logo

ཚེ་རིང་དོན་གྲུབ་དང་ཁོའི་སྒྲུང་ཐུང་གིས་བྱིན་པའི་བག་ཆགས།

རྩོམ་པ་པོ།:བཙུན་པོ་དོན་འགྲུབ། ཡོང་ཁུངས།:«གསེར་ཉ» དུས་ཚོད།:2023-03-17 ཀློག་གྲངས།:
གཅིག
       ཚེ་རིང་དོན་གྲུབ་ནི་རང་ལོ་ཉི་ཤུ་སྟེ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྟོད་ཙམ་དུ་གསར་རྩོམ་གྱི་ལས་སུ་ཞུགས། དེ་ནས་བརྩིས་ན་ད་ནི་ཁོང་གིས་རྩོམ་བྲིས་ནས་ལོ་སུམ་ཅུ་ལྷག་འགོར་ཟིན་ཅིང་། དུས་འདི་འདྲ་ཞིག་ཏུ་ཁོས་སློབ་སྦྱོང་དང་། ཚོད་ལྟ། ཧུར་བརྩོན། རྒྱུན་འཁྱོངས། གསར་གཏོད་དང་བཅས་ལས་ཞོར་གྱིས་སྒྲུང་གཏམ་གཙོས་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་བྲིས་ཏེ་སྤེལ་བས། ཁོ་ནི་བོད་ཡིག་གིས་རྩོམ་ལ་འཇུག་པའི་དེང་རབས་ཀྱི་རྩོམ་པ་པོ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་པར་དེང་གི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་སྐྱེས། བྱིས་པའི་དུས་སུ་ཁྱིམ་ནས་འབྲི་ཀློག་བསླབས་ཤིང་ལོ་བཅུ་གསུམ་ལ་སོན་རག་བར་ཕ་ཡུལ་དུ་ཕྱུགས་འཚོས་ཏེ་བསྡད། རྗེས་སུ་རྫོང་དེ་གའི་སློབ་ཆུང་དང་སློབ་འབྲིང་རིམ་བཞིན་འགྲིམས་ཐུབ་པ་བྱུང་། ཁོའི་སྐྱེས་ཡུལ་རྨ་ལྷོ་སོག་རྫོང་ནི་བོད་སོག་རིག་གནས་སིམ་འདྲེས་བྱུང་ཐོག་འབྲོག་པའི་རྒྱུན་སྲོལ་གཤིས་ལུགས་ལ་བརྟེན་ནས་འཚོ་ཞིང་གནས་པའི་ཡུལ་གྲུ་ཞིག་ཡིན་ཏེ། ཁོད་ཡངས་པའི་རྩྭ་ཐང་དང་དེར་བརྟེན་གྱི་སེམས་ཅན་ཀུན། ད་དུང་རྒྱང་དུ་འཐེན་པའི་རྩེ་ཆུ་རིང་མོ་སོགས་ཀྱིས་རྨ་ལྷོ་སོག་རྫོང་གི་རང་བྱུང་ཁོར་ཡུག་གྲུབ་པར་མ་ཟད། སྤྱི་ཚོགས་ཁོར་ཡུག་དང་རིག་གནས་ཁོར་ཡུག་བསྐྱེད་པའི་རྨང་གཞི་ཡང་དེས་བྱས་སྟབས། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་དག་གི་ནང་དུ་རྩེ་གཞུང་དང་རྩེ་ཆུ། ཡང་ན་དེ་དང་འབྲེལ་བའི་ཁོ་ར་ཁོར་ཡུག་དང་འཚོ་བའི་གནས་སྟངས་བཅས་ཡང་ཡང་མངོན་འོང་གིན་འདུག་ཅིང་། ཁོས་ཀྱང་རྟག་པར་རང་གི་བརྩམས་ཆོས་སུ་འབྲོག་ཁུལ་གྱི་འཚོ་བ་མཚོན་པར་འབད་ཅིང་འབུང་གིན་འདུག་པས། གནས་དེ་ནི་ཁོའི་རྩོམ་རིག་བརྩམས་ཆོས་དག་གི་རྟེན་གཞིར་གྲུབ་འདུག