logo

ཉེ་བའི་ལོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གླེང་བ།

རྩོམ་པ་པོ།:བསེ་ཆང་སངས་རྒྱས་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-27 ཀློག་གྲངས།:
ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གྱི་བརྗོད་བྱའི་གྲུབ་སྟངས་ལ་དཔྱད་པ།
                                  —«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས(2010—2019)»ལས་ལྷུག་རྩོམ་གྱི་དེབ«ཕུགས་འདུན»གཞིར་བཟུང་ནས་གླེང་བ།
བསེ་ཆང་སངས་རྒྱས་དོན་གྲུབ།

གླེང་གཞི།
       བོད་ཀྱི་དེང་རབས་རྩོམ་རིག་སྤྱིའི་གནས་སྟངས་ལ་བལྟས་ན། ལྷུག་རྩོམ་གྱི་གསར་རྩོམ་དང་ཞིབ་འཇུག་གཉིས་ཀྱི་ཆར་བརྩམས་སྒྲུང་དང་སྙན་ངག་གཉིས་དང་བསྡུར་ན་ཅུང་ཟད་རྗེས་སུ་ལུས་པའི་རྣམ་པ་ཤར་ཡོད། ལྷུག་རྩོམ་གྱི་བྱེ་བྲག་གི་གནས་ཚུལ་ལ་བརྟགས་ན། གསར་རྩོམ་གྱི་ཐད་ནས་རང་སྟེང་ན་དལ་མོར་འཕེལ་རྒྱས་འགྲོ་བཞིན་འདུག་མོད། ཞིབ་འཇུག་གི་ཕྱོགས་ནས་སྔར་བཞིན་ཉག་ཕྲ་བའི་གནས་སུ་ལུས་ཡོད། སྒོས་སུ་ཉེ་བའི་ལོ་ངོ་བཅུའི(2010—2019)རིང་གི་ལྷུག་རྩོམ་གྱི་ཞིབ་འཇུག་གནས་བབ་ལ་གཞིགས་ཚེ་ཞིབ་འཇུག་གི་གྲུབ་འབྲས་ཉུང་ཞིང་ཞིབ་འཇུག་གི་སྟོང་ཆ་སྔར་བཞིན་ཆེའོ། །[1]
       གལ་སྲིད་ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གྱི་བརྗོད་བྱའི་ནང་དོན་ལ་ཅི་ཞིག་བྲིས་ཡོད་པ་དང་སྒྱུ་རྩལ་མཚོན་ཐབས་གང་གིས་མཚོན་ཡོད་པ་ལ་སོགས་པའི་ཆེས་སྤྱིར་བཏང་གི་དྲི་བ་རེ་བཏོན་ཚེ། ཡུན་རིང་གི་རྒྱུས་ལོན་དང་ཆེད་དུ་ཞིབ་འཇུག་མེད་ཚེ་ཕལ་ཆེར་འོས་འཚམ་གྱི་ལན་ཞིག་འདེབས་དཀའ་བར་སྣང་། དེ་ལྟ་བུ་ནི་ལྷུག་རྩོམ་དང་བཅས་པའི་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་གི་གནས་བབ་དངོས་ཀྱང་རེད། དཔྱད་རྩོམ་འདིར་གོང་གི་ཆེས་སྤྱིར་བཏང་གི་དྲི་བ་དེ་གཉིས་ལས་ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་ཀྱི་བརྗོད་བྱའི་ནང་དོན་ལ་ཅི་ཞིག་བྲིས་ཡོད་པའི་སྐོར་དམིགས་སུ་བཟུང་ཞིང་།[2] དེ་ཡང་རྩོམ་པ་པོ་ལྔ་བཅུའི་ལྷུག་རྩོམ་ལྔ་བཅུ་དཔྱད་གཞིར་དྲངས་ནས་དེ་དག་གི་བརྗོད་བྱར་རིགས་དབྱེ་དང་སྤྱི་སྡོམ་གྱི་སྒོ་ནས་གླེང་བར་བྱའོ། ། དཔྱད་གཞིར་དྲངས་པའི་ལྷུག་རྩོམ་ལྔ་བཅུ་ནི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས(2010—2019)»ལས་ལྷུག་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ«ཕུགས་འདུན»ཁྲོད་བདམས་པའི་ལྷུག་རྩོམ་བཞི་བཅུ་ཞེ་བདུན[3]དང་དེའི་ཁ་སྣོན་དུ་ལྷུག་རྩོམ་གཞན་གསུམ་བཞག[4]ནས་གྲུབ་པར་བྱས་ཡོད།
དང་པོ། གནས་མཇལ་མྱོང་ཚོར་དང་ལོ་རྒྱུས་རིག་གནས།
       ཉེ་བའི་ལོ་ངོ་བཅུའི་རིང་བོད་ཀྱི་ལྷུག་རྩོམ་གྱི་ཁྲོད། དགོན་རྙིང་དང་གནའ་མཁར། བང་སོ་སོགས་ལ་གནས་མཇལ་ལམ་ཡུལ་སྐོར་དུ་ཕྱིན་པའི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས། ལོ་རྒྱུས་ཀྱི་དན་རྟགས་སུ་གྱུར་པའི་གནས་ག་གེ་མོའི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་། ད་ལྟའི་གནས་བབ་ལ་ལྟ་ཞིབ། ལོ་རྒྱུས་དང་རིག་གནས་རིན་ཐང་ལ་བསམ་གཞིག་བཅས་བྱས་ཏེ་དེར་སྲུང་སྐྱོབ་གང་ནུས་དང་བདག་གཉེར་གང་ལེགས་བྱེད་པར་འབོད་སྐུལ་བཏང་བའི་བརྩམས་ཆོས་སྐོར་ཞིག་མཆིས། དེ་དག་ནི་ཡུལ་དངོས་གནས་མཇལ་གྱི་མྱོང་ཚོར་དང་དེ་འབྲེལ་གྱི་ལོ་རྒྱུས་རིག་གནས་སྐོར་བརྗོད་བྱར་གྲུབ་པའི་ལྷུག་རྩོམ་གྱི་རིགས་ཤིག་ཡིན་པ་གཤམ་གསལ་ལྟར།
       ར་ས་བསྟན་འཛིན་ཆོས་གྲགས་ཀྱི«ས་སྐྱའི་གཟི་དཔལ་དང་མཁར་གྱང»དང་། གླིང་ཚ་པད་དབང་གི«གནས་མཇལ་ཐེངས་གསུམ་པ» སྨྲེང་བུའི«གནས་རྙིང་རྒྱང་མཇལ» བཀྲ་ཤིས་ལྷུན་གྲུབ་ཀྱི«པའོ་ཧྥེང་ཟིན་བྲིས»བཅས་བཞི་ནི་དགོན་སྡེ་ག་གེ་མོར་གནས་མཇལ་དུ་སོང་བ་བརྗོད་བྱར་བདམས་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «ས་སྐྱའི་གཟི་དཔལ་དང་མཁར་གྱང»ཞེས་པར་རྩོམ་པ་པོས་ས་སྐྱ་དགོན་པའི་ལྷོ་བྱང་གཉིས་ཐོག་མར་ཕྱག་བཏབ་པ་དང་བར་དུ་རྒྱ་བསྐྱེད་པའི་ལོ་རྒྱུས་བརྗོད་ཅིང་། དེ་ནས་ས་སྐྱ་ལྷོ་མའི་འདུ་ཁང་གི་སྐུ་གསུང་ཐུགས་རྟེན་གྱི་ངོ་མཚར་བའི་རིན་ཐང་ལས་མེས་པོ་གོང་མ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། ས་སྐྱ་བྱང་མའི་མཁར་གྱང་ཞིག་རོའི་གནས་བབ་དངོས་ཀྱི་མཐོང་ཐོས་ལས་མངར་སྐྱུར་འདྲེས་མའི་སེམས་ཚོར་བྱུང་ཚུལ་བྲིས་ཡོད། «གནས་མཇལ་ཐེངས་གསུམ་པ»ཞེས་པར་རྩོམ་པ་པོས་སྐུ་འབུམ་བྱམས་པ་གླིང་དུ་བྱིས་དུས་དང་། དར་མའི་དུས། དེའི་རྗེས་ཀྱི་ལོ་བཅུ་འགོར་རྗེས་བཅས་གནས་མཇལ་ལ་ཐེངས་གསུམ་བསྐྱོད་པའི་རྣམ་པ་མི་འདྲ་བ་བྲིས་ཤིང་། ད་ལྟ་ཆོས་སྡེ་ཆེན་པོ་དེའི་ཕྱི་ནང་གི་བཟོ་བཀོད་དང་གནས་མཇལ་བ་རྣམས་ནི་སྔོན་དང་མི་མཚུངས་པར་ཁ་ཕྱོགས་གཞན་ཞིག་ལ་འགྱུར་བར་ཡིད་སེམས་སྐྱོ་ཚུལ་བྲིས་ཡོད། «གནས་རྙིང་རྒྱང་མཇལ»ཞེས་པ་ནི་རྩོམ་པ་པོ་ར་ཚག་དགོན་པའི་མདུན་དུ་གནས་པའི་རྡོ་རིང་རྙིང་པ་ཞིག་འཚོལ་དུ་སོང་བའི་བརྒྱུད་རིམ་བརྗོད་པ་ཞིག་ཡིན་ལ། རྩོམ་ནང་དུ་གཙོ་བོ་ར་ཚག་དགོན་པ་དང་རྡོ་རིང་བཞེངས་མཁན་སུ་ཡིན་སོགས་ཀྱི་ལོ་རྒྱུས་གནས་ཚུལ་སྐོར་ལུང་རིགས་ལ་བརྟེན་ནས་དཔྱད་གཏམ་གང་འཚམ་སྤེལ་ཞིང་། མཇུག་ཏུ་བས་མཐའི་འབྲོག་དགོན་དང་མཁར་རོ་རྩིག་ཤུལ་དུ་ལུས་པའི་རྡོ་རིང་རྙིང་པ་དག་འཚོལ་རྒྱུ་གལ་ཆེན་ཡིན་པར་གསལ་འདེབས་གནང་ཡོད། «པའོ་ཧྥེང་ཟིན་བྲིས»ཞེས་པ་ནི་རྩོམ་པ་པོ་ནང་སའི་གྲོང་ཁྱེར་ནན་ཁྲང་དང་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་སའི་པའོ་ཧྥེང་དགོན་པར་དབྱར་གནང་སྐབས་སུ་ལེགས་སྦྱར་སྐད་སློབ་ཏུ་སོང་བ་རེག་ཟིག་ཏུ་བཏབ་པ་ཡིན་ཞིང་། རྩོམ་དུ་ལམ་བར་གྱི་མཛེས་ལྗོངས་དང་། པའོ་ཧྥེང་དགོན་པའི་ལོ་རྒྱུས། ལེགས་སྦྱར་སྐད་སློབ་ཚུལ་སོགས་བྲིས་ཡོད།
