“གྲིབ་གཟུགས”མཚོན་བྱེད་ཡིན་པའི་སྒྲུང་གཏམ་གཉིས་བཀླགས་པ།
རྩོམ་པ་པོ།:བོན་སྐོར་དོན་གྲུབ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-03-15
ཀློག་གྲངས།:
རྒྱུ་ནོར་དང་དབང་ཤུགས་མདུན་གྱི“གྲིབ་གཟུགས།”
—“གྲིབ་གཟུགས”མཚོན་བྱེད་ཡིན་པའི་སྒྲུང་གཏམ་གཉིས་བཀླགས་པ།
བོན་སྐོར་དོན་གྲུབ་ཚེ་རིང་།
ཉེ་ཆར། ཁོམ་སྐབས་ཤིག་དང་བསྟུན་ནས་འཇར་མན་གྱི་རྩོམ་པ་པོ་ཨ་ཏིར་པེ་ཐི·ཧྥུན·ཧྲ་སྨི་སུའོ་ཡིས་བརྩམས་པའི«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པའི་སྒྲུང་འབྲིང་འདི་བཀླགས།
སྒྲུང་འདི་ཀློག་སྐབས་ལོ་འགའི་སྔོན་དུ་བཀླགས་པའི་བོད་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི«གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་སྒྲུང་ཐུང་དེ་དྲན་པའི་ལྡེབས་ངོས་སུ་ཡང་དང་བསྐྱར་དུ་མངོན་རྒྱུ་ཞིག་བྱུང་། དེ་ལའང་རྒྱུ་རྐྱེན་མེད་པ་མིན་ཏེ། «པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པའི་སྒྲུང་འདིའི་ནང་དུའང་མི་ཞིག་གི་རང་ཚུགས་སམ་རང་གཤིས་མཚོན་བྱེད་དུ་མི་རང་གི“གྲིབ་གཟུགས”བཀོད་ཡོད་ཅིང་། ལྷ་བྱམས་རྒྱལ་གྱི«གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་སྒྲུང་ཐུང་དུའང་མི་གཤིས་ཀྱི་འགྱུར་ལྡོག་མཚོན་བྱེད་དུ“གྲིབ་གཟུགས”བཀོད་ཡོད་པར་ད་ལྟ་དྲན་སོས་རྒྱུ་འདུག
«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པའི་སྒྲུང་འདིའི་ནང་དུ་མི་རང་གི“གྲིབ་གཟུགས”ནི་རིན་ཆེན་རྒྱུ་ནོར་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་ཡིན་པའི་གཏམ་རྒྱུད་ཅིག་བྲིས་པ་བརྒྱུད་ནས“གྲིབ་གཟུགས”ནི་ཡང་སྙིང་ཅི་ཞིག་གི་མཚོན་བྱེད་ཡིན་པ་གསལ་བོར་བྲིས་འདུག་སྟེ། དཔེར་ན། མི་སྣ་གཙོ་བོ་པེ་ཏི་ཧྲི་ལེ་མེར་གྱིས“ངས་གསེར་དངུལ་གྱི་ཆེད་དུ་རང་གི་གྲིབ་གཟུགས་ཀྱང་བཙོང་ཟིན། ཨ་ཙི། ད་ནི་འཇིག་རྟེན་འདིའི་སྟེང་དུ་ང་ནི་མི་ཅི་ལྟ་བུ་ཞིག་ཏུ་འགྱུར་རམ”ཞེས་དང་། “གང་དུ་ཕྱིན་ཀྱང་། ཁྱི་ཞིག་ལའང་རང་གི་གྲིབ་གཟུགས་ཡོད་པ་རེད”ཅེས་དང་། “དེའི་མཚུངས་སུ། ངས་ཁོ་ལ་ཕྲག་དོག་བྱས་པ་ཡིན། རྒྱུ་མཚན་ནི་ཁོ་ལ་གྲིབ་གཟུགས་