དེ་བས་ཁོའི་སྒྲུང་གཏམ་ཁྲོད་ཀྱི་ཡུལ་གཙོ་བོ“རྩེ་གཞུང”ལ་ཕ་ཡུལ་རྩེ་གཞུང་རྩྭ་ཐང་གི་ཁ་དོག་འགོས་ཡོད་པ་སྨོས་ཅི་དགོས།འོན་ཀྱང་དེ་ཁོ་ན་ཙམ་ཡང་མ་ཡིན་ཏེ། སྒྲུང་གཏམ་ནང་གི་ཆེ་རྒྱུ་མེད་པའི“རྩེ་གཞུང”ནི་རྩོམ་པ་པོ་ཁོང་གིས་བཞེངས་སྐྲུན་བགྱིས་པའི་རྟོག་བཏགས་ཀྱི་གནས་ཡུལ་ཞིག་ཏུ་ངེས་ཤིང་། དེ་ལས་ང་ཚོས་མདོ་དབུས་མཐོ་སྒང་དུ་གནས་པའི་འབྲོག་རུ་ཆུང་ངུ་ཞིག་གམ་ལྷག་པར་ཨ་མདོའི་འབྲོག་ཁུལ་གྱི་བསྡུས་གཟུགས་ཤིག་མཐོང་ཐུབ་སྙམ།
       ཀྲུང་གོར་མཚོན་ན་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནི་ཤིན་ཏུ་ནས་གལ་ཆེ་བའི་དུས་སྐབས་ཤིག་ཡིན་ཏེ། ལོ་བཅུའི“རིག་གནས་གསར་བརྗེའི་ཆེན་མོ”མཇུག་རྫོགས་ཤིང་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་མང་པོ་ཞིག་ནས་ལྷུག་གྲོལ་དུ་སོང་བ་དང་བསྟུན། ལམ་ཕྱོགས་གསར་པ་ཞིག་ཏུའང་རིམ་གྱིས་གོམ་ཁ་སྤོ་མགོ་བརྩམས་པས་དེ་ལ་ཀུན་གྱིས་དུས་སྐབས་གསར་པ་ཞེས་ཀྱང་འབོད། ཏག་ཏག་སྐབས་དེར་ཀྲུང་གོ་ཡོངས་ལ་བསམ་བློའི་ཡོ་ལང་ཆེན་པོ་ཞིག་བྱུང་ཞིང་རྩོམ་རིག་གི་ཐད་ནས་སྔར་གྱི་རྨང་གཞིའི་སྟེང་འབྲས་བུ་གསར་པ་མང་དུ་འཕེལ། བོད་ཀྱི་རྩོམ་རིག་གསར་པའང་ཏག་ཏག་དེ་དུས་མགོ་བརྩམས་ལ། ཚེ་རིང་དོན་གྲུབ་ཀྱང་ཕལ་ཆེར་དེ་ཤེད་ནས་བཟུང་གསར་རྩོམ་གྱི་ལས་སུ་ཞུགས་ནས་དེར་གཞོལ་བ་ཡིན་ཏེ། དེ་དུས་ཁོས་རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་རུ་སློབ་གཉེར་བྱེད་ཀྱིན་ཡོད་ཅིང་། མཐར་ཕྱིན་ལ་ཉེ་དུས་སྒྲུང་གཏམ་ཐོག་མ«བཀྲ་ཤིས་གཉེན་སྒྲིག»(1982)ཞེས་པ་བྲིས་ཏེ་ཕྱི་ལོར་དུས་དེབ་སྟེང་སྤེལ་བ་ནི་ཁོའི་སྒྲུང་གཏམ་ཐོག་མ་ཡིན། རྗེས་སུ་ཁོས«གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང»(1983)དང་། «ལམ»(1984) «ལྷ་བ་འདྲེ་སྟོན»(1984) «