logo

བོད་ཀྱི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ།

རྩོམ་པ་པོ།:བསེ་ཆང་སངས་རྒྱས་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-26 ཀློག་གྲངས།:
ཉེ་བའི་ལོ་ངོ་བཅུའི་རིང་གི་བོད་ཀྱི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ།
                                                —«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས(2010—2019)»ལས་ལྷུག་རྩོམ་གྱི་དེབ«ཕུགས་འདུན»གཞིར་བཟུང་ནས་གླེང་བ།
བསེ་ཆང་སངས་རྒྱས་དོན་གྲུབ།

གླེང་གཞི།
       ལར་ལྷུག་རྩོམ་གྱི་བརྗོད་བྱ་རྒྱ་ཆེ་བ་དང་། སྒྲིག་གཞིར་རང་དབང་ལྡན་པ། རྩོམ་ལུས་བརྩམས་སྒྲུང་དང་སྙན་ངག་ཐ་ན་དཔྱད་རྩོམ་སོགས་ལ་འདྲེས་ཆོག་པ། མཚོན་ཐབས་འདོད་མོས་སྣ་ཚོགས་ཡིན་པ་སོགས་ཀྱིས་ལྷུག་རྩོམ་རང་སྟེང་ལ་རང་དབང་གི་ཁྱད་ཆོས་ཡོད་ཅིང་ཞོར་དུ་རྙོག་འཛིང་གི་རྣམ་པའང་བསྙོན་མེད་དུ་ཤར་འདུག དེ་བས་ལྷུག་རྩོམ་གྱི་རང་བཞིན་དངོས་དང་རིགས་དབྱེའི་རྣམ་གྲངས་སྐོར་ལ་ཀུན་མཐུན་གྱི་འདོད་ཚུལ་ཞིག་མེད་པར་རྟག་ཏུ་རྩོད་གླེང་གི་ངོར་གྲུབ་ཡོད། དེང་སང་རྒྱུག་ཆེ་བའི་རིགས་དབྱེ་ཚུལ་ནི་དོན་བརྗོད་ལྷུག་རྩོམ་དང་། དུངས་བརྗོད་ལྷུག་རྩོམ། དཔྱད་གླེང་ལྷུག་རྩོམ་གསུམ་དུ་ངེས་ཤིང་། བོད་ཀྱི་དུས་རབས་གསར་པའི་ལྷུག་རྩོམ་རྣམས་ཀྱང་རིགས་དབྱེ་དེའི་ཁོངས་སུ་བཞག་ནས་དཔྱད་པ་བཏང་ཆོག་ཆོག་ཡིན། ཡིན་ན་ཡང་། ལྷུག་རྩོམ་གྱི་རྩོམ་ལུས་རང་སྟེང་དུ་གནས་པའི“རང་དབང”དང“རྙོག་འཛིང”གི་ཁྱད་ཆོས་དེའི་དབང་གིས་ལྷུག་རྩོམ་མང་པོ་ཞིག་བཙན་གྱིས་གོང་གི་རིགས་གསུམ་དུ་དབྱེ་ཚུལ་དེའི་ཁོངས་སུ་བཞག་ནས་དཔྱད་པ་བཏང་ཚེ། རིགས་དེ་གསུམ་ལས་བརྒལ་བའི་ཁྱད་ཆོས་སྐོར་ཞིག་འཛིན་ཐབས་མེད་པའི་སྣང་ཚུལ་མཆིས། དེ་བས། དཔྱད་རྩོམ་འདིར་ལྷུག་རྩོམ་མང་པོ་སྡེབ་གཅིག་ཏུ་བཀོད་ནས་དཔྱད་པ་གཏོང་སྐབས་ལྷུག་རྩོམ་རིགས་ཆེན་པོ་གསུམ་དུ་དབྱེ་བའི་ཐབས་ལམ་ནས་དཔྱད་པའི་སྲོལ་ལོགས་སུ་བསྐྱུར་ཏེ། བརྩམས་ཆོས་བྱེ་བྲག་པ་མང་པོའི་རང་སྟེང་གི་ཁྱད་ཆོས་རྣམས་ལ་རིགས་དབྱེ་དང་སྤྱི་སྡོམ་བྱས་པ་གཙོ་བོར་བཟུང་ནས་ཉེ་བའི་ལོ་ངོ་བཅུའི(2010—2019)རིང་གི་བོད་ཀྱི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་སྐོར་ཞིབ་ཏུ་གླེང་བར་བྱའོ། །དེ་ཡང«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས(2010—2019)»ལས་ལྷུག་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ«ཕུགས་འདུན»ཁྲོད་བདམས་པའི་ལྷུག་རྩོམ་བཞི་བཅུ་ཞེ་བདུན[1]དང་དེའི་ཁ་སྣོན་དུ་ལྷུག་རྩོམ་གཞན་གསུམ[2]བཞག་ནས་རྩོམ་པ་པོ་ལྔ་བཅུའི་ལྷུག་རྩོམ་ལྔ་བཅུ་དཔྱད་གཞིར་བཟུང་ཡོད།
དང་པོ། ཡུལ་སྐོར་མཐོང་ཐོས་ལ་ཞིབ་འཇུག་གི་ཁྱད་ཆོས་བཟུང་བའི་འབྲི་ཐབས།
       དགོན་རྙིང་དང་གནའ་མཁར། བང་སོ་སོགས་ལ་ཡུལ་སྐོར་དུ་ཕྱིན་ནས་མཐོང་ཐོས་མྱོང་གསུམ་སྐོར་བྲིས་པའི་ལྷུག་རྩོམ་གྱི་རིགས་ལ་ལྷུག་རྩོམ་གཞན་དང་ཅུང་ཟད་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། རྩོམ་པ་པོས་གནའ་ཤུལ་ག་གེ་མོའི་དར་རྒུད་ཀྱི་ལོ་ཚིགས་དང་། དོན་དག་ཆེ་ཕྲའི་བྱུང་བ། ད་ལྟའི་གནས་བབ་དངོས་སོགས་ཚིག་གི་ལོ་མས་དོན་གྱི་འབྲས་བུ་མ་བསྒྲིབས་པར་གོ་བདེའི་ལམ་ནས་དོན་གསལ་བར་སྟོན་པ་ཞིག་རེད། གལ་སྲིད་དོན་ག་གེ་མོ་ཞིག་གསལ་པོར་བརྗོད་མ་ཐུབ་ཚེ། ལོ་རྒྱུས་ཡིག་ཚང་དཔྱད་བསྡུར་དང་ཡུལ་དངོས་རྟོག་ཞིབ་ཟུང་འབྲེལ་སྒོས་གནད་དོན་དེར་དཔྱད་ཞིབ་ཀྱི་སྒོ་ནས་གླེང་བར་བྱེད་ཅིང་། ཐག་མ་ཆོད་པའི་གནད་དོན་དང་འཕྲད་ཚེ། འོལ་ཚོད་དང་རབ་རིབ་ཏུ་བརྗོད་མེད་པར། ད་དུང་མུ་མཐུད་དུ་དཔྱད་དགོས་འདུག་ལ་སོགས་པའི་གཟབ་ནན་གྱི་རྣམ་པ་བཟུང་ནས་བྲིས་ཡོད། དེ་བས་ལྷུག་རྩོམ་