ཡོད་པས། ཉི་འོད་འོག་ནས་ཀྱང་མི་རྣམས་ལ་ཐུག་ཆོག་པ་རེད”ཅེས་དང་། “མཚན་མོ་དེར་མི་རྣམས་ཀྱིས་ཟླ་འོད་འོག་ཏུ་ང་ལ་གྲིབ་གཟུགས་མེད་པ་ཤེས་སོང”ཞེས་དང་།“དུས་གཏན་དུ་གྲིབ་གཟུགས་མེད་པའི་ངས་སང་ཉིན་གཉེན་སློང་དགོས”ཞེས་དང་། “སྐུ་ཞབས་ལགས། ཁྱོད་ཀྱིས་མཉམ་ཞོག་དང་། ཁྱོད་ཀྱིས་རང་གི་གྲིབ་གཟུགས་བོར་འདུག”ཅེས་དང་། “སྐུ་ཞབས། ཁྱོད་ཀྱིས་རང་གི་གྲིབ་གཟུགས་གང་ཞིག་ནས་བོར་ཟིན་ཨང”ཞེས་དང་།“གནམ་རྒན་མ། མི་གན་ལ་གྲིབ་གཟུགས་མི་འདུག སྙིང་མ་རྗེ་ཨང”ཞེས་དང་། “སྐྱེས་པ་དེ་ཚོས་རང་གི་བོངས་ཆེ་བའི་གྲིབ་གཟུགས་ས་ངོས་སུ་འཕོ་རུ་བཅུག་སྟེ། ངའི་སྙིང་ན་རུ་བཅུག་བྱུང”ཞེས་དང་། “ཁོ་མོས་ང་ལ་གྲིབ་གཟུགས་མེད་པ་ཤེས་རྗེས། སྐྲག་སྣང་བྱུང་བར་མ་ཟད”ཅེས་དང་། “སྐུ་ཞབས་ལགས། མི་ཞིག་གིས་སྟབས་མ་ལེགས་པར་རང་གི་གྲིབ་གཟུགས་བོར་ཟིན། ཁྱོད་ཀྱིས་ཁོ་ལ་གྲིབ་གཟུགས་ཤིག་འབྲི་ཐུབ་བམ”ཞེས་དང་། “ན་ནིང་དགུན་ཁར། ཁོ་རང་ཨུ་རུ་སུར་ལྟ་སྐོར་དུ་བསྐྱོད། ཉིན་དེར། ནམ་ཟླ་ཤིན་ཏུ་འཁྱག་པས་ཁོའི་གྲིབ་གཟུགས་ནི་ས་ངོས་སུ་དཀག་སོང”ཞེས་དང་།“སུ་ཞིག་ལ་གྲིབ་གཟུགས་མེད་པ་ཡིན་ན། དེ་ཉི་འོད་འོག་མི་བགྲོད་རྒྱུ་ནི་ཆེས་ལེགས་པའི་ཐབས་ཤིག་ཡིན”ཞེས་དང་།“མོ་ནི་ངའི་མདུན་དུ་པུས་བཙུགས་ནས་ངུ་བཞིན་འདུག་མོད། འོན་ཀྱང་། གྲིབ་གཟུགས་མེད་པའི་ང་ནི་བུ་མོ་འདིའི་མདུན་དུ་པུས་བཙུགས་ནས་སྡོད་མི་རུང”ཞེས་དང་། “གྲིབ་གཟུགས་ཤིག་ཐོབ་པའི་ཆེད་དུ། ངས་ཡོད་ཚད་བློས་བཏང་ཆོག”ཅེས་དང་།“གློག་འོད་རྣམ་པར་འཚེར་འདུག འོན་ཀྱང་། མི་ཚང་མར་གྲིབ་གཟུགས་མི་འདུག”ཅེས་སྒྲུང་གཏམ་ཧྲིལ་པོར“གྲིབ་གཟུགས”ནི་མི་རང་གི་མི་གཤིས་ཀུན་སྤྱོད་དང་མིའི་བླ་སྲོག་གི་མཚོན་བྱེད་དུ་བྲིས་ཡོད་དེ། མ་མཐའ་ཡང་ཁྱི་ཞིག་ལའང“གྲིབ་གཟུགས”ཡོད་དགོས་པར་བྲིས་འདུག་པས་ན།“གྲིབ་གཟུགས”ནི་མི་རང་གི་ངོས་གཞན་ཞིག་སྟེ“ལ་རྒྱའི་རང་ཉིད”དང“ཁོག་དཔུང་གི་རང་ཉིད” “ཀུན་སྤྱོད་དང་མི་གཤིས་ཀྱི་རང་ཉིད”དུ་མཚོན་པར་བྱས་ཡོད། དེ་ཡང་སྒྲུང་གི་མི་སྣ་གཙོ་བོ་པེ་ཏི་ཧྲི་ལེ་མེར་གྱིས་རྒྱུ་ནོར་གྱི་ཆེད་དུ་རང་གི་གྲིབ་གཟུགས་གཞན་ལ་བཙོང་བ་ནས་རིམ་བཞིན་ཁོའི་ལ་རྒྱ་དང་ཁོག་དཔུང་ཤོར་ཞིང་། དམའ་འབེབས་དང་འཕྱ་དམོད་མྱོང་བའི་ལས་དབང་ཞིག་བཙན་གྱིས་འཁུར་དགོས་སོང་བ་དེ་རེད། དེ་བས། རྩོམ་པ་པོས་འདིར“གྲིབ་གཟུགས”ནི་མི་ཞིག་གི་བླ་ན་མེད་པའི་ཚེ་སྲོག་གཞན་ཞིག་ཡིན་པའི་བསམ་ཚུལ་བསྟན་པ་དང་སྦྲགས་རྒྱུ་ནོར་གྱིས་མི་འགྲུབ་པའམ་ཐོབ་མི་སྲིད་པའི་བྱ་དངོས་མང་པོ་ཞིག་འཇིག་རྟེན་འདིར་ལྷག་པ་གཏམ་རྒྱུད་ཀྱི་ཤུགས་ལ་བསྟན་ནས། ཀུན་སྤྱོད་དང་མི་གཞི་ནི་ག་དུས་ཀྱང་རིན་ཐང་གཞལ་དཀའ་བའི་ནོར་བུ་ཞིག་ཡིན་པས་དེ་ལ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་ཟིན་དགོས་པའི་རྒྱུ་མཚན་བསྟན་ཡོད།
བོད་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བརྩམས་པའི«གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་ནང་དུ།“བཀྲ་ཤིས་ཀྱིས་སྔོན་ཆད་ཚོར་མ་མྱོང་བའི་གྲིབ་གཟུགས་ཆེན་པོ་ཞིག་རང་ལ་འཕོས་བྱུང་བ་རྟོགས། དེ་ནས་རང་ཉིད་འཇིག་རྟེན་འདིར་ཡལ་བཞིན་པའི་དངངས་སྐྲག་ཅིག་བྱུང་ཞིང་། རང་གི་གྲིབ་གཟུགས་མི་མཐོང་བའི་སེམས་ནད་དེ་ཇེ་ལྕི་རུ་གྱུར”ཅེས་དང་། “བཀྲ་ཤིས་ལ་ཐེངས་དང་པོར་རང་གི་གྲིབ་གཟུགས་མི་མཐོང་བའི་དངངས་སྐྲག་བྱུང”ཞེས་དང་། “མི་ཞིག་ལ་གྲིབ་གཟུགས་མེད་པ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང”ཞེས་དང་། “མི་དེ་ཚོར་གྲིབ་གཟུགས་མི་འདུག”ཅེས་དང་། “ང་ལའང་གྲིབ་གཟུགས་མི་འདུག”ཅེས་དང་། “དེ་ནས་བཟུང་། བཀྲ་ཤིས་ལ་ཡང་བསྐྱར་རང་གི་གྲིབ་གཟུགས་བོར་བའི་དངསས་སྐྲག་བྱུང”ཞེས་དང་།“སྐབས་ཤིག་ལ། ཁོས་མི་དེ་དག་ལ་གྲིབ་གཟུགས་མེད་པ་ཚོར། དེའི་ཁྲོད་ཀྱི་རང་ཉིད་ལའང་གྲིབ་གཟུགས་མེད་པ་ཚོར”ཞེས་དང་། “ཅོག་ཙེ་རུའང་དེ་དང་བསྟུན་ནས་གྲིབ་གཟུགས་ཀྱི་བཟོ་ལྟ་སྣ་ཚོགས་ཤིག་བབས་བྱུང”ཞེས་དང་། “ཁོར་མཚོན་ན་ཉི་འོད་དང་གྲིབ་གཟུགས་ནི་རི་ཚོགས་ཀྱི་ཁོང་གསེང་དུ་ནུབ་པའི་རི་གྲོང་དེ་རུ་བྱིས་དུས་ཀྱི་ཉི་མ་རིང་མོ་དེ་སྐྱེལ་བའི་རྩེད་ཆས་ཙམ་ཡིན”ཞེས་དང་། “ཁོས་མགོ་ཡར་འགྱོག་མི་དགོས་པར་མི་དེ་དག་གི་གྲིབ་གཟུགས་ཀྱི་དབྱིབས་དང་རྣམ་པ་ལས་དེ་དག་སུ་དང་གང་ཡིན་ཕལ་ཆེར་ཤེས་བཞིན་ཡོད”ཅེས་དང་། “མཚམས་ཤིག་ལ་རྒྱུས་མངའ་མེད་པའི་གྲིབ་གཟུགས་ཤིག་ཁོའི་གཡོན་ཕྱོགས་ནས་མངོན