རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པ་ལས་འཕྲོས་པ།
རྩོམ་པ་པོ།:སྐྱ་ཙ་ཡོན་ཏན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-04-14
ཀློག་གྲངས།:
གདགས་གཞི་ལ་བརྟེན་པའི་མཛེས་དཔྱོད།
—རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པ་ལས་འཕྲོས་པ།
ཡོན་ཏན།
ཐོད་དེ་བརྒལ་བ་ནི་དུས་རབས་འདིས་ང་ཚོར་བཞག་པའི་ཆེས་ཟབ་གསལ་ཆེ་གསུམ་གྱི་བག་ཆགས་ཡིན་སྲིད། མིའི་རིགས་ཀྱི་ཤེས་བྱ་དང་ལག་རྩལ་སོགས་ལ་སྔ་ན་མེད་པའི་འཕོ་འགྱུར་གྱི་རླབས་ཕྲེང་རབ་ཏུ་གཡོ་བ་དང་ཆབས་ཅིག་ཚེ་སྲོག་གི་གནས་སྟངས་ལའང་བརྡབ་གསིག་དང་དབྲལ་བཞིག་ཆེན་པོ་ཐེབས་ཡོང་པ་མིག་མཐོང་ལག་ཟིན་གྱི་དུས་འདི་ལ། རྩོམ་རིག་ཅེས་པའི་རིག་གནས་ཀྱི་བྱེ་བྲག་འདིའམ་འདི་དང་འབྲེལ་བའི་སྒྱུ་རྩལ་གྱི་འཚོལ་སྙེག འཚོལ་སྙེག་ཁྲོད་ཀྱི་མི་ཚེའི་རིན་ཐང་གི་ལྷུར་ལེན་དག་ནི་གཞི་ནས་འཕོ་འགྱུར་འབྱུང་གིན་པའི་བྲེད་ཤ་ཞིག་ལ་ཁ་གཏད་དེ་ཡོད་ཅིང་། མིའི་རིགས་ཀྱི་གཉུག་མའི་སེམས་ཁམས་ན་ལུས་པའི་གདོད་གཟུགས་གྲངས་མང་པོའི་འདུ་འགོད་ལས་བྱུང་བའི་ཡིད་བརྙན་གྱི་ཚོགས་ཀྱིས་བསྐོར་བའི་མཛེས་དཔྱོད་ཀྱི་རིག་པས་ཡུལ་དུས་གང་རུང་ནས་སྐྱེ་བོ་སོ་སོའི་སེམས་ཁམས་གསོ་ཞིང་། རྣམ་ཤེས་ཀྱི་ངལ་བ་སེལ་བའི་རྒྱུ་རུ་གྲུབ་འདུག
«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་གིས་ལོ་རེ་རེར་སྒྲུབ་བཞིན་པའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་ལོ་འདི་འགའི་བོད་ཀྱི་རྩོམ་སྟེགས་སྟེང་གསར་དུ་བྱུང་བ་དང་རྩོམ་རིག་གསར་རྩོམ་ལ་ཁ་ཕྱོགས་པའི་ལས་གཞི་མཆོག་ཏུ་གྱུར་བའི་གྲས་ཡིན་ལ། བསྟུད་མར་ལོ་འགར་སྤེལ་བའི་གནས་ཚུལ་དངོས་ལ་གཞིགས་ན་འབྲས་བུ་བསམ་གྱིས་མི་ཁྱབ་པ་ལེན་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། །ཡང་གཅིག་བཤད་ན་ལས་གཞི་འདི་འདྲ་སྤེལ་བ་ལ་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་དང་རོགས་རམ། གསར་རྩོམ་ལ་འཇུག་མཁན་གྱི་སྐྱེས་ཕོ་མོ་རྒན་གཞོན་ཐ་དག སྒོས་སུ་འགྲན་སྡུར་གཙོ་སྒྲུབ་བྱེད་མཁན་གྱི་ལས་སྣེ་པ་དག་གི་མིག་རྒྱང་དང་ཁོག་རྒྱ་ཡངས་པོ་མ་མཆིས་ཚེ་དཀའ་ཁག་ཅི་འདྲ་ལ་འཕྲད་སྲིད་པ་རང་ཚོས་ཚོད་དཔག་བྱས་ན་ཤེས་ངེས། དེ་ལྟ་ཡིན་ཡང་དཀའ་བ་ཁྱད་དུ་བསད་ཅིང་འགན་ཁུར་ཕྲག་ཏུ་བཞེས་ཏེ་རྩོམ་རིག་གི་སྐྱེད་ཚལ་ཡངས་པོར་ཁ་དོག་སྣ་ལྔའི་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ལས་ལ་གཞོལ་པའི་གཙོ་སྒྲུབ་པ་དག་གིས་ང་ཚོའི་སྒྱུ་རྩལ་གྱི་དད་འདུན་པ་ཀུན་ལ་སྔ་ན་མེད་པའི་ཡིད་ཆེས་དང་གདེང་ཚོད་རིས་སུ་མ་ཆད་པར་བསྟར་ཡོང་བ་ནི་ཁོ་ཚོའི་བླ་ན་མ་མཆིས་པའི་དམིགས་འབེན་དང་སྙིང་སྟོབས་ཤིག་ཀྱང་ཅི་ལ་མིན། རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ནི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ལ་སེམས་ཟུགས་མ་ཆག་པའི་སྐྱེ་བོ་ཐ་དག་གིས་དུས་དང་རྣམ་པ་ཀུན་ཏུ་ཀུན་ཕན་གྱི་བྱ་བ་སྒྲུབ་དང་སྒྲུབ་མུས་སུ་ཡོད་ཅིང་། གསར་སྐྱེས་གཞོན་རབས་པ་དག་ལ་གསར་རྩོམ་གྱི་ལམ་ཁ་ཡངས་པོའི་གར་སྟེགས་དང་གོ་སྐབས་བསྐྲུན་པ་དེ་ཡིན་གྱི། ལྷག་ཏུ་རྩོམ་རིག་གི་གཤིན་སར་ནམ་ཡང་ཚེ་སྲོག་གསར་པའི་སྐྱེས་སྟོབས་མཁོ་ཞིང་། གལ་སྲིད་གསར་རྩོམ་གྱི་རྒྱུན་ཆད་དེ་བརྩམས་ཆོས་ལེགས་པོའི་ཆར་ཆུས་མ་བརླན་ཚེ། ནམ་ཞིག་ལ་རང་རིགས་ཀྱི་མཛེས་ལྗོངས་དེ་མྱ་ངམ་ཐང་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད། དེས་ན་རྩོམ་རིག་འཕེལ་རྒྱས་ལ་མེད་དུ་མི་རུང་བ་ནི་རྩོམ་པ་པོ་དང་བརྩམས་ཆོས་ལེགས་གྲས་ལས་གཞན་ད་དུང་མིག་རྒྱང་རིང་ལ་རྣམ་དཔྱོད་ལྡན་པའི་རྩོམ་སྒྲིག་པའི་དཔུང་ཁག་ཀྱང་གནད་ཆེ་བར་གྱུར་འདུག
དེང་སྐབས་བོད་ཀྱི་རྩོམ་སྟེགས་འདི་སྔོན་མ་དང་མི་འདྲ་བར་དུས་བསྟུན་གྱི་ཐུན་མིན་ཁྱད་ཆོས་མངོན་འདུག་པ་ནི་རྩོམ་རིག་བརྩམས་ཆོས་མང་དུ་འགྲོ་བཞིན་པ་དང་བསམ་བློའི་ནང་དོན་ཕུན་སུམ་ཚོགས་པ། སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་ཅན་སོགས་ཡིན་ལ། དེ་དང་ཆབས་ཅིག་རྩོམ་རིག་བརྩམས་ཆོས་མང་པོ་བསམ་བློའི་ཆུ་ཚད་དམའ་ཞིང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དང་རྩོམ་རིག་རང་སྟེང་གི་བྱེད་ནུས་སྔོན་མ་ནང་བཞིན་ཤུགས་དྲག་པོ་མིན་པའང་མངོན་གསལ་དུ་སྣང་། འདི་ལ་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་པོ་ཡོད་ཀྱང་གཅོ་བོ་ཞིག་ནི་རྩོམ་པ་པོ་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་དོ་མཉམ་པོར་མ་ཡོང་བ་དང་ཡང་ན་དུས་རབས་ཀྱི་སྔོན་ལ་བསྐྱོད་ནུས་པའི་ཤེས་རབ་ཀྱི་རྩལ་གྱིས་མ་ལོངས་པ་ཨེ་ཡིན་སྙམ་པའི་ཐེ་ཚོམ་སྐྱེ་ཞིང་། ཡང་གཅིག་བཤད་ན་དུས་ཀྱི་འགྱུར་བའི་དབང་གིས་རྩོམ་རིག་གི་སློབ་གསོ་དང་ཁ་ཕྱོགས་རྩ་བ་ནས་དོར་དེ་མིང་དང་ཁེ་གྲགས་ལ་སྙེག་པའི་ཁོར་མོ་ཡུག་གིས་ཁྱོན་ནས་བསྐོར་ཡོད་པའང་སྣང་ཚུལ་དངོས་རེད། དེའི་ཁྲོད་དུ་རྩོམ་མཁན་དང་བརྩམས་ཆོས། ཀློག་པ་པོ་བཅས་ཀྱིས་གྲུབ་པའི་ཁོར་ཡུག་དེ་ཆུང་ནས་ཆུང་དུ་ཕྱིན་ཏེ་སྤྱི་ཚོགས་ཀྱི་སྟེགས་བུ་ཆེན་པོ་ནས་གྲལ་མཐའ་ཙམ་ཟིན་ཡོད་མེད་ཀྱི་གནས་སུ་གྱར་འདུག
འདི་འདྲའི་གནས་ཚུལ་གྱི་འོག་ནས་བསམ་བློའི་རྒྱགས་ཕྱེ་རུ་མཐོང་བའི་རྩོམ་རིག་འཕེལ་རྒྱས་གཏོང་དགོས་ན་ངེས་པར་ཁོར་ཡུག་ལེགས་པོ་ཡོང་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད་མ་གཏོགས་སྤྱི་ཚོགས་ཧྲིལ་པོས་ཁ་དམ་དམ་དང་མིག་ཟུམ་ཟུམ་གྱིས་ཅི་མི་སྙམ་པར་བཞག་ན་མི་སོ་སོའི་ཚོར་བའི་དབང་བོ་རྟུལ་པོར་འགྱུར་སྲིད་ལ་ཤེས་རབ་ཀྱི་མིག་མདངས་རྣོ་མ་དགོས་རབ་རིབ་ཏུ་གྱུར་ཏེ། མཐའ་མར་འཚོ་བ་ལ་འཁྲེང་བའི་བློ་ཤུགས་ཙམ་པོ་བ་དེའང་རླུང་ཁའི་མར་མེ་བཞིན་དུ་གཞིལ་འགྲོ་བའི་ཉེན་ཚབས་ག་ས་གང་ནས་འཆར་བཞིན་པ་དེའོ། །