འདིའི་རིགས་ལ་སྤྱིར་བཏང་རྩོམ་རིག་གི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་ཁྱད་ཆོས་མངའ་བར་མ་ཟད། ད་དུང་ལོ་རྒྱུས་རིག་གནས་སོགས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བའི་དགེ་མཚན་ཡང་མཆིས། བལྟས་ཚོད་དུ་ལྷུག་རྩོམ་འདིའི་རིགས་ནི་ཡུལ་སྐོར་ཟིན་བྲིས་ཏེ་འགྲོ་ཞོར་འདུག་ཞོར་དུ་བྲིས་པ་ལྟར་སྣང་ཡང་། དོན་གྱིས་རྩོམ་པ་པོ་རྣམས་ཀྱིས་གནའ་ཤུལ་གང་དེའི་ལོ་རྒྱུས་རིག་གནས་སྐོར་ལ་དཔེ་ཀློག་དང་། འབྲེལ་ཡོད་གནད་དོན་ཕྱོགས་ལ་བསམ་གཞིག་གང་འཚམ་བྱས་པའི་འབྲས་བུ་ཡིན། དེ་བས་ལྷུག་རྩོམ་འདིའི་རིགས་ནི་དཔེ་ཀློག་གི་ལྟ་རྒྱ་ཡོད་པ་དང་། དབྱེ་ཞིབ་ཀྱི་ནུས་པ་འཛོམས་པའི་ཆ་རྐྱེན་འོག་བྲིས་པ་ཞིག་རེད། གཤམ་ནས་ཡུལ་སྐོར་མཐོང་ཐོས་རིགས་སུ་གྱུར་པའི་ལྷུག་རྩོམ་འདི་དག ལྷུག་རྩོམ་ཡིན་པ་གཞིར་བཞག་གི་སྟེང་ནས་རིག་གཞུང་ཞིབ་འཇུག་གི་འབྲི་ཐབས་ཀྱི་ཁྱད་ཆོས་ལྡན་ཚུལ་སྐོར་གླེང་བར་བྱའོ། །
       ར་ས་བསྟན་འཛིན་ཆོས་གྲགས་ཀྱི«ས་སྐྱའི་གཟི་དཔལ་དང་མཁར་གྱང»ཞེས་པར་ས་སྐྱ་དགོན་པའི་བཞེངས་ལོ་དང་། བཞེངས་མཁན། ས་སྐྱའི་གྲུབ་མཐའ་བྱུང་ལུགས། གྲུབ་མཐའ་དེ་ལས་སྐྱེས་བུ་བྱུང་ཚུལ་སོགས་ཀྱི་བརྗོད་ལུགས་ནི་རིག་གཞུང་ཞིབ་འཇུག་གི་དོན་དངོས་ཇི་བཞིན་བརྗོད་པའི་ཉམས་ཐོན་ཡོད་ཅིང་། ས་སྐྱ་ལྷོ་མ་དང་བྱང་མ་གཉིས་ཀྱི་ལོ་རྒྱུས་དང་སྦྲགས་ནས་ཡུལ་དངོས་ཀྱི་མཐོང་ཐོས་མྱོང་གསུམ་བརྗོད་ཚུལ་ལ་རིག་གཞུང་ཞིབ་འཇུག་གི་ཡུལ་དངོས་རྟོག་ཞིབ་ཀྱི་ཁྱད་ཆོས་ལྡན། གླིང་ཚ་པད་དབང་གི«གནས་མཇལ་ཐེངས་གསུམ་པ»ཞེས་པར་རྩོམ་པ་པོས་བྱིས་དུས་དང་། དར་མའི་དུས། དེའི་རྗེས་ཀྱི་ལོ་བཅུ་འགོར་རྗེས་བཅས་སྔ་ཕྱིར་སྐུ་འབུམ་དགོན་པར་གནས་མཇལ་དུ་ཐེངས་གསུམ་ཕྱིན་ནས། དུས་སྐབས་ངེས་ཅན་ཞིག་གི་སྐུ་འབུམ་དགོན་པའི་སྔ་ཕྱི་བར་གསུམ་གྱི་འགྱུར་ལྡོག་མི་འདྲ་བར་བརྗོད་པ་ལ། སྤྱི་ཚོགས་རིག་པའི་སྤྱི་ཚོགས་རིག་གནས་འཕོ་འགྱུར་ཞིབ་འཇུག་གི་ཁྱད་ཆོས་ལྡན་ཡོད། སྨྲེང་བུའི«གནས་རྙིང་རྒྱང་མཇལ»ཞེས་པར་ར་ཚག་དགོན་པ་བཞེངས་མཁན་སྣ་ནམ་རྡོ་རྗེ་དབང་ཕྱུག་དང་ར་ལོ་ཙཱ་བ་གཉིས་ལས་གང་ཡིན་གྱི་དཔྱད་པ་དང་། དེའི་མདུན་སྒོའི་གཡས་འགྲམ་དུ་བསླངས་པའི་རྡོ་རིང་འཛུགས་མཁན། དེའི་སྟེང་གི་ཡི་གེའི་ཁྱད་ཆོས་སོགས་ཀྱི་དཔྱད་གླེང་སོགས་ལ་ལོ་རྒྱུས་ཡིག་ཚང་ཕན་ཚུན་དཔྱད་བསྡུར་དང་བཤད་ཚུལ་མི་འདྲ་བ་མཉམ་བཀོད་ཀྱིས་དཔྱད་ཞིབ་གནང་བའི་རིག་གཞུང་ཞིབ་འཇུག་གི་ཁྱད་ཆོས་མཆིས། བཀྲ་ཤིས་ལྷུན་གྲུབ་ཀྱི«པའོ་ཧྥེང་ཟིན་བྲིས»ཞེས་པར་པའོ་ཧྥེང་དགོན་པའི་ལོ་རྒྱུས་དང་། ལེགས་སྦྱར་སྐད་ཀྱི་ཁྱད་ཆོས། དེ་དང་བོད་སྐད་བར་གྱི་འབྲེལ་བ་སོགས་ཚིག་ཁ་གསལ་ཞིང་དོན་གོ་བདེ་བའི་ངང་བརྗོད་པར་རིག་གཞུང་ཞིབ་འཇུག་གི་རྗོད་བྱེད་ཁྱད་ཆོས་ལྡན་ལ། ཕྱིར་ལོག་པའི་ལམ་བར་གྱི་རི་ཆུ་དང་གནའ་མཁར་སོགས་ཉིན་རེ་བཞིན་གོ་རིམ་ལྡན་པར་གསལ་པོར་བྲིས་པར་ཡུལ་དངོས་རྟོག་ཞིབ་ཀྱི་རྣམ་པ་ཤར་འདུག
       དགེ་ལེགས་ཟླ་བའི«བོད་ཀྱི་ལོ་རྒྱུས་བང་མཛོད་ཁྲོད་ཀྱི་ཕྲ་ཚོམ་མུ་ཏིག་གི་དོ་ཤལ»ཞེས་པར་དོན་ཚན་བདུན་ཡོད་པ་ལས་དང་པོ་དང་བདུན་པའི་ལམ་བར་གྱི་ཡུལ་ལྗོངས་དང་སེམས་ཀྱི་ཚོར་འདུ་འབྲི་ཚུལ་ལ་རྩོམ་རིག་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པ་མ་གཏོགས། དོན་ཚན་གཉིས་པ་ནས་དྲུག་པའི་བར་ནི་རིག་གཞུང་དཔྱད་རྩོམ་ཚད་ལྡན་ཞིག་གི་ཚུལ་དུ་མངོན་ཡོད་དེ། དངོས་སུ་མཇལ་ཐུབ་པའི་བཙན་པོའི་བང་སོ་རྣམས་ཀྱི་སྤྱིའི་ཁ་གྲངས་དང་རྒྱ་ཁྱོན་ཆེ་ཆུང་སོགས་ལ་ཚད་ལྡན་གྱི་གྲངས་ཀ་གསལ་པོར་བཀོད་ཅིང་། བང་སོའི་ཆགས་དབྱིབས་ཀྱི་ཁྱད་ཆོས་ཇི་བཞིན་དུ་ཡིག་ངོས་སུ་ཕབ་པར་རིག་གཞུང་ཞིབ་འཇུག་གི་ཞིབ་ཚགས་གཟབ་ནན་གྱི་ཆ་ལྡན། «རྒྱལ་རབས་གསལ་བའི་མེ་ལོང»དང«ཆོས