logo

སྒྲུང་དེབ«བསླུ་བྲིད»བཀླགས་པ།

རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-24 ཀློག་གྲངས།: 8185
ཟླ་བ་དཀར་པོ་དང་དམར་པོ། ནག་པོ།
                                              —བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་དེབ«བསླུ་བྲིད»བཀླགས་པ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།


       སྤྱིར་ན་གུས་པས་དེབ་འདི་ལོ་བཅུ་ཕྲག་གོང་ནས་བཀླགས་མྱོང་བ་ཡིན། སྐབས་དེར་གུས་པ་རང་ལོ་ཉི་ཤུ་གཡས་གཡོན་ལས་སོན་མེད་ལ་སྙན་ངག་གསར་དུ་སློབ་པའི་དུས་སྐབས་དེར་ཁེལ་ཡོད། དྲན་གསོས་པ་ནི་སྐབས་དེའི་དགུན་དུས་ཤིག་ལ་ཆབ་མདོ་ནས«དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང»ཞེས་པའི་དཔེ་ཚོགས་དེ་ཆ་ཚང་བླུས་ཏེ་བཀླགས་པ་ཡིན། དེ་ནས་བཟུང་ལོ་ཟླ་མང་པོ་ཞིག་འདས་རུང་སྐབས་དེར་བཀླགས་པའི་དཔེ་དེབ་ཀྱི་ནང་དོན་ཁ་ཤས་དང་དུམ་ཚན་ཁ་ཤས་མ་བརྗེད་པར་ཡིད་ཀྱི་གཏིང་རུམ་དུ་ལུས། རིམ་བཞིན་ཡིད་ལ་དྲན་ཡོང་བའི་དུམ་ཚན་དེ་དག་དཔེ་དེབ་གང་ཞིག་ཏུ་ཡོད་པ་ཡང་བརྗེད་པར་གྱུར། རེད་དེ། ནམ་ཡིན་རུང་སྙན་ངག་པ་དུར་ཁྲོད་ཟེར་བའི་རྩོམ་ཡིག་ཅིག་དཔེ་ཚོགས་དེའི་ཁྲོད་ཀྱི་དེབ་ཅིག་ཏུ་ཡོད་སྙམ་པ་བྱུང་། བརྩམས་སྒྲུང་དེས་ཕྲན་ལ་བག་ཆགས་ཟབ་མོ་བཞག་མྱོང་། སྐབས་དེར་ངས་ངོ་མ་མི་སྣ་དེ་འདྲ་ཡོད་ཨང་སྙམ་མྱོང་བས་མ་ཚད། མི་སྣ་དེའི་ལས་དབང་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་ཡིན། དེ་རྗེས་ཕྲན་གྱིས་གཞུང་ལུགས་དང་འབོལ་རྩོམ། ལོ་རྒྱུས་ལས་བརྩམས་སྒྲུང་བཀླགས་པ་ཉུང་ཉུང་ཡིན། བར་སྐབས་ཤིག་ལ་བརྩམས་སྒྲུང་ནི་ཉི་མ་འཁྱོལ་བྱེད་ཙམ་ལས་གཞུང་ལུགས་དང་ལོ་རྒྱུས་ནང་བཞིན་རིན་ཐང་མེད་སྙམ་པའི་ཕྱོགས་ལྷུང་གི་ལྟ་བ་ཞིག་སྐྱེས་པས། བརྩམས་སྒྲུང་དང་འབྲེལ་བའི་གནས་ཚུལ་ལ་དོ་སྣང་ཆེར་མ་བྱས། ཉེ་བའི་ཆར་ཕྲན་གྱིས་སྒྱུ་རྩལ་གློག་བརྙན་འགའ་ཞིག་ལ་བལྟས་པས་སླར་ཡང་བརྩམས་སྒྲུང་ཀློག་འདོད་ཀྱི་མོས་པ་སྐྱེས། ལྷག་ཏུ་སྔོན་མ་བཀླགས་མྱོང་བའི་སྙན་ངག་པ་དུར་ཁྲོད་དང་འབྲེལ་བའི་བརྩམས་སྒྲུང་དེ་སླར་ཡང་ཐེངས་གཅིག་བཀླག་དགོས་སྙམ་པ་ཞིག་བྱུང་། རྒྱལ་སྤྱིའི་དཔེ་ཀློག་ཉིན་མོར(༢༠༢༣-༤-༢༣)པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་དེབ«བསླུ་བྲིད»ཁ་ཕྱེས་པ་ན་ཏག་ཏག་སྙན་ངག་པ་དུར་ཁྲོད་དང་འབྲེལ་བའི་བརྩམས་སྒྲུང་དེ་ནང་དུ་འདུག་པས་བཀླགས་པ་ཡིན། དེ་བཞིན་དེབ་དེའི་ནང་གི་བརྩམས་སྒྲུང་གཞན་དག་ཀྱང་རིམ་བཞིན་བཀླགས། བརྩམས་སྒྲུང་དེ་དག་ཀློག་དུས་འགོ་བཙུགས་པ་ཉིད་ནས་མཚམས་འཇོག་མི་འདོད་པར་མུ་མཐུད་མཇུག་སྐྱོང་འདོད་ཀྱི་སྤྲོ་བ་འདྲེན་པ་དང་། ཀློག་པའི་བརྒྱུད་རིམ་ནང་སྔར་བཞིན་རང་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་ཤུགས་དྲག་ཏུ་སྟེར་ཞིང་། སེམས་འགུལ་ཡང་ཡང་ཐེབས་པར་བྱེད། བརྩམས་སྒྲུང་རེ་རེ་བཀླགས་གྲུབ་རྗེས་རང་དབང་མེད་པར་བསམ་གཞིག་གི་གཏིང་རིམ་དུ་བྱིངས་སུ་འཇུག་པ་དེ་འདྲ་ཞིག་རེད། སྒྲུང་དེབ་འདིའི་བརྗོད་སྙིང་ནི་ཕུན་སུམ་འཚོགས་པ་ཞིག་ཡིན་ཏེ། མི་གཤིས་ཀྱི་ངོས་གཉིས་དང་སྣོད་བཅུད་དང་གོམས་སྲོལ། སྐད་ཡིག་སོགས་ཀྱི་ཆག་འཇིག ཚེ་སྲོག་དང་སྐྱེ་འཆི། རྒྱང་རིང་དང་འཚོལ་སྙེག བརྩེ་དུང་དང་ཕམ་ཁ་སོགས་འདུས་ཡོད། གཤམ་དུ་ཕྲན་གྱིས་ཚན་པ་བཞི་རུ་བགོས་ཏེ་རང་གི་མྱོང་ཚོར་ཁ་ཤས་གླེང་རྒྱུ་ཡིན།
དང་པོ། མི་གཤིས་ཀྱི་སྣ་མང་རང་བཞིན།
       གཅིག མི་གཤིས་ཀྱི་ཞན་ཆ།
       འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སོ་སོར་མི་གཤིས་ཀྱི་ཐད་ལ་ངོས་འཛིན་སྟངས་སྣ་ཚོགས་ཡོད་དེ། འགའ་ཞིག་གིས་མི་གཤིས་ནི་མི་དགེ་བའི་རང་བཞིན་དང་འགའ་ཞིག་གིས་དགེ་བའི་རང་བཞིན་ཡིན་པར་འདོད་པ་རེད། བོད་པ་རང་ལ་མཚོན་ན་རྫོགས་ཆེན་ནས་དབུ་མ་ཡན་གྱི་གྲུབ་མཐའ་ཁག་གིས་བཞེད་སྲོལ་ལ་མི་གཤིས་ནི་དགེ་སྡིག་གང་གི་ཕྱོགས་སུ་མ་ལྷུང་བ་ཞིག་ལ་ངོས་འཛིན་བྱེད། ཁོང་གི་སྒྲུང་དེབ་འདིའི་བརྩམས་སྒྲུང་ཁག་ལས་མི་གཤིས་ཀྱི་ངོས་དང་ཟུར་མང་པོ་ནས་གླེང་འདུག་སྟེ། «མག་མོག་གི་ནུབ་ཁའི་ཉི་མ»དང«ཁ་བ་མེད་པའི་དགུན་ཁ» «མི་དང་ཁྱི» «སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས» «གངས» «ལུག་རྫི་གཞོན་ནུ་ཞིག་གི་འདས་རྐྱེན» «ཆོས་སྒྲོན་དང་མོའི་བུ་བློ་ལྡན» «སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ» «རོ་སྒྲུང•མེ་མདའ»བཅས་ཀྱི་ནང་མི་གཤིས་ཀྱི་མི་དགེ་བའི་ཆ་མང་པོ་ཞིག་སྔོག་འདོན་བྱས་ཡོད། དཔེར་ན། «མག་མོག་གི་ནུབ་ཁའི་ཉི་མ»ནང་གི་མི་སྣ་ཨ་ཕ་ཆང་རྐྱལ་གྱི་སྡུག་རྩུབ་དང་ཨ་ཞང་གི་སྙིང་རྗེ་མེད་པའི་བྱ་སྤྱོད་སོགས་བསྟན་ཏེ་ལུག་རྫི་བུ་མོ་ཆུང་ཆུང་ཞིག་གི་སྐྱོ་གདུང་མཚོན་ཡོད། «ཁ་བ་མེད་པའི་དགུན་ཁ»ཡི་ནང་གི་རྒས་པོ་གཅོད་པས་གཞན་གྱི་སྲོག་བཅད་ཅིང་བུད་མེད་འཕྲོག ད་དུང་བྱིས་པ་སྲུང་སྐྱབས་ལ་རྫུན་ལབ་པ་སོགས་མི་དགེ་བས་ཡོངས་སུ་བཟུང་བའི་མི་གཤིས་ཀྱི་སྐྱོན་ཆ་བསྟན་ཡོད། བརྩམས་སྒྲུང«མི་དང་ཁྱི»ཡི་ནང་གི་མི་ཚང་གསུམ་ནི་དོན་ལ་མི་ཚང་གཅིག་གི་སྔ་ཕྱི་བར་གསུམ་བསྟན་པ་ཡིན་ཞིང་། མི་ཚང་དེ་དག་གིས་སྒེར་སེམས་ཀྱིས་ཀུན་ནས་བསླངས་ཏེ་བཀའ་དྲིན་ལ་བསམ་ཤེས་དང་དོན་དངོས་ལ་ཞིབ་ལྟ་མ་བྱས་པར་ཉམ་ཐག་པའི་སྒོ་ཁྱི་ཞིག་གི་སྲོག་འཕྲོག་པ་བསྟན་ཡོད། «སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས»ནང་གི་མི་སྣ་ང་ཡིས་རང་གི་ཁེ་ཕན་དང་མཚན་སྙན་ལ་ཐུག་དུས་རྩོམ་པ་པོ་ཞིག་གི་མ་མཐའི་རྩ་དོན་དོར་ཏེ་གཞན་རྩོམ་རང་གིས་ཡིན་ཁུལ་བྱས་པ་རེད། «གངས»ནང་གི་ཕྱི་གླིང་བ་ཚོས་ཁེ་ཕན་མཐོང་དུས་ཐབས་ཤེས་སྣ་དགུ་སྤྱད་དེ་རང་གི་དམིགས་ཡུལ་འགྲུབ་ཐབས་བྱས་ཡོད་ཅིང་། འབྲོག་ཁུལ་གྱི་མི་དམངས་དག་གིས་ཀྱང་སྒོར་མོ་མཐོང་དུས་བཀའ་དྲིན་ལ་བསམ་ཤེས་མེད་པར་ཧམ་སེམས་ཁོ་ནས་གངས་དང་གངས་ཀྱི་ལུས་པོ་ཡོངས་རྫོགས་ལ་པར་རྒྱག་དགོས་པའི་རེ་བ་བཏོན་པ་རེད། «ལུག་རྫི་གཞོན་ནུ་ཞིག་གི་འདས་རྐྱེན»གྱི་ནང་དུ་ལུག་རྫིའི་ཕ་མ་དང་གཅེན་གཅུང་སོགས་ཀྱིས་ལུག་རྫིའི་འདོད་མོས་ལ་རྩ་བ་ནས་མ་བསྟུན་པར་རང་འདོད་ཁོ་ནས་དབང་མེད་དུ་ལུག་རྫིར་མ་མོ་ལོ་ལོན་གསོད་བཅུག་པ་རེད། «ཆོས་སྒྲོན་དང་མོའི་བུ་བློ་ལྡན»ཞེས་པ་ལས། ཨ་མས་རྒྱུ་ནོར་ཆེད་དུ་ལོ་ན་ཕྲ་བའི་རང་གི་བྱིས་པ་ལ་རྐུ་བྱེད་དུ་བཅུག་པ་རེད། «སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»ཞེས་པ་ལས། རང་གི་རྩ་དོན་གཙོ་བོར་གླེང་བའི་སྙན་ངག་པ་ཞིག་གིས། སློབ་གྲོགས་གཞན་གྱིས་འཕྱ་བར་དོགས་ཏེ་རང་གི་ཆུང་མ་མི་སྔུན་ནས་གཅེན་མོ་ཡིན་པར་བཤད་པ་དང་། རང་གི་སྒེར་སེམས་དབང་གིས་ཐབས་ཤེས་སྣ་དགུ་བརྒྱུད་ནས་ཆུང་མ་མེ་ཏོག་སྐྱིད་དང་བཟའ་འཐོར་བྱས་པ་སོགས་རེད། འདི་དག་ནང་ལ་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ། བདག་པོ་དང་སྒོ་ཁྱི། ནོར་ལུག་བཅས་ཀྱི་འབྲེལ་བ། གཅེན་གཅུང་དང་བཟའ་ཟླ་ཕན་ཚུན། སྙན་ངག་པ་སོགས་རྒྱུན་ལྡན་མ་ཡིན་པའི་འབྲེལ་ལམ་དང་མི་སྣ་སྤྱད་ནས་མི་གཤིས་ཀྱི་ཞན་ཆ་དེ་གཏིང་ཟབ་ས་ཞིག་ནས་མཚོན་པར་བྱས་ཡོད། མི་གཤིས་ཀྱི་སྐྱུག་བྲོ་བའི་ཆ་ལ་ཐེར་འདོན་དང་དག་སེལ་གནང་རྒྱུ་ནི་བརྩམས་ཆོས་ཤིག་གི་འགན་འཁྲི་བླ་མེད་དེ་ཡིན་ཞེས་དེང་སང་མཁས་པ་མང་པོས་འཆད་ཀྱིན་འདུག་པ་དེ་རེད།
       གཉིས། མི་གཤིས་ཀྱི་བཟང་ཆ།
       སྤྱིར་ན། བོད་ཀྱིས་གནའ་སྔ་མོ་ཞིག་ནས་ལྷ་ཡོད་ན་བདུད་ཡོད། དུག་ཡོད་ན་སྨན་ཡོད། དགེ་བ་ཡོད་ན་མི་དགེ་བ་ཡོད། སྡུག་བསྔལ་ཡོད་ན་བདེ་བ་ཡོད་ལྟ་བུ། ཡག་བཙོག་བཟང་ངན་ཐམས་ཅད་ཕྱོགས་སུ་མ་ལྷུང་བར་ངོས་གཉིས་རེ་ཡོད་པར་འདོད་པ་རེད། སྐུ་ཞབས་ཁོང་གི་བརྩམས་སྒྲུང་ཁག་གི་ནང་དུ་དགེ་སྡིག་གཉིས་དང་བཟང་ངན་གཉིས། དར་རྒུད་གཉིས། སྐྱེ་འཆི་གཉིས་སོགས་ཡ་མ་བྲལ་བའི་ཚུལ་དུ་སྣང་བ་ལས་ཕྱོགས་གཅིག་ཏུ་ལྷུང་བའི་རྣམ་པ་དེ་མཐོང་དཀོན། ཐ་ན་སྐབས་འགར་དགེ་བའི་ཆ་ཤས་དག་མི་ལས་གཞན་པའི་སྲོག་ཆགས་ལས་མངོན་པར་བྱས་ཡོད་དེ། དཔེར་ན། «མག་མོག་གི་ནུབ་ཁའི་ཉི་མ»ནང་གི་ལུག་དཔོན་གྱི་བསམ་ཤེས། «མི་དང་ཁྱི»ནང་གི་སྒོ་ཁྱིའི་འགན་འཁྲིའི་འདུ་