ལེགས་ཉེས་འབྱེད་པའི་གཏན་ཚིགས»(1984)སོགས་སྒྲུང་ཐུང་འགའ་བསྟུད་མར་བོད་ཡིག་གི་དུས་དེབ་ཏུ་སྤེལ་བས། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་རྩ་བ་ཚུགས་ཐུབ་པར་གྱུར། ཕྱིས་ཀྱི་ལོ་འགའ་ཤས་རིང་ཁོས་བྲིས་པའི་སྒྲུང་གཏམ་དག་ནི་གཏམ་རྒྱུད་ཀྱི་འཆད་སྟངས་དང་། ནང་གི་སྒྲིག་གཞི། འཆད་པའི་དོན་རྩ་སོགས་ལ་ཐུན་མོང་གི་ཆ་ཅུང་མང་སྟེ། «ལང་ཚོ་མའི་མིག་ཆུ»(1986) «བུད་མེད་ལས་བྱེད་ཅིག་གི་ཉིན་གང་།»(1987) «མེད»(1988)སོགས་སྔ་རྟིང་དུ་བྱུང་བ་ནི་སྔོན་གྱི་དེ་དག་དང་འདྲ། དེ་མཚུངས་སུ་ཚེ་རིང་དོན་གྲུབ་ཀྱིས«Dསྡེ་བའི་ཀླན་ཀ»(1988)དང«ཡུགས་མོ»(1988)ལྟ་བུའི་རྒྱ་ཡིག་གི་སྒྲུང་གཏམ་ཀྱང་རེ་གཉིས་བྲིས་ཏེ་དུས་དེབ་ཏུ་སྤེལ།དེ་ལྟར་ལོ་ཤས་རིང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ་དག་ལ་བྱུང་རིམ་དང་བྱུང་རིམ་ཕྲ་མོར་ཁྱད་པར་ཅུང་མཆིས་ཀྱང་། སྒྲུང་གཏམ་གྱི་སྤྲོས་བརྗོད་ནང་དོན་དང་ཐབས་ལམ། དེ་ལས་མངོན་པའི་རྩོམ་གཤིས། བརྗོད་བྱ་འདེམ་སྒྲུགབརྗོད་སྙིང་མཚོན་སྟངས་བཅས་ཀྱི་ཐད་གཅིག་མཐུན་གྱི་ཆ་ཞིག་ཡོད་པ་ནི། ཁོའི་སྒྲུང་གཏམ་དག་གི་ནང་དུ་སྤྱི་ཚོགས་དགག་བཞག་གི་འདུ་ཤེས་ཟབ་མོ་ཞིག་ཡོད་པ་དེ་རེད།
གཉིས།
       ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཕལ་མོ་ཆེ་ནི་སྤྱི་ཚོགས་ཀྱི་གནད་དོན་འབུར་དུ་མཚོན་པར་བྱེད་པ་དག་ཡིན་ལ།དེ་ལས་ཀྱང་སྤྲེལ་ལད་དང་། རུལ་སུངས། འཐོམ་སྦྲིད། ཕྱོགས་རིས་སོགས་འཚོ་བ་ནང་གི་ཚུལ་མིན་རུང་མིན་གྱི་དོན་ངན་གཤིས་ངན་དག་གི་མཚང་མཐིལ་བརྟོལ་བར་འཇུག་པ་མང་། འདི་ནི་ཁོ་རང་རྩོམ་གྱི་ལས་ལ་ཞུགས་པ་ནས་བཟུང་ད་ལ་ཐུག་གི་བར་དུ་རྒྱུན་བསྐྱངས་དང་སྐྱོང་གིན་པའི་གསར་རྩོམ་གྱི་རྣམ་འགྱུར་ཞིག་ཀྱང་རེད། དཔེར་ན། གོང་སྨོས་ཀྱི་སྒྲུང་གཏམ་དེ་དག་མ་ཟད། ཕྱིས་སུ་བརྩམས་པའི་སྒྲུང་ཐུང«དམངས་རབ་ཏུ་དགའ་བའི་ཟློས་གར»(1995)དང«མཱ་ཅང»(1996) «འབུམ་སྐྱབས»(2