་འབྱུང་མཁས་པའི་དགའ་སྟོན»སོགས་ལོ་རྒྱུས་ཡིག་ཚང་ཁྲོད་ཀྱི་བང་སོའི་ལོ་རྒྱུས་དང་། ཡུལ་དངོས་ནས་བང་སོ་རེ་རེར་ངོས་འཛིན་ཟུང་འབྲེལ་སྒོས་བང་སོའི་སྐོར་ལ་ཞིབ་འཇུག་གནང་ཚུལ་ལ། རིག་གཞུང་ཞིབ་འཇུག་ཁྲོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ཡུལ་དངོས་རྟོག་ཞིབ་ཟུང་འབྲེལ་གྱིས་ཞིབ་འཇུག་བྱེད་པའི་ཁྱད་ཆོས་ལྡན། གཙང་ཀ་དཔལ་སྒྲོན་གྱི«གྱང་རོ་དང་གུ་གེའི་གནའ་ཤུལ»ཞེས་པར་གུ་གེའི་རྒྱལ་རབས་ཀྱི་དར་རྒུད་དང་། མཁར་རྫོང་ཆགས་འཇིག་གི་ལོ་རྒྱུས་སོགས་ལ་དབྱེ་ཞིབ་ཀྱི་ངང་ནས་རང་གི་ལྟ་ཚུལ་བརྗོད་པར་རིག་གཞུང་ཞིབ་འཇུག་གི་ཁྱད་ཆོས་མཆིས། དཔེར་ན། གུ་གེ་རྒྱལ་པོས་གནམ་བདག་ཆོས་ལུགས་ལ་དད་དེ་ནང་བསྟན་གྱི་སྟོབས་ཤུགས་ཇེ་ཞན་དུ་གཏོང་བ་ནི། ཆབ་སྲིད་སྲ་བརྟན་གྱི་དགོས་མཁོ་ཡིན་པ་ལས་ནང་པའི་བསྟན་པ་རྩ་བ་ནས་བསྣུབ་འདོད་མིན་པ་ལྟ་བུའི་ལོ་རྒྱུས་དོན་རྐྱེན་ལ་དབྱེ་ཞིབ་ཀྱི་ངང་རང་གི་ལྟ་ཚུལ་ཐད་ཀར་བརྗོད་པ་བཞིན་ནོ། །ལྡོང་ཕྲུག་གི«ཁྲི་ཀའི་གནའ་མཁར་སྟེང་འགྲེང་སྟེ་ལོ་རྒྱུས་ལ་ཕྱི་མིག་བལྟས་པ»ཞེས་པར་བཙན་པོ་ཁྲི་གཙུག་ལྡེ་བཙན་ནས་མགོ་བཙུགས་ཏེ་བོད་ཞི་བའི་བཅིངས་འགྲོལ་བཏང་བའི་བར་གྱི་ཁྲི་ཀའི་ལོ་རྒྱུས་ལ། ལོ་ཚིགས་གུང་བསྒྲིགས་ནས་རིམ་བཞིན་བརྗོད་པར་ལོ་རྒྱུས་རིག་པའི་རྩོམ་འབྲིའི་ཁྱད་ཆོས་འདུག་ཅིང་། འབྲེལ་ཡོད་གནད་དོན་ལ་ལར་ཡིག་ཚང་སྔ་ཤོས་ལ་ཁུངས་གཏུགས་ནས་རང་གི་ལྟ་ཚུལ་འདོན་པ་ལ་རིག་གཞུང་ཞིབ་འཇུག་གི་ཉམས་ཐོན་འདུག དཔེར་ན། ཁྲི་ཀའི་གནའ་མཁར་ཐོག་མར་བཞེངས་པའི་གནས་ཚུལ་སྐོར་ལ། ལོ་རྒྱུས་ཡིག་ཚང་སྔ་ཤོས་སུ་གྱུར་པའི་ཏུན་ཧོང་ཡིག་རྙིང་ལ་ཁུངས་གཏུགས་ནས། གནའ་མཁར་དེ་ནི་ཏཱ་མིང་རྒྱལ་རབས་སྐབས་ཐོག་མར་བཞེངས་པ་མིན་པར་དེ་ལས་སྔ་བའི་གནའ་དུས་ཀྱི་འ་ཞའི་སྐབས་སུ་བཞེངས་པར་བཤད་པ་ལྟ་བུའོ། །
གཉིས་པ། ཆོས་བྱེ་བྲག་པ་ཞིག་གཞིར་བཟུང་སྟེ་བརྗོད་བྱ་རྒྱས་པར་འགྲེམ་པའི་འབྲི་ཐབས།
       ཆོས་བྱེ་བྲག་པ་ཞིག་གཞིར་བཟུང་སྟེ་བརྗོད་བྱ་རྒྱས་པར་འགྲེམ་པའི་འབྲི་ཐབས་འདིས། ཆོས་བྱེ་བྲག་པ་ཞིག་ལྟེ་བར་བཟུང་ནས་རྩོམ་གྱི་མགོ་བཙུགས་ཤིང་བར་བསྲིངས་ལ་མཇུག་ཀྱང་བསྡུས་ཡོད། དེ་བས་ལྷུག་རྩོམ་འདིའི་རིགས་ལ་བརྗོད་བྱ་ཞིག་གི་མགོ་མཇུག་ཆ་ཚང་ཞིང་། གོ་རིམ་ངེས་ཅན་ལྡན་པ། སྤྲོས་བརྗོད་ལ་ཡར་འཕྲོས་མར་འཕྲོས་ཆེན་པོ་མེད་པར་གཅིག་ཏུ་ཕྱོགས་པ། ཆོས་བྱེ་བྲག་པ་དེར་བརྟེན་ནས་མངོན་ཆུང་གི་ངང་ནས་དོན་ཆེན་པོ་ཞིག་གམ་བརྩེ་བ་ཟབ་མོ་ཞིག་མཚོན་པའི་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་ལྡན། ལྷུག་རྩོམ་འདིའི་རིགས་ནི་རྩོམ་པ་པོས་ཆོས་གང་དེར་ཞིབ་ཚགས་ཀྱིས་ལྟ་ཞིབ་དང་ནན་ཏན་གྱིས་རྒྱུས་ལོན་བྱས་རྗེས། ད་གཟོད་སྒྱུ་རྩལ་མཚོན་ཐབས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། ཞིབ་ཚགས་ཀྱི་བློ་མིག་དང་གཟབ་ནན་གྱི་རྣམ་འགྱུར་མེད་པ་ཞིག་གིས་ཆོས་བྱེ་བྲག་པ་ཞིག་གཞིར་བཟུང་སྟེ་བརྗོད་བྱ་རྒྱས་པར་འགྲེམ་པའི་ལྷུག་རྩོམ་འདིའི་རིགས་འཁྱོངས་དཀའ་བར་སྣང་།
       ཅོ་ནེ་ཡུམ་ཚེ་རིང་གི«ཁང་རྙིང»ལ་མཚོན་ན་རྩོམ་གྱི་གླེང་སློང་བའི་ཚན་པ་དང་པོ་ནས“ངེད་ཚང་གི་ཁང་བའི་སྐོར་གླེང་ན་འདོད”ཅེས་མགོ་བརྩམས་ཡོད་ཅིང་། དེ་ནས་ཁང་རྙིང་ཇི་ལྟར་བསྐྲུན་ཚུལ་དང་། ཁང་རྙིང་གི་ཕྱི་ནང་གི་བཟོ་བཀོད། ཁང་རྙིང་དང་འབྲེལ་བའི་འདས་དོན། ཁང་རྙིང་བཤིགས་ཏེ་ཁང་གསར་བསྐྲུན་པ། ཕུ་བོ་དང“ངས”ཁ་པར་ལས་ཁང་གསར་སྐོར་གླེང་མོལ་བྱས་པ་ལས་མཇུག་བསྡུས་ཡོད། དེ་བས་ལྷུག་རྩོམ་འདིས་མགོ་མཇུག་བར་གསུམ་ཀུན་ཏུ་ཁང་རྙིང་ཞིག་གཞིར་བཟུང་ནས་དེའི་ཆགས་གནས་འཇིག་གསུམ་ཆ་ཚང་གོ་རིམ་ལྡན་པ་དང་ཞིབ་རྒྱས་སུ་བྲིས་ཡོད་ལ། ཁང་རྙིང་ཡང་ཁང་རྙིང་ཙམ་མིན་པར་དེ་ལས་རྒྱ་ཆེ་བ་ཞིག་གི་ངོས་ནས་བལྟས་ན་རིག་གནས་ཤིག་གི་མཚོན་དོན་དུ་གྲུབ་ཡོད། ཀརྨ་དབང་གྲགས་ཀྱི«རྡོ་ཁང་གི་དྲན་ཤེས»ཞེས་པར་རྡོ་ཁང་ཞིག་གཞིར་བཟུང་སྟེ་ཆུང་དུས་ཀྱི་འཚོ་བ་ཕྱིར་དྲན་གྱི་ལམ་ནས་བརྗོད་བྱ་སྟོན་ཚུལ་ཞིག་ཡིན་ཞིང་། རྩོམ་གྱི་སྔ་གཞུག་ཚང་མ་རྡོ་ཁང་དང་མ་འབྲེལ་བ་ཞིག་མེད། གཞན་ཡང་། རྡོ་ཁང་ནས་ལོ་གསར་གཏོང་བ་དང་སྒྲུང་ཤོད་པ། བྲོ་འཁྲབ་པ་སོགས་ལས། རྡོ་ཁང་ཡང་སྤྱིར་བཏང་གི་རྡོ་ཁང་ཙམ་མིན་པར་རིག་གནས་ཀྱི་སྟེགས་བུ་ལྟ་བུ་ཞིག་ཏུ་སྣང་བས། རྡོ་ཁང་ལ་རིག་གནས་ཀྱི་མཚོན་དོན་མཆིས་སོ། །བཀྲ་ཤིས་དཔལ་ལྡན་གྱི«ལྕི་བའི་སྐྲུན་དངོས»ཞེས་པའི་བརྗོད་བྱ་ཆ་ཚང་ལྕི་བའི་སྐྲུན་དངོས་ནས་མགོ་བརྩམས་ཤིང་ལྕི་བའི་སྐྲུན་དངོས་ནས་མཇུག་བསྡུས་ཡོད་དེ། ཐོག་མར་ལྕི་བའི་སྐྲུན་དངོས་ལས་སྐྲུན་དངོས་ཞེས་པའི་ཐ་སྙད་དེར་འགྲེལ་བཤད་བསྡུས་པ་ཞིག་བྱས་རྗེས།  གཞུང་དངོས་ནས་བྱང་ཐང་འབྲོག་པའི་འཚོ་བའི་ཁྲོད་ཀྱི་ལྕི་བའི་སྐྲུན་དངོས་སྣ་ཚོགས་མཚམས་སྦྱོར་དང་། མཇུག་ཏུ་ཐོན་སྐྱེད་བྱེད་སྟངས་ཀྱི་འགྱུར་ལྡོག་ཁྲོད་ནས་ལྕི་བའི་སྐྲུན་དངོས་རྣམས་ཀྱང་ཡལ་ངེས་པར་བརྗོད་ཡོད། རྩོམ་འདིར་ལྕི་བའི་སྐྲུན་དངོས་ནི་སྲོལ་རྒྱུན་གྱི་ཐོན་སྐྱེད་རིག་གནས་ཀྱི་མཚོན་དོན་ཞིག་ཏུ་གྱུར་ཡོད། ཨོའོ་ལགས་ཀྱི«སྔར་སོང་གི་བཞུ་འོད»ཅེས་པར་བཞུ་མར་གཞིར་བཟུང་ནས་རྩོམ་གྱི་བརྗོད་བྱ་རྒྱས་པར་བཀྲམ་ཡོད་དེ། རྩོམ་གྱི་མགོ་གླེང་སྐབས་བཞུ་མར་གླེང་བྱ་ཡིན་པར་བསྟན་རྗེས། གཞུང་དངོས་ནས་རིམ་བཞིན་བཞུ་མར་གྱི་རིགས་དང་ཁྱད་ཆོས། དེ་དག་ལ་བརྟེན་ནས་བསྐྱལ་བའི་འདས་དུས་ཀྱི་འཚོ་བའི་རྣམ་པ་ཞིབ་ཏུ་བྲིས་ཡོད། ཕྱིས་སུ་དེང་རབས་ཀྱི་གློག་སྒྲོན་ཐོན་ནས་དེ་དག་གི་ཚབ་བྱས་རྗེས། བཞུ་མར་གྱི་རིགས་བེད་སྤྱོད་མེད་པར་མཛེས་རྒྱན་ལྟ་བུར་གྱུར་པས། ད་ལྟ་དེ་དག་མཐོང་བའི་མོད་ལ་སྔར་སོང་གི་འདས་དོན་རྣམས་དྲན་ཚུལ་གྱི་སྒོ་ནས་རྩོམ་གྱི་མཇུག་བསྡུས་ཡོད། ལྷུག་རྩོམ་འདིའི་བརྗོད་བྱ་ནི་བཞུ་མར་ལྟེ་བར་བཟུང་ནས་མཐའ་རུ་བཀྲམ་འདུག་ཅིང་། བཞུ་མར་དེ་ལ་རིག་གནས་ཀྱི་མཚོན་དོན་མཆིས་སོ། །བ་རེས་ཀྱི«རྒྱང་ལྟའི་ཁྲོད་ཀྱི་ལྷ་རི»ཞེས་པ་ནི་ལྷ་རི་ཞིག་ལ་མི་ཞིག་གིས་ཆུང་བྱིས་པའི་དུས་ནས་དར་མའི་དུས་སམ་ལོ་ཆེ་རུ་གྱུར་པའི་བར། རྒྱང་ལྟ་ཡང་ཡང་བྱས་ཏེ་བྱུང་བའི་སེམས་ཀྱི་དྲན་འཆར་སྣ་ཚོགས་བརྗོད་པ་ཞིག་ཡིན་པས། རྩོམ་འདིར་ལྷ་རི་ཞེས་པ་ལྟེ་བར་བཟུང་ནས་བརྗོད་བྱ་རྒྱས་པར་བཀྲམ་ཡོད།  རྩོམ་དུ་ཡང་ཡང་གླེང་བའི་ལྷ་རི་ནི་དོན་དུ་ཕ་ཡུལ་དང་དེའི་རིག་གནས་ཀྱི་མཚོན་དོན་ཞིག་རེད།
       འབྲོང་རྩེ་བ་ཉི་མ་དོན་གྲུབ་ཀྱི«པཱ་ལགས་ཀྱིས་བཙེམས་པའི་ཟོམ་པ»ཞེས་པ་ནི་ལྷམ་ཟོམ་པ་དཀྱུས་སུ་བཟུང་ནས་རྩོམ་གྱི་བརྗོད་བྱ་འགོད་སྟངས་ཤིག་ཡིན་ཏེ། རྩོམ་གྱི་མགོ་མཇུག་བར་གསུམ་གྱི་བརྗོད་བྱ་ཡོངས་རྫོགས་པཱ་ལགས་ཀྱིས་རང་ལ་བཙེམས་པའི་ལྷམ་ཟོམ་པའི་སྟེང་ནས་འགྲུབ་པར་བྱས་ཡོད། ལྷམ་ཟོམ་པ་དེ་ནི་མཐར་གཏུགས་ན་པཱ་ལགས་ཀྱིས་བུ་ལ་བཅངས་པའི་བརྩེ་བ་དྲོན་མོ་ཞིག་གི་མཚོན་དོན་ནོ། །གངས་དབང་གི«ང་ཚོ་ཡར་ཡར་འགྲོ་དུས། ཁ་བ་མར་མར་བབས་བྱུང»ཞེས་པར་ཆོས་བྱེ་བྲག་པ་ཞིག་གཞིར་བཟུང་ནས་བརྗོད་བྱ་རྒྱས་པར་བཀྲམ་ཡོད་དེ། ཁ་བ་གཞིར་བཟུང་ནས་ཁ་བའི་ཡུལ་ལྗོངས་བྲིས་ཤིང་། ཁ་བ་དང་འབྲེལ་ནས་སྤྱི་ཚོགས་དང་མི་གཤིས་ཀྱི་འགྱུར་བ། ད་དུང་རྩམ་མཆོད་རིག་གནས་སོགས་གླེང་ཡོད་ཅིང་། ཁ་བ་ནི་དྭངས་གཙང་གི་མི་གཤིས་ལྟ་བུ་ཞིག་གི་མཚོན་དོན་དུ་གྱུར་ཡོད། འཇུ་སྐལ་བཟང་གི«སྙན་ངག་སྐོར་གླེང་བའི་སྙན་ངག»ཅེས་པར་ཁ་བྱང་ལས་ཅུང་ཟད་གོ་ནུས་པ་ལྟར། སྙན་ངག་ཅེས་པའི་རྩོམ་ལུས་སམ་སྒྱུ་རྩལ་གྱི་ངོ་བོར་གནས་པའི་ཆོས་བྱེ་བྲག་པ་ཞིག་གཞིར་བཟུང་ནས་རྩེར་སོན་གྱི་སྙན་རྩོམ་དང་། སྙན་ངག་གི་རྒྱལ་ཁམས། སྙན་ངག་གི་རང་བཞིན། སྙན་ངག་གི་རིན་ཐང་། སྙན་ངག་གི་མཛེས་པ། སྙན་ངག་གི་བརྗིད་ཉམས་སོགས་ཀྱི་སྐོར་ཡང་ཡང་གླེང་སྟེ་བརྗོད་བྱ་རྒྱས་པར་བཀྲམ་ཞིང་། བརྗོད་བྱ་དེ་སྟོན་པའི་རྗོད་བྱེད་ཚིག་ཀྱང་སྙན་ངག་གི་ལམ་ནས་སྤེལ་ཡོད།