དེས་ན་རྩོམ་སྒྲིག་པའི་བློ་བཀོད་བཞིན་དུ་སྒྲུང་ཐུང་འགྲན་སྡུར་སྤེལ་བ་འདིས་ནི་རེ་ཞིག་སྐལ་བ་སྙིགས་མའི་སྙིགས་རོ་དེ་དག་མཐར་བསྐྲད་ཅིང་། གསོན་ཤུགས་འཕེར་བའི་བརྩམས་ཆོས་སྐོར་ཞིག་ཚགས་པར་བརྒྱུད་དེ་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཅིང་མཆིས་ལ། དེ་ལས་ཐོབ་པའི་སྒྱུ་རྩལ་གྱི་འདྲེན་ཤུགས་དང་འཚོ་བའི་མྱོང་སྣང་། གསལ་ཞིང་དག་པའི་སྐད་ཆའི་རྗོད་པ།བློ་འགུགས་ཐེབས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་སོགས་པས་ཡང་བསྐྱར་མི་རྣམས་བདེན་དགེ་མཛེས་གསུམ་གྱིས་སྤུད་པའི་ཡིད་བཞིན་གྱི་གཙུག་ལག་ཁང་དུ་ཁྲིད་ཅིང་། མྱངས་ན་བྲོ་བ་ལྡན་ལ་རོལ་ན་སྣང་བ་སྐྱིད་པའི་སྒྱུ་རྩལ་གྱི་འགྲུལ་བཞུད་ལ་ཡང་ནས་ཡང་དུ་འཇུག་པའི་གོ་སྐབས་སྤྲོད། རང་ཉིད་ཀྱང་འགྲུལ་བཞུད་དེ་ལ་ཞུགས་ནས་ད་ལོའི་འགྲན་སྡུར་གྱི་དཔྱད་འདེམ་པ་ཞིག་གི་མིང་ཐོག་ནས་དཔྱད་བྱར་ཚུད་པའི་བརྩམས་ཆོས་ལེགས་ཤོས་སྐོར་ཞིག་ལ་རང་ནུས་ཅི་ལྕོགས་ཀྱིས་དྲང་བདེན་དང་རྒྱུ་འབྲས་བློ་མིག་ཡངས་པོར་ཕྱེས་ཏེ་བློ་ཞིབ་མོས་བརྟག་ཅིང་སེམས་རྣལ་མས་དཔྱད་མཐར་དཔྱད་འདེམ་པ་གཞན་དག་དང་མཉམ་དུ་སྒྲུང་གཏམ་དྲུག་བྱ་དགའི་ནང་དུ་བདམས་པ་ཡིན།
སྒྲུང་གཏམ་དང་པོ«ཁྲུང་ཁྲུང»ནི་ན་གཞོན་རྩོམ་པ་པོ་སྨྲི་ཏི་མཚན་འབར་ལགས་ཀྱི་བརྩམས་ཆོས་ཡིན་ལ་བརྩམས་ཆོས་འདི་ནི་རང་ངོས་ནས་བཤད་ན་ཤིན་ཏུ་ལེགས་པོ་ཞིག་རེད་བསམས་སོང་། ཐོག་མར་སྒྲུང་གཏམ་དེ་ལ་བལྟས་མ་ཐག་ཡིད་སེམས་རབ་ཏུ་གཡོ་ཞིང་དོགས་སློང་དང་དངངས་འཚུབ་ཀྱི་ཚོར་བ་ཞིག་དེ་མ་ཐག་ནས་སྐྱེ་རུ་བཅུག ད་ལྟའི་བར་དུ་བོད་ཀྱི་རྩོམ་རིག་གི་བདེན་དགེ་མཛེས་གསུམ་གྱིས་ཡོངས་སུ་གཏམས་པའི་ཁྱབ་ཁོངས་ནས་འདི་ལྟ་བུའི་རྩོམ་ཞིག་བུད་མ་མྱོང་ལ་འབུད་པའི་གོ་སྐབས་ཀྱང་ཉིན་མོའི་སྐར་མ་བཞིན་དུ་དཀོན་པར་བསམས། འོན་ཀྱང་སྒྲུང་གཏམ་འདི་བཀླགས་པས་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་དེ་ཉིད་ཀྱི་ལོ་མང་པོར་སྲ་ཆགས་པའི་མཐའ་མཚམས་དང་མུ་ཁྱུད་དེ་རྒྱ་བསྐྱེད་སོང་ངམ་སྙམ་པའི་གདེང་ཚོད་ཅིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་།
སྤྱིར་ན«ཁྲུང་ཁྲུང»ནི་བོད་ཀྱི་རིག་གནས་ཁྲོད་བཀྲ་ཤིས་པ་དང་ཚེ་རིང་བ་མཚོན་པའི་བརྡ་རྟགས་ཡིན་ནའང་བརྩམས་ཆོས་འདིར་དེ་ལས་ལྡོག་སྟེ་ཕ་བུ་བར་གྱི་འགལ་བ་དང་བརྩེ་དུང་དང་ཆགས་སྲེད་བར་གྱི་འགལ་བ། ཐ་ན་མི་རིགས་ཤིག་གི་རིན་ཐང་ལྟ་ཚུལ་དང་མི་གཤིས་གཉིས་ཀྱི་འགལ་བར་སོང་འདུག་པས། རྩོམ་གྱི་བརྗོད་བྱའི་ཆ་ནས་སྲོལ་རྒྱུན་གྱི་ལྟ་སྟངས་དང་ཡོངས་སུ་འགལ་བའི་ཐབས་ཤེས་ལ་བརྟེན་ནས་རྩོམ་པ་པོའི་སེམས་ཁོངས་སུ་ཉར་བའི་དོགས་སློང་ཞིག་མངོན་སུམ་འཛེམ་མེད་དུ་ཀློག་པ་པོའི་སྤྱན་སྔར་ཕུལ་ཞིང་། ཀློག་པ་པོ་ལའང་ཅི་འདི་ཆ་མ་འཚལ་བའི་སྣང་བས་ཀུན་ནས་དཀྲིགས་ཏེ་བསམ་གཞིག་གི་ཀློང་དུ་ཁྲིད། དེ་བས་སྒྲུང་གཏམ་འདི་སྤེལ་མ་ཐག་རྩོད་གཞི་ཅན་དུ་གྱུར་བ་རེད་ལ། མི་རྣམས་ཀྱི་མཐོང་ལམ་དང་བློ་ངོར་ཡོད་ཆོག་ཆོག་གི་བརྗོད་བྱ་སྣ་ཚོགས་ཐེ་ཚོམ་དང་བཅས་མངོན་པར་བྱས། རྩོམ་རིག་བརྩམས་ཆོས་ཤིག་རྩོད་གཞི་ཅན་དུ་གྱུར་དུས་གསར་གཏོད་དང་ཐོལ་བརྒལ་གྱི་བཙོ་སྦྱངས་ལས་ཐོན་པའི་སྒྱུ་རྩལ་གྱི་སྣང་བརྙན་མཚོན་ཡོད་པ་ཤ་སྟག་ཡིན་པས། དེ་ནི་ཁོར་ཡུག་གསར་པ་དང་ཚེ་སྲོག་གསར་པ་ཞིག་ལ་སྟ་གོན་བྱེད་པའི་སྔོན་འགྲོའི་དུང་བརྡའང་ཡིན་སྲིད་ཀྱི། མ་གཞི་ནས་རང་རིགས་ལ་མེད་པ་མ་གཏོགས་འཛམ་གླིང་གི་རྩོམ་སྟེགས་སུ་བརྗོད་བྱ་འདི་འདྲ་མང་པོ་མཐོང་རྒྱུ་ཡོད་པས་བློ་བདེ་མོས་གསར་རྩོམ་གྱི་གྲལ་མགོར་བཞག་ཆོག་པར་བསམས། འདི་ལ་དྲ་ངོས་ནས་དཔྱད་འཇོག་བྱས་པ་ཞིག་ཁ་གསབ་ཀྱི་ཚུལ་དུ་འཇོག