009)སོགས་ཀྱང་རྩོམ་པ་པོའི་རྣམ་འགྱུར་དེ་འདྲས་བསྐྱེད་འབྲས་སུ་འཁུམས་ཏེ། སྒྲུང་གཏམ་དེ་དག་ལས་འཕྲལ་གྱི་ཕན་གནོད་ཙམ་ལ་མགོ་འཁོར་བའི་རྨོངས་བློ་དང་། མིའི་བརྣབ་སེམས་དང་ཚུལ་འཆོས། ཧམ་སེམས་དང་ངན་མཚང་སོགས་ལ་དགག་འདུག་པ་རྗེན་ནེར་མཐོང་ཐུབ་ཅིང་། དབང་ཤུགས་དང་རྒྱུ་སྟོབས། གཡོ་ཐབས་དང་ལྐོག་ཇུས་སོགས་ལ་བརྟེན་ནས་རང་གི་འདོད་དོན་འབའ་ཞིག་གཉེར་བའི་སྣང་བརྙན་དག་ལ་སུན་ཕྱུང་འདུག་པའང་གསལ་ལེར་རིག་ཐུབ།
       ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། དེ་ལས་འབྲོག་མི་དཀྱུས་མ་དག་གི་དཀའ་སྡུག་དང་། བརྩེ་སེམས། དྲང་བདེན། དད་མོས། འུ་ཐུག་སོགས་དང་། ཡང་ན་དེ་ཚོའི་གཤིས་རྒྱུད་ཀྱི་ཟུར་ངོས་དང་། སེམས་ཁོང་གི་ཚོར་འདུ། འཚོ་གནས་ཀྱི་དཀའ་སྡུག་དང་འཚོལ་སྙེག ཡང་ན་དེ་ལས་ལྡོག་པའི་ཡིད་ཕམ་དང་སྨྲེང་སྐྱོ་སོགས་ཀྱང་མཐོང་ཐུབ་པ་དེ་ཡིན། དཔེར་ན། «རེ་ཆད»(1988) «ཁྱི་རྔ་མེད»(1994) «སྤྱི་འགྲོས་ཤིག»(2000) «བཙུན་ཡག»(2003) «དགྲ་ཤ་ལེན་པ»(2005) «སྣ་གཅུ»(2008) «གཅེན་གཅུང»(2008)སོགས་ནི་ཏག་ཏག་དེའི་སྐོར་ཡིན་ཏེ། «བཙུན་ཡག»ལྟ་བུས་མིའི་སེམས་ཁོང་གི་ཉིས་འགལ་གྱི་སེམས་པ་བསྟན་པ་ལ། སྒྲུང་གཏམ་དེར་བཙུན་པ་བྱད་ཡག་དགེ་འདུན་རྒྱ་མཚོའི་སེམས་ཁམས་ལྟེ་བར་བཟུང་ནས་མི་སྣ་དེའི་སེམས་ཀྱི་འཇིགས་སྐྲག་དང་། ཐེ་ཚོམ། བློ་འགྱོད། ཉིས་འགལ་སོགས་ཀྱི་ཚོར་བ་དག་ལེགས་པོར་བྲིས་ཡོད་པར་མ་ཟད། རྩྭ་ས་རྩོད་གླེང་དང་སྤྲུལ་སྐུའི་ལམ་ལུགས་གཉིས་གཙོས་པའི་སྤྱི་ཚོགས་ཀྱི་གནད་དོན་འགའ་ཡང་བརྗོད་གཞིར་བཟུང་ནས་བསམས་གཞིག་བགྱིས་འདུག ཡང«སྣ་གཅུ»ལྟ་བུས་མི་སྣ་གཙོ་བོ་གདུག་དཀར་ཚེ་རིང་གི་བརྣབ་སེམས་དང་དེ་ལས་བྱུང་བའི་འོས་མིན་གྱི་འཆར་བཀོད།བདེན་རྫུན་གྱི་འགལ་འདུའི་བར་ནས་བྱུང་བའི་བློ་འགྱོད། མཐའ་མའི་དྲང་བདེན་གྱི་ལས་ཀ་དང་ཡར་བརྩོན་གྱི་སེམས་པ་བཅས་བརྗོད་འདུག་པ་ལྟ་བུའོ།།
གསུམ།
       ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་མང་ཤོས་ནི་ཡིག་ཚོགས་ཉུང་ཞིང་བསྡུས་ནའང་། དོན་དྲིལ་ཞིང་གནད་ལ་ཁེལ་བ་ཞིག་འཁྱོངས་འདུག་པས་ངོས་གཙང་ཉིང་བསྡུས་ཤིག་གམ་ཚགས་དམ་ཞིང་གྲིམ་ལ་ལྡེམ་ཤུགས་དང་ལྡན་པ་ཞིག་ཏུ་གྲུབ་འདུག་སྙམ། དེ་ཡང་འདིར་བཤད་པའི་ཚགས་དམ་ཞིང་གྲིམ་ལ་ལྡེམ་ཤུགས་དང་ལྡན་ཞེས་པ་ནི་ཡིག་ཚོགས་ཀྱི་མང་ཉུང་ཞིག་དང་བརྗོད་དོན་གྱི་རྒྱ་ཆེ་མིན་ཞིག་གི་སྟེང་ནས་བཤད་པ་མིན་པར་ནང་རོལ་གྱི་སྒྲིག་སྲོལ་ཞིག་གི་ངོས་ནས་གླེང་བ་ཡིན་ཏེ། སྒྲུང་ཐུང་གི་ཐུང་བའི་ངོ་བོ་གཞིར་བཞག་གི་ཐོག་གཏམ་རྒྱུད་ཡག་པོ་དང་བ་འདྲེན་ཞིང་ཡིད་སེམས་སྐྱོམ་ནུས་པ་ཞིག་བྲིས་ཡོད་པས་སོ།། གལ་ཏེ་སྒྲུང་འབྲིང་དང་སྒྲུང་རིང་ནི་ཤོང་ཚད་ཆེ་ཞིང་བར་སྟོང་ཡངས་པ་ཞིག་ཡིན་ན་སྒྲུང་ཐུང་ནི་དེ་འདྲ་ཞིག་མིན་པར་སྒྲིག་སྲོལ་ངེས་ཅན་ཞིག་གི་སྟེང་ན་ཡོད་པ་མ་ཡིན་ནམ་སྙམ།དཔེར་ན། ཡིག་འབྲུ་ལྔ་བརྒྱ་ལྷག་ལས་མེད་པའི«ཞོ»(1996)དང«ཟླ་བའི་གཏམ་རྒྱུད»(1996)ལྟ་བུར་གཏམ་རྒྱུད་སྤྲོ་ཞིང་མཚར་བ་ཡིད་འཕྲོག་པ་ཞིག་ཡོད་པར་མ་ཟད། དེ་ནི་གོང་བུ་གཅིག་ཏུ་བསྒྲིལ་ཞིང་གནད་ཆུམས་པ་ཞིག་ཡིན། ཡང་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ལས་འགའ་ཤས་ཤིག་གི་ནང་དུ་འཚོ་བའི་ནང་གི་དོན་དག་ཙག་ཙིག་ཅིག་ལས་བཀོད་མེད་ཀྱང་། དེ་ནི་ཐབས་སྣ་ཚོགས་ཀྱིས་མཚོན་ཞིང་བརྗོད་སྙིང་འབུར་ཐོན་དུ་བཏང་འདུག་པས་བྲོད་སེམས་སྤེལ་བར་བྱེད་ནུས་ཏེ། «སྤྱི་འགྲོས་ཤིག»ཏུ་སྒྱུ་འཕྲུལ་གྱི་ཐབས་སྤྱད་དེ་འཕེལ་མེད་སོར་གནས་ཀྱི་འཚོ་བ་ཞིག་བརྗོད་གཞིར་བཟུང་ནས་བྲིས་འདུག་པ་དང་། «ཆེས་མཇུག་མཐའི་ཕ་མ་སྙོར་སྐྱོང་བྱེད་མཁན»(2009)དུ་ཁ་བརྡའི་འགྲེམ་སྟོན་གྱི་ཐབས་བཀོལ་ནས་འགྱུར་གྱིན་པའི་གོམས་སྲོལ་ཞིག་བསྟན་འདུག་པ་ལྟ་བུའོ།། དེ་ཡང་སྒྲུང་གཏམ་འདི་དག་ནི་འཚོ་བའི་ཐག་ཉེ་ས་ནས་ས་བོན་བླངས་ཤིང་དེ་ལ་ལས་སྣོན་བྱས་ཏེ་གྲུབ་ཅིང་། ཁོད་ཡངས་ཟབ་བརླིང་གི་འཚོ་བའི་གཏིང་རིམ་ནས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་འཚོ་བའི་ཟུར་ཆུང་ངུ་ཞིག་བསྟན་པའང་རེད།
       ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ལས་ཅུང་མི་འདྲ་བ་ནི། «དམངས་རབ་ཏུ་དགའ་བའི་ཟློས་གར»ཡིན་ཏེ། སྒྲུང་ཐུང་འདིའི་སྟེང་ན་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་འཛོམས་ཡོད་ལ། རྩོམ་པ་པོ་ཁོ་རང་གིས་རྩོམ་རིག་སྲོལ་རྒྱུན་རྒྱུད་འཛིན་དང་གསར་གཏོད་བྱས་པའི་འབྲས་བུ་ཙམ་མ་ཟད། བོད་ཀྱི་དེང་རབས་རྩོམ་རིག་གིས་དམངས་ཁྲོད་རྩོམ་རིག་ལས་འཕེལ་ཤུགས་བླངས་ཡོད་པའི་མཚོན་རྟགས་ཀྱང་ཡིན། སྒྲུང་གཏམ་འདི་ཉིད་ནི་གེ་སར་སྒྲུང་གི«དམྱལ་གླིང་མུན་པ་རང་གསལ»ཞེས་པའི་སྒྲུང་དཔེ་དང་ཆ་འདྲ་བས་ན། སྒྲུང་གཏམ་འདིས་གེ་སར་སྒྲུང་གཙོས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་ཡོད་པའི་ཁྱད་ཆོས་མང་པོ་ཞིག་རང་བཞིན་གྱིས་རྒྱུད་འཛིན་བྱས་འདུགདཔེར་ན། སྒྲུང་ཐུང་དེའི་ནང་དུ་ཡོད་པའི་ལྷ་སྒྲུང་གི་གྲུབ་ཆ་དང་། ཚིག་སྦྱོར་སྤེལ་སྟངས།མི་སྣའི་སྣང་བརྙན་ལྟ་བུའོ། །ཡང་ཕྱིས་སུ་ཁོས་བརྩམས་པའི«མ་ཎི་ཚར་གཅིག»(2008)ཅེས་པའི་སྒྲུང་གཏམ་དེར་ཡང་མདོ་སྨད་དུ་ཁྱབ་ཡོད་པའི་དམངས་སྒྲུང་ཞིག་གི་ནང་དོན་ཡོད་སྟབས། དེ་ལའང་དམངས་རྩོམ་གྱི་ཁྱད་ཆོས་དོད་པོ་ཞིག་མཆིས། གཞན་ཡང་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ནང་བོད་ཀྱི་གཏམ་དཔེ་དང་ཁ་དཔེ་ཡིས་ཕྱུག་ཅིང་། དེ་དག་ཀྱང་འབྲོག་ཁུལ་གྱི་འཚོ་བའི་མངར་དང་བཅུད་ཀྱིས་ཁེངས་ནས་ཡོད་སྟབས་འབྲོག་ཁུལ་གྱི་འཚོ་བ་དང་ཁ་ཐག་ཉེ་ལ། དེས་དེ་འབྲེལ་གྱི་འཚོ་བ་དང་། མི་སྣ། གནས་སྟངས་སོགས་མཚོན་པར་སྟོབས་ཤུགས་ཐུན་མིན་ཞིག་ཐོན་ཡོད་པར་མ་ཟད། བོད་སྐད་ཀྱི་གཤིས་ལུགས་ངོ་མ་དང་ཉེ་བར་བཅར་བའི་ཚིག་གི་སྦྱོར་བ་དང་དཔེ་དོན་སོགས་ཀྱི་ཆ་ནས་འབུར་དུ་ཐོན་པར་བཟོས་འདུག་པས། དེ་ནི་ཏག་ཏག་སྐད་ཆའི་རྨང་གཞིའི་ལེགས་པོ་ཞིག་ལ་བརྟེན་པའི་སྒྱུ་རྩལ་གྱི་ཆ་ཡིན།
བཞི།
       ཚེ་རིང་དོན་གྲུབ་ཀྱི་རྩོམ་རིག་ལག་ལེན་ཁྲོད་ཟུར་ཟ་ནི་ཐབས་རྩལ་གལ་ཆེན་ཞིག་ཡིན་ཏེ། བརྗོད་དོན་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་ཐབས་རྩལ་དེ་དང་འབྲེལ་ནས་ཡོད། ཁོའི་སྒྲུང་ཐུང་མང་པོ་ཞིག་གི་ནང་དུ་ཟུར་ཟ་ལས་བྱུང་བའི་ཉམས་འགྱུར་ནི་མི་སྣའི་སྟེང་ནས་མངོན་པ་དང་། བྱུང་རིམ་གྱི་ཕྱོགས་ནས་མངོན་པ། སྐད་ཆའི་ཐད་ནས་མངོན་པ། སྒྲིག་གཞིའི་ཆ་ནས་མངོན་པ་དང་བཅས་དེས་ཀློག་པ་པོ་དག་ལ་ཤེས་མེད་ཚོར་མེད་ངང་གད་མོ་རེ་སློང་ངེས་ཤིང་། ཀྱལ་ཀ་དང་ཀུ་རེས་བརྟས་པའི་རྩེད་མཚར་གྱི་ཐ་སྙད་དང་སྨྲ་བརྗོད་སོགས་ནི་ཚིག་གི་བར་གསེང་རེ་རེ་ནས་གསང་སྟབས་ཀྱིས་མངོན་ཅིང་འོངས་པ་དེ་ནི་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་སྤྱིའི་ཁྱད་ཆོས་ཤིག་ཀྱང་ཡིན། ཏག་ཏག་ཉམས་འགྱུར་དེ་འདྲ་ཞིག་བདོག་པས། ཁོའི་སྒྲུང་གཏམ་དག་ཏུ་སྦས་ཏེ་ཡོད་ཅིང་བསམ་གཞིག་གི་སྒོ་འཕར་འབྱེད་པར་ནུས་པའི་ཤུགས་བསྟན་གྱི་དོན་ཕྲ་མོ་དག་ཀྱང་འཕྲིག་པར་འགྱུར་འགྲོ།
       སྐད་ཆར་ལྷད་མེད་ཅིང་གྲལ་དག་ལ་སྡེབ་ལེགས་པ་ཞིག་འཁྱོངས་པའི་རྨང་གཞིའི་སྟེང་། ཁ་ནས་གད་མོ་དགོད་ཞོར་ངུ་སྙིང་སྐྱེ་བའི་ཁ་མཚར་ཞིག་འགྲུབ་པར་བྱེད་རྒྱུ་ནི་ཚེ་རིང་དོན་གྲུབ་ཀྱིས་སྒྲུང་གཏམ་གྱི་སྐད་ཆར་བཟུང་བའི་རྣམ་འགྱུར་ཡིན་ལ། ཁོའི་སྒྲུང་གཏམ་གྱི་ཁྱད་ཆོས་ཀྱང་ཡིན། དེ་ནི་ཁོའི་སྒྲུང་ཐུང་དག་གི་ནང་དུ་བཀོད་པའི་དོན་དག་མང་པོ་ཞིག་ནི་དགོད་བྲོ་བ་དང་ཁྱད་མཚར་བོ། སྐྱིད་སྣང་དང་སྡུག་སྣང་མཉམ་དུ་བསྲེས་ཤིང་སྤྲོ་སྣང་དང་སྐྱོ་སྣང་གཅིག་ཏུ་འཐིམ་པ་ཅན་ཡིན་ཏེ། སྐྱོན་མཐའ་དག་བག་ཚ་མེད་པར་ཐེར་འདོན་བྱེད་པའི་རྣག་ཐོག་ཁབ་གཙགས་ཤིག་ཀྱང་ཡིན་ལ། དེ་དག་ནི་སྐད་ཆའི་བར་གསེང་ནས་གསང་སྟབས་དང་མངོན་ཆུང་གིས་ཕྱིར་བུད་ནས་རང་བཞིན་གྱིས་གད་མོ་འཆོར་དུ་འཇུག་པ་ཞིག་ལས་བཙན་གྱིས་དགོད་ཁ་སློང་བ་ལྟ་བུ་ཞིག་མིན་སྟབས་གློ་བུར་གློ་བུར་དུ་ཡིད