་ཞིང་བསྲིངས་ཡོང”ཞེས་དང་། “དེ་ནི་མི་རྒྱུས་མེད་ཅིག་གི་གྲིབ་གཟུགས་རེད”ཅེས་དང་། “ས་ཐོག་གི་བཀྲ་ཤིས་ཀྱི་གྲིབ་གཟུགས་གྲིམ་གྱི་ལེར་འགུལ་བཞིན་ཡོད”ཅེས་དང་། “བཀྲ་ཤིས་ཀྱིས་རང་གི་གྲིབ་གཟུགས་གང་ལ་བབས་ཡོད་པ་རྙེད་མ་བྱུང”ཞེས་དང་། “དེ་བས་བཀྲ་ཤིས་ཀྱིས་རང་གི་མགོ་བོ་སྨད་ནས་རང་གི་གྲིབ་གཟུགས་བཙལ་ནས་བསྡད”ཅེས་དང་། “མགོ་ཁྲིད་ཚོ་ཅི་ཞིག་ལ་གྲིབ་གཟུགས་ཆེན་པོ་ཞིག་གི་འོག་ཏུ་སྒུང་ནས་འདུག་པ་ཤེས་བྱུང”ཞེས་དང་། “སྐབས་དེར། ཁོས་རང་གི་གྲིབ་གཟུགས་ཉི་འོད་ནང་དུ་ག་ལེར་འགུལ་བཞིན་པ་མཐོང་ཞིང་། ཐར་རྡོའི་འདས་རྐྱེན་ཡང་གྲིབ་གཟུགས་ཤིག་ལ་ཅིས་ཀྱང་རག་ལས་སྙམ”ཞེས་དང་། “ཁྱོད་ནི་ཉི་འོད་དང་གྲིབ་གཟུགས་ཀྱིས་ང་ལ་གནང་བ་རེད”ཅེས་དང་། “ཁྱོད་ངའི་གྲིབ་གཟུགས་ཁྲོད་དུ་སྡོད་འདོད་དམ”ཞེས་དང་།“གྲིབ་གཟུགས་ཁྲོད་དུ་སྡོད་པ་ནི་སྡུག་བསྔལ་ཞིག་ཡིན་ཨང”ཞེས་བོད་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་ཀྱང་སྒྲུང་གཏམ་ཁྲོད“གྲིབ་གཟུགས”ཞེས་པའི་ཐ་སྙད་འདི་ཐེངས་མང་པོར་བཀོད་ཡོད། ཚད་ངེས་ཅན་ཞིག་ནས་བལྟས་ན། ཁོང་གཉིས་ཀྱི་བརྩམས་ཆོས་ཁྲོད་ཀྱི“གྲིབ་གཟུགས”གཉིས་ཀྱིས་མི་གཤིས་ཀུན་སྤྱོད་དང་མིའི་བླ་སྲོག་མཚོན་པ་རེད་དེ། སྒྲུང་གཏམ་གཉིས་ཀའི་ཁྲོད་དུ། མི་རང་གི“གྲིབ་གཟུགས”ནི་མི་ཞིག་ལ་གདོད་མ་ནས་ཡོད་པའི་ནོར་བུ་ཞིག་གམ་སྒུལ་དུ་མེད་པའི་ཁེ་དབང་ཞིག་ཡིན་པས་སུས་ཀྱང་རྡོག་རྫིས་གཏོང་མི་རུང་བའི་རང་ཉིད་མཚོན་བྱེད་ཀྱི་བདེན་དཔང་བཙུན་པོ་ཞིག་གམ་ཚད་གཞི་དྲང་བོ་ཞིག་ལ་ངོས་འཛིན་བྱས་ཡོད། གནས་བབ་ཇི་འདྲའི་འོག་ཏུའང་དྲན་ཤེས་བསྟེན་ཏེ་རང་གི“གྲིབ་གཟུགས”རྨག་མེད་གཏོང་བའི་ཡིད་དཔྱོད་དག་ལ་རྒོལ་ལན་སྤྲོད་པའི་རེ་འདུན་མཚོན་ཡོད། གཞན་སྒྲུང་གཏམ་འདི་གཉིས་ཀའི་ནང་དུ། མི་སྣ་གཙོ་བོས་ཤོར་ཟིན་པའི་རང་གི་རིན་ཐང་ངམ། རང་གཤིས་སམ། རང་ཚུགས་མཚོན་བྱེད་ཀྱི“གྲིབ་གཟུགས”དེ་སླར་ཐོབ་འདོད་ཀྱི་རེ་བ་བཏོན་འདུག་སྣང་འཆར། སྒྲུང་གཏམ་འདི་གཉིས་ཀས“གྲིབ་གཟུགས”ནི་རང་གི་ཁེ་དབང་དང་རང་ཚུགས། རང་ཉིད་ཀྱི་མཚོན་རྟགས་སུ་བཀོད་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་སྙེག་མཁན་ཞིག་ཡིན་ནའང་འདྲ། དམྱལ་བར་མཆོང་མཁན་ནམ་ཡི་དྭགས་ཀྱི་ཡུལ་དུ་འཁྱར་མཁན་ཞིག་ཡིན་ནའང་ཆོག