲིག་ལམ་སྲོལ་གསར་པ་ཞིག་གི་དཔེ་རིས་བཤམས་ཏེ། མི་དམངས་ཀྱི་སེམས་ཁོང་དུ་བག་ལ་ཉལ་བའི་དྲན་ཚུལ་གཉིད་ལས་བསླངས་ཤིང་མོས་མཐུན་དུ་བརྗོད་པས་སློབ་གསོ་དང་སྐུལ་ལྕག་གི་དོན་སྙིང་ཆེ་ཞིང་། རྒྱ་གར་མི་དམངས་ཀྱི་ཤ་དང་རུས་པའི་གཏིང་ལ་སིམ་པའི་རིགས་ཀྱི་ཆོས་ལ་རྡུང་རྡེག་དྲག་པོ་ཐེབས། རྒྱ་གར་སྤྱི་ཚོགས་ནི་ཇི་སྐད་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “གུཔྟའི་རྒྱལ་པོ་རྣམས་ཀྱིས་བྲམ་ཟེའི་ཆོས་ལུགས་སླར་གསོས་ཏེ། རིགས་དམན་པ་རྣམས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཕྱུངས་པ་སོགས་རྒྱའི་བཙུན་པ་ཐང་ཟན་ཙང་གི་ལམ་ཡིག་ཏུ་ཡང་གསལ་ཞིང་།”ཞེས་རྒྱ་གར་ན་རིགས་ཀྱི་ཆོས་ཤིན་ཏུ་འགངས་ཆེ་བ་བརྗོད་ལ། ལྷག་པར་དུ་སློབ་དཔོན་ནག་མོ་ཁོལ་འཚོ་བཞུགས་སྐབས་ཀྱི་རྒྱ་གར་སྤྱི་ཚོགས་ནི་ཇི་སྐད་དུ“དུས་འདི་ཙ་ན་རྒྱ་གར་བའི་རིགས་ཀྱི་ཆོས་ཀྱང་གུ་སྔར་ལས་དོག་ཅིང”ཞེས་རིགས་མཆོག་དམན་གྱི་ལྟ་བ་ལྷག་ཏུ་མངོན་གསལ་དུ་གྱུར་པ་དང་གོང་མས་འོག་མ་ལ་ལྷག་ཏུ་གཙེས་ཤིང་མནར་བ་ཤེས་ཐུབ་ལ། དེ་ནི་ཟློས་གར་གྱི་ཡན་ལག་དང་པོར་རྒྱལ་པོས་བྱ་ལེན་མ་ཐོག་མར་མཐོང་དུས་དེ་མ་ཐག་ཏུ། “འདི་རིགས་རུས་གང་དུ་གཏོགས་པའི་ངེས་པ་ཉིད་མོ་ལས་ཤེས་པར་བྱའོ། །”ཞེས་པ་ལྟ་བུའི་དྲན་ཚུལ་ལས་རིགས་ཀྱི་ཆོས་ནི་ཁོ་ཚོའི་བརྩེ་དུང་གི་བར་ཆད་ཆེས་ཆེ་བ་ཡིན་པ་ཇི་ལྟར་བརྟགས་ཀྱང་དོན་བྱ་གཅིག་ཏུ་ངེས་སོ། །
       དེ་ཡང་བྱ་ལེན་མ་དང་རྒྱལ་པོ་གཉིས་ཀྱིས་ཁྱིམ་མི་ཉེ་རིང་ཀུན་ལ་བློ་མ་དྲིས་གྲོས་མ་བྱས་པར། ཕན་ཚུན་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དང་ཆུ་ཤེལ་ལྟ་བུའི་སེམས་པ་འབའ་ཞིག་ཡིད་ལ་བཅགས་ནས་རང་མོས་ཀྱིས་དགའ་འདུས་བྱས་ཤིང་། ཆོས་འཇིག་རྟེན། ལམ་ལུགས་སྲོལ། གཉེན་ཉེ་དུ་སོགས་ཀྱི་འཆིང་བྱེད་ཡལ་བར་དོར་ཏེ། ནགས་ཀྱི་བུ་མོས་རྒྱལ་པོའི་དབང་འབྱོར་མངའ་ཐང་ལ་མ་བལྟས། རྒྱལ་པོས་ནགས་ཀྱི་བུ་མོའི་རིགས་རུས་ཐོབ་ཐང་ལ་མ་འཛེམ་པར། སྤྱིར་ཚང་མ་མི་ཞིག་ཡིན་པའི་འདྲ་མཉམ་གྱི་ལྟ་སྟངས་ཐོག་ནས་གཉེན་སྒྲིག་བྱས་པ་ནི། རྩོམ་པ་པོའི“འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ”ཡི་ཐུན་མིན་གྱི་རང་གཤིས་ཡིན་ལ། དུས་རབས་དང་གོམས་སྲོལ་ལས་འགོངས་པའི་ཡར་ཐོན་གྱི་བསམ་བློའང་ཡིན།
       དེ་དང་མཉམ་དུ་རྩོམ་པ་པོས་ནགས་ཀྱི་བུ་མོ་རྣམས་ཀྱིས་དྲང་སྲོང་རྣམས་ལ་བཀུར་བ་དང་། དྲང་སྲོང་གིས་ནགས་ཀྱི་བུ་མོ་རྣམས་བརྩེ་བ་ཆེན་པོས་བྱམས་ཀྱིས་བསྐྱངས་པ། འབངས་ཀྱིས་རྒྱལ་པོ་ལ་བཀུར་བ་དང་། རྒྱལ་པོས་བརྩེ་བ་ཆེན་པོས་འབངས་ཀྱི་སྐྱབས་མགོན་བྱས་པ། རྒྱལ་པོས་ཡུམ་ཆེན་མོ་ལ་བཀུར་བ་དང་། ཡུམ་ཆེན་མོ་རྒྱལ་པོ་ལ་བརྩེ་བ་སོགས་རྒན་བཀུར་གཞོན་གཅེས་ཀྱི་ཡ་རབས་ཀུན་སྤྱོད་དམ། མི་དང་མིའི་བར་ལ་རང་བྱུང་གིས་གྲུབ་པའི་ལྷད་མེད་ཀྱི་བརྩེ་དུང་དང་སྙན་ངག་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གཉིས་མཐུན་སྡེབ་བྱས་ཏེ། མིག་རྒྱ་ཡངས་པོས་གྲལ་རིམ་གྱི་དབྱེ་བ་ཚགས་དམ་པའི་མི་དང་མིའི་བར་གྱི་འབྲེལ་བར་ལེགས་སྒྲིག་བྱེད་འདོད་ཀྱི་བསམ་པའང་རྗེན་པ་མ་ཡིན་ཧ་ཅང་མངོན་པའང་མ་ཡིན་པར་མཚོན་ཡོད།
       མདོར་ན་སློབ་དཔོན་ནག་མོ་ཁོལ་གྱིས་སྤྱི་ཚོགས་ཀྱི་ཟ་དང་ཟུར་དུ་མ་ཚིག་སྦྱོར་སྙན་ཞིང་ཡིད་སེམས་འཁུལ་བར་བྱེད་པའི་སྡེབ་སྦྱོར་གྱིས་ལེགས་པར་སྤེལ་བས་བརྗོད་དོན་གྱིས་ཕྱུག་ལ་མཚོན་སྟོབས་ཀྱང་ཤིན་ཏུ་ཆེ། དེ་ལ་བརྟེན་ནས«བྱ་ལེན་མའི་ཟློས་གར»ནི་སློབ་དཔོན་ནག་མོ་ཁོལ་འཚོ་བཞུགས་སྐབས་ཀྱི་རྒྱ་གར་སྤྱི་ཚོགས་ལེབ་མཐོང་བྱེད་པའི་ལྡེབས་རིས་ལྟ་བུ་ཞིག་གོ་ཞེས་བརྗོད་ཀྱང་ཆོག་པར་སྙམ། །
འབྲེལ་ཡོད་འོས་སྦྱོར།