གསུམ་པ། ཆོས་བྱེ་བྲག་པ་དུ་མའི་སྟེང་ནས་བརྗོད་བྱ་གཅིག་ཏུ་སྒྲིལ་བའི་འབྲི་ཐབས།
       ཆོས་བྱེ་བྲག་པ་དུ་མའི་སྟེང་ནས་བརྗོད་བྱ་གཅིག་ཏུ་སྒྲིལ་བའི་འབྲི་ཐབས་འདི་ནི། རྩོམ་དུ་རིགས་གཅིག་པའམ་ཕན་ཚུན་འབྲེལ་བ་ངེས་ཅན་མཆིས་པའི་ཆོས་སོ་སོ་བ་དུ་མ། ཚན་པ་སོ་སོར་བགར་བའམ་ཡང་ན་སྔ་ཕྱིར་གོ་རིམ་ཡོད་པའི་ངང་བཀོད་དེ་བརྗོད་བྱ་གཅིག་སྒྲིལ་ཏུ་སྟོན་པ་ཞིག་རེད། ལྷུག་རྩོམ་འདིའི་རིགས་ནི་ཕྱི་ངོས་ནས་བལྟས་ཚེ། ཆོས་དུ་མ་བརྗོད་བྱའི་ཚན་པ་རེ་རེར་བཅུག་ཡོད་པས་ཁ་འཐོར་བ་ལྟར་སྣང་མོད། དོན་དུ་དེ་དག་གིས་ཟུར་ངོས་དུ་མ་ནས་ཐུན་མོང་གི་བརྗོད་བྱ་ཞིག་སྟོན་གྱིན་ཡོད་པས། ཕན་ཚུན་བར་ཁ་འཐོར་མི་རུང་བའམ་ཁ་འབྲལ་མི་འོས་པའི་འབྲེལ་བ་ངེས་ཅན་ཞིག་མཆིས། སྤྱིར་བཏང་བརྗོད་བྱ་ཚན་པ་རེ་རེའི་རིང་ཐུང་དོ་མཉམ་དུ་ཡོད་པ་ནི་ལྷུག་རྩོམ་འདིའི་རིགས་ཀྱི་སྒྲིག་གཞིའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། དེ་བས་ལྷུག་རྩོམ་འདིའི་རིགས་འབྲི་བ་ལ་ཆོས་བྱེ་བྲག་པ་དུ་མའི་ཟུར་ངོས་མི་འདྲ་བ་ནས་ཐུན་མོང་དུ་བརྗོད་བྱ་གཅིག་སྟོན་པར་བསམ་བློ་གཏོང་དགོས་པ་མ་ཟད། ད་དུང་བརྗོད་བྱའི་ཚན་པ་རེ་རེའི་དབར་དོ་མཉམ་ཡོང་བའི་སྒྲིག་གཞི་དེ་ལའང་དང་དོད་བྱེད་དགོས། 
       མཁས་གྲུབ་ཀྱི«ཚེ་རིང་རྣམ་དྲུག»ཅེས་པའི་རྩོམ་གྱི་མགོ་རུ་ཚེ་རིང་རྣམ་དྲུག་དང་དེའི་རི་མོའི་སྐོར་གླེང་གཞིའི་ཚུལ་དུ་ངོ་སྤྲོད་རགས་ཙམ་བྱས་རྗེས། ཆུ་ཚེ་རིང་དང་། ཤིང་ཚེ་རིང་། རི་དྭགས་ཚེ་རིང་། བྲག་ཚེ་རིང་། བྱ་ཚེ་རིང་། མི་ཚེ་རིང་བཅས་དྲུག་ཚན་པ་སོ་སོར་ཕྱེ་ཞིང་གོ་རིམ་ལྡན་པའི་ངང་ནས་དེ་དག་ལ་སྲུང་སྐྱོབ་བྱས་མ་བྱས་ཀྱི་དགེ་མཚན་དང་ངན་འབྲས་བརྗོད་ཅིང་། རྩོམ་གྱི་མཇུག་ཏུ་བརྗོད་བྱ་སྤྱི་སྡོམ་གྱི་ཚུལ་དུ་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་བསྟན་ཡོད། ཡང་གངས་ཕྲུག་རྒྱལ་གྱི«ཚེ་རིང་རྣམ་དྲུག»ཅེས་པར་སྔོན་འགྲོའི“བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས”ཞེས་པའི་ཚིག་རྐང་གཉིས་ཀྱི་འཕྲོར། ཚན་པ་རེ་ལ་ཆུ་ཚེ་རིང་དང་། བྲག་ཚེ་རིང་། ཤིང་ཚེ་རིང་།  རི་དྭགས་ཚེ་རིང་། བྱ་ཚེ་རིང་། མི་ཚེ་རིང་བཅས་ཁ་བྱང་ཆུང་བ་རེ་བཏགས་ནས། དེ་དག་གིས་སྣོད་བཅུད་ལ་ཐོན་པའི་དགེ་མཚན་དང་རིན་ཐང་ཁྱད་པར་དུ་བརྗོད་ཅིང་། གལ་སྲིད་མིའི་རིགས་ཀྱིས་དེ་དག་ལ་གཏོར་བརླག་བཅོམ་གསུམ་བྱས་ཚེ། མཐར་རང་ཉིད་ཀྱང་འཇིག་ཉེན་གྱི་གཡང་ལ་ལྷུང་སྲིད་པར་གླེང་སྟེ། ཤུགས་ནས་བརྗོད་བྱ་སྤྱི་སྟེ་འགྲོ་བ་མིའི་རིགས་ཀྱིས་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་དགོས་པར་བསྟན་ཡོད། ཁ་བ་ལྷ་མོའི«རི་དྭགས་གླིང་གི་ཉིན་གཅིག»ཅེས་པར“ང”ཞེས་པ་སྲོག་ཆགས་གླིང་དུ་འགྲོ་བའི་སྐོར་དང་། དེ་ནས་རྨ་བྱའི་སྡུག་སྐད། འབྲོང་གི་ལས་དབང་། རྔ་མོང་གི་རབས། གཉིད་གུང་གི་མགྲོན་པོ།(མཚོ་རྟ) མི་དང་གདོན་འདྲེ། མཇུག་བསྡུ་བ་བཅས་ཚན་པ་སོ་སོར་ཁ་བྱང་ཆུང་བ་རེ་བཏགས་ནས། དེ་དག་གིས་ཐུན་མོང་དུ་འགྲོ་བ་མིའི་སྒེར་སེམས་དབང་གིས། རི་དྭགས་གླིང་དུ་བཅུག་པའི་སྲོག་ཆགས་རྣམས་ལ་འཚོ་བའི་རང་དབང་མེད་པར་ཤིན་ཏུ་ཉམ་ཐག་པའི་ངང་གནས་ཡོད་པར་བརྗོད་དེ། མི་རྣམས་ཀྱིས་སྲོག་ཆགས་དེ་དག་གི་རང་དབང་གི་འཚོ་བར་བརྩི་བཀུར་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས་པའི་བརྗོད་བྱ་སྤྱི་ཞིག་བསྟན་ཡོད།
       ནེའུ་ཆུང་གི«དག་པའི་ཞིང་ན་སྤྱི་ལོ་ཡོད་དམ»ཞེས་པར་གླེང་སློང་དང་། ཞྭ་མོ་ཚེ་རིང་སྐྱིན་ཁེབས། ཙན་དན་གྱི་ཕྲེང་བ། རྫ་རྡོ་ཉིལ་འདྲའི་མ་ཎི། གྲི་ཆུང་གློ་གཟུར།  མཇུག་སྡུད་བཅས་བརྗོད་བྱ་ཚན་པ་དྲུག་གིས་གྲུབ་ཡོད། ལྷུག་རྩོམ་འདིར་ཞྭ་མོ་དང་། ཕྲེང་བ། མ་ཎི། གྲི་ཆུང་སོགས་ཆོས་བྱེ་བྲག་པ་དུ་མའི་སྟེང་ནས། སྤོ་བོས“ང”ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དང་། ཁོའི་ཡ་རབས་ཀྱི་བྱ་སྤྱོད་སོགས་བྲིས་ཏེ་སྤོ་བོ་ལགས་ལ་དྲན་གསོ་བྱས་ཡོད། འགྱན་སངས་ཀྱི«གྲོགས་པོ»ཞེས་པར་གྲོགས་པོ་ལ་རབ་འབྲིང་ཐ་གསུམ་ཡོད་པ་བྱེ་བྲག་ཏུ་བཀར་ནས་གླེང་སྟེ། གྲོགས་པོ་བཟང་པོ་ཞིག་བསྟེན་དགོས་ཚུལ་གྱི་བརྗོད་བྱ་སྤྱི་དེ་བསྟན་ཡོད། བྱ་གཞུང་དབྱངས་བྷའི«འདུལ་སྦྱོང»ཞེས་པར་འདབ་ཆགས་གླག་དང་། གཅན་གཟན་སེང་གེ སྟག གཟིག དོམ། སྤྱང་ཀི ད་དུང་འགྲོ་བ་མི་བཅས་སོ་སོའི་འདུལ་སྦྱོང་གི་གནས་ཚུལ་རེ་རེ་བཞིན་བཀོད་ནས། མི་ལ་སྤྱང་ཀི་ལྟ་བུའི་རང་ཚུགས་བརྟན་པོ་དགོས་ཚུལ་གྱི་མཐར་ཐུག་གི་བརྗོད་བྱ་དེ་བསྟན་ཡོད། ཁེར་བུའི«ལམ་དང་ཁེར་རྐྱང་། ད་དུང་གཞན་དག»ཅེས་པར་ལམ་དང་སྐྱེས་ཆེན་དང་། ལམ་དང་མི་བུ་སྒེར། ལམ་གྱི་སྟ་གོན། ལམ་གྱི་སྙིང་སྟོབས། ལམ་གྱི་ཁེར་རྐྱང་། ལམ་གྱི་མཐར་ཐུག སྨོན་འདུན་བཅས་ལམ་དང་འབྲེལ་བའི་བརྗོད་བྱ་ཚན་པ་བདུན་གྱིས་མི་ཞིག་གི་མི་ཚེའི་བགྲོད་ལམ་ནི་རང་ཉིད་ཀྱིས་བསྐྲུན་དགོས་པའི་བརྗོད་བྱ་སྤྱི་དེ་བསྟན་ཡོད།
       སྣང་རའི་པིར་ཐོགས་ཀྱི«གནའ་མཁར་ཟི་ལིང་གི་བོད་མི»ཞེས་པར་རྩོམ་སྤྱིའི་གླེང་སློང་བའི་གཏམ་ཞིག་དང་། དེ་ནས་བྱེ་བྲག་ཏུ་ཟི་ལིང་གི་བོད་མིའི་འཚོ་བ་དང་ཟི་ལིང་གི་བོད་ཀྱི་སྐོར་བྲོ་ཞེས་པའི་བརྗོད་བྱ་ཚན་པ་གཉིས་ཀྱིས་གྲུབ་ཡོད། རྩོམ་དུ་ཟི་ལིང་གི་བོད་མིའི་སྡོད་གནས་དང་། ལས་ཀ དད་མོས། དུས་སྟོན། སྐོར་བྲོ་སོགས་འཚོ་བའི་ཟུར་དུ་མ་ནས་ཟི་ལིང་གི་བོད་མིའི་འཚོ་བ་སྤྱི་དེ་གང་འདྲ་ཞིག་ཡིན་པར་བསྟན་ཡོད། ལྷ་རྒྱལ་ཚེ་རིང་གི«དཔྱིད་ཀྱི་དཔལ་མོའི་རྐང་སྟབས»ཞེས་པར་ཚན་པ་རེར་ཨང་རྟགས“1”དང“2”ལྟར་བཀོད་ནས་བརྗོད་བྱ་ཚན་པ་དྲུག་གིས་གྲུབ་པར་བྱས་ཡོད། ཚན་པ་དྲུག་ཡོད་པ་སོ་སོས་ཟུར་ངོས་མི་འདྲ་བའི་སྒོ་ནས་དཔྱིད་ཀའི་དུས་ཚིགས་སླེབས་ཚུལ་བསྟན་འདུག་གོ །
བཞི་པ། བརྗོད་འདོད་ཀྱི་དོན་ལ་མཚུངས་ཆོས་ལྡན་པའི་དཔེ་བཀོད་ནས་འབྲི་ཐབས།
       བརྗོད་འདོད་གྱི་དོན་དེ་ཐད་ཀར་གསལ་པོར་མ་བརྗོད་པར་དེ་དང་མཚུངས་པའི་དཔེ་ཞིག་ལ་བརྟེན་ཅིང་བརྒྱུད་ནས་སྟོན་པ་ནི། རྩོམ་རིག་གསར་རྩོམ་ཁྲོད་རྒྱུན་མཐོང་དང་སྤྱོད་རྒྱ་ཆེ་བའི་སྒྱུ་རྩལ་མཚོན་ཐབས་སམ་འབྲི་ཐབས་གཙོ་བོ་ཞིག་རེད། དཔེའི་སྟེང་ནས་རྩོམ་པ་པོའི་བསམ་བློ་མཚོན་དགོས་པས། བརྩམས་ཆོས་གང་རུང་ཁྲོད་བརྗོད་དོན་དེར་དཔེ་འོས་འཚམ་ཞིག་བཀོད་ཡོད་མེད་དང་། དཔེ་དེར་ཞིབ་ཚགས་ཀྱིས་རྒྱུས་ལོན་བྱས་ཡོད་མེད་དེ། བརྩམས་ཆོས་ལེགས་པོ་ཞིག་འཁྱོངས་མིན་གྱི་རྨང་གཞི་ལྟ་བུར་གྱུར་ཡོད། དཔེ་འགོད་སྟངས་ཐད་ནས། བྱ་བ་ཞིག་དཔེ་ལ་འགོད་པ་དང་། དངོས་པོ་ཞིག་དཔེ་ལ་འགོད་པ། སྲོག་ཆགས་ཤིག་དཔེ་ལ་འགོད་པ། མཐོང་རེག་བྲལ་བའི་གཟུགས་འདས་ཤིག་དཔེ་ལ་འགོད་པ་སོགས་སྣ་ཚོགས་ཡོད། དཔེ་ལ་དགོད་བྱ་གང་དེའི་ཁྱད་ཆོས་དང་བརྗོད་པར་འདོད་པའི་དོན་དེ་གཉིས་གཞི་གཅིག་ཏུ་འདྲེས་པའི་ཚུལ་གྱིས་བརྗོད་བྱ་གང་དེ་མཚོན་དགོས་པས། བརྗོད་བྱ་ལ་ཤིན་ཏུ་གསལ་པོ་མིན་པ་དང་ཡང་ཤིན་ཏུ་ལྐོག་གྱུར་ཞིག་ཀྱང་མིན་པར་ཅུང་ཟད་གབ་སྦེད་དང་བསྡུས་བརྗོད་ཀྱི་ཆ་འདྲེས་པའི་ཁྱད་ཆོས་ལྡན།
       རེབ་གོང་རྡོ་རྗེ་མཁར་གྱི«ཤོ་རྒྱན་གྱི་མི་ཚེ»ཞེས་པར་མི་ཞིག་གི་མི་ཚེ་ནི་ཤོ་རྒྱག་པ་ལྟ་བུའི་རྩེད་མོའི་བྱ་བ་ཞིག་གི་དཔེ་རུ་བཀོད་ཡོད། མི་ཚེ་ནི་ཤོ་རྒྱག་པ་ལྟར་གདམ་ག་མང་བ་དང་འགྱུར་ལྡོག་མང་བས་འབྱུང་འགྱུར་ལ་སྔོན་དཔག་བྱེད་དཀའ་བ་དང་། ཤོ་རྒྱག་མཁན་ཞིག་གིས་ཤོ་རྒྱག་པའི་རྩེད་མོའི་སྒྲིག་ལམ་དང་ཆོས་ཉིད་བསྲུང་དགོས་པ་བཞིན། མི་ཞིག་གི་མི་ཚེའི་ཁྲོད་དུའང་དེ་ལྟ་བུའི་སྒྲིག་ལམ་དང་ཆོས་ཉིད་ལ་བརྩི་དགོས་པར་བསྟན་ཡོད། བདེ་སྐྱིད་སྒྲོལ་མའི«ཁུག་མའི་ནང་གི་མི»ཞེས་པར་མིའི་འཚོ་བ་ནི་ཁུག་མ་ལྟ་བུའི་དངོས་པོ་ཞིག་གི་དཔེ་རུ་བཀོད་ནས། འཚོ་བའི་ཁྲོད་ཀྱི་འགལ་འདུ་དང་བསྐྱར་ཟློས་ཚིམ་མེད་ཀྱི་གནད་དོན་དེ་དག་བསྟན་ཡོད། དཔེར་ན། “བསམས་ཤིང་བསམ་ན་མི་ནི་ཁུག་མའི་བཀག་རྒྱ་ལ་ཅི་འདྲའི་སུན་ཞིང་མི་དགའ་ནའང་། ཁུག་མའི་འཚོ་བ་དང་གཏན་ནས་འབྲལ་ཐབས་མེད་པ་ཞིག་གོ”ལྟ་བུས་འཚོ་བའི་ཁྲོད་ཀྱི་འགལ་འདུ་དང་། “དེའི་ཕྱིར། ངས་འཚོ་བའི་ནང་གསེས་ཀྱི་ཁུག་མ་ཆེ་ཆུང་སྣ་ཚོགས་འཁུར་ཞིང་ཁྱེར་ཏེ། ཡང་སྙིང་འཁོར་བའི་ཁུག་མ་ཆེན་པོའམ་ཁུག་མའི་འཁོར་བ་ཆེན་པོ་དེ་རུ་རྔམ་པས་འཇུག་དགོས”ལྟ་བུས་འཚོ་བའི་ཁྲོད་ཀྱི་བསྐྱར་ཟློས་དང་ཚིམ་མེད་ཀྱི་རྣམ་པ་དེ་བསྟན་ཡོད། འབའ་གདུགས་བྷེའི«ལམ་དང་ཟམ་པ»ཞེས་པར་བརྩོན་འགྲུས་ནི་ལམ་དང་བློ་གྲོས་ནི་ཟམ་པ་ལྟ་བུའི་དཔེ་རུ་བཀོད་ནས། མི་རྣམས་ཀྱི་མི་ཚེའི་ལམ་བུའི་ཁྲོད་དེ་གཉིས་ཀ་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པས་མེད་དུ་མི་རུང་ཞིང་། ད་དུང་རང་རྒྱུད་དག་པ་དང་བདག་བས་གཞན་གཅེས་སོགས་ཀྱི་བསམ་བློའང་ངེས་པར་མཁོ་ཚུལ་བསྟན་ཡོད། སྡོང་སྐམ་པད་མ་ཚེ་རིང་གི«ཁེར་རྐྱང་གི་ཨ་མྱེས་ཡེ་མཐོང»ཞེས་པར་ལོ་ལོན་ཚོ་ཨ་མྱེས་ཡེ་མཐོང་ལྟ་བུའི་རི་བོ་ཞིག་གི་དཔེ་རུ་བཀོད་ནས་རྩོམ་གྱི་བརྗོད་བྱ་མཚོན་པར་བྱས་ཡོད། དེ་ཡང་རྩོམ་གྱི་ཕྱེད་སྔ་མར་རི་བོ་ཨ་མྱེས་ཡེ་མཐོང་དེར་ས་དེའི་ཡུལ་མི་རྣམས་ཀྱིས་བསང་མཆོད་སོགས་མེད་པར་ལྷ་མི་ཀུན་གྱིས་ལོགས་སུ་བསྐྱུར་བས་ཧ་ཅང་ཁེར་རྐྱང་ཡིན་པ་དང་། རྩོམ་གྱི་ཕྱེད་ཕྱི་མར་ཁོར་ཡུག་གི་འགྱུར་ལྡོག་དབང་གིས་ས་དེའི་ལོ་ལོན་རྣམས་ལ་གཅེས་མཁན་གྱི་དར་མ་ཇེ་ཉུང་དུ་ཕྱིན་པས། ལོ་ལོན་རྣམས་ཀྱང་ཨ་མྱེས་ཡེ་མཐོང་བཞིན་ཁེར་རྐྱང་དུ་ལུས་ཚུལ་བརྗོད་ཡོད།
       སེང་གཤོང་སྙིང་བྱམས་རྒྱལ་གྱི«ལྷ་རྟ་རྒོད་པོ»ཞེས་པར་མི་རིགས་ཤིག་ལྷ་རྟ་རྒོད་པོ་ལྟ་བུའི་སྲོག་ཆགས་ཤིག་གི་དཔེ་རུ་བཀོད་ནས། འགྲན་རྩོད་ཆེ་བའི་དུས་རབས་གསར་པར་མུ་མཐུད་དུ་འཕེལ་རྒྱས་དང་སྔོན་ཐོན་གྱི་ལམ་དུ་བསྐྱོད་དགོས་པའི་བརྗོད་བྱ་དེ་མཚོན་ཡོད། དཔལ་མོ་རྒྱལ་གྱི«ཕུགས་འདུན»ཞེས་པར་བོད་ཡིག་གི་དབྱངས་གསལ་སོ་བཞི་དང་དེའི་འབྲེལ་བ་དཔེ་རུ་བཀོད་ཅིང་རབ་རྟོག་བྱས་ཏེ། ད་ལྟའི་སྐད་ཡིག་དང་དེ་འབྲེལ་གྱི་རིག་གནས་ཤིག་གི་རིན་ཐང་དང་གནས་བབ་གླེང་ནས་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་སྐོར་མཚོན་ཡོད། 
       ཀླུ་འབུམ་རྒྱལ་གྱི«རོལ་དབྱངས»ཞེས་པར་མཐོང་རེག་བྲལ་བའི་གཟུགས་འདས་ཀྱི་རོལ་དབྱངས་དེ་དཔེར་བཀོད་ནས། སྤྱིར་བཏང་གི་རོལ་དབྱངས་ལས་འདས་པའི་ལྷད་མེད་ཀྱི་བརྩེ་སེམས་ལྟ་བུའི་ཤིན་ལྐོག་ཏུ་གྱུར་པའི་ཆོས་ཤིག་མཚོན་གྱིན་ཡོད། ཚེ་རིང་བཀྲ་ཤིས་ཀྱི«ལོ་ཟླ་ནི་སེམས་ཀྱི་གཙང་པོ་ཉིད»ཅེས་པར་ལོ་ཟླ་དང་གཙང་པོ་ཞེས་པ་དཔེའམ་ཡིད་བཪྙན་ལྟ་བུར་བཀོད་ཅིང་། དེ་དང་འབྲེལ་ནས་སེམས་འགྱུ་སྣ་ཚོགས་བྱུང་བ་རབ་རིབ་མོག་མོག་ངང་བྲིས་ཡོད།
ལྔ་པ། མི་ཞིག་གི་སྣང་བརྙན་དང་མིའི་བར་གྱི་འབྲེལ་བ་གཙོ་བོར་བཟུང་སྟེ་བྱུང་རིམ་སྤེལ་བའི་སྒོ་ནས་འབྲི་ཐབས།