ཤེས་དང་བདག་པོར་བཅངས་པའི་ལྷད་མེད་ཀྱི་མཛའ་བརྩེ། «ལུག་རྫི་གཞོན་ནུ་ཞིག་གི་འདས་རྐྱེན»ནང་གི་གཞན་སེམས་ཤེས་ཤིང་བརྩེ་བས་ཕྱུག་པའི་མ་མོ་ལོ་ལོན་བཅས་ལས་མཚོན་པར་བྱས་ཡོད། དེ་དག་ནི་སྤྱིར་བཏང་གི་མི་དང་དུད་འགྲོ་བསྡུར་བ་ཙམ་ཞིག་མ་ཡིན་པར་བརྩམས་སྒྲུང་དེའི་ནང་གི་དགེ་བའི་ཆ་མི་འཆོར་བའི་ཆེད་དུ་ཡིན། བདེན་དགེ་མཛེས་གསུམ་ནི་རྩོམ་ཡིག་གི་ནང་བཅུད་དུ་བཤད་པ་ལྟར། གལ་སྲིད་ཁོང་གི་རྩོམ་ཡིག་འདི་དག་ལ་མི་དགེ་བའི་ཆ་རྐྱང་པ་ལས་དགེ་བའི་ཆ་ཤས་ཀྱིས་སྟོང་ཚེ་རྩོམ་གྱི་རིན་ཐང་དང་ཡང་སྙིང་བརླག་འགྲོ་སྙམ། གཞན་ཡང་བརྩམས་སྒྲུང«བསླུ་བྲིད»ནང་གི་མི་སྣ་འཇམ་དབྱངས་བསྟན་འཛིན་ལགས་ནི་ཆུང་དུས་ནས་དགེ་ལ་དད་པ། འཁོར་བར་སྐྱོ་ཤས་རང་ཆས་སུ་ཡོད་པ། འདོད་ཆགས་སོགས་མི་གཙང་བས་མ་གོས་པ། ཆོས་དཔེ་དེ་མཐོང་བ་ཉིད་ནས་དགའ་ཡ་ལེར་འགྲོ་བ་སོགས་དགེ་བའི་བག་ཆགས་རང་ཆས་སུ་ཡོད་པ་ཞིག་ཡིན་པ། «ཁ་བ་མེད་པའི་དགུན་ཁ»ནང་དུ་རྨ་ཆེན་གངས་འདབས་ཀྱི་ཚོ་བ་ཞིག་གིས་ཆོས་ལུགས་ཆོ་ག་སྤེལ་ནས་སྲོག་ཆགས་ཚེ་ཐར་བཏང་བ། ལྷག་ཏུ་གྱོན་ཆས་ཧྲལ་ཧྲུལ་གྱོན་པའི་རི་ཁྲོད་པས་ལུག་ཚེ་ཐར་བཏང་བ། «ཐག ཐག ཐག»ནང་གི་མི་སྣ་བྱིས་པའི་ལྷད་མེད་པའི་རང་གཤིས། «སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས»ནང་གི་མི་སྣ་སློབ་ཆུང་སློབ་གྲོགས་དེ་བྱིས་པ་ཞིག་སྐྱོབ་ཆེད་ཚེ་སྲོག་ཤོར་བ། «ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ»ནང་གི་མི་སྣ་ཚེ་རིང་ལོ་བཅུ་བདུན་ལ་བུད་སྐབས་རྨི་ལམ་ལས་སྨ་ར་དཀར་པོར་གྱུར་པའི་བགྲེས་སོང་ཞིག་གིས་ཁོའི་སྐད་ངག་ལ་བྱིན་གྱིས་བརླབས་པ། «གངས»ནང་གི་མི་སྣ་ལུག་རྫི་གཅོད་པ་དང་ཁོའི་ཆུང་མ་གཉིས་བྱམས་སེམས་ཀྱིས་ཕྱུག་པ། མི་སྣ་གངས་དང་གངས་གཉིས་ལ་མངའ་བའི་གཞན་ཕན་གྱི་བསམ་བློ། «ང་ཡི་ཚེ་རིང་སྒྲོལ་མ»ནང་གི་མི་སྣ་ཚེ་རིང་སྒྲོལ་མས་ཁྱིམ་ཚང་དང་མཛའ་བོའི་ཆེད་དུ་རང་གི་ཚེ་སྲོག་ཀྱང་འདོར་ཐུབ་པ། «ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ»ནང་གི་ཨ་ཁུ་ཐོད་པའི་བཟོད་སྒོམ་དང་སྙིང་རུས། མཛའ་མོ་དང་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས། «སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»ནང་གི་ཆུང་མ་སྔོན་མ་མེ་ཏོག་སྐྱིད་ཀྱི་གཞུང་དྲངས་ཀྱི་བསམ་བློ་དང་ལྷད་མེད་པའི་མཛའ་བརྩེ། ཡ་རབས་ཀྱི་སྤྱོད་པ། ཁོ་མོའི་ཨ་ཕའི་བསམ་ཤེས་ཀྱི་བློ་སྟོབས་སོགས་མི་གཤིས་ཀྱི་བཟང་ཆ་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་མངོན་པར་བྱས་ཡོད།
གཉིས་པ། ཆག་འཇིག་དང་འཕོ་འགྱུར།