       དགེ་ལེགས་ཟླ་བའི«བོད་ཀྱི་ལོ་རྒྱུས་བང་མཛོད་ཁྲོད་ཀྱི་ཕྲ་ཚོམ་མུ་ཏིག་གི་དོ་ཤལ»དང་། གཙང་ཀ་དཔལ་སྒྲོན་གྱི«གྱང་རོ་དང་གུ་གེའི་གནའ་ཤུལ»ལྡོང་ཕྲུག་གི«ཁྲི་ཀའི་གནའ་མཁར་སྟེང་འགྲེང་སྟེ་ལོ་རྒྱུས་ལ་ཕྱི་མིག་བལྟས་པ» ཁྱུང་གཤོག་གི«སྐྱིད་ཤོད་ཐང་གི་སེམས་གཞས»བཅས་བཞི་ནི་ལོ་རྒྱུས་ཀྱི་གནའ་ཤུལ་གང་ཞིག་ལ་ཡུལ་སྐོར་དུ་ཕྱིན་པ་བརྗོད་བྱར་བཀོད་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «བོད་ཀྱི་ལོ་རྒྱུས་བང་མཛོད་ཁྲོད་ཀྱི་ཕྲ་ཚོམ་མུ་ཏིག་གི་དོ་ཤལ»ཞེས་པར་རྩོམ་པ་པོས་འཕྱོངས་རྒྱས་ཡུལ་གྱི་བང་སོ་ཆགས་ས་སོགས་ཀྱི་སྤྱིའི་གནས་ཚུལ་དང་། དངོས་སུ་མཐོང་རྒྱུ་ཡོད་པའི་བཙན་པོའི་བང་སོ་བཅུ་བདུན་དང་བཙུན་མོའི་བང་སོ་གཅིག་ཙམ་ལ«རྒྱལ་རབས་གསལ་བའི་མེ་ལོང»དང«ཆོས་འབྱུང་མཁས་པའི་དགའ་སྟོན»སོགས་ལོ་རྒྱུས་ཡིག་ཚང་དང་སྦྲགས་ཏེ་ཡུལ་དངོས་ནས་ངོས་འཛིན་གནང་ཞིང་། མཐོང་ཡུལ་དུ་མ་གྱུར་བའི་གནམ་གྱི་ཁྲི་བདུན་སོགས་བཙན་པོ་དང་བཙུན་མོ་རྣམས་ཀྱི་བང་སོའང་ལོ་རྒྱུས་ཡིག་ཚང་དག་དཔྱད་བསྡུར་སྒོས་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་ཡོད། ལོ་རྒྱུས་དང་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་བའི་བང་སོ་དེ་དག་ནི་ལོ་རྒྱུས་དུས་སྐབས་མི་འདྲ་བར་གཏོར་སྐྱོན་སྣ་ཚོགས་ཐེབས་པ་དང་། ཕྱི་རབས་པ་རྣམས་ཀྱིས་ངེས་པར་དུ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཚུལ་གྱི་དྲན་སྐུལ་ཡང་ནས་ཡང་དུ་བཏང་ཡོད། «གྱང་རོ་དང་གུ་གེའི་གནའ་ཤུལ»ཞེས་པ་ནི་རྩོམ་པ་པོ་དངོས་སུ་གུ་གེའི་གནའ་ཤུལ་ལ་བསྐྱོད་ནས་མཐོང་ཐོས་མྱོང་གསུམ་ཡི་གེར་ཕབ་པ་ཞིག་མིན་མོད། འོན་ཀྱང་རྩོམ་པ་པོས་རང་ཉིད་འཚོ་བ་རོལ་མྱོང་སའི་ཁང་པ་རྐྱེན་གཞན་གྱིས་བཤིག་ནས་གྱང་རོར་གྱུར་པར་སེམས་སྨྲེང་བ་ལས་གུ་གེའི་གནའ་ཤུལ་དྲན་ཞིང་། རིམ་བཞིན་གུ་གེའི་རྒྱལ་རབས་ཀྱི་དར་རྒུད་ལོ་རྒྱུས་ལ་ཕྱིར་དྲན་དང་། མཐར་སྐུ་ཞབས་ཡུའེ་ཆིའུ་ཡུས་ཀྱི་ལྷུག་རྩོམ«གྱང་རོ»ལས་ཚན་པ་འགའ་ཞིག་བོད་སྐད་དུ་བསྒྱུར་ནས་གུ་གེའི་གྱང་རོའང་ལོ་རྒྱུས་དང་ཤེས་རིག་གི་དཔང་པོ་ཡིན་པས་རིན་ཐང་ཆེ་ཚུལ་བསྟན་ཡོད། «ཁྲི་ཀའི་གནའ་མཁར་སྟེང་འགྲེང་སྟེ་ལོ་རྒྱུས་ལ་ཕྱི་མིག་བལྟས་པ»ཞེས་པར་རྩོམ་པ་པོས་ཁྲི་ཀའི་ཡུལ་གྱི་རང་བྱུང་གི་བཀོད་པ་དང་གནའ་ཤུལ་མང་པོ་མཚམས་སྦྱོར་བྱས་རྗེས། ཁྲི་ཀའི་གནའ་མཁར་གྱི་ལོ་རྒྱུས་ཇི་ལྟར་ཡིན་པར་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་ནས་བརྗོད་ཅིང་། མཐར་ཁྲི་ཀའི་ཡུལ་གྱི་གནའ་བོའི་ཁྱད་ཆོས་གཙོ་བོ་དག་དེང་རབས་འགྱུར་ལྡོག་གི་ཁྲོད་ག་ལེར་ཡལ་གྱིན་པར་ཕངས་སེམས་སྐྱེས་ཚུལ་བྲིས་འདུག «སྐྱིད་ཤོད་ཐང་གི་སེམས་གཞས»ཞེས་པར་རྩོམ་པ་པོས་སྙན་ཚིག་གི་ལམ་ནས་སྟོན་ལྗོངས་འོག་གི་སྐྱིད་ཤོད་ཐང་ངམ་ལྷ་སའི་ཇོ་ཁང་དང་ཕོ་བྲང་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་རྙིང་པ་དག་མཐོང་བའི་སེམས་ཀྱི་མྱོང་ཚོར་གཙོ་བོར་བྲིས་ཡོད།
གཉིས་པ། གསར་རྙིང་འགྱུར་ལྡོག་དང་འཕྲེང་ཞེན་སེམས་ཁྲལ།
       ལོ་རྒྱུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ནས་དུས་རབས་སམ་ཡང་ན་སྤྱི་ཚོགས་གསར་རྙིང་གི་དཀྱོག་མཚམས་ནས་བསྐྱོད་དུས། སྔར་ཡོད་ཀྱི་ཁོར་ཡུག་དང་བྱ་དངོས་ལ་དངོས་བརྒྱུད་དང་མངོན་ལྐོག་གང་རུང་ནས་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཞིང་། སྒོས་སུ་དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་ནས་བྱུང་བའི་བྱ་དངོས་སྣ་ཚོགས་ཀྱིས་རིམ་བཞིན་སུ་ཞིག་གི་ཆུང་ནས་འདྲིས་ཤིང་སེམས་ཀྱི་ཟབ་སར་ཉར་བའི་བྱ་དངོས་དེ་དག་གི་ཚབ་བྱེད་དུས། བློས་མི་ཐོང་བའི་འཕྲེང་ཞེན་དང་རྒྱུན་འཛིན་མ་ནུས་པའི་སེམས་ཁྲལ་ཞིག་ངང་གིས་སྐྱེས་ཡོང་སྲིད། དེ་ལྟ་བུའི་གསར་རྙིང་འགྱུར་ལྡོག་གི་ཁྲོད་ནས་འཕྲེང་ཞེན་སེམས་ཁྲལ་སྐྱེས་པ་བརྗོད་བྱར་གྲུབ་པའི་ལྷུག་རྩོམ་རིགས་ཤིག་མཆིས་པ་གཤམ་གསལ་ལྟར།
       ཅོ་ནེ་ཡུམ་ཚེ་རིང་གི«ཁང་རྙིང»དང་། ཀརྨ་དབང་གྲགས་ཀྱི«རྡོ་ཁང་གི་དྲན་ཤེས» བཀྲ་ཤིས་དཔལ་ལྡན་གྱི«ལྕི་བའི་སྐྲུན་དངོས»ཨོའོ་ལགས་ཀྱི«སྔར་སོང་གི་བཞུ་འོད»བཅས་བཞི་ནི། སྔོན་གྱི་སྡོད་ཁང་དང་འཚོ་བའི་ཁྲོད་ཀྱི་བྱ་དངོས་གལ་ཆེན་རྣམས་བྱ་དངོས་གསར་པ་གཞན་གང་ཞིག་གིས་གཅིག་ཚབ་གཅིག་ཏུ་བྱས་ཏེ་འགྱུར་ལྡོག་བྱུང་བ་ལ། འཕྲེང་ཞེན་དང་སེམས་ཁྲལ་སྐྱེས་པ་བརྗོད་བྱར་བྱས་པའི་ལྷུག་རྩོམ་སྐོར་ཞིག་ཡིན།«ཁང་རྙིང»ཞེས་པར་རྩོམ་པ་པོས་ཤིང་ཁང་རྙིང་པའི་ཕྱི་ནང་གི་ཁྱད་ཆོས་འབུར་ཐོན་དུ་བྲིས་རྗེས། དངོས་པོ་གསར་པ་དར་ནས་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ཁོར་ཡུག་ནས། ཁོ་ཚང་གི་ཤིང་ཁང་རྙིང་པ་ཡང་ཨ་ཡེ་ལོ་ལོན་དང་ཕ་མ་གཉིས་བཤིག་པར་མི་འཐད་ཀྱང་། ཕུ་བོའི་ཐག་གཅོད་ལྟར་ཁང་རྙིང་བཤིགས་ནས་ཨར་འདམ་དང་རྣོ་ལྕགས་སོ་ཕག་གིས་བཟོས་པའི་ཁང་པ་གསར་པ་ཞིག་བསྐྲུན་པ་དང་། ཁང་རྙིང་བཤིག་དུས་ཁོས་ཕུ་བོར་རྒྱབ་སྐྱོར་ཡོད་ནའང་བཤིགས་ཚར་ནས་ཕྱིར་ཁང་པ་གསར་པ་ལས་རྗེས། ཁང་རྙིང་ལ་འཕྲེང་ཞེན་དང་དེ་ལྟ་བུའི་ལོ་རྒྱུས་དང་རིག་གནས་ཀྱི་ཁ་དོག་བསྒོས་པའི་ཆོས་གང་ཞིག་ཡལ་བར་སེམས་ཁྲལ་བྱུང་ཡོད། «རྡོ་ཁང་གི་དྲན་ཤེས»ཞེས་པའི་བརྗོད་དོན་ཡང«ཁང་རྙིང»དང་ཕལ་ཆེར་གཅིག་ཏུ་སོང་ཡོད། དེའི་ཁྲོད་ཀྱང་རྩོམ་པ་པོས་འཚོ་བའི་ཁོར་ཡུག་དང་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྔོན་གྱི་རྡོ་ཁང་བསྐྱུར་ནས་རྡོ་ཁང་གསར་པར་གནས་སྤོ་བྱས་པ་དང་། རྡོ་ཁང་ནང་གི་སྒྲུང་ཤོད་པ་དང་གླུ་ལེན་པ། གར་འཁྲབ་པ་སོགས་དེ་འབྲེལ་གྱི་རིག་གནས་ཁོར་ཡུག་ཅིག་རྒྱང་དུ་གྱེས་པར་ཡིད་སེམས་ཕངས་ཚུལ་བྲིས་ཡོད། «ལྕི་བའི་སྐྲུན་དངོས»ཞེས་པར་རྩོམ་པ་པོས་བྱང་ཐང་གི་འབྲོག་པའི་འཚོ་བའི་ཁྲོད་ཀྱི་ལྕི་བ་ལས་བསྐྲུན་པའི་ཤ་ཁང་དང་། ཁྱི་ཁང་། ལྷས་ར། མི་ཉལ་སའི་ཁང་ངུ་། ལྕི་བའི་བརྩིགས་པའི་སྟེང་གི་རི་མོའི་སྒྱུ་རྩལ་སོགས་བྲིས་ཏེ། ལྕི་བ་ནི་འབྲོག་པའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གྱི་འགྱུར་ལྡོག་གི་ཁྲོད་ནས། ལྕི་བའི་སྐྲུན་དངོས་དེ་དག་ཀྱང་རིག་གནས་དང་གོམས་སྲོལ་གཞན་དང་ལྷན་དུ་ཡལ་བར་སེམས་ཁྲལ་བྱུང་ཚུལ་བྲིས་འདུག «སྔར་སོང་གི་བཞུ་འོད»ཅེས་པར་རྩོམ་པ་པོས་སྔོན་དུས་སྲོལ་རྒྱུན་གྱི་བཞུ་མར་རམ་སྒྲོན་མེ་སོགས་ལ་བརྟེན་ནས་མུན་ནག་གི་མཚན་མོ་རེ་རེ་ཕར་ལ་བསྐྱལ་བ་དང་། ཕྱིས་སུ་དེང་རབས་གློག་སྒྲོན་ཐོན་ནས་དེ་དག་གི་ཚབ་བྱས་རྗེས། བཞུ་མར་རམ་སྒྲོན་མེ་སོགས་ལ་སྤྱོད་སྒོ་མེད་པར་མཛེས་སྤྲས་ཀྱི་རྒྱན་ཆས་ལྟ་བུར་གྱུར་པས། དེ་འབྲེལ་གྱི་རིག་གནས་ཤིག་ཀྱང་མཐོང་ལམ་ནས་རྒྱང་རིང་དུ་ཡལ་བར་སེམས་འཕྲེང་ཚུལ་བྲིས་ཡོད།
       སྡོང་སྐམ་པད་མ་ཚེ་རིང་གི«ཁེར་རྐྱང་གི་ཨ་མྱེས་ཡེ་མཐོང»དང་། གངས་དབང་གི«ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་བབས་བྱུང» ཐུ་བོ་ཆེའི«སྡེ་ཆེན་རྩེད་ར»བཅས་གསུམ་ནི། དུས་རབས་དང་ཁོར་ཡུག་གི་འགྱུར་ལྡོག་གསར་པ་ལས། མི་རྣམས་ཀྱི་སྔོན་གྱི་ཀུན་སྤྱོད་བཟང་པོ་དང་། དྭངས་གཙང་གི་མི་གཤིས། ཁྱད་ཆོས་ལྡན་པའི་ཡུལ་སྲོལ་རིག་གནས་སོགས་རིམ་བཞིན་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་བར་བསྟན་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «ཁེར་རྐྱང་གི་ཨ་མྱེས་ཡེ་མཐོང»ཞེས་པར་རྩོམ་པོ་པོས་ཨ་མྱེས་ཡེ་མཐོང་ཞེས་པའི་རི་བོ་ནི་ལྷ་མི་ཀུན་གྱིས་ལོགས་སུ་བསྐྱུར་བས་ཧ་ཅང་ཁེར་རྐྱང་ཡིན་པ་དང་། ས་དེའི་ལོ་ལོན་རྣམས་ཀྱི་ལས་དབང་ཡང་ཨ་མྱེས་ཡེ་མཐོང་དང་འདྲ་བར། དར་མ་རྣམས་ཕྱི་ལ་ཞོར་ལས་སུ་འགྲོ་བ་སོགས་ཀྱི་དབང་གིས་བདག་གཅེས་མེད་པར་ཤིན་ཏུ་ཁེར་རྐྱང་ཡིན་པ་བྲིས་ཡོད། དོན་ལ་ཐོན་སྐྱེད་གསར་རྙིང་གི་འགྱུར་ལྡོག་ལས་སྔར་ཡོད་སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་པོ་ཉམས་ནས་འགྲོ་བའི་གནད་དོན་ཆེན་པོ་ཞིག་ཐེར་འདོན་བྱས་ཡོད། «ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་བབས་བྱུང»ཞེས་པར་རྩོམ་པ་པོས་ཁ་བའི་ཁོར་ཡུག་ན་འཚོ་བའི་ང་ཚོས་ཁ་བ་དང་མཚུངས་པའི་དྭངས་གཙང་གི་སྲོལ་རྒྱུན་དང་། ལྷད་མེད་ཀྱི་མི་གཤིས་ཀྱི་ཁྱད་ཆོས་དེ་དག་མ་དོར་བར་ཡར་ནས་ཡར་ལ་འགྲོ་དགོས་པར་བསྐུལ་ཡོད། «སྡེ་ཆེན་རྩེད་ར»ཞེས་པར་རྩོམ་པ་པོས་གླུ་མ་ལྕགས་མོ་རྒྱལ་ན་སོ་རྒས་ཏེ་སྡེ་ཆེན་པོའི་རྩེད་རར་གྱེས་ཕྱག་ཕུལ་བ་དང་མཉམ་དུ་ཁོ་མོའི་ལ་གཞས་སྙན་མོ་དེ་ཐོས་མི་ཐུབ་པ་དང་། ལ་གཞས་དང་སྡེ་ཆེན་རྩེད་རའང་ག་ལེར་ཡལ་འགྲོ་བར་བྲིས་ཏེ། དུས་རབས་ཀྱི་འཕོ་འགྱུར་དབང་གིས་མི་དང་ཁོར་ཡུག་གི་སྔོན་གྱི་གོམས་སྲོལ་དང་ཁྱད་ཆོས་རྣམས་རིམ་བཞིན་མི་མངོན་པར་གྱུར་པར་ཡིད་སེམས་འཕྲེང་ཚུལ་བརྗོད་ཡོད།
       ལྷ་གཡང་ནོར་བུའི«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»དང་། ལུང་འབྲོག་རིན་ཆེན་རྒྱལ་གྱི«དོ་ནུབ། ངས་ཕ་ཡུལ་ལུང་འབྲོག་དྲན» སྒེའུ་ཁུང་གི«མཐའ་མཇུག་གི་རྩྭ་ཐང» ཀ་རྒྱའི་འཕྲིན་ལས་རྒྱ་མཚོའི«ང་དང་ཨ་མའི་གཏམ་རྒྱུད» སེང་གཤོང་སྙིང་བྱམས་རྒྱལ་གྱི«ལྷ་རྟ་རྒོད་པོ» དཔལ་མོ་རྒྱལ་གྱི«ཕུགས་འདུན»བཅས་དྲུག་ནི། རྩྭ་ཐང་ངམ་ཕ་ཡུལ་དུས་རབས་གསར་པར་བསྐྱོད་པའི་ལམ་དུ། སྔར་ཡོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་ནས་འགྲོ་བར་དུས་རབས་དང་བསྟུན་པའི་སྒོ་ནས་རྒྱུན་འཛིན་གྱིས་འཕེལ་རྒྱས་ཕྱོགས་སུ་བསྐྱོད་དགོས་པར་བརྗོད་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པར་རྩོམ་པ་པོས་རྩྭ་ཐང་སྟེང་གི་སྲོལ་རྒྱུན་ཤེས་རིག་གི་རིན་ཐང་དང་དོན་སྙིང་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། ཚན་རྩལ་རིག་གནས་ཆེས་ཆེར་དར་བའི་ད་ལྟའི་དུས་སུ། མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ཤེས་རིག་རིམ་བཞིན་རྒྱབ་ཏུ་བསྐྱུར་ནས་འགྲོ་བཞིན་པས། དེ་དག་ལ་ངེས་པར་དུ་མྱུར་སྐྱོབ་དང་དར་སྤེལ་གཏོང་དགོས་པ་གལ་ཆེན་ཡིན་པར་གླེང་ཡོད། «དོ་ནུབ། ངས་ཕ་ཡུལ་ལུང་འབྲོག་དྲན»དང་། «མཐའ་མཇུག་གི་རྩྭ་ཐང» «ང་དང་ཨ་མའི་གཏམ་རྒྱུད»བཅས་གསུམ་གྱི་བརྗོད་བྱའང་དུས་རབས་གསར་པའི་འཕེལ་ལམ་ཁྲོད་ནས་རྩྭ་ཐང་ལ་འགྱུར་ལྡོག་བྱུང་ཡང་སྔོན་གྱི་སྲོལ་རྒྱུན་དང་ཁྱད་ཆོས་རྣམས་སྔར་བཞིན་སྲུང་འཛིན་ཞུ་དགོས་པའི་སྐོར་བརྗོད་ཡོད། «ལྷ་རྟ་རྒོད་པོ»ཞེས་པར་རྩོམ་པ་པོས་ལྷ་རྟ་རྒོད་པོས་སྲོལ་རྒྱུན་རིག་གནས་རྨང་གཞིར་བྱས་ཏེ་སྔོན་ཐོན་གྱི་ལམ་དུ་བསྐྱོད་པར་འབོད་སྐུལ་བཏང་ཡོད། «ཕུགས་འདུན»ཞེས་པར་ད་ལྟའི་དུས་རབས་འདིར་ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་སྒོ་བྱང་སྟེང་གི་ཡིག་ནོར་བརྡ་ལོག་གིས་མཚོན་དབྱངས་གསལ་སོ་བཞིའི་རིག་གནས་ཀྱི་རིན་ཐང་ངོས་ཟིན་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས་པར་བསྟན་འདུག
       སྣང་རའི་པིར་ཐོགས་ཀྱི«གནའ་མཁར་ཟི་ལིང་གི་བོད་མི»ཞེས་པར་དུས་རབས་གསར་རྙིང་གི་འགྱུར་ལྡོག་དེ་བརྗོད་བྱའི་རྒྱབ་ལྗོངས་ཆེན་པོར་དྲངས་པ་ནི་གོང་གི་ལྷུག་རྩོམ་དེ་དག་དང་མཚུངས་མོད། ཡིན་ནའང་། བྱེ་བྲག་གི་བརྗོད་བྱ་གོང་གི་དེ་དག་དང་ཅུང་ཟད་མི་མཚུངས། ལྷུག་རྩོམ་འདི་རུ་རྩོམ་པོ་པོས་ཟི་ལིང་ལྟ་བུའི་དེང་རབས་ཀྱི་གྲོང་ཁྱེར་ཆེན་པོ་ན་གཞིས་ཆགས་དང་ཆགས་ཀྱིན་པའི་བོད་མི་རྣམས། འགྲན་རྩོད་ཆེ་ཞིང་འཕེལ་རྒྱས་མྱུར་བའི་དེང་རབས་ཀྱི་གྲོང་ཁྱེར་ནས། རང་གི་རིག་གནས་དང་ཁྱད་ཆོས་རྒྱུན་འཛིན་སྒོས་དེང་རབས་གྲོང་ཁྱེར་གྱི་འགྲན་རྩོད་ཁྲོད་ཞུགས་ནས་འཚོ་བར་རོལ་བར་བསྟོད་བསྔགས་བྱས་ཡོད།
གསུམ་པ། འཚོ་བའི་ངོས་ཟིན་དང་ཉམས་མྱོང་བསླབ་བྱ།
       འཚོ་བ་ནི་ཐོབ་ཤོར་དང་། འདུ་བྲལ། རྒྱལ་ཕམ། དགྲ་གྲོགས། རང་གཞན། དགེ་སྡིག ལེགས་ཉེས། དགའ་སྐྱོ། ཆགས་སྡང་ལ་སོགས་པས་གྲུབ་པའི་རྙོག་འཛིང་གི་ཕུང་པོ་དང་སྒྱུ་མའི་གར་སྟབས་ལྟ་བུ་ཞིག་ཡིན་པས། འཚོ་བ་ཞེས་པའི་བརྗོད་གཞི་ཆེན་པོ་འདིར་མི་རེ་རེར་རང་རང་གི་བབ་དང་མཐུན་པའི་ངོས་ཟིན་སྣ་ཚོགས་མཆིས་ཤིང་། གཏིང་ཟབ་པ་དང་དོན་ལ་གནས་པའི་འཚོ་བའི་ངོས་ཟིན་གང་དེ་ནི་རང་གཞན་སུ་ལ་མཚོན་ནའང་ཉམས་མྱོང་བསླབ་བྱ་ལྟ་བུ་ཞིག་ཡིན། འཚོ་བའི་ངོས་ཟིན་གྱི་སྟེང་ནས་ཉམས་མྱོང་བསླབ་བྱ་སྟོན་པའི་ལྷུག་རྩོམ་སྐོར་ཞིག་མཆིས་པ་གཤམ་གསལ་ལྟར།
       ཨ་བུའི«ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་གི་ཡིན»དང་། ཤེར་གྲོལ་གྱི«རི་ལ་འཛེགས་པ» ཨ་པཎ་གྱི«ཕ་བུའི་ཞེ་འདང» མཚོའི«ང་ནི་ཤེས་ཡོན་པ་ཞིག་གི་ཆུང་མ་ཡིན» འགྱན་སངས་ཀྱི«གྲོགས་པོ»བཅས་ལྔ་ནི། རང་གི་འཚོ་བའི་ཁྲོད་ཀྱི་གྲོགས་པོ་དང་ནུ་བོ་ཚ་བོ་བུ་ཕྲུག་ཁྱོ་ག་སློབ་མ་སོགས་རང་དང་ཤིན་ཏུ་ཐག་ཉེ་བའི་མི་རྣམས་བརྗོད་བྱར་བཀོད་ནས། རང་གི་འཚོ་བའི་ངོས་ཟིན་དང་དེ་ལས་ཐོབ་པའི་ཉམས་མྱོང་བསླབ་བྱ་སྟོན་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་གི་ཡིན»ཞེས་པར་རྩོམ་པ་པོས་ཀླུ་འབུམ་ཚེ་རིང་གིས་ཁྲིམས་འཛིན་གྱི་བྱ་བའི་ཞོར་དུ་ཤིན་ཏུ་ནན་ཏན་དང་རྟག་གུས་སྦྱོར་བའི་བརྩོན་པ་ལ་བརྟེན་ནས། རྩོམ་རིག་གསར་རྩོམ་གྱི་ལས་ཀ་གཉེར་ཞིང་གྲུབ་འབྲས་ཀྱང་མི་དམན་པ་བླངས་པར་བསྟོད་བསྔགས་དང་ཡི་རངས་བྱས་ཡོད། ལྷུག་རྩོམ་འདིར་མི་ཞིག་ཡིན་ན་རང་གིས་དགེ་བའི་ལམ་དུ་འགྲོ་བའི་དགའ་ཕྱོགས་གང་དེ་རྒྱུན་འཁྱོངས་མཐའ་འཁྱོལ་དང་ནན་ཏན་ཞིབ་ཚགས་ཀྱིས་ལག་ལེན་བསྟར་ན་འབྲས་བཟང་སྨིན་ངེས་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་བརྗོད་ཡོད། «རི་ལ་འཛེགས་པ»ཞེས་པར་རྩོམ་པ་པོས་རི་ལ་འཛེགས་པ་ནི་མི་ཚེའི་བགྲོད་ལམ་ལྟ་བུ་ཞིག་ཡིན་པ་དང་། རི་ངོས་དཀན་གཟར་གྱིས་འཛེགས་ཁག་ཀྱང་དཀའ་ཚེགས་དེ་ལྟ་བུ་གདོང་གིས་བསུས་ཏེ་རི་རྩེར་སླེབས་ན་དམིགས་བྱ་འགྲུབ་པ་བཞིན། མི་ཚེའི་བགྲོད་ལམ་སྟེང་གི་དཀའ་བ་རྣམས་ཁྱད་དུ་བསད་ནས་མདུན་དུ་བསྐྱོད་ན། མཐར་དམིགས་ཡུལ་གྲུབ་སྟེ་རྒྱལ་ཁའི་འབྲས་བུ་ཐོབ་སྲིད་པའི་གནས་ལུགས་ཟབ་མོ་ཞིག་བརྗོད་ཡོད། «ཕ་བུའི་ཞེ་འདང»ཞེས་པར་ཨ་ཕ་ཞིག་གིས་གཉིད་དུ་ཡུར་བའི་རང་གི་ལོ་བཅུ་ཅན་གྱི་བུ་ཆུང་ཞིག་ལ། ཁ་བརྡའི་ཚུལ་དུ་བུ་ཆུང་གིས་རང་གི་མི་ཚེའི་བགྲོད་ལམ་སྟེང་ནས། བླང་དོར་དང་། རང་ཚུགས། དཔའ་སྤོབས། བརྩོན་འགྲུས་སོགས་ལྡན་པའི་སྒོ་ནས་མི་ཚེ་དོན་ལྡན་ཞིག་བྱེད་དགོས་པའི་སྐོར་གླེང་ཡོད། «ང་ནི་ཤེས་ཡོན་པ་ཞིག་གི་ཆུང་མ་ཡིན»ཞེས་པར་ཁྱོ་གས་ཆང་རག་ལུས་ལ་མི་འཕྲོད་བཞིན་སྔར་ལྟར་ཆང་རག་ལ་བསྟེན་པས་ཁྱིམ་གཅིག་གི་སྐྱིད་སྡུག་མཉམ་དུ་ཁུར་བའི་བདག་མོ་རང་ཉིད་དཀའ་སྡུག་གི་ལམ་དུ་ཡང་ཡང་དེད་ན་ཡང་། མོས་སེམས་རྒྱ་དང་སྤོབས་པ་ཆེ་རུ་བསྐྱེད་ནས་ཁྱིམ་ཞིག་གི་གནམ་འདེགས་ཀ་བ་ལྟར་གྱུར་པའི་ཁྱོ་གར་ཞེ་འདང་ཟབ་མོ་བཅངས་པའི་ངང་ནས་འཚོ་བ་མཉམ་སྐྱེལ་བྱེད་པའི་ཆོད་སེམས་སྐོར་བྲིས་ཡོད། འདི་ལས་འཚོ་བའི་ཁྲོད་རང་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་མི་སུ་ཞིག་ཡིན་རུང་། དེར་སེམས་རྒྱ་ཆེན་པོའི་སྒོ་ནས་དང་ལེན་དང་བརྩེ་བ་ཟབ་མོའི་ངང་གཅེས་སུ་འཛིན་དགོས་པར་བསྟན་ཡོད། «གྲོགས་པོ»ཞེས་པ་ནི་རྩོམ་པ་པོས་སློབ་བུ་ཐོས་དགའ་ལགས་ཀྱིས་གྲོགས་ཇི་ལྟ་བུ་ཞིག་བསྟེན་དགོས་ཞེས་པའི་དྲིས་ལན་དུ་སྨྲས་པ་ཡིན་ཞིང་། དེར་གྲོགས་ལ་རབ་འབྲིང་ཐ་གསུམ་ཡོད་པ་ཇི་ལྟར་བརྟགས་པའི་སྒོ་ནས་བསྟེན་དགོས་ཚུལ་བྲིས་ཡོད། 
       རེབ་གོང་རྡོ་རྗེ་མཁར་གྱི«ཤོ་རྒྱན་གྱི་མི་ཚེ»དང་། བདེ་སྐྱིད་སྒྲོལ་མའི«ཁུག་མའི་ནང་གི་མི» བྱ་གཞུང་དབྱངས་བྷའི«འདུལ་སྦྱོང» ཁེར་བུའི«ལམ་དང་ཁེར་རྐྱང་། ད་དུང་གཞན་དག» འབའ་གདུགས་བྷེའི«ལམ་དང་ཟམ་པ» ཀླུ་འབུམ་རྒྱལ་གྱི«རོལ་དབྱངས» ལྷ་རྒྱལ་ཚེ་རིང་གི«དཔྱིད་ཀྱི་དཔལ་མོའི་རྐང་སྟབས» འཇུ་སྐལ་བཟང་གི«སྙན་ངག་སྐོར་གླེང་བའི་སྙན་ངག» ཚེ་རིང་བཀྲ་ཤིས་ཀྱི«ལོ་ཟླ་ནི་སེམས་ཀྱི་གཙང་པོ་ཉིད»བཅས་དགུ་ནི། ཤོ་རྒྱན་དང་ཁུག་མ། སྤྱང་ཀི ལམ་དང་ཟམ་པ། རོལ་དབྱངས། དཔྱིད་ཀ སྙན་ངག