ཐམས་ཅད་མི་རང་ཉིད་ལ་རག་ལས་ཡོད་པ་མིན་ནམ་ཞེས་ཀློག་པ་པོ་རྣམས་ལ་གབ་པའི་ཚུལ་གྱིས་ལྡོག་འདྲི་ཞིག་ཀྱང་བྱས་མི་འདུག་གམ་སྙམ་སོང་། གཞན་ལེགས་ཉེས་བླང་དོར་གྱི་བློ་མིག་རྩ་ནས་ལྡོངས་པའི་མི་ལ་ད་གཟོད“གྲིབ་གཟུགས”ཡོད་མི་སྲིད་དེ། ཕྱོགས་ངེས་ཅན་ཞིག་ནས་བཤད་ན། གནད་འགག་གི་སྐབས་སུ། མི་ཞིག་གི་རང་གཤིས་བརྟན་པོ་ཡོང་ཐུབ་མིན་དེ་སེམས་ཀྱི་དཔའ་གདེང་དང་བློ་རིག་པའི་མཁས་མཛངས་ལ་རག་ལས་པ་མ་ཡིན་ནམ་ཞེས་ཀྱང་འདྲི་གཞི་རིང་མོ་ཞིག་ཡི་གེ་དང་གཏམ་རྒྱུད་ཀྱི་བར་དུ་གསོན་པོར་གནས་འདུག་སྙམ་བྱུང་། མི་ཞིག་གི་རང་བཞིན་ནམ་རང་གཤིས་དང་བླང་དོར་འབྱེད་པའི་བློ་མིག་གཉིས་ནི་ཕན་ཚུན་དམ་དུ་འབྲེལ་བ་ཞིག་ཡིན་པར་ངེས་ཏེ། བླང་དོར་གྱི་བློ་མིག་རྣོ་ལ་སེམས་ཀྱི་དཔའ་གདེང་ཆེ་བ། མཁས་མཛངས་ལྡན་པའི་མི་ཞིག་ཡིན་ཚེ་རང་བཞིན་ནམ་རང་གཤིས་བརྟན་ཞིང་བརླིང་བ་དང་ཅིག་ཤོས་དེ་ལས་ལྡོག་སྲིད་པ། དཔེར་ན། «ས་སྐྱ་ལེགས་བཤད»དུ། “དམ་པ་སྲོག་ལ་བབས་ན་ཡང་། །རང་བཞིན་བཟང་བོ་ག་ལ་འདོར། །ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་། །དེ་ཡི་ཁ་དོག་ཉམས་མི་འགྱུར། །”ཞེས་པས་ཀྱང་ཤེས་སླ་ལ། སྒྲུང་གཏམ་འདི་གཉིས་ཀའི་ཁྲོད་དུ། རང་བཞིན་མི་བརྟན་པའམ་རང་གཤིས་ངན་པའི་མིས་ནི་ད་གཟོད་རང་གི“གྲིབ་གཟུགས”ལ་འོས་མེད་བྱེད་སྲིད་པའི་གཏམ་རྒྱུད་བཀོད་པས་ཀྱང་ཤེས་ཐུབ་བོ། །
“རྩོམ་རིག་གི་མཚོན་བྱ་མི་ཁོ་ན་ཡིན་ན། ང་ཚོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཞིག་བརྗོད་བྱ་བྱས་པ་དེར་ཇི་ལྟར་གསེད་བཀྲོལ་བྱེད་དམ་ཞེ་ན། དངོས་པོ་དེ་དག་མི་དང་འབྲེལ་བ་བྱུང་ཚེ་ད་གཟོད་རྩོམ་རིག་ཏུ་འདྲེན་པ་ཡིན་ལ། རྩོམ་རིག་ཏུ་དྲངས་པའི་ཕྱི་རོལ་ཡུལ་གྱི་དངོས་པོ་རྣམས་ནི་མིས་སྤྲུལ་བ་ཡིན་པས་དེ་དག་ཀྱང་མི་ལས་མ་འདས”[1]ཞེས་པ་ལྟར་མིའི་ནང་སེམས་ནི་གསང་བ་མཐའ་ཡས་པའི་འཇིག་རྟེན་ཞིག་དང་། མིའི་ནང་སེམས་ཀྱི་འགྱུར་བའི་དབང་གིས་ཕྱི་ལུས་ངག་གི་རྣམ་པར་མངོན་པའི་མིའི་བྱ་སྤྱོད་དག་ལའང་འགྲེལ་བཤད་ཤིན་ཏུ་བྱེད་དཀའ་བོ་ཡིན་ནའང་། ད་ལྟའི་བར་མིའི་རིགས་རང་གིས་རང་གི་བྱ་སྤྱོད་ལ་བཞག་པའི་དམ་ཚིག་ཅིག་སྟེ། རྟོགས་པ་ལྷ་ལས་མཐོ་ཡང་།། སྤྱོད་པ་མི་དང་བསྟུན་དགོས།། ཞེས་པ་ལྟར། སྒྲུང་གཏམ་གཉིས་ཀའི་ནང་དུ། མི་སུ་ཞིག་ཡིན་རུང་སྤྱོད་པ་མི་ལེགས་ཤིང་རང་ཚུགས་མི་བརྟན་པའི་མི་ལ་ནི་ཡོན་ཏན་དང་རྒྱུ་ནོར་ལོངས་སྤྱོད་ཅི་ཙམ་འཛོམས་ཀྱང་ནོར་གྱིས་ཕྱུག་པའི་དུག་སྦྲུལ་བཞིན་སྐྱེ་བོ་སུས་ཀྱང་པང་དུ་མི་ལེན་པ་ལྟར་བསྒྲུབས་ཡོད། དེ་བས། གོང་གི་འཇར་མན་གྱི་སྒྲུང་འབྲིང«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པ་འདི་དང་། བོད་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི«གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་སྒྲུང་ཐུང་འདི་གཉིས་ལས་རང་ཚུགས་བརྟན་པོ་མེད་པའི་མི་ལ་དངོས་པོའི་བསླུ་བྲིད་ཐེབས་སླ་ཞིང་། དངོས་པོའི་བསླུ་བྲིད་ཐེབས་སླ་བའི་མིས་རང་གི“གྲིབ་གཟུགས”ལ་འོས་མེད་ཀྱི་འཆལ་སྤྱོད་མང་དུ་སྟོན་ངེས་པ་བརྗོད་འདུག་སྙམ།
«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པ་འདི་ལས་གཙོ་བོ་དངུལ་སྒོར་གྱི་མདུན་ནས་རང་གི་བསམ་བློ་དང་མི་གཤིས་ཀུན་སྤྱོད། མི་གཞིའི་རིན་ཐང་སོགས་ལ་འོས་མེད་བྱེད་པའི་མིའི་བྱ་སྤྱོད་ནི་ཐ་ཤལ་དང་ཡ་མ་བརླ་ཡིན་པ་བརྗོད་ཡོད་ཅིང་། ས་སྐྱ་ལེགས་བཤད་དུ། “སྐྱེ་བོ་དམ་པ་རིན་ཆེན་བཞིན། །རྣམ་པ་ཀུན་ཏུ་འགྱུར་ལྡོག་མེད། །སྐྱེ་བོ་ངན་པ་སྲང་མདའ་བཞིན། །ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད། །”ཅེས་པ་བཞིན་དངོས་པོའི་བསླུ་བྲིད་ཀྱི་མདུན་དུ་རང་བཞིན་མི་བརྟན་ཞིང་རང་གཤིས་དབྱར་གྱི་གནམ་ངོ་བཞིན་འགྱུར་ལྡོག་ཆེ་བ། རང་ཚུགས་སྲུང་མི་ཐུབ་པའི་མི་ནི་སྐྱེ་བོ་ངན་པར་བགྲང་རིགས་པས་འདིའི་རིགས་ལ་མིའི་རིགས་ཀྱིས་ངེས་པར་དུ་དོགས་ཟོན་བྱེད་དགོས་ཤིང་། མི་གཤིས་ཀུན་སྤྱོད་དང་དངུལ་སྒོར་གཉིས་ལས་མི་གཤིས་ཀུན་སྤྱོད་གལ་ཆེ་ཚུལ་དེ་སྒྲུང་གཏམ་འདིར་གལ་བོ་ཆེ་ལ་ནན་ཏན་གྱིས་བརྗོད་ཡོད་དེ། དཔེར་ན། སྒྲུང་གཏམ་འདིའི་མཇུག་ཏུ“ངའི་གྲོགས་པོ་ལགས། གལ་ཏེ་ཁྱོད་རང་མིའི་སྤྱི་ཚོགས་སུ་འཚོ་དགོས་པ་ཡིན་ན། ཁྱོད་ཀྱིས་དངུལ་སྒོར་དང་རང་གི‘གྲིབ་གཟུགས’གཉིས་ལས་ཐོག་མར་ངེས་པར་དུ་རང་ཉིད་ཀྱི‘གྲིབ་གཟུགས’ལ་གཅེས་སྤྲས་བྱེད་རོགས”ཞེས་དང་། “འོན་ཀྱང་། ‘གྲིབ་གཟུགས’ནི་གསེར་ལས་ཀྱང་རིན་ཐང་ཆེ”ཞེས་དང་། “ངས་གསེར་དངུལ་ལ་དམོད་མོ་གཏོང་གི་ཡོད། དེས་ངའི་འཚོ་བའི་རྩ་དོན་རྨང་ནས་བརླག་སོང”ཞེས་པ་སོགས་ཀྱིས་མཚོན་ཡོད་དེ། དངུལ་སྒོར་གྱི་མདུན་དུ་རང་གི“གྲིབ་གཟུགས”ལ་གས་ཆག་བྱུང་བའམ་མི་གཤིས་ལ་འགྱུར་ལྡོག་བྱུང་བ་བརྗོད་འདུག་སྙམ་ཞིང་། «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་སྒྲུང་གཏམ་འདི་བརྩམས་གྲུབ་ཀྱི་དུས་ནི«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»དང་བསྡུར་ན་དུས་རབས་གཉིས་ལྷག་གིས་འཕྱི་བ་རེད། སྒྲུང་གཏམ་འདི་ནི«པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ལྟར་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་པའི་ཉེན་ཞིབ་སྒྲུང་གཏམ་ཞིག་མིན་པར་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་ཡོད། «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པ་འདིར་གཙོ་བོ་དབང་ཆའི་མདུན་དུ་མི་གཤིས་ལ་འགྱུར་ལྡོག་དང་འདྲེད་རྡིབ་ཤོར་བ་བརྗོད་ཡོད་དེ། དཔེར་ན། “དབང་ཆ་ནི་ཕ་རོལ་བར་ཐེ་གཏོགས་བྱེད་ཆོག་པའི་ལས་ཀ་ཞིག་རེད”ཅེས་དང་། “བཀྲ་ཤིས། རྩ་འཛུགས་དང་བསྟུན་རྒྱུ་གལ་ཤིན་ཏུ་ཆེ”ཞེས་དང་།“ཚིག་འབྲུ་རེ་རེར་སྒུལ་རྒྱུ་མེད་པའི་ཤུགས་ཀྱིས་ཁེངས་འདུག སྒུལ་རྒྱུ་མེད་པའི་ཤུགས་དེ་ནི་དབང་ཆ་རེད”ཅེས་པ་སོགས་ཀྱིས་མཚོན་ཡོད། ཡང་། “འོན་ཀྱང་ད་ལྟ‘བཀྲ་ཤིས་ཁ་ཆེ’ཡིས་ཏག་ཏག་ལ་རང་གི་གོང་མཛུབ་བཀྲ་ཤིས་ཀྱི་ཕྱོགས་ལ་བཙུགས་ཏེ་ཕོ་གཞོན་ཞིང་ལས་པ་དེའི་གོང་མཛུབ་ཀྱིས་རྩིས་བརྒྱབ་པའི་ཡོང་འབབ་ཀྱི་ཁ་གྲངས་བསྣོག་པར་སྐུལ་བཞིན་ཡོད། སྐབས་དེར། བཀྲ་ཤིས་ཀྱིས་རང་གི་མཐོ་འབྲིང་གི་སློབ་གྲོགས་ཐར་རྡོ་དྲན་བྱུང་། གལ་ཏེ། ད་ལྟ་མགོ་ཁྲིད་འདི་དག་གི་མདུན་དུ་འགྲེང་ཡོད་པ་དེ་ཐར་རྡོ་ཡིན་ཚེ། ‘བཀྲ་ཤིས་ཁ་ཆེ’ཡི་ཁ་ཆེན་པོ་དེའི་ནང་དུ་ཁུ་ཚུར་རྡོ་ལོག་ལྟ་བུ་ཞིག་བབས་ཡོད་པ་ནི་ངེས་གཏན་ཡིན་སྙམ། འོན་ཀྱང་། བཀྲ་ཤིས་ནམ་ཡང་ཐར་རྡོ་ལྟ་བུ་ཞིག་འཁྱོངས་མི་སྲིད། དེ་བས་བཀྲ་ཤིས་ཀྱིས་མགོ་བོ་སྨད་ནས་རང་གི‘གྲིབ་གཟུགས’བཙལ་ནས་བསྡད”ཅེས་དབང་ཆའི་མདུན་དུ་རང་ཚུགས་སྲུང་མི་ཐུབ་པའི་མི་ལ“གྲིབ་གཟུགས”མེད་པ་སྟེ། དཔོན་ལ་མི་སྐྲག་དབང་ལ་སྐྲག་ཅེས་པ་ལྟར་དབང་ཆའི་མདུན་ནས་རང་ལ་ཡོད་ཆོག་ཆོག་གི་ཁེར་ཚུགས་ཀྱི་ཀུན་སྤྱོད་དང་མི་གཤིས་ལ་འགྱུར་བག་དང་འདྲེད་རྡིབ་ཤོར་སླ་བའི་མི་ལ“གྲིབ་གཟུགས”མེད་ཅིང་། “གྲིབ་གཟུགས”མེད་པའི་མི་ནི་གསོན་པའི་གནས་སྐབས་དེ་ཏན་ཏན་ཤི་ཟིན་པ་དང་འདྲ་བར་བརྗོད་ཡོད་དེ། “མི་ཞིག་ལ‘གྲིབ་གཟུགས’མེད་པ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་ནི་འཆི་བའི་རྣམ་པ་ཞིག་ཡིན་ཅིང་། ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་འདི་ཡལ་ནས་གར་འགྲོ་གཏོལ་མེད་ཀྱི་རྣམ་ཤེས་ཕྱི་གསལ་ནང་གསལ་དེ་ཉི་འོད་མེད་པའི་བར་དོར་འཁྱམ་པའི་རྣམ་པ་ཞིག་རེད་ཨང”ཞེས་དང་།“མགོ་ཁྲིད་ཚོ་ཅི་ཞིག་ལ་གྲིབ་གཟུགས་ཆེན་པོ་ཞིག་གི་འོག་ཏུ་སྒུང་ནས་འདུག་པ་ཤེས་བྱུང”ཞེས་དང་།“ཁྱོད་ངའི་གྲིབ་གཟུགས་ཁྲོད་དུ་སྡོད་འདོད་དམ”ཞེས་དང་།“གྲིབ་གཟུགས་ཁྲོད་དུ་སྡོད་པ་ནི་སྡུག་བསྔལ་ཞིག་ཡིན་ཨང”ཞེས་པས་མཚོན་ཡོད་པས། སྒྲུང་གཏམ་འདིའི་ནང་དུ་དབང་ཆའི་མདུན་ནས་རང་ཚུགས་སྲུང་མི་ཐུབ་པའི་མི་ལ་རང་གི“གྲིབ་གཟུགས”མེད་པ་བསྟན་ཡོད། མདོར་དྲིལ་ན། «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ཞེས་པའི་སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་བཀྲ་ཤིས་ཀྱིས་དབང་ཆའི་མདུན་ནས་རང་གི“གྲིབ་གཟུགས”བོར་བ་དང་། «པེ་ཏི་ཧྲི་ལེ་མེར་གྱི་ཁྱད་མཚར་བའི་གཏམ་རྒྱུད»ཅེས་པའི་སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་པེ་ཏི་ཧྲི་ལེ་མེར་གྱིས་དངུལ་སྒོར་གྱི་མདུན་དུ་རང་གི“གྲིབ་གཟུགས”བོར་བ་བརྗོད་འདུག
མདོར་ན། གོང་གི་རྩོམ་པ་པོ་རྣམ་གཉིས་ཀྱིས་རང་གི་བརྩམས་ཆོས་སུ་མིའི“གྲིབ་གཟུགས”བཀོད་དེ་མིའི་རང་གཤིས་དང་བསམ་བློ་ཀུན་སྤྱོད། རང་ཚུགས་བཅས་ནི་སྒོར་མོ་དང་དབང་ཆའི་མདུན་དུ་བོར་སླ་བའི་སྣང་ཚུལ་གཉིས་མཚོན་པར་བྱས་འདུག་སྙམ་མོ། །
ཟུར་མཆན།
[1] རང་སྒྲ། «རྩོམ་རིག·དཔྱད་བརྗོད·གསར་རྩོམ» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p17
འབྲེལ་ཡོད་འོས་སྦྱོར།