       སྤྱིར་ན། ཆག་འཇིག་དང་འཕོ་འགྱུར་ནི་འཇིག་རྟེན་འདིའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དེ་ཡི་ནང་གསེས་ལ་སྣང་སྲིད་ཁམས་ཀྱི་འགྱུར་བ། གོ་ལ་ཧྲིལ་པོའི་ཆག་འཇིག རྒྱལ་ཁབ་དང་མི་རིགས། ས་ཁུལ་དང་ཡུལ་གྲུ། ཁྱིམ་ཚང་སོ་སོ་སོགས་ཕྱི་སྣོད་ཀྱི་ཆག་འཇིག་དང་ནང་ཤེས་རིག་དང་གོམས་སྲོལ། སྐད་ཡིག་གི་ཆག་འཇིག་སོགས་འདུས་ཡོད། དེ་ལ་ལྟོས་བཅས་ཀྱིས་གོ་རྟོགས་དང་མཐོང་རྒྱ་ཡངས་པ་དག་གིས་སྣང་སྲིད་ཁམས་ཀྱི་བདེ་སྡུག་དང་ཆག་འཇིག་ལ་ཐུགས་སྣང་གནང་བ་སྟེ། ཆོས་ལུགས་ཀྱི་རྟོགས་ཚད་མཐོ་བའི་སྐྱེས་ཆེན་དག་གིས་འགྲོ་བ་ཐ་དག་གི་སྡུག་བསྔལ་རིས་མེད་དུ་གཟིགས་ཤིང་དེ་དག་འཁོར་བའི་འདམ་རྫབ་ལས་ཐར་ཆེད་ཞི་རྒྱས་དབང་དྲག་གི་མཛད་འཕྲིན་སྣ་ཚོགས་སྐྱོང་བ་རེད། དེ་བཞིན་གཟིགས་རྒྱ་ཡངས་པའི་ཚན་རིག་པ་དང་རྩོམ་པ་པོ། གཞས་པ། རི་མོ་བ། སྨན་པ་སོགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་སྡུག་ལ་བསམ་བློ་གཏོང་བ་དང་དེ་དག་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད། དེ་འོག་ནས་རིམ་བཞིན་གང་ལ་གང་འཚམ་གྱིས་རྒྱལ་ཁབ་དང་མི་རིགས། ཕ་ཡུལ་དང་ཁྱིམ་ཚང་སོགས་ཀྱི་ཆག་འཇིག་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད། རྩོམ་པ་པོ་ནི་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་ཙམ་མ་ཡིན་པར་ཕ་ཡུལ་དང་མི་རིགས། རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་སྐྱིད་སྡུག་དང་ཆག་འཇིག་སོགས་ཐུགས་ལ་འདོགས་མཁན་ཞིག་ཡིན་འོས། སྤྱིར་ན། དེང་གི་སྤྱི་ཚོགས་ཁྲོད་དུ་མི་རྣམས་ཀྱིས་རང་ཉིད་ལས་གཞན་པའི་མི་དང་སྲོག་ཆགས་སོགས་ལ་ཡ་ང་དང་སྙིང་རྗེ་གང་ཡང་མི་བྱེད་པའི་སྣང་ཚུལ་འཇིགས་ཡེར་བ་ཞིག་ཐོན་ཡོད། ཐ་ན་ཕ་མ་དང་བུ་ཕྲུག་བར། གཅེན་གཅུང་བར། གཟའ་ཟླའི་བར་དུ་ཡང་ཡ་ང་སྙིང་རྗེ་མེད་པའི་གསོད་གཏུབ་དང་རྡུང་རྡེག མནར་གཅོད་སོགས་བྱེད་པའི་སྣང་ཚུལ་འཐོན་བཞིན་ཡོད་པ་རེད།  གཞན་ཡང་མི་རྣམས་ཧམ་སེམས་དང་འདོད་རྔམ་དབང་གིས་རི་བྲག་ཡུལ་ལུང་གང་སར་བསྔོགས་ཏེ་གཏེར་ཁ་འདོན་པ་སོགས་ཚབས་ཆེ་བའི་ལས་དོན་སྤེལ་བཞིན་པའི་སྣང་ཚུལ་ཐོན་པ་དེ་དག སྐུ་ཞབས་ཁོང་གིས་བརྩམས་སྒྲུང«ཤོག་ལྷེ་གཅིག»སོགས་ལས་སྒྱུ་རྩལ་ཐབས་ལམ་བརྒྱུད་ནས་མཚོན་པར་བྱས་ཡོད། དེ་ག་ནང་བཞིན་བརྩམས་སྒྲུང«ཟླ་བ་ཤར་བྱུང»དང«ལྷ་རྗེ»ཞེས་པ་ལས། ས་སྒང་ཧྲིལ་པོ་འདིའི་ཕྱི་ནང་གསང་གསུམ་ལ་ནད་ཡམས་ཕོག་པ་སོགས་མ་ཡུམ་གོ་ལ་ཧྲིལ་པོའི་ཆག་འཇིག་དང་འཕོ་འགྱུར་ལ་བསམ་གཞིག་གནང་ཡོད་པས་རྩོམ་རིག་སྐད་ཆ་ལྟར་ན། བརྩམས་ཆོས་འདི་དག་ལ་བརྗོད་སྙིང་འཛམ་གླིང་ཅན་དུ་བྱས་པའི་ཁྱད་ཆོས་མངའ་ཡོད། གཞན་ཡང«རྩེད་ཐང་ལ་འགྲོ»ཞེས་པའི་ནང་གི་མི་སྣ་ཡུལ་སྐོར་སྣེ་