འབུམ་རམས་པ་ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས། ཁྲུང་ཁྲུང་སྔོན་རྗེས་གཉིས་ལས་བསླངས་ཤིང་། བརྗོད་དོན་ཕ་བུ་གཉིས་ཀྱིས་འཇིག་རྟེན་ལུགས་ལྡོག་ལ་འཇུག་པའི་འཚོ་བའི་སྐྱུར་ཁས་སུ་ལའང་སྐྱུག་མེར་བའི་སྣང་བ་སྟེར་ཞིང་། རྩེ་མོ་རྣོ་བའི་ལྕགས་ཀྱུ་ལྟ་བུའི་མི་གཤིས་སྙིང་ལ་གཟན་པ་དེས་མཚན་ཐུན་གང་བོར་གཉིད་ཐབས་བྲལ། ཁྲུང་ཁྲུང་གཉིས་ཀྱི་ཡིད་བརྙན་དེ་རིམ་བཞིན་ཁྲུང་ཁྲུང་གཅིག་གི་ཐོག་ཏུ་ལྷུང་ཞིང་། རབ་རིབ་ཀྱི་ཁྲུང་ཁྲུང་དེ་གཞན་གང་ཅི་མ་ཡིན་པར་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་རྡུལ་ཞིག་ཏུ་གྲུབ། དེ་ནི་འཚོ་བའི་རྒྱུན་རིང་བོ་ལས་སྔོག་འདོན་བྱས་པའི་མི་གཤིས་ཤིག་གི་ངོ་གདོང་ཡིན།
«རྒྱབ་དང་མདུན»ནི་བུ་ཚེ་རིང་རྒན་པའི་སྒྲུང་ཐུང་ཞིག་ཡིན། རྩོམ་པ་པོས་ཤེས་རབ་རྒྱལ་མཚན་དང་འབྲེལ་བའི་གཏམ་རྒྱུད་ཁྱད་མཚར་ཞིག་ཀློག་པ་པོར་ཕུལ་ཡོད་པ་དང་། སྒྲུང་གཏམ་འདིར་མི་སྣ་གཙོ་བོས་རང་གི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བྱུང་བའི་འཕྲུལ་སྣང་བརྒྱུད་དེ་མི་རང་ཉིད་ལ་ཡོད་པའི་འགལ་འདུའི་བསམ་བློའམ། ཤ་ཁྲག་གདོས་བཅོས་ཀྱི་མི་ཞིག་ལ་མཚོན་ན་རང་ཉིད་ནི་ཤ་གཟུགས་དེ་གཅིག་པུ་མ་ཡིན་པར་རང་ཉིད་ནི་རང་ཉིད་དུ་མས་གྲུབ་པ་དང་མི་གཅིག་ལ་ལས་དབང་དང་ངོ་གདོང་མང་པོ་ཡོད་པ་སྟོན་པའི་བསམ་བློ་དེ་ལ་བརྟེན་ནས་གཏམ་རྒྱུད་འདིའི་བརྗོད་བྱ་གཏན་ལ་ཕབ་ཡོད་པ་དང་། དེ་ནས་རྟོག་པའི་བློ་ལ་བརྟེན་ནས་མིའི་ལས་དབང་གི་ངོས་སོ་སོར་སྣང་བའི་རང་ཉིད་ནི་ཕྱི་ལུས་དང་ནང་སེམས། བཟང་སྤྱོད་དང་ངན་འབྲས། བདེན་པ་དང་ཟོལ་རྫུན། དོན་དངོས་དང་རྟོག་བཏགས་ལ་སོགས་ཉིས་འགལ་དུ་སོང་བའི་ཕུང་བོའམ་གདགས་གཞི་ཞིག་ཡིན་པའི་ཆ་ནས་ནམ་ཡང་གཅིག་ཆོད་དང་ཡིད་རྟོན་རུང་བའི་འཚོ་བ་རོལ་ཐུབ་ཀྱིན་མེད་ལ། སེམས་ཁམས་རིག་པའི་སྟེང་ནས་བཤད་པའི་བསམ་བློ་གས་འཐོར་གྱི་སྨྱོན་པའི་ནད་རྟགས་དང་། ཡང་ན་སྤྱི་ཚོགས་ཀྱི་དགོས་དབང་ལས་བྱུང་བའི་དེང་རབས་ཀྱི་མི་གཞིའི་ཁྱད་རྟགས་མཚར་བོ་བརྒྱུད་ནས་སྲིད་གཞུང་གི་མགོ་བ་ཞིག་གི་འཚོ་བའི་ཁྲོད་ཀྱི་སྡུག་བསྔལ་མཚོན་ཡོད་པ་དང་། མཇུག་མཐར་རང་ཉིད་དང་འདྲ་བའི་རང་ཉིད་ཅིག་གི་མདུན་ནས་རང་ཉིད་དངོས་དེ་ཚེ་ལས་འདས་པ་བྲིས་ཡོད། སྒྲུང་གཏམ་འདི་ལྟ་བུ་ལ་མཚོན་ན་འཚོལ་སྙེག་རང་བཞིན་གྱི་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ནའང་གཏམ་རྒྱུད་རང་སྟེང་ནས་བལྟས་ན་བྱུང་རིམ་སྤྱིར་བཏང་བ་དང་མཚོན་ཐབས་གསར་པ་མིན་པ། བསམ་བློ་དང་སྒྱུ་རྩལ་བློས་བསླང་གི་ཕྱོགས་ནས་བཤད་ནའང་མི་སེམས་དྲག་ཏུ་གཡོ་བའི་ནུས་ཤུགས་མི་ལྡན་པས་ཁྱད་འཕགས་ཅན་གྱི་བརྩམས་ཆོས་སུ་བགྲང་མི་འོས། འོན་ཀྱང་གཏམ་རྒྱུད་ཀྱི་ཟ་ཟུར་དུ་གབ་པའི་འགྲོ་བ་མིའི་ཉམས་ཞན་གྱི་ལས་དབང་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཁྲོད་བྱུང་བའི་ནང་སེམས་ཀྱི་གཞན་འགྱུར། རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་མི་བཏུབ་པའི་ཚེ་སྲོག་གི་སྐྱོ་གར་སོགས་ནི་གླེང་གཞི་དང་རྟོགས་དགོས་པའི་ཤུགས་བསྟན་དག་ཡིན།