ལོ་ཟླ་སོགས་དཔེར་བཀོད་ནས་བསྡུས་བརྗོད་ཀྱི་ཚུལ་དུ་འཚོ་བའི་ངོས་ཟིན་དང་ཉམས་མྱོང་བསླབ་བྱ་སྟོན་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «ཤོ་རྒྱན་གྱི་མི་ཚེ»ཞེས་པར་མི་ཚེ་ནི་ཤོ་རྒྱག་པ་ལྟ་བུའི་རྩེད་མོ་ཞིག་སྟེ། གདམ་ག་དང་འགྱུར་བ་མང་བ་དང་། འགྲོ་ལམ་ཡང་ཀྱག་ཀྱོག་དང་ཡ་ང་བ་ཞིག་ཡིན་པས། དེའི་ཆོས་ཉིད་ཁོང་དུ་ཆུད་ཅིང་ཐུན་མོང་གི་སྒྲིག་ལམ་ལེགས་པར་བསྲུང་ན། ད་གཟོད་ཤོ་རྒྱག་པ་ལྟ་བུའི་མི་ཚེ་དེ་རྒྱལ་ཁའི་ལམ་དུ་འགྲོ་ཐུབ་པ་དང་། འཕྲད་སྲིད་པའི་དཀའ་ཚེགས་སྣ་ཚོགས་ཀྱང་འཛུམ་གྱིས་བསུ་ཐུབ་པར་བརྗོད་ཡོད། «ཁུག་མའི་ནང་གི་མི»ཞེས་པར་མི་ནི་ཁུག་མ་ལྟ་བུའི་འཚོ་བའི་ཁྲོད་ཁུག་མའི་ནང་ལ་བཀག་རྒྱ་ཡོད་པ་ལྟར་འཚོ་བར་དཀའ་ངལ་ལྡན་ནའང་། སྔར་བཞིན་ཁུག་མ་ལྟ་བུའི་འཚོ་བ་དེར་རྔམ་པས་འཇུག་དགོས་སྟབས། འཚོ་བ་ནི་འགལ་འདུའི་ཕུང་པོ་ཞིག་ཡིན་པར་བསྟན་འདུག «འདུལ་སྦྱོང»ཞེས་པར་རང་གཤིས་རྒོད་པའི་བྱ་གླག་དང་གཏུམ་དྲག་ཆེ་བའི་སྟག་སེང་དོམ་གཟིག་རྣམས་ནི། མིའི་རིགས་ཀྱིས་ཐབས་ཤེས་གང་ཡོད་ཀྱིས་འདུལ་སྦྱོང་བྱེད་ནུས་པ་དང་། སྤྱང་ཀི་ནི་མི་རྣམས་ཀྱིས་འདུལ་སྦྱོང་བྱེད་མ་ནུས་པའི་རང་ཚུགས་དང་ཤེས་རབ་ཀྱིས་འཚོ་བའི་སྲོག་ཆགས་ཤིག་ཡིན་པས། དེར་བསྟོད་བསྔགས་དང་ཡི་རངས་བྱས་ཡོད། དེ་ལས་མི་ཞིག་ལ་མཚོན་ན་རང་ཚུགས་བརྟན་པོ་དང་རང་རྐྱ་ཐུབ་པའི་ནུས་པ་ལྡན་དགོས་ཚུལ་བསྟན་ཡོད། «ལམ་དང་ཁེར་རྐྱང་། ད་དུང་གཞན་དག»ཅེས་པར་ལམ་ལ་རིགས་ཀྱི་ལམ་དང་སྒེར་གྱི་ལམ་གཉིས་ཡོད་ཅིང་། རིགས་ཀྱི་ལམ་དེ་ཡང་སྒེར་གྱི་ལམ་རེ་རེ་ལ་རག་ལས་པས། སྐྱེ་འགྲོ་ཀུན་གྱིས་མི་སྒེར་གྱི་ལམ་སྟེང་ནས་མི་ཚེའི་སྙིང་པོའམ་རང་ཉིད་ངོ་མ་དེ་རྙེད་པར་བརྩོན་ལེན་བྱེད་དགོས་པའི་གནས་ལུགས་བསྟན་འདུག «ལམ་དང་ཟམ་པ»ཞེས་པར་མི་རྣམས་ཀྱི་མི་ཚེའི་ལམ་བུའི་ཁྲོད། དམིགས་ཡུལ་གང་ཞིག་འགྲུབ་པར་ལམ་ལྟ་བུའི་རྒྱུན་རིང་བའི་བརྩོན་འགྲུས་དང་། ཟམ་པ་ལྟ་བུའི་ལམ་བདེ་རུ་གཏོང་བའི་བློ་གྲོས་གཉིས་ཤིན་ཏུ་མཁོ་བ་དང་། དེ་གཉིས་ལ་ད་དུང་རང་རྒྱུད་དག་པ་དང་བདག་བས་གཞན་གཅེས་སོགས་ཀྱི་བསམ་བློ་བཟང་པོ་ཞིག་གིས་བརྒྱན་དགོས་པའི་གནས་ལུགས་བསྟན་ཡོད། «རོལ་དབྱངས»ཞེས་པར་རྩོམ་པ་པོས་སྤྱིར་བཏང་གི་རོལ་དབྱངས་ལས་འདས་པའི་ལྷད་མེད་ཀྱི་བརྩེ་སེམས་ལྟ་བུའི་ཤིན་ལྐོག་ཏུ་གྱུར་པའི་ཆོས་ཤིག་གི་ཁྱད་ཆོས་མང་དུ་བརྗོད་ཡོད། «དཔྱིད་ཀྱི་དཔལ་མོའི་རྐང་སྟབས»ཞེས་པར་རྩོམ་པ་པོས་དཔྱིད་ཀ་སླེབས་ཚུལ་ནི་རེ་བ་གསར་པ་ཞིག་གི་སྒོ་ཕྱེ་བ་དང་འདྲ་བས། མི་རྣམས་ཀྱིས་འཚོ་བའི་ཁྲོད་ཀྱི་རེ་བ་དང་གོ་སྐབས་རྣམས་འཛུམ་གྱིས་བསུ་དགོས་པར་གླེང་ཡོད། «སྙན་ངག་སྐོར་གླེང་བའི་སྙན་ངག»ཅེས་པར་སྙན་ངག་གི་རང་བཞིན་དང་མཛེས་པ། རིན་ཐང་སོགས་རྟོགས་པའི་སྒོ་ནས། སྙན་ངག་ལ་ངོས་འཛིན་དང་འཇུག་དགོས་ཚུལ་བརྗོད་ཡོད། «ལོ་ཟླ་ནི་སེམས་ཀྱི་གཙང་པོ་ཉིད»ཅེས་པར་རྩོམ་པ་པོས་གཙང་པོ་ལྟར་བཞུར་བའི་ལོ་ཟླའི་ཁྲོད་ནས་སེམས་འགྱུ་སྣ་ཚོགས་བྱུང་བ་རབ་རིབ་མག་མོག་ངང་བྲིས་ཡོད།
བཞི་པ། དྲན་གདུང་ལྕི་མོ་དང་བཀའ་དྲིན་རྗེས་དྲན།
       དྲིན་དྲན་པ་དང་དྲིན་གཟོ་བ་ནི་འགྲོ་བ་མིའི་རིགས་ཀྱིས་ཐུན་མོང་དུ་བརྩི་སྲུང་བྱ་དགོས་པའི་མ་མཐའི་ཀུན་སྤྱོད་ཅིག་ཡིན། རྒྱལ་ཁབ་ཅིག་གི་འཕེལ་རྒྱས་དང་། སྤྱི་ཚོགས་ཤིག་གི་བདེ་འཇགས། མི་རིགས་བར་གྱི་འཆམ་མཐུན། ཁྱིམ་ཚང་ཞིག་གི་བདེ་སྐྱིད། གྲོགས་པོའི་བར་གྱི་མཛའ་བརྩེ་ཐམས་ཅད་ཚད་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་དེ་དྲིན་དྲན་པ་དང་དྲིན་གཟོ་བའི་ཀུན་སྤྱོད་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད། རིན་ཐང་ཆེ་བའི་དྲིན་དྲན་པ་དང་དྲིན་གཟོ་བའི་སྲོལ་རྒྱུན་རིག་གནས་འདི། མི་སུ་ཞིག་ལ་མཚོན་ནའང་འགན་ཁུར་ལྟ་བུ་ཞིག་མིན་པར་རང་རྒྱུད་ནས་རང་བཞིན་གྱིས་རྒྱུན་འཛིན་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ལ། རྩོམ་རིག་རང་སྟེང་ལ་དོན་སྙིང་སྐྲུན་བྱེད་ཀྱི་བརྗོད་བྱ་འགངས་ཆེ་བ་ཞིག་ཀྱང་ཡིན། རང་ལ་དྲིན་ཆེ་བའི་ནང་མི་དང་ཕ་ཡུལ་སོགས་ཀྱི་དྲིན་དྲན་པ་དང་དྲིན་གཟོ་བ་བརྗོད་བྱར་བྱས་པའི་ལྷུག་རྩོམ་སྐོར་ཞིག་མཆིས་པ་གཤམ་གསལ་ལྟར།
       འབྲོང་རྩེ་བ་ཉི་མ་དོན་གྲུབ་ཀྱི«པཱ་ལགས་ཀྱིས་བཙེམས་པའི་ཟོམ་པ»དང་། འོད་སྲས་ཀྱི«ཕ་ལགས་དྲན་ཚུལ་ཞིག» མཛེས་སེའི«ཁྱེད་ཀྱི་བུ་ཕྲུག་བཞུད་སོང» ནེའུ་ཆུང་གི«དག་པའི་ཞིང་ན་སྤྱི་ལོ་ཡོད་དམ» རྡོ་རིང་པད་མ་དབང་ཆེན་གྱི«འཕྱོ་ཞིང་འཇགས་པའི་རླུང་བུ»བཅས་ལྔ་ནི། རང་ལ་དྲིན་ཆེ་བའི་ནང་མི་དང་ལས་གྲོགས་གང་ཞིག་འཇིག་རྟེན་དང་གཏན་བྲལ་བྱུང་རྗེས། དྲིན་དྲན་པའི་གདུང་བ་དྲག་པོ་སྐྱེས་པ་བརྗོད་བྱར་བྱས་པའི་ལྷུག་རྩོམ་སྐོར་ཞིག་ཡིན། «པཱ་ལགས་ཀྱིས་བཙེམས་པའི་ཟོམ་པ»ཞེས་པར་རྩོམ་པ་པོས་ཨ་ཕས་གཅེན་གཅུང་དྲུག་དང་བཅས་པའི་ནང་མི་ཚོར། ཁྱིམ་གྱི་ལས་ཀའི་ཞོར་དུ་རྩུབ་ཅིང་ཆེ་བའི་ལག་ཟུང་གིས་ལྷམ་ཟོམ་པ་གང་མང་ཞིག་བཙེམས་ནས་གྱོན་དུ་བཅུག་པའི་ལོ་ཟླ་དག་དྲན་པ་དང་། ཕྱིས་སུ་ཨ་ཕ་ལགས་མི་ཡུལ་དང་གྱེས་པས། དྲིན་ཆེན་ཨ་ཕ་དང་ལྷམ་ཟོམ་པ་གྱོན་པའི་ལོ་ཟླ་དེ་དག་ལྷག་ཏུ་དྲན་ཚུལ་བྲིས་ཡོད། «ཕ་ལགས་དྲན་ཚུལ་ཞིག»ཅེས་པར་རྩོམ་པ་པོས་རང་གི་ཆུང་དུས་ཀྱི་འཚོ་བ་ཕྱིར་དྲན་གྱི་ལམ་ནས། ཨ་ཕས་ཕ་མར་བཀུར་བསྟི་སྲི་ཞུ་དང་། བུ་ཕྲུག་བྱམས་ཀྱིས་སྐྱོང་བ། དྲང་བདེན་བརྟན་པོར་སྲུང་བ། དཀའ་སྡུག་ལ་མགོ་མི་སྒུར་བ་སོགས་ཀྱི་དོན་རྣམས་བབ་ཆགས་པའི་ཚིག་ལ་དྲངས་ཤིང་། རང་ཉིད་ཀྱི་འཚོ་བའི་ལམ་ཁ་ཟིན་དུས་ཨ་ཕ་ཁོ་རང་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ཟིན་པས་ཤིན་ཏུ་དྲན་ཚུལ་བརྗོད་ཡོད། «ཁྱེད་ཀྱི་བུ་ཕྲུག་བཞུད་སོང»ཞེས་པར་རྩོམ་པ་པོས་སྔོན་ནས་གཤེགས་ཟིན་པའི་ཨ་ཕྱི་ལ་སེམས་གཏམ་བརྗོད་པའི་ཚུལ་གྱིས། ཨ་ཕྱིའི་བུ་སྟེ་རང་གི་ཨ་ཕ་སྨན་ཁང་དུ་སྡོད་རིང་གི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་དྲན་འཆར་སྣ་ཚོགས་དང་། ཨ་ཕ་ལགས་ཚེ་ལས་འདས་རྗེས་ཀྱི་སྡུག་བསྔལ་དང་དྲན་གདུང་རྣམས་བརྗོད་ཡོད། «དག་པའི་ཞིང་ན་སྤྱི་ལོ་ཡོད་དམ»ཞེས་པར་རྩོམ་པ་པོས་རང་ཉིད་ཆུང་དུས་ཀྱི་འཚོ་བའི་ཁྲོད་ཀྱི་སྤོ་བོ་དང་ཁོ་གཉིས་བར་གྱི་དགའ་སྣང་དང་རྩེད་འཇོས་ཕྱུག་པའི་འཚོ་བ་རྣམས་ཕྱིར་དྲན་ངང་བྲིས་ནས། སྔོན་ནས་གཤེགས་ཟིན་པའི་སྤོ་བོ་ལགས་ལ་དྲིན་གཟོ་བའི་སེམས་ཀྱིས་དྲན་གསོ་བྱས་ཡོད། «འཕྱོ་ཞིང་འཇགས་པའི་རླུང་བུ»ཞེས་པར་རྩོམ་པ་པོས་ཁོ་ལ་དྲིན་ཆེ་ཞིང་བརྩེ་འདང་ཟབ་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་གྲོགས་རྒན་རབས་པ་ཞིག་མི་འདོད་ནད་ཀྱིས་མ་བཏང་བར་སྐུ་གཤེགས་པར་ཡིད་གདུང་བའི་ངང་རྗེས་དྲན་བྱས་ཡོད། ཧོར་གཙང་ཀླུ་རྒྱལ་གྱི«ཆུང་བྱིས་པའི་དཀའ་སྡུག་སུ་ཡིས་རྟོགས»ཞེས་པར་ཆུང་དུས་སུ་ཨ་མ་ཁྱིམ་དང་བྲལ་བས་ཨ་མའི་གཉོར་སྐྱོང་མེད་པའི་བྱིས་པ་ཞིག་གིས་རང་ལོ་བརྒྱད་དགུ་བཅུ་ཁ་ནས། ཁྱིམ་ཚང་ཞིག་གི་ཕྱི་ནང་གི་ལས་ཀའི་འགན་ཁུར་ཕྲག་ཏུ་བླངས་ཤིང་། དཀའ་སྡུག་གིས་མནར་བའི་བྱིས་དུས་ཀྱི་ལོ་ཟླ་རིང་མོའི་ཁྲོད་དྲིན་ཆེན་ཨ་མ་ཤིན་ཏུ་དྲན་པའི་གདུང་བ་བརྗོད་ཡོད། བ་རེས་ཀྱི«རྒྱང་ལྟའི་ཁྲོད་ཀྱི་ལྷ་རི»ཞེས་པར་རྩོམ་པ་པོས་རང་ཉིད་ཀྱི་སེམས་ཁོང་ནས་བརྗེད་ཐབས་བྲལ་བའི་ཕ་ཡུལ་གྱི་ལྷ་རི་ཞིག་བྲིས་ཏེ་ཕ་ཡུལ་དང་ཡུལ་མི་དྲན་པའི་བརྩེ་འདང་བརྗོད་ཡོད།
ལྔ་པ། སློབ་གསོའི་བྱ་གཞག་དང་བརྩོན་འགྲུས་སྙིང་སྟོབས།
       སློབ་གསོ་ནི་མི་སྒེར་དང་། སྤྱི་ཚོགས། མི་རིགས། རྒྱལ་ཁབ། འགྲོ་བ་མིའི་རིགས་ཀུན་གྱི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞིང་། འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་སློབ་གསོའི་སྤུས་ཚད་ཀྱིས་ཐག་གཅོད་བྱེད་པས། ད་ལྟའི་དུས་རབས་འདིའི་འགྲན་རྩོད་ཆེ་མ་ཆུང་གསུམ་ཐམས་ཅད་ཀྱང་མཐར་གཏུགས་ན་སློབ་གསོའི་སྤུས་ཚད་བཟང་མིན་གྱི་འགྲན་རྩོད་རེད། སློབ་གསོའི་སྤུས་ཚད་དེ་ཡང་སློབ་གསོའི་བྱ་གཞག་ལ་དང་དོད་བྱེད་མིན་ལ་ཐུག་པའོ། །དེ་བས་སློབ་གསོའི་བྱ་གཞག་ནི་ནམ་ཡང་འཐུས་ཤོར་དང་འགོར་འགྱངས་བྱེད་མི་རུང་བའི་བྱ་གཞག་གལ་ཆེན་ཞིག་ཡིན་ལ། དེའི་གལ་ཆེའི་རང་བཞིན་རྟོགས་པའི་སྐྱེས་བུའམ་དགེ་རྒན་རྣམས་ཀྱིས་དུས་རྟག་ཏུ་སློབ་གསོའི་བྱ་གཞག་ཕྲག་ཏུ་བླངས་ནས་ཤ་ཐང་ཐང་གིས་འབད་ཀྱིན་ཡོད། སློབ་གསོའི་བྱ་གཞག་ཆེད་དུ་དཀའ་ཚེགས་གདོང་གིས་བསུས་ནས་བརྩོན་འགྲུས་བསྐྱེད་པའི་དགེ་རྒན་དང་ཁྱིམ་བདག་བརྗོད་བྱར་བྱས་པའི་ལྷུག་རྩོམ་སྐོར་ཞིག་ཡོད་པ་གཤམ་གསལ་ལྟར།
       སྟོབས་རྒྱས་ཀྱི«ལས་འཕྲོ་མི་རྒན་ཁ་སྤུ་བཞིན། བཅད་ཀིན་བཅད་ཀིན་ཇེ་མང་ཡིན»དང་ཁྱུང་བཟང་གི«ནོངས་འགྱོད་ཀྱིས་བསླངས་པའི་ཕྱིར་དྲན»གཉིས་ནི་སློབ་གྲྭའི་ནང་གི་དགེ་རྒན་རྣམས་ཀྱིས་སློབ་གསོའི་བྱ་གཞག་ལ་འབད་འབུངས་བྱས་པའི་སྐོར་ཡིན་ཏེ། «ལས་འཕྲོ་མི་རྒན་ཁ་སྤུ་བཞིན། བཅད་ཀིན་བཅད་ཀིན་ཇེ་མང་ཡིན»ཞེས་པར་རྩོམ་པ་པོས་མཐོ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་གི་ཞོགས་པའི་ཆུ་ཚོད6:30ནས་དགོང་མོའི་ཆུ་ཚོད12:00བར་གྱི་ཉིན་གཅིག་རིང་གི་སློབ་མའི་དོ་དམ་དང་། ལས་བྱ་ཞུ་དག ཉལ་ཁང་ལ་ལྟ་རྟོག་ཏུ་སོང་བ་སོགས་ཀྱི་བྲེལ་འཚུབ་ཀྱིས་ཁེངས་པའི་འཚོ་བའི་རྣམ་པ་བྲིས་ཏེ། མཐོ་འབྲིང་གི་དགེ་རྒན་ཞིག་གི་ནམ་རྒྱུན་གྱི་འཚོ་བའི་རྣམ་པ་མཚོན་པར་བྱས་ཡོད། བྲེལ་འཚུབ་དེ་ལྟར་ཆེ་ནའང་རྩོམ་གྱི་མགོ་མཇུག་བར་གསུམ་གང་རུང་དུ་ལེ་བདའ་དང་འཁང་ར་སུན་སྣང་སྐོར་གྱི་ཡིག་འབྲུ་གཅིག་ཀྱང་མཐོང་དུ་མེད་པས། ལྷུག་རྩོམ་འདིས་དགེ་རྒན་ཕལ་པ་ཞིག་གིས་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་སློབ་གསོའི་བྱ་གཞག་ལ་བསྟིམས་པའི་བརྩོན་འགྲུས་དང་སྙིང་སྟོབས་མངོན་པར་མཚོན་ཡོད། «ནོངས་འགྱོད་ཀྱིས་བསླངས་པའི་ཕྱིར་དྲན»ཞེས་པར་རྩོམ་པ་པོས་འཛིན་གྲྭ་གཉིས་ཀྱི་སློབ་མ་འགའི་བར་ལ་འགལ་བ་བྱུང་བར། ངས་སློབ་མའི་འགལ་རྩོད་ཀྱི་གནས་ཚུལ་ལ་རྩད་གཅོད་ཞིབ་ཏུ་མ་བྱས་པར། ཐད་ཀར་དགེ་རྒན་ཤ་བོ་གཡང་སྐྱབས་ལ་སྤོ་ཐོག་ནས་བདེན་ལུགས་བརྩད་པ་དང་། ཕྱིས་སུ་སློབ་མ་རྣམས་ལ་རྩོད་བྱ་གསལ་པོ་མེད་པར་ཤེས་དུས། རང་ཉིད་ཀྱི་ཧོལ་རྒྱུག་དེར་གནོང་འགྱོད་སྐྱེས་ཚུལ་བྲིས་ཡོད། ཧོལ་རྒྱུག་དེ་ཡང་དོན་གྱིས་ངས་སློབ་ཁྲིད་ཀྱི་འགན་ཁུར་ལྕི་མོའི་ཁྲོད་ནས། མ་བསྐུལ་དང་བླངས་ཀྱིས་དོན་རྐྱེན་ཞིག་ལས་འཇིག་རྟེན་དང་བྲལ་བའི་དགེ་རྒན་ཞིག་གི་འཛིན་གྲྭའི་འཛིན་བདག་གི་འགན་བཞེས་ཏེ། སློབ་མའི་སློབ་གསོའི་བྱ་བ་རྣམས་ཁུར་དུ་བླངས་པའི་སྤྱོད་ཚུལ་ཞིག་རེད། འདི་ལས་དགེ་རྒན་ཞིག་གིས་སློབ་གསོར་ཤ་འབད་རུས་འབད་བྱས་པའི་བརྩོན་སེམས་དང་ལྷད་མེད་ཀྱི་ལྷག་བསམ་དཀར་པོ་ཞིག་མཐོང་ཐུབ།
       པད་མ་རིག་འཛིན་གྱི«རེ་འདུན་ཆུ་མིག་དགུ་སྒྲིལ»དང་སྐལ་རྒྱམ་གྱི«སྙིང་གཏམ་ཐན་ཐུན»གཉིས་ནི་ཁྱིམ་བདག་སོ་སོས་བུ་ཕྲུག་ལ་ཕ་སྐད་སློབ་གསོ་ལེགས་པོ་ཞིག་འཐོབ་པར་འབད་བརྩོན་བྱས་པའི་གཏམ་རྒྱུད་གཉིས་རེད། «རེ་འདུན་ཆུ་མིག་དགུ་སྒྲིལ»ཞེས་པར་རྩོམ་པ་པོས་ཨ་ཕ་ཞིག་གིས་གྲོང་ཁྱེར་ནས་རང་གི་བུ་མོས་བོད་ཡིག་བོད་སྐད་སློབ་ཆེད། བོད་ཡིག་ཁྲིད་པའི་བྱིས་སྙོར་ཁང་དང་བོད་ཡིག་གི་གསབ་སྦྱོང་འཛིན་གྲྭ་སོགས་བཙལ་ནས་འབད་བརྩོན་བྱས་ཚུལ་བྲིས་ཡོད། འདི་ནི་བོད་ཡིག་བོད་སྐད་སློབ་པར་མཐུན་རྐྱེན་མེད་པའི་གྲོང་ཁྱེར་ཞིག་ན་འཚོ་བར་རོལ་བའི་ཁྱིམ་བདག་ཞིག་གིས། རང་གི་བུ་མོར་བོད་ཡིག་བོད་སྐད་སློབ་པར་བཅངས་པའི་རེ་འདུན་དང་། རེ་འདུན་དེ་མངོན་འགྱུར་བྱུང་བར་དཀའ་ཚེགས་ཆེ་ཡང་། ནུས་ཚོད་ཀྱིས་གོ་སྐབས་དམ་འཛིན་དང་བློ་ཕམ་མེད་པར་བརྩོན་པའི་རྒྱུན་བསྐྱངས་པའི་སློབ་གསོའི་གཏམ་རྒྱུད་ཅིག་གོ །«སྙིང་གཏམ་ཐན་ཐུན»ཞེས་པར་རྩོམ་པ་པོས་ཨ་ཕ་ཞིག་གིས་ལྷ་ས་གྲོང་ཁྱེར་ནས་རང་གི་བུ་མོས་ཕ་སྐད་སློབ་གསོ་མྱོང་ཆེད། ལས་ཁུངས་དང་ཐག་ཉེ་སར་ཡོད་པའི་བརྒྱད་གཅིག་སློབ་གྲྭ་སྐད་གྲགས་ཅན་དེ་བསྐྱུར་ནས། ལེ་བར་བཅུ་ཕྲག་ལྷག་མཚམས་ཀྱི་ལྷ་སའི་ཚོད་ལྟའི་སློབ་ཆུང་ལ་བསྐྱལ་བ་དང་། སློབ་ཆུང་ནས་མཐར་ཕྱིན་སྐབས་རྒྱུགས་འབྲས་ནི་མཐར་ཕྱིན་འཛིན་གྲྭ་ཡོངས་ཀྱི་ཨང་གཉིས་པ་ཡིན་པས། ནང་སའི་སློབ་གསོའི་སྤུས་ཚད་བཟང་བའི་སློབ་འབྲིང་ཞིག་ཏུ་ཕྱིན་ཆོག་ཆོག་ཡིན་ནའང་། ཆུང་དུས་སུ་སྐད་ཡིག་སློབ་གསོ་དང་ཁྱིམ་གྱི་སློབ་གསོ་ནི། གཞན་དག་མི་གླེང་སྟེ་ཐ་ན་མི་གཤིས་ལེགས་པོ་དང་མི་གཞི་བདེ་ཐང་ཅན་ཞིག་ཏུ་ཆགས་པར་ཡང་ཤིན་ཏུ་གལ་ཆེ་བར་དགོངས་ནས། མཐར་བུ་མོ་ལྷ་སའི་སློབ་འབྲིང་དུ་བསྐྱལ་ཚུལ་བྲིས་ཡོད། འདི་ནི་ཁྱིམ་བདག་ཞིག་གིས་རང་གི་བུ་མོའི་སློབ་གསོའི་ཕྱོགས་ལ་བཏང་བའི་མནོ་བསམ་དང་། ཕུལ་བའི་སེམས་ཤུགས། འབད་པའི་བརྩོན་འགྲུས་ཡིན་ནོ། །
དྲུག་པ། རི་དྭགས་གླིང་ག་དང་སྐྱེ་ཁམས་སྲུང་སྐྱོབ།
       སྤྱིར་བཏང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་བརྟན་ན་ནང་བཅུད་ཀྱི་སེམས་ཅན་བདེ་བ་དང་། ནང་བཅུད་ཀྱི་སེམས་ཅན་བདེ་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཡང་བརྟན་པས། དེ་གཉིས་བར་དུ་གཅིག་ལ་གཅིག་བརྟེན་ནམ་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲེལ་བ་ངེས་ཅན་ཞིག་གྲུབ་ཡོད། གལ་སྲིད་འབྲེལ་བ་དེར་གཏོར་བརླག་ཐེབས་ཚེ། ཕྱི་སྣོད་ཀྱི་འཇིག་རྟེན་མི་བརྟན་པར་ས་ཆུ་མེ་རླུང་གི་ཆགས་འཇིག་སྣ་ཚོགས་བྱུང་ནས་ནང་བཅུད་ཀྱི་སེམས་ཅན་མི་བདེ་བར་གཏོང་ལ། ནང་བཅུད་ཀྱི་སེམས་ཅན་ཀྱི་ཚེ་སྲོག་ལ་གནོད་འཚེ་བྱུང་ནས་མི་བདེ་བར་གྱུར་ཚེ་ཕྱིར་ཕྱི་སྣོད་ཀྱི་འཇིག་རྟེན་ལའང་ཤུགས་རྐྱེན་སྣ་ཚོགས་ཐེབས་ཏེ་མི་བརྟན་པར་འགྱུར་ངེས། དེ་བས་ང་ཚོས་སྣོད་བཅུད་ཀྱི་གཏིང་ཟབ་པའི་འབྲེལ་བ་དེ་ངོས་ཟིན་རྒྱུ་ནི་སྣོད་བཅུད་སྲུང་སྐྱོབ་ཀྱི་སྔོན་འགྲོ་ཡིན་ཞིང་། སྣོད་བཅུད་ལ་སྲུང་སྐྱོབ་བྱས་པ་ནི་མཐར་གཏུགས་ན་རང་ཉིད་ལ་སྲུང་སྐྱོབ་བྱས་པ་དེའོ། །འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་བལྟས་ན། འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་རང་བྱུང་ཁམས་ཀྱི་ཐོན་ཁུངས་ལ་འོས་འཚམ་མིན་པའི་སྔོག་འདོན་དང་། རི་ཆུ་རྩྭ་ནགས་དང་སྲོག་ཆགས་ཐམས་ཅད་ལ་གནོད་སྐྱོན་གང་མང་བཟོས་པས། དེའི་ངན་འབྲས་སུ་ཆུ་ལོག་དང་ས་ཡོམ། ཚ་གདུང་དང་གྲང་ངར། ནད་ཡམས་དང་མུ་གེ་སོགས་ཀྱི་ཆགས་འཇིག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་གཡོལ་ཐབས་མེད་པར་བྱུང་དང་འབྱུང་བཞིན་པ་རེད། དེ་བས་སྣོད་བཅུད་དམ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི། འགྲོ་བ་མིའི་རིགས་ཀྱིས་ནམ་ཡང་འདོར་མི་རུང་ཞིང་ངེས་པར་དུ་བསྒྲུབ་དགོས་པའི་ཐུན་མོང་གི་བྱ་གཞག་ཅིག་ཡིན། སྣོད་བཅུད་དམ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བརྗོད་བྱར་བདམས་པའི་ལྷུག་རྩོམ་སྐོར་ཞིག་ཡོད་པ་གཤམ་གསལ་ལྟར།
       ཁ་བ་ལྷ་མོའི«རི་དྭགས་གླིང་གི་ཉིན་གཅིག»ཅེས་པར་རྩོམ་པ་པོས་གཟའ་ཉི་མར་ཙོང་ཁ་ཟི་ལིང་གི་སྲོག་ཆགས་གླིང་གར་ཉུལ་སྐབས་ཀྱི། གཟེབ་དྲར་བཅུག་པའི་རྨ་བྱ་དང་། ལྕགས་དྲར་བཅུག་པའི་འབྲོང་། ཉམ་ང་བའི་རྔ་མོང་། ཆུ་རྙོག་དང་གུ་དོག་པའི་གནས་སུ་འཚོ་བའི་མཚོ་རྟ། སྲོག་ཆགས་ཆུང་ཆུང་བཙོང་སྟེ་གཅན་གཟན་གྱི་མདུན་དུ་འཕངས་ནས་གདུག་རྩུབ་ཀྱི་རྩེད་མོར་རོལ་བའི་མིའི་བྱ་སྤྱོད་སོགས་ཀྱི་མཐོང་ཐོས་མྱོང་གསུམ་ཡིག་རིས་སུ་ཕབ་ནས། རང་དབང་ཤོར་བའི་སྲོག་ཆགས་དེ་དག་ལ་གདུང་སེམས་མཉམ་བསྐྱེད་བྱས་ཏེ། རང་བྱུང་གི་པང་ན་རང་དབང་ངང་རྒྱུ་བའི་སྲོག་ཆགས་ཀུན་ལ་སེམས་བརྩེ་བའི་སྒོ་ནས་སྲུང་སྐྱོབ་བྱེད་པར་རེ་འབོད་བྱས་ཡོད།
       མཁས་གྲུབ་ཀྱི«ཚེ་རིང་རྣམ་དྲུག»དང་གངས་ཕྲུག་རྒྱལ་གྱི«ཚེ་རིང་རྣམ་དྲུག»གཉིས་ནི། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ནས་སྣོད་བཅུད་རྟེན་འབྲེལ་དུ་ཆགས་ལུགས་དཔེར་བཀོད་པའི་ཚེ་རིང་རྣམ་དྲུག་ཅེས་པ་བརྗོད་གཞིར་དྲངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་བརྗོད་པའི་ལྷུག་རྩོམ་གཉིས་ཡིན། མཁས་གྲུབ་ཀྱི«ཚེ་རིང་རྣམ་དྲུག»ཅེས་པར་ཆུ་ཚེ་རིང་དང་། ཤིང་ཚེ་རིང་། རི་དྭགས་ཚེ་རིང་། བྲག་ཚེ་རིང་། བྱ་ཚེ་རིང་། མི་ཚེ་རིང་བཅས་སོ་སོའི་མཛེས་སྡུག་གི་ཁྱད་ཆོས་དང་ཕུན་ཚོགས་ཀྱི་དགེ་མཚན་ཡོངས་སུ་བརྗོད་ཅིང་། དེ་ནི་འགྲོ་བ་མིའི་རིགས་ཀྱིས་དེ་དག་ལ་སྔ་ཕྱི་བར་གསུམ་དུ་བརྩི་བཀུར་དང་། དགའ་ཞེན། སྲུང་སྐྱོབ་བགྱིས་པའི་འབྲས་བཟང་ཡིན་པས། གལ་སྲིད་འགྲོ་བ་མིའི་རིགས་ཀྱི་བླང་དོར་གྱི་སྤྱན་ཟུང་ལྡོངས་ནས་དེ་དག་ལ་ཚོད་མེད་པའི་གཏོར་བརླག་གིས་གཅེས་སྤྲས་མ་བྱས་ཚེ། ངན་འབྲས་སུ་ས་ཆུ་མེ་རླུང་གི་འབྱུང་ཁམས་འཁྲུགས་ཏེ། སེམས་ཅན་དང་རྩི་ཤིང་ཐམས་ཅད་ཆགས་འཇིག་ཆེན་པོའི་ཉེན་ཁར་ལྷུང་བར་བསྟན་ཡོད། གངས་ཕྲུག་རྒྱལ་གྱི«ཚེ་རིང་རྣམ་དྲུག»ཅེས་པར་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