       སྤྱིར་བཏང་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་འབྲི་བཞེངས་དང་བྱུང་རིམ་ཀྱག་ཀྱོག་ཏུ་སྤེལ་བ་ནི་བརྩམས་སྒྲུང་གི་འབྲི་ཐབས་དང་ཁྱད་ཆོས་ཡིན་པ་ལྟར་དུ་མཆིས་མོད་ཀྱི། ལྷུག་རྩོམ་གྱི་ཁྲོད་དུའང་དེ་ལྟ་བུའི་འབྲི་ཐབས་དང་ཁྱད་ཆོས་མཆིས་ཏེ། ཉེ་བའི་ལོ་ངོ་བཅུའི་རིང་གི་ལྷུག་རྩོམ་རྣམས་ཞིབ་ཏུ་བཀླགས་ན་མི་སྣ་ཞིག་གི་འཚོ་གནས་ཀྱི་ཁོར་ཡུག་དང་འབྲེལ་ནས་མི་སྣ་དེའི་སྣང་བརྙན་བཞེངས་བསྐྲུན་དང་། མི་དང་མིའི་བར་གྱི་གཏིང་ཟབ་པའི་འབྲེལ་བ་གཙོ་བོར་བཟུང་སྟེ་བྱུང་རིམ་འོས་འཚམ་ངང་སྤེལ་བའི་འབྲི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་མཚོན་པའི་ལྷུག་རྩོམ་མང་པོ་ཞིག་ཡོད། ལྷུག་རྩོམ་དེ་དག་གི་ཁྲོད་ཐོན་པའི་མི་སྣའི་སྣང་བརྙན་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་སེམས་བརྩེ་བས་ཁེངས་པ་དང་། ལས་དགེ་བར་ཕྱོགས་པ། དཀའ་སྡུག་ཐེག་ནུས་པ་སོགས་ཡིན་ལ། སྣང་བརྙན་དེ་དག་གིས་ཀློག་པ་པོར་ཡིད་འགུལ་ཐེབས་པ་དང་། བློ་སྐྱེད་འབྱུང་བ། སེམས་ཤུགས་སྟེར་བ་སོགས་བྱས་སོ། །
       ཨ་བུའི«ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་གི་ཡིན»ཞེས་པར་ཀླུ་འབུམ་ཚེ་རིང་གིས་རྩོམ་རིག་ལ་བཅངས་པའི་རྣམ་འགྱུར་ལས། ཁོ་ལ་སེམས་ཆུང་ནན་ཏན་གྱི་གཤིས་ཀ་དང་། དགའ་ཕྱོགས་རྒྱུན་འཁྱོངས་ཀྱི་སེམས་ཤུགས། དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས། ཁེངས་སྐྱུང་སློབ་སྦྱོང་གི་བསམ་སྤྱོད་ལྡན་པའི་སྣང་བརྙན་དེ་འབྲི་བཞེངས་བྱས་ཡོད་ཅིང་། ང་དང་ཀླུ་འབུམ་ཚེ་རིང་གཉིས་ནི་ཡུལ་གྲོགས་དང་། རྩོམ་གྲོགས། རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན་པའི་འབྲེལ་བ་སྣ་མང་གཏིང་ཟབ་པའི་སྐོར། ཁོ་གཉིས་ཀྱི་བྱིས་དུས་ཀྱི་འབྲེལ་བ་དང་། ཟི་ལིང་ནས་འཕྲད་པའི་བརྒྱུད་རིམ། སྔ་ཕྱིར་ཀླུ་འབུམ་ཚེ་རིང་གི་རྩོམ་ཡིག་ལ་དག་བཅོས་ཀྱི་བསམ་འཆར་བཏོན་པ་སོགས་ཀྱི་བྱུང་རིམ་ལས་གསལ་པོར་བསྟན་འདུག ཤེར་གྲོལ་གྱི«རི་ལ་འཛེགས་པ»ཞེས་པར་ང་ནི་དཀན་གཟར་ལ་ཞེད་སྣང་སྐྱེ་མཁན་ཞིག་ཡིན་ནའང་ཆོད་སེམས་བརྟན་པོ་དང་དཀའ་བ་ཁྱད་བསད་ཀྱིས་རི་ལ་འཛེགས་མཐར་རི་རྩེར་སླེབས་པར་བྲིས་ཏེ། ཆོད་སེམས་ལྡན་ལ་བརྩོན་འགྲུས་ཅན་གྱི་མི་སྣའི་སྣང་བརྙན་འབྲི་བཞེངས་བྱས་ཡོད། ང་དང་ནུ་བོ་ཚ་བོ་གསུམ་གྱི་བརྩེ་འདང་ཟབ་མོ་ལྡན་པའི་འབྲེལ་བ་དེ་རི་ལ་འཛེགས་པའི་གོ་རིམ་ཁྲོད་མངོན་ཡོད་ཅིང་། རི་ལ་འཛེགས་པའི་བརྒྱུད་རིམ་རྣམས་གོ་རིམ་དང་ཞིབ་ཆ་ལྡན་པའི་སྒོ་ནས་བྲིས་འདུག མཚོའི«ང་ནི་ཤེས་ཡོན་པ་ཞིག་གི་ཆུང་མ་ཡིན»ཞེས་པར་སྨྲ་བ་ཉུང་ཞིང་བརྩེ་འདང་ཟབ་པ། དཔེ་ཀློག་དང་རྩོམ་འབྲི་ལ་བརྩོན་པ། ཆང་རག་ལ་བསྟེན་ནས་སེམས་ཀྱི་སྐྱིད་སྡུག་ཕྱི་རུ་ཕྱུང་བའི་ཤེས་ཡོན་པ་ཞིག་གི་སྣང་བཪྙན་འབྲི་བཞེངས་བྱས་ཡོད། ཤེས་ཡོན་པ་དེས་ཆང་རག་ལུས་ལ་མི་འཕྲོད་ཀྱང་སྔར་ལྟར་ཆང་རག་ལ་བསྟེན་པས་ཆུང་མ་དེ་དཀའ་སྡུག་གི་གནས་སུ་ཡང་ཡང་དེད་ནའང་། ཆུང་མས་སེམས་རྒྱ་དང་སྤོབས་པ་ཆེ་རུ་བསྐྱེད་ནས་མཐར་ཁྱོ་ག་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུའི་ཆོད་སེམས་བརྟན་པོ་བཅངས་པ་ལས་ཁྱོ་ཤུག་གི་འབྲེལ་བ་དེ་ཤིན་ཏུ་ཟབ་པར་བསྟན་ཡོད། དེ་ནི་རྩོམ་འདིའི་བྱུང་རིམ་སྤྱི་བམ་ཙམ་ཞིག་ཀྱང་ཡིན།
       འོད་སྲས་ཀྱི«ཕ་ལགས་དྲན་ཚུལ་ཞིག»ཅེས་པ་ནི་འཇིག་རྟེན་དང་བྲལ་བའི་ཕ་ལགས་རྗེས་དྲན་བྱས་པའི་ལྷུག་རྩོམ་ཞིག་ཡིན། རྩོམ་དུ་ཕྱིར་དྲན་གྱི་སྒོ་ནས་ཕ་ལགས་ཀྱིས་རང་གི་ཕ་མར་བརྩི་བཀུར་བྱེད་ལུགས་དང་། བུ་ཕྲུག་རྣམས་བྱམས་ཀྱིས་སྐྱོང་སྟངས། དྲང་བདེན་དང་རང་ཚུགས་སྲུང་ཚུལ། དཀའ་བ་ཁྱད་དུ་གསོད་པའི་སྙིང་རུས་མཆིས་པ་སོགས་ཀྱི་སྣང་བརྙན་དེ་འབྲི་བཞེངས་བྱས་ཡོད་ཅིང་། ཕ་བུའི་བར་གྱི་བརྩེ་བ་ཟབ་མོའི་འབྲེལ་བ་དེ་ཕ་ལགས་ཀྱིས་བུ་ཕྲུག་རྣམས་ལ་སློབ་གསོ་གཏོང་ལུགས་དང་། རྐང་པ་འཐེང་བཞིན་དུ་བུའི་ཅ་དངོས་བསྡུ་སའི་ཤིང་སྒམ་ཁུར་ནས་སློབ་གྲྭར་བསྐྱལ་ཚུལ་སོགས་ཀྱི་བྱ་སྤྱོད་ཁྲོད་བསྟན་ཡོད། མཛེས་སེའི«ཁྱེད་ཀྱི་བུ་ཕྲུག་བཞུད་སོང»ཞེས་པའང་འཇིག་རྟེན་དང་བྲལ་བའི་ཨ་ཕ་ལགས་རྗེས་དྲན་བྱས་པའི་ལྷུག་རྩོམ་ཞིག་ཡིན་ལ། རྩོམ་དུ་ཨ་ཕ་ལགས་ནད་ཀྱིས་ཟིན་ནས་སྨན་