«བོར་ཟིན་པའི་ལག་ཟུང»ཡང་གོང་གི་བརྩམས་ཆོས་དང་འདྲ་བར་དེང་རབས་རིང་ལུགས་ཀྱི་མཚོན་ཐབས་སྤྱད་ཡོད་ཅིང་། སྒྲུང་ཐུང་ཞིག་གི་ངོས་ནས་བཤད་ན་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་ཤིག་རེད། ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ནི་ནང་སེམས་ཀྱི་ཞིབ་འབྲི་ལ་རྡོ་ཆག་བཙན་སྒྲིག་དང་གང་འདོད་བཅོས་མའི་ཚུལ་དུ་མི་འདུག་པས་ཀློག་བདེ་ཞིང་ལུགས་མཐུན་གྱི་ཚོར་སྣང་སྟེར། ཕྱོགས་གཞན་ཞིག་ནས་བཤད་ན་སྒྲུང་གཏམ་གྱི་དངོས་བྱུང་གི་འཚོ་བ་དང་རྨི་ལམ་གྱི་རྟོག་བཏགས་གཉིས་ཕན་ཚུན་རམ་འདེགས་ཀྱི་སྒོ་ནས་བསྣོལ་མར་འདྲེས་ཡོད། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་རྨི་ལམ་བོར་བའི་བུད་མེད་ཅིག་དང་། ཁོ་མོའི་སླད་མེད་ཀྱི་བརྩེ་དུང་དང་ཁྱིམ་མིའི་གནོན་ཤུགས་ཐེབས་པའི་བརྩེ་དུང་རྫུན་མའི་བར་ལ་བྱུང་བའི་འཚོ་བའི་དཀའ་ཉོག ད་དུང་རང་དབང་ན་མེད་པའི་ལས་དབང་ལ་འཁང་ར་བྱེད་ཀྱིན་རྨི་ལམ་གྱི་ལག་ཟུང་འཚོལ་བའི་གོ་རིམ་ཞིག་ཡིན།
བོད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་གི་བརྗོད་སྙིང་ནི་བུད་མེད་ཡིན་པ་དང་བུད་མེད་ཀྱི་ལས་དབང་བརྗོད་པའི་ཟུར་ངོས་ནས་མི་རིགས་གང་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བྱུང་བའི་མི་སོ་སོའི་ཉམ་ཆུང་གི་ལས་དབང་ཤུགས་ན་མཚོན་ཡོད། འདིར་ཡང་བྱིས་སྐྱོང་ཁང་སྒྲུབ་པའི་དཀའ་ཉོག་ཁྲོད་སྐལ་བཟང་མེ་ཏོག་གིས་རང་གི་བརྩེ་དུང་དངོས་རྙེད་པ་དང་། ཡང་རང་གི་ཕུགས་བསམ་དང་ཁ་ཁར་སོང་བའི་སྤྱི་ཚོགས་ཁོར་ཡུག་ནང་དུ་རང་གི་རྨི་ལམ་ཡག་པོ་དེ་དག་བོར་ཟིན་པའི་ལག་ཟུང་བཞིན་དུ་གཞན་གྱི་མིག་ལམ་ན་རིན་ཐང་ཅི་ཡང་མེད་ལ། རང་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེ་གཉིས་འགལ་འདུ་ལས་དུས་རབས་གསར་པའི་བུད་མེད་ཀྱི་བློ་སྤོབས་དང་སྤྱི་ཚོགས་དོན་དངོས་གཉིས་རྒྱབ་འགལ་དུ་ཡོད་ཅིང་། འགལ་བ་དེ་ལ་མཚོན་ན་བུད་མེད་རང་ངོས་ནས་བདེན་པ་ཇི་ལྟར་སྐྱོང་བ་དང་རྨི་ལམ་ཇི་ལྟར་མངོན་འགྱུར་བྱེད་དགོས་པའི་དཀའ་ཁག་གཏམ་རྒྱུད་ཀྱི་ཕྱི་ནང་གསང་གསུམ་དུ་མངོན་ལྐོག་ཉིས་ཆ་ནས་ལྷུག་པོར་བརྗོད་འདུག བརྗོད་དཀའ་བ་ཞིག་བརྗོད་རྒྱུ་དང་མཚོན་དཀའ་བ་ཞིག་མཚོན་རྒྱུ་ནི་དུས་རབས་གསར་པའི་རླབས་རྩེ་རུ་བསྐྱོད་པའི་བོད་རིགས་བུད་མེད་ཅིག་གི་བཤོལ་དུ་མེད་པའི་འོས་འགན་ཡིན་དུས་མཛེས་དཔྱོད་ཀྱི་ལམ་ནས་ཇི་ལྟར་བྲི་རྒྱུ་ནི་སྒྲུང་གཏམ་འདིའི་ཐོག་མའི་བློས་བསླང་དང་། ཡང་དེང་རབས་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱོད་པ་ནི་སྒྲུང་གཏམ་འདིའི་སྒྲིག་གཞི་ལ་ངེས་པར་མཁོ་བའི་གདམ་གར་གྱུར་འདུག འཇིག་རྟེན་གྱི་ངོགས་མི་འདྲ་བ་གཉིས་ན་འཚོ་བ་འདིའང་དེང་རབས་བོད་ཀྱི་བུད་མེད་ལ་འཕྲད་པའི་ལས་དབང་ཡིན་སྲིད། བྱིས་སྒྲུང་དང་བྱིས་སྐྱོང་ཁང་།སྙིགས་སྣོད་དུ་གཡུགས་ཟིན་པའི་རྩོམ་ཡིག རང་ལ་མ་དབང་བའི་བརྩེ་དུང་། འདི་དག་ནི་བོར་ཟིན་པའི་ལག་ཟུང་གིས་འཛིན་འདོད་པ་དག་མ་ཡིན་ནམ། ཤེལ་ཁང་ནང་གི་མི་དེ་རང་ཉིད་དངོས་ཡིན་ནམ་ཡང་ན་ཕྱི་རོལ་གྱི་ལག་ཟུང་བོར་བའི་མི་དེ་རང་ཉིད་དངོས་ཡིན། དེང་རབས་ཀྱི་སློབ་གསོ་མྱངས་པའི་བུད་མེད་ལ་མཚོན་ན་འདི་ནི་སྐྱོ་གར་ཞིག་ཅི་ལ་མིན། དངོས་ཡོད་འཇིག་རྟེན་ཁྲོད་ཀྱི་རང་ཉིད་དེ་རང་ཉིད་དངོས་མིན་དུས། ལྟར་སྣང་གི་འཇིག་རྟེན་ལས་རང་ཉིད་ཀྱི་འཚོ་བ་སྐྱེལ་བ་ནི་དེང་དུས་ཀྱི་བོད་རིགས་བུད་མེད་དག་གི་མཐའ་མཇུག་གི་གནས་མལ་དང་གདམ་ག་ཁོ་ན་ཡིན་ནམ།
«གཡག་གཅིག»གི་རྩོམ་པ་པོ་ནི་ཚེ་རིང་དོན་གྲུབ་ཡིན་ནའང་ཁོ་ནི་ང་ཚོས་ཤེས་པའི་ཚེ་རིང་དོན་གྲུབ་མིན། ཡིན་ནའང་སྒྲུང་གཏམ་འདི་ནི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྨྱུག་རྩལ་ལས་བྱུང་བ་ལྟ་བུའི་ཚོར་བ་སྟེར། གཅིག་ནས་གཏམ་རྒྱུད་འདིའི་མགོ་མཇུག་བར་གསུམ་ལ་ལོ་རྒྱུས་ཀྱི་བར་སྟོང་དང་རྒྱབ་ལྗོངས་ཆེན་པོ་ཞིག་གི་ངོས་ནས་བྲིས་ཡོད་ལ། གཉིས་ནས་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་གཤིས་ཀ་སོགས་རིག་གནས་རྒྱབ་ལྗོངས་ངེས་ཅན་ཞིག་མེད་ན་འབྲི་རྒྱུ་ཕར་ཞོག་བསམ་བློའི་རྒྱ་རུའང་ཚུད་དཀའ། གཏམ་རྒྱུད་འདིར་གཡག་གཅིག་བརྒྱུད་ནས་མི་རབས་གཉིས་ཀྱི་གཏམ་རྒྱུད་དང་མི་གཉིས་ཀྱི་ལས་དབང་གསལ་རྗེན་དུ་བསྟན་ཡོད། གཏམ་རྒྱུད་ཀྱི་བྱུང་རིམ་སྣེ་མང་དང་ཀྱག་ཀྱོག་མིན་ལ། མི་སྣའི་ལས་དབང་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་འགྱུར་ལྡོག་འབྱུང་བཞིན་ཡོད་པ་ནི་རྩོམ་པ་པོ་སྔོན་མ་དག་གི་སྒྲུང་གཏམ་འབྲི་སྲོལ་དུ་གྱུར་ཡོད་པས། དུས་རབས་གསར་པའི་རྩོམ་པ་པོ་ལ་གཏམ་རྒྱུད་སྒྲིག་སྟངས་འདི་འདྲ་ཡོད་པ་ནི་དངོས་གནས་དགའ་འོས་པའི་གནས་ཤིག་རེད། གལ་ཏེ་རྩོམ་པ་པོ་ཚེ་རིང་དོན་གྲུབ་སོགས་ཀྱི་རྩོམ་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་ཕྱིན། «གཡག་གཅིག»ཟེར་བའི་སྒྲུང་གཏམ་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དག་ཞོར་གྱིས་གོ་འོང་། རྩོམ་པ་པོ་སྔོན་མ་དག་གི་ཁྱད་ཆོས་གཙོ་བོ་ནི་དངོས་ཡོད་རིང་ལུགས་ཁྲོད་ཀྱི་དགག་སྒྲུབ་ཀྱི་བསམ་བློ་དང་ཟུར་ཟའི་བརྗོད་སྟངས་དག་ཡིན། གཏམ་རྒྱུད་འདི་ལ་མཚོན་ན་དེ་དག་གི་ཁྱད་ཆོས་མངོན་སུམ་དུ་འདུག་པས་བལྟས་ན་གོ་བདེ་ཞིང་། དོན་གྱི་གོ་བ་ཟབ་མོ་ལེན་ཐུབ་པའི་ཚོར་བ་སྟེར། ཧིན་རེས་ཞི་པོ་ཨར་གྱིས་གསུང་བ་ནང་བཞིན་གཏམ་རྒྱུད་ཆུང་ངུའི་སྟེང་ནས་གཏམ་བརྗོད་ཆེན་པོ་སྤེལ་བའི་ཁྱད་ཆོས་ལྡན།