་དང་། བྲག་ནི་ཚེ་སྲོག་གི་རྟེན་གཞི་ཡིན་པ། ཤིང་ནི་ཚེ་སྲོག་སྐྱོང་བའི་ཚེ་སྲོག་ཡིན་པ། རི་དྭགས་ནི་འཇིག་རྟེན་གྱི་མཚར་སྡུག་སྣ་ཚོགས་སྐྲུན་མཁན་ཡིན་པ། བྱ་ནི་འཇིག་རྟེན་དུ་སྐད་སྙན་གྱི་ལོངས་སྤྱོད་སྦྱིན་མཁན་ཡིན་པ་སོགས་ཀྱི་དགེ་མཚན་འབུར་ཐོན་དུ་བརྗོད་ཅིང་། དེ་དག་ཕན་ཚུན་བར་ལའང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ངེས་ཅན་ཞིག་གྲུབ་པའི་གནས་ལུགས་ཀྱང་བསྟན་ཡོད། གལ་སྲིད་འགྲོ་བ་མིའི་རིགས་ཀྱིས་སྒེར་སེམས་དང་འདོད་རྔམ་གྱིས་མགོ་རྨོངས་ཏེ། སྣོད་བཅུད་རྟེན་འབྲེལ་ངང་ཆགས་པའི་ཆོས་ཉིད་དེ་མ་ཤེས་པར་སྣོད་བཅུད་ལ་གཏོར་བརླག་བཅོམ་གསུམ་བྱས་ཚེ། མཐར་རང་ཉིད་ཀྱི་ཚེ་ཡང་རིང་མི་སྲིད་པས། སྣོད་བཅུད་ལ་སྲུང་སྐྱོབ་བྱེད་དགོས་པ་དང་དེ་ནི་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་གཉིས་སུ་མེད་པར་སྨྲས་འདུག་གོ །
མཇུག་བསྡུ་བ།
       དཔྱད་རྩོམ་འདིར་ཉེ་བའི་ལོ་ངོ་བཅུའི་རིང་གི་འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་པ་པོ་ལྔ་བཅུའི་ལྷུག་རྩོམ་ལྔ་བཅུ་དཔྱད་གཞིར་དྲངས་ནས། བར་སྐབས་འདིའི་ལྷུག་རྩོམ་གྱི་བརྗོད་བྱའི་གྲུབ་སྟངས་ཕྱོགས་དྲུག་གི་སྒོ་ནས་གླེང་ཁུལ་བྱས་ཡོད་མོད། འོན་ཀྱང་འདིར་ད་དུང་ལྷུག་རྩོམ་ལེགས་པོ་གཞན་འདུས་མེད་པའི་གནས་ཚུལ་ཡང་ཡོད་སྲིད་པས། འབྲེལ་ཡོད་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་ཀུན་ལ་དགོངས་འགལ་མེད་པར་ཞུའོ། །

མཆན།
[1] ཉེ་བའི་ལོ་ངོ་བཅུའི་རིང་གི་ལྷུག་རྩོམ་གྱི་ཞིབ་འཇུག་གནས་བབ་ལ་གཞིགས་ན་ཞིབ་འཇུག་གི་སྟོང་ཆ་ཆེན་པོ་མཆིས་ཏེ། དཔེར་ན། ཆེད་དུ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཉུང་བ་དང་། དཔྱད་གཞིར་དྲངས་པའི་བརྩམས་ཆོས་ཀྱི་གྲངས་ཉུང་བ། བརྗོད་བྱ་དང་མཚོན་ཐབས་སྐོར་ལ་སྤྱིའི་ཆ་ནས་དབྱེ་ཞིབ་དང་སྤྱི་སྡོམ་བྱས་མེད་པ་སོགས་ཀྱི་གནས་ཚུལ་མཆིས་པ་བཞིན་ནོ། །འབྲེལ་ཡོད་ཀྱི་ཞིབ་འཇུག་གི་དཔྱད་འབྲས་གཤམ་གསལ་ལྟར། པད་མ་རིག་འཛིན། «2011ལོའི་བོད་ཀྱི་ལྷུག་རྩོམ་སྐོར་གླེང་བ»[C]«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས།(2010—2019)དཔྱད་བརྗོད་ལེགས་བཏུས» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་དཔར་མ།  ཤ88-103 རྡོ་རིང་པད་མ་དབང་ཆེན། «ལྷུག་རྩོམ་གྱི་རང་མདངས།—(ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས)ལས་ལྷུག་རྩོམ་དེབ་བསྒྲིགས་པའི་མྱོང་ཚོར»[J]«སྦྲང་ཆར» 2020ལོའི་དེབ་གསུམ་པ།  ཤ188-206 དོན་གྲུབ་ཚེ་རིང་། «ལྷུག་རྩོམ་གསར་རྩོམ་སྐོར»[C]«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས།(2010—2019)བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་དཔར་མ།  ཤ320-379 ཆོས་སྐྱོང་། «ཟིང་ལོང་རྡེའུ་འགྲེམས»[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018ལོའི་དཔར་མ། ཤ171-212 རྡོ་རིང་པད་མ་དབང་ཆེན། «སྨིན་དྲུག་ཁྲ་མོའི་ཁ་ཆུ།—(སྨིན་དྲུག་བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས)བཀླགས་པའི་མྱོང་ཚོར»[J] «སྦྲང་ཆར» 2022ལོའི་དེབ་དང་པོ།  ཤ185-199
[2] ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་སྐོར་ལ་ཁོ་བོས«ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ་ཞིག་བྲིས་ཡོད་པ་མི་འགྱངས་བར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཐོག་སྤེལ་འཆར་མཆིས།
[3] «སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས(2010—2019)»«ཕུགས་འདུན»[G]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་དཔར་མ།
[4] ཧོར་གཙང་ཀླུ་རྒྱལ། «ཆུང་བྱིས་པའི་དཀའ་སྡུག་སུ་ཡིས་རྟོགས»[J]«མི་རིགས་ཀྱི་རྩོམ་རིག» 2014ལོའི་དེབ་དྲུག་པ། ཤ53-56 གངས་ཕྲུག་རྒྱལ། «ཚེ་རིང་རྣམ་དྲུག»[J]«སྦྲང་ཆར»2018ལོའི་དེབ་དང་པོ། ཤ145-148  མཁས་གྲུབ། «ཚེ་རིང་རྣམ་དྲུག»[J]«སྦྲང་ཆར» 2018ལོའི་དེབ་གསུམ་པ། ཤ155-159

རྩོམ་པ་པོ་ངོ་སྤྲོད།
       བསེ་ཆང་སངས་རྒྱས་དོན་གྲུབ། ༡༩༨༩ལོར་མཚོ་སྔོན་ཡ་རྫིའི་བསེ་ཆང་ཡུལ་དུ་སྐྱེས། ༢༠༡༧ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན། ལོ་དེར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར། དགེ་རྒན་ཆེན་མོ་གཞོན་པ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།
       བརྩམས་ཆོས་ལ«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པ་པར་སྐྲུན་བྱས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར» «ཀྲུང་གོའི་བོད་རིག་པ» «བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ» «བོད་རིག་པའི་དུས་དེབ
(སི་ཁྲོན་སློབ་ཆེན)»སོགས་དུས་དེབ་སྟེང་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ། འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་ལ༢༠༡༧ལོའི་ཀན་སུའུ་ཞིང་ཆེན་འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ། མཚོ་སྔོན་ཞིང་ཆེན་གྱི་རྩེར་སོན་འཇོན་མི་དང་རྒྱལ་ཁབ་རིམ་པའི་གཞོན་སྐྱེས་འཇོན་མིའི་གྲས་སུ་བདམས། ད་ལྟ་རྒྱལ་ཁབ་རིམ་པའི་ཞིབ་འཇུག་གི་ལས་གཞི་གཅིག་གཙོ་སྐྱོང་བྱེད་བཞིན་ཡོད།

རྩོམ་གྱི་ཡོང་ཁུངས། སྤྱི་ལོ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།