་ཀྱི་ཚོར་བ་སྐྱོམ་པར་བྱེད་ངེས་ཤིང་། དེས་དགོད་ཁ་དང་སྙིང་རྗེ། ཁོང་ཁྲོ་དང་སྐྱོ་སྣང་སོགས་ཀྱང་དུས་མཉམ་དུ་སློང་བར་བྱེད་ཐུབ་ཕྱིན།དེ་ཡང་སྐད་ཆའི་ནུས་སྟོབས་ཤིག་ལོས་ཡིན་བསམས། དེར་མ་ཟད་ཁོའི་སྒྲུང་གཏམ་དག་གི་ནང་དུ་དགོད་ཁ་སློང་བའི་ཨ་ཙ་རའི་རྣམ་འགྱུར་རམ་སྟངས་སྟབས་སོགས་བྲིས་པ་འཚམ་ཞིང་རན་ལ། སྒྲུང་གཏམ་གྱི་བྱུང་རིམ་འཕལ་ཀ་འཕྲོད་ཅིང་འགྲིག བྱུང་རིམ་དུ་འཁོད་པའི་འགལ་འདུའི་བསྣོལ་སྡེབ་འོས་ཤིང་མཐུན། སྡུད་སྟོབས་དང་མཚོན་སྟོབས་ཀྱང་ཆེ་བར་མ་ཟད། སྟེས་དབང་གིས་གཏམས་པའི་བྱུང་རིམ་དག་གི་ནང་དུ་ངེས་པར་འབྱུང་སྲིད་པ་དེ་དག་ཀྱང་སྐུང་སྦེད་ཀྱི་ངང་གནས་ཏེ་ཡོད། ད་དུང་བློ་ཡུལ་ལས་འདས་པའམ་གློ་བུར་ངང་ཁ་ཕྱོགས་གཞན་ཞིག་ལ་འཁོར་འགྲོ་བའི་མཇུག་བསྡུ་སྟངས་བཅས་ཀྱིས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ལ་ཐུང་ཞིང་མཚར་བའི་ཁྱད་ཆོས་འཛོམས་པར་བྱས་པས། སྒྲུང་ཐུང་རེ་འགའ་ནི་གདོས་ཆེ་བ་ཞིག་ཏུ་གྲུབ་ཅིང་དེས་ཀློག་མཁན་གྱི་བློ་ཁའང་ཐབས་ཀྱིས་འབྲིད་ནུས་སོ།། ཡིན་ཡང་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཚང་མ་ནི་དེ་ལྟར་མིན་ཏེ། བརྗོད་བྱ་རྗོད་བྱེད་སོགས་ཀྱི་ངོས་ནས་ཡག་པོར་གྲུབ་མེད་པའང་རེ་འགའ་མཆིས། ལྷག་ཏུ་ཐོག་མར་གསར་རྩོམ་ལ་ཞུགས་དུས་ཀྱི་སྒྲུང་ཐུང་འགའ་ཞིག་ནི་བྱུང་རིམ་རྩིང་རགས་ཅན་དུ་སོང་ཞིང་ཞུན་ཐར་མ་ཆོད་པའི་སྐད་ཆས་བསླད་པ་སོགས་ཀྱི་ཞན་ཆ་འགའ་རེ་འདུག གང་ལྟར་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ནི་བོད་ཀྱི་དེང་རབས་སྒྲུང་ཐུང་ལས་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས། མ་འོངས་པའི་ཁོའི་སྒྲུང་ཐུང་དག་གིས་སྔར་ལས་བཟང་བའི་འབྲས་བུ་བླངས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཟབ་ཁྱད་ཐོན་པ་ཞིག་ཏུ་འགྲུབ་པའི་སྨོན་འདུན་ཞུའོ།།

ཉི་ཧོང་གི་དུས་དེབ«གསེར་ཉ»དེབ་བཞི་པ་ལས།
འབྲེལ་ཡོད་འོས་སྦྱོར།