«རྨི་ལམ་དུ་འཛུལ་བའི་མི»ནི་ཚུལ་འཆལ་སྨྲ་བའི་རིང་ལུགས་ཀྱི་འབྲི་སྲོལ་ལྟར་བྲིས་པའི་གཏམ་རྒྱུད་ཅིག་ཨེ་ཡིན་སྙམ་ལ། སྒྲུང་གཏམ་དེ་རུ་མི་སྣ་གཙོ་བོ་ལ་གྲུབ་ཐོབ་པ་ཞིག་གིས་ཉིན་བཅུའི་ཚེ་ཚད་ལས་མི་འདུག་པའི་ལུང་བསྟན་གནང་མཐར། དེ་ནི་ཟློག་ཏུ་མེད་པའི་དོན་དངོས་ལ་ཡིད་ཆེས་བྱུང་རྗེས་ཉིན་དེ་དག་གི་རིང་ལ་རང་གི་འདོད་པ་ཇི་བཞིན་ཉི་མ་བསྐྱལ་བའི་གཏམ་རྒྱུད་ཅིག་ཤར་མར་བྲིས་ཡོད། སྒྲུང་གཏམ་གྱི་རྒྱུན་སྲོལ་དང་མི་མཐུན་པའི་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་མགོ་མཇུག་བར་གསུམ་ཁ་ཚང་བསྒྲིགས་ཡོད་པ་དང་། ཕན་ཚུན་བར་ལ་སྔ་ཕྱི་དང་གཙོ་ཕལ་གྱི་ཁྱད་པར་མེད་པར་སྤྱིར་བཏང་གི་འཚོ་བའི་གཏན་ཚིགས་དང་ཡོངས་སུ་འགལ་བ། རང་གི་ལས་གནས་དང་བརྩེ་དུང་སོགས་ཀྱི་ཕྱོགས་ནས་ཀྱང་འཇིག་རྟེན་གྱི་གནས་ལུགས་ཐོག་ནས་གོ་བ་ལེན་མི་ནུས་ཤིང་། ཁུངས་མེད་དགོད་བྲོ་བའམ་སྙིང་པོ་མེད་པའི་ཁྱད་ཆོས་དུ་མ་སྟོན་པའི་རྩོམ་རིག་གི་མཚོན་ཐབས་ཀྱིས་རྨི་ལམ་དང་མངོན་སུམ་གཉིས་གཅིག་ཏུ་བསྲེས་ནས་ལྷུག་བརྗོད་བྱས་ཡོད། གཏམ་རྒྱུད་དེ་ལྟ་བུར་མི་རྣམས་ནི་ཅི་བྱ་གཏོལ་མེད་དུ་ལུས་འདུག་པ་དང་འཚོ་བའི་དམིགས་འདུན་དང་ཁ་ཕྱོགས་ལར་ནས་མེད་པ། འཇིག་རྟེན་འདིར་མི་ནི་སྐྱེས་མ་ཐག་ནས་འཚོ་བའི་སྙིང་བོས་དབེན་པ་དང་མཁོ་མེད་ཀྱི་གནས་སུ་གྱར་བའི་འཚོ་གནས་རང་བཞིན་ཅན་གྱི་སྨྲ་བརྗོད་དུ་གཏོགས་ལ། གཏམ་རྒྱུད་འདིའི་ནང་གི་མི་སྣ་དག་སྤྱི་ཚོགས་དོན་དངོས་དང་མི་མཐུན་ལ་རྩོམ་རིག་གི་སྣང་བརྙན་ཟེར་བའང་གསལ་པོར་སྟོན་རྒྱུ་མེད་པའི་མིའི་གནས་སྟངས་ཤིག་ཏུ་ཆགས་འདུག་པ་དང་། ཟུར་ངོས་མང་པོ་ནས་མི་སྣ་དང་ཡུལ་དུས། བྱུང་རིམ་ལ་སོགས་པ་གོ་ཟློག་དང་བརྗེ་སྤོར། མཆོངས་ལྡིང་དང་འཆལ་སྤྱོད། ནང་སེམས་ཀྱི་ཁེར་ལབ་དང་འོས་མིན་གྱི་རྟོག་བཏགས་བཅས་ཕན་ཚུན་བསྣོལ་འདྲེས་བྱུང་ཡོད་ཅིང་། ལྷ་སྒྲུང་དང་ཆོ་གའི་འདུ་ཤེས་ལ་བརྟེན་པའི་གདོད་གཟུགས་ཀྱི་ཡིད་བརྙན་སོགས་ཀྱང་དུས་དང་དུས་སུ་མངོན་ཡོང་། གང་ལྟར་གསར་བཟོ་ཡོད་དོ་ཅོག་ལ་སྐྱོན་ཞིག་ཡོད་པ་ནི་བྱུང་རིམ་དང་རྒྱུ་ཆའི་བར་གྱི་ཧྲག་སྒྲུག་དང་གྲིམ་ལྷོད་དེ་ཚོད་འཛིན་བྱེད་རྒྱུ་ཤིན་ཏུ་དཀའ་བས། འགྲན་རྩོམ་ཕལ་ཆེ་བ་ལ་གནད་དོན་དེ་བྱུང་ཡོད།
«མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང»ཞེས་པའི་སྒྲུང་གཏམ་འདི་ནི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ཉམ་ཆུང་བ་ཞིག་གི་སྐྱོ་སྡུག་གི་ལས་དབང་བྲིས་ཡོད། ཁོའི་ཐུང་དྲག་པའི་མི་ཚེ་གཅིག་པོ་དེ་རེ་ཆད་དང་ཡི་མུག་གི་རང་གི་འཇིག་རྟེན་གྱི་བྱ་གཞག་གང་ཡང་མ་འགྲུབ་པར་ལག་ཟུང་སྟོང་ལྷང་ལྷང་གིས་མི་ཡུལ་དང་འབྲལ་དགོས་པའི་ཨུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་བསྟན་ཡོད། གཏམ་རྒྱུད་ཀྱི་བྱུང་རིམ་དུ་མི་སྣའི་སེམས་ཀྱི་ཞིབ་འབྲི་གཙོར་བཟུང་ཡོད་པ་དང་། དེ་ལས་སྐྱོ་བ་དང་མཛེས་པའི་ཉམས་གཉིས་དུས་མཉམ་དུ་མངོན་ཞིང་། མཇུག་མཐར་འགྲིམ་འགྲུལ་དོན་རྐྱེན་གྱིས་རྣམ་ཤེས་དང་ཕུང་བོ་སོ་སོར་ཕྲལ་དེ་ཕུང་བོའི་ཚོར་བ་དེ་མ་ཐག་ཉམས་ནའང་རྣམ་ཤེས་ཕྲ་མོའི་ཤེས་པར་བརྟེན་ནས་མི་ལ་སེམས་ཆགས་ཤིང་གཉེན་ཉེ་ལ་ཡིད་དུང་བའི་ཡིད་སེམས་ཀྱི་མྱོང་བ་དེ་དག་བར་དོར་འཁྱམ་པའི་ངང་ཚུལ་གྱིས་མཚོན། བར་དོ་ནི་སྲོལ་རྒྱུན་རིག་གནས་ཀྱི་བྱེ་བྲག་ཡིན་ལ་དེང་གི་འཚོ་བར་ཡང་རྩོམ་པ་པོའི་བློ་རྩལ་དང་རྟོག་བཟོ་ལ་བརྟེན་ནས་བེད་སྤྱོད་བཏང་ཡོད། འདིས་ནི་ལྷག་ཏུ་བརྗོད་དོན་གསལ་རྗེན་ཏུ་སྟོན་པ་ལ་གྲོགས་སུ་གྱུར་ཡོད་པ་ཐག་ཆོད་ཡིན། ཁ་ཝ་བྷ་ཐ་ཡ་སི་ན་རི(川端康成)ཡིས་ཁོ་བོས་ནང་ཆོས་ཀྱི་བསྟན་བཅོས་རྣམས་ཆོས་ལུགས་ཀྱི་ལྟ་དགོངས་ཡིན་ཞེས་དད་གུས་བྱས་པ་མིན་པར་དེ་དག་རྩོམ་རིག་གི་ཀུན་རྟོག་ལ་ངོས་འཛིན་གནང་བ་ཡིན་ཞེས་གསུངས་པ་ཇི་བཞིན། ང་ཚོ་ལའང་བརྗོད་ཀྱིས་མི་ལངས་པའི་ནང་ཆོས་ཀྱི་སྐྱེས་རབས་དང་གཏམ་རྒྱུད་རྣམ་ཐར་སོགས་ཡོད་ལ། དེ་བས་ཀྱང་ལྟ་བ་ཟབ་མོའི་གཞུང་ལུགས་དང་ཉམས་ལེན་ཡོད་པ་དག་དད་མོས་གཅིག་པུའི་ཆ་ནས་རྒྱུན་འཛིན་བྱེད་དགོས་པ་མིན་པར་རྩོམ་རིག་ལ་སོགས་སྒྱུ་རྩལ་ཁྲོད་ཀྱི་རྒྱུ་ཆར་བཀོལ་ནུས་ན། ཆོས་ལུགས་རིག་གནས་ཀྱང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་ལ་ཐད་ཀར་ཕན་པས་ལྷག་པར་བཟང་བར་བསམས་ཡོད། སྤྱིར་ན་དེང་རབས་རྩོམ་རིག་ནི་མི་ཆོས་རིང་ལུགས་ཀྱི་ལྟ་བ་སྲོག་ཤིང་ཡིན་ལ་མིའི་སྣང་བརྙན་གསར་རྩོམ་བྱེད་པ་ནི་སྒྲུང་གཏམ་གྱི་བཤོལ་དུ་མེད་པའི་འོས་འགན་ཡིན་པས་ཆོས་ལུགས་ལྟ་དགོངས་རྐྱང་རྐྱང་སྒྲོག་པའི་ཡོ་བྱད་དུ་གྱུར་ན་དེང་རབས་རྩོམ་རིག་གི་ངོ་བོ་འགྱུར་སོང་གཤིས་ངེས་པར་གཙོ་ཕལ་གྱི་དབྱེ་བ་འབྱེད་ཤེས་དགོས་ལ། བོད་ཀྱི་རྩོམ་རིག་གི་མ་འོངས་འཕེལ་རྒྱས་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས་ན། ལྷ་ཡི་དད་པའི་འཇུག་ངོགས་ནས་མི་ཡི་རིན་ཐང་གླེང་བའི་ཕྱོགས་ལ་གཞོལ་རྒྱུ་དེ་རྩོམ་རིག་རྒྱུན་ཤེས་ཀྱི་རྩ་བ་དང་རྩོམ་རིག་གསར་རྩོམ་གྱི་མཐར་ཐུག་གི་ལག་ལེན་དུ་བསམ་ན་འགྲིག
སྤྱིའི་ཆ་ནས་བལྟས་ན། འགྲན་རྩོམ་མང་ཆེ་བའི་བརྗོད་བྱ་གུ་དོག་པ་དང་སྣ་འཛོམས་མིན་པར་རྩོམ་མཁན་རང་ཉིད་ཀྱི་ཁོར་ཡུག་ཁོ་ན་ལས་བརྒལ་ཐུབ་ཀྱིན་མེད་ལ། ཅུང་མི་གཅིག་པ་རེ་ཡོད་པའང་གཞན་ལ་ཟུར་ལྟ་དང་ལད་ཟློས་ཀྱི་ཤུགས་ཆེ་བའི་ཚོར་བ་སྟེར། རྩོམ་གྱི་འབྲི་ཐབས་སྟེང་ནས་ཞུན་བརྡར་དང་ཧྲག་སྒྲུག་གྱ་ནོམ་པ་ཡོང་མེད་ལ་དེང་རབས་རིང་ལུགས་ཀྱི་བྱེད་ཐབས་བཀོལ་དུས་གོ་བ་གཏིང་ཟབ་བླངས་ཡོད་མེད་ལ་མ་བལྟས་པར་ཐད་ཀར་རང་གི་མོས་པ་དང་སྤྲོ་བའི་འཁྱེར་སོ་ཙམ་གྱིས་ཅི་དགར་སྤྱོད་པ་སོགས་ཀྱི་སྣང་ཚུལ་ཡང་འདུག འདི་ནི་ཕྱི་ཚུལ་གྱི་བརྗོད་སྟངས་ཡིན་ནའང་དོན་གྱིས་གསར་རྩོམ་ལ་འཇུག་དུས་ཉམས་མྱོང་དང་ཞུན་བརྡར་མེད་པ་གསལ་པོར་རྟོགས་འོང་།
བརྩམས་སྒྲུང་ངམ་སྒྲུང་གཏམ་ནི་མིའི་རང་དོན་བརྗོད་པའི་ཤེས་རིག་གི་གྲུབ་མཐའ་གཙོ་བོ་ཞིག་ཏུ་གྱུར་བའི་དེང་གི་དུས་ལ། གསར་རྩོམ་ལ་སྟ་གོན་བྱེད་པའི་མི་ཚོར་གཞེན་སྐུལ་གྱི་ཚུལ་དུ་འདོམས་རྒྱུ་ནི་མི་ནི་ནམ་ཡང་སྤྱི་ཚོགས་དང་རིག་གནས་ཀྱི་བདག་པོ་གཅིག་པུ་ཡིན་ལ་རྩོམ་རིག་གིས་འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་དང་བཅས་པའི་མི་ཚེའི་ཐུན་མིན་གྱི་མྱོང་བ་དང་། དེ་ལས་ཐོབ་པའི་མི་གཤིས་ཀྱི་བདེན་པ་སྙེག་པའི་གོ་རིམ་དང་བློ་སྤོབས། ཚེ་སྲོག་གི་རྒྱུ་བ་དང་འདྲེས་པའི་མཛེས་དཔྱོད་ཀྱི་ཉམས་ལེན་སོགས་སྒྱུ་རྩལ་དང་རྟོག་བཟོའི་ཐབས་ལམ་གང་རུང་ལ་བརྟེན་ནས་གསར་རྩོམ་གནང་བ་ཡིན་པས་དེ་དོན་ངེས་རྒྱུ་གལ་ཆེན་དུ་མཐོང་ངོ་། །
འབྲེལ་ཡོད་འོས་སྦྱོར།