ཤན་པ་དེ་དག་གི་འདུ་ཤེས་དང་བསམ་བློ་ཀུན་སྤྱོད་སོགས་ལས་དེང་གི་བོད་རིགས་གཞོན་ནུ་ཕོ་མོ་དག་གི་རྣམ་ཤེས་དང་བླ་སྲོག་གས་ཁ་འཆོར་བཞིན་པའི་སྣང་ཚུལ་བསྟན་ཡོད། བརྩམས་སྒྲུང«གཟའ་ཉི་མ»ཞེས་པ་ལས་བོད་སྐད་ཡིག་གི་ཆག་འཇིག་བསྟན་ཅིང་། གཞན་ཡང«རོ་སྒྲུང•མེ་མདའ»ནང་གི་བོད་ཀྱི་གོམས་སྲོལ་ལ་ཆག་འཇིག་འབྱུང་བཞིན་པའི་སྣང་ཚུལ་དངོས་ཤུགས་བརྒྱུད་གསུམ་ནས་མཚོན་པ་སོགས་བརྩམས་ཆོས་འདི་དག་ལ་བརྗོད་སྙིང་མི་རིགས་ཅན་དུ་བྱས་པའི་ཁྱད་ཆོས་ལྡན་ཡོད།
གསུམ་པ། ཚེ་སྲོག་གི་རིན་ཐང་།
       ཚེ་སྲོག་གི་རིན་ཐང་དང་ཡང་སྙིང་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་ཧ་ཅང་ལན་འདེབས་དཀའ་བའི་དྲི་བ་ཞིག་ཡིན་ངེས། མི་སུ་འདྲ་ཞིག་ཡིན་རུང་སྒེར་སོ་སོར་མི་ཚེ་དང་ཚེ་སྲོག་གི་རིན་ཐང་ལ་ལྟ་ཚུལ་མི་འདྲ་བ་ཡོད་སྲིད། རྩོམ་པ་པོ་ཁོང་གིས“ཚེ་སྲོག་དང་རྣམ་ཤེས་སོགས་ནི་ནམ་རྒྱུན་ངའི་སྒྲུང་གཏམ་གྱི་མཚོན་བྱར་གྱུར་ཡོད། ཡིན་ནའང་དེ་དག་གཏིང་ཟབ་ས་ཞིག་ནས་མཚོན་རྒྱུ་ནི་ལས་སླ་མོ་ཞིག་མ་རེད།”ཅེས་གསུངས་ཡོད། འདི་ནི་རྩོམ་པ་པོ་ཁོང་གི་གསར་རྩོམ་གྱི་ལངས་ཕྱོགས་ཤིག་ཡིན་ངེས། ད་འོ་ན། ཁོང་གིས་རྩོམ་དེབ་འདི་རུ་ཚེ་སྲོག་གི་རིན་ཐང་ལ་ངོས་འཛིན་གང་འདྲ་གནང་ཡོད་པ་རེད་ཟེར་ན། ཕྲན་གྱིས་བསམས་ན། ཁོང་གིས་ཕྱོགས་གཉིས་ནས་ཚེ་སྲོག་ལ་ངོས་འཛིན་གནང་ཡོད་དེ། གཅིག་ནི་གསོན་པའི་གནས་སྐབས་ཏེ་མི་ཞིག་ཡིན་ནས་བཟུང་རང་རང་གི་དམིགས་ཡུལ་དང་འཚོལ་སྙེག་ག་གེ་མོ་ཞིག་གི་ཆེད་དུ་གསོན་དགོས་པ་རེད། ཁོང་གིས“འཇིག་རྟེན་འདིའི་མི་རྣམས་རྨི་ལམ་ཞིག་འཚོལ་བའི་ཆེད་དུ་འཇིག་རྟེན་དུ་ཡོང་བ་མ་ཡིན་ནམ།”གསུངས་པ་ལྟར། ཁོང་གི་བརྩམས་ཆོས་མང་པོར་མི་སྣ་གང་ཞིག་གིས་རྨི་ལམ་དང་ཕུགས་འདུན་གང་ཞིག་འཚོལ་སྙེག་བྱས་པ་བསྟན་ཡོད། རྩོམ་དེབ་འདིའི་ནང་གི་བརྩམས་སྒྲུང་མང་པོར་དེའི་ཁྱད་ཆོས་ཆེད་དུ་རྩལ་འདོན་བྱས་འདུག་མོད། འདིར་རེ་རེ་བཞིན་ཞུས་ན་ཉོབ་པར་འདོད་ནས་ཀློག་པ་པོས་ཞིབ་ཏུ་མྱོང་རོལ་གནང་ན་རྟོགས་པར་འགྱུར། གཞན་དེ་ནི་འཆི་བའི་གནས་སྐབས་ཏེ་ཚེ་སྲོག་གི་རིན་ཐང་མང་པོ་ཞིག་འཆི་བ་བརྒྱུད་ནས་མངོན་དགོས་པ་རེད། འཆི་བ་བརྒྱུད་ནས་ཚེ་སྲོག་གི་རིན་ཐང་མངོན་པར་བྱས་པ་ནི་རྩོམ་དེབ་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན། སྤྱིར་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཚེ་སྲོག་གི་རིན་ཐང་མང་པོ་ཞིག་འཆི་བ་ལས་མངོན་པར་བྱས་ཡོད་དེ། དཔེར་ན། མི་ཆོས་ཐད་ནས། ཝ་རྔ་མ་དྲུད་དེ་བྲོས་ལེ་ཡི། སྟག་འཛུམ་དྲུག་ཁྲ་ལེར་ཤི་ན་དགའ། ཞེས་ཚེ་སྲོག་བློས་བཏང་སྟེ་རང་གི་དཔའ་སྙིང་དང་མགོ་རྣ། མཚན་སྙན་ལ་སྲུང་སྐྱོབ་བྱེད་པ་བཤད་ཡོད། ལྷ་ཆོས་ཐད་ནས་བྱང་ཆུབ་སེམས་དཔའ་རྒྱལ་བུ་ཀུན་དགའ་འོད་ཀྱིས་རང་གི་ཚེ་སྲོག་སྦྱིན་པ་བཏང་སྟེ་རི་དྭགས་ཤ་བའི་སྲོག་བསྐྱབས་པར་བཤད་པ་སོགས་ཚེ་སྲོག་གི་རིན་ཐང་ཐད་ལ་ཕྱོགས་སོ་སོར་ཐུན་མིན་གྱི་ངོས་འཛིན་གནང་སྟངས་ཡོད་པ་རེད། ཁོང་གི་བརྩམས་སྒྲུང«སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས»ལས། མི་སྣ་སློབ་ཆུང་སློབ་གྲོགས་བྱིས་པ་ཞིག་སྐྱོབ་ཆེད་རྨ་ཆུས་ཁུར་བར་བཤད་ཡོད། «ང་ཡི་ཚེ་རིང་སྒྲོལ་མ»ཡི་ནང་གི་མི་སྣ་ཚེ་རིང་སྒྲོལ་མས་རང་གི་ཁྱིམ་ཚང་ལ་རིགས་རྒྱུད་འཛིན་པའི་བུ་ཞིག་ཡོང་ཆེད་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ཡོད། «ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ»ནང་གི་མི་སྣ་གེ་སར་ལྷ་ཁང་གི་དཀོར་གཉེར་རྒས་པོས་ཨ་སྟག་ལྷ་མོའི་སྒྲུང་ཡིག་གི་རྒྱུན་མི་ཆད་པའི་ཆེད་དུ་རང་སྲོག་བློས་བཏང་བ། «སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»ཡི་ནང་གི་མི་སྣ་སྙན་ངག་པས་རང་ལ་བློ་ལོག་པའི་ཆུང་མ་བདེ་སྐྱིད་དང་ཅུས་ཀྲང་ཀུན་དགའ་གཉིས་ལ་འཁོན་ལན་སློག་ཆེད་རང་ཉིད་ཀྱི་ཚེ་སྲོག་མཇུག་བསྡུས་པ་རེད། «ཆོས་སྒྲོན་དང་མོའི་བུ་བློ་ལྡན»ནང་གི་མི་སྣ་བློ་ལྡན་གྱིས་མ་ཡུམ་སྨན་བཅོས་ཆེད་དུ་རྐུ་བྱས་པས་རང་ཉིད་ཀྱི་ཚེ་སྲོག་ཤོར་བ་རེད། འདི་དག་ཐམས་ཅད་ལ་རང་རང་ས་ནས་ཚེ་སྲོག་གི་རིན་ཐང་རེ་རེ་མངོན་པར་བྱས་ཡོད། གཞན་ཡང་ཁོང་གི་བརྩམས་སྒྲུང་ནང་ནས་གབ་པ་དང་སྦས་པ། ཡང་ན་མི་ལས་གཞན་པའི་སྲོག་ཆགས་ལས་ཚེ་སྲོག་གི་རིན་ཐང་མངོན་པར་བྱས་པ་སོགས་བརྩམས་སྒྲུང་མང་པོར་གནད་འདིའི་ཁྱས་ཆོས་ཡོད་པར་བྱས་འདུག་གོ །
བཞི་པ། བརྩེ་བ་དང་བསླུ་བྲིད།
       གཅིག སྤྱིར་ན་བརྩེ་དུང་ནི་འགྲོ་བ་ཐུན་མོང་ལ་མངའ་བའི་རང་གཤིས་ཤིག་ཡིན་ལ། བརྩེ་བས་སྟོང་པའི་བརྩམས་ཆོས་ནི་ཚྭ་མེད་པའི་ཇ་ཞིག་དང་འདྲ་བར་བྲོ་བ་མེད་པའམ། ཡང་ན་ཅི་ཞིག་ཆད་སོང་བ་ལྟ་བུའི་ཚོར་སྣང་གིས་ཁྱབ་པར་འགྱུར། བརྩེ་བ་ལའང་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ། བདག་པོ་དང་སྒོ་ཟོག་བར་གྱི་བརྩེ་བ། མི་དང་ཕ་ཡུལ། མི་རིགས་བཅས་བར་གྱི་བརྩེ་བ། མཛའ་གྲོགས་ཕོ་མོའི་བར་གྱི་བརྩེ་བ་སོགས་རིགས་མང་དུ་དགར་ཆོག་པ་རེད། ཁོང་གི་བརྩམས་སྒྲུང་ཕལ་མོ་ཆེར་བརྩེ་བས་ཕྱི་ནང་གང་རུང་ཞིག་ནས་ཁྱབ་པར་བྱས་ཡོད། གཉིས། ཁོང་གི་སྒྲུང་དེབ་འདིའི་མིང་ལ«བསླུ་བྲིད»ཅེས་བཏགས་པ་ནི་ནང་གི་བརྩམས་སྒྲུང་བྱེ་བྲག་པ་ཞིག་གི་མིང་སྤྱི་ལ་བཏགས་པ་ཙམ་ཞིག་ཡིན་མི་སྲིད། དེ་ཡང་བརྩམས་སྒྲུང«བསླུ་བྲིད»ནང་གི་མི་སྣ་འཇམ་དབྱངས་བསྟན་འཛིན་ལགས་ཆོས་དཔེ་སྣ་རིང་ཞིག་གིས་ཡང་ཡང་བསླུ་བྲིད་བྱས་པ་བཞིན།  བརྩམས་སྒྲུང་གཞན་དག་ནང་གི་མི་སྣ་ཕལ་མོ་ཆེར་དངོས་པོ་གང་ཞིག་གིས་བསླུ་བྲིད་བྱས་ཡོད་དེ། དཔེར་ན། «མག་མོག་གི་ནུབ་ཁའི་ཉི་མ»ནང་གི་མི་སྣ་ལུག་རྫི་བུ་མོ་ཆུང་ཆུང་དེས་ནམ་རྒྱུན་དེའུ་འབུར་སྟེང་ཙོག་ནས་ནུབ་ཁའི་ཉི་མར་ཅེར་ཏེ་རྒྱང་རིང་གི་མ་ཡུམ་ཕྱིར་ལོག་པར་སྒུག་པ།«ཐག ཐག ཐག»ནང་གི་མི་སྣ་ཁོས་བྱིས་པ་ཞིག་ལ་སྒུག་པ།«མི་དང་ཁྱི»ནང་གི་སྒོ་ཁྱིས་རང་གི་བདག་པོ་མྱུར་དུ་ཡར་ལངས་ནས་གཅན་སྤྱང་འགོག་པར་སྒུག་པ།«སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས»ལས། Dསྡེ་བའི་གྲོང་མི་དག་གིས་རྒྱང་རིང་གི་རྐང་ལམ་ཕྲ་མོའི་སྟེང་གི་ནག་ཐིག་ལ་སྒུག་པ། «ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ»ནང་གི་མི་སྣ་ཚེ་རིང་གིས་ཡང་ཡང་རྨི་ལམ་ནང་འཁོར་ཡོང་བའི་མཛའ་མོ་འཚོལ་དུ་ཆས་པ། «གངས»ནང་གི་མི་སྣ་ལུག་རྫི་གཅོད་པ་དང་ཁོའི་ཆུང་མ་གཉིས་ཀྱིས་ཕན་ཚུན་ཡུན་རིང་བསྒུགས་པ། «ཟླ་བ་ཤར་བྱུང»ནང་གི་མི་སྣ་ཟླ་བ་ཚེ་རིང་དང་ཟླ་བ་སྒྲོལ་མ་གཉིས་ཀྱིས་གནའ་སྔ་མོའི་དུས་དང་མ་འོངས་པའི་དུས་ཀྱི་ཟླ་བའི་ཁ་དོག་ཅི་འདྲ་ཡིན་པ་ཞིག་ཡིན་པར་ལྟ་རུ་སོང་བ། «ལྷ་རྗེ»ནང་གི་མི་སྣ་སྐྱེས་པ་ཀ་དང་བུད་མེད་ཀ་སོགས་ཀྱིས་ལྷ་རྗེ་ལ་སྒུག་པ། «ཆོས་སྒྲོན་དང་མོའི་བུ་བློ་ལྡན»ནང་གི་མི་སྣ་མ་བུ་གཉིས་ནོར་རྫས་ཀྱིས་བསླུས་པ། «རོ་སྒྲུང•མེ་མདའ»ནང་གི་བདེ་སྤྱོད་བཟང་པོ་རོ་དངོས་གྲུབ་ཅན་གྱིས་གཏམ་རྒྱུད་བཤད་པའི་གཏམ་རྒྱུད་ཀྱིས་བསླུས་པ། «རྩེད་ཐང་ལ་འགྲོ»ཞེས་པའི་ནང་གི་མི་སྣ་བྱང་ཆུབ་དང་སེམས་དཔའ། སྒྲོལ་མ་གསུམ་རྩེད་ཐང་དུ་ཡོད་པའི་བོད་ཀྱི་མེས་པོ་སྤྲེའུའི་བྲག་ཁུང་འཚོལ་དུ་ཆས་པ། «ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ»ནང་གི་ཨ་ཁུ་ཐོད་པའི་སྒྱུ་རྩལ་འཚོལ་སྙེག་གི་བློ་སྟོབས་སོགས་ཁོང་གི་བརྩམས་སྒྲུང་ཕལ་མོ་ཆེར་འཚོལ་སྙེག་གི་བློ་སྟོབས་སམ་བསླུ་བྲིད་ཀྱི་རྣམ་པ་ཞིག་གིས་སྲོག་ཏུ་བཟུང་ཡོད་པ་རེད། མདོར་ན། ཁོང་གི་བརྩམས་སྒྲུང་ལ་འཚོ་བའི་ངེས་སྲོལ་དང་མཐུན་པ། སྒྱུ་རྩལ་གྱི་བདེན་པས་ཕྱུག་པ། མཚོན་ཐབས་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ། མི་སྣའི་རང་གཤིས་གསལ་ཞིང་གསོན་ཉམས་དོད་པ། ཀློག་སྤྲོ་ཞིང་འཇུག་བདེ་བ། ཀློག་པ་པོར་བསམ་གཞིག་གི་བར་སྟོང་འཇོག་པ་ལས་ལེགས་ཉེས་གསལ་སྟོན་མ་བྱས་པ། བོད་ཀྱི་བག་ཆགས་ཀྱི་རྫོངས་མཐུག་པ། ཕུན་སུམ་འཚོགས་པའི་ནང་སྙིང་སོགས་ཀྱིས་གཏམས་ཡོད་པ་ཞིག་རེད་དོ། །

མཆན།
①② པད་མ་ཚེ་བརྟན། «བསླུ་བྲིད» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༢༦༣དང༡༠༦ན་གསལ།

འབྲེལ་ཡོད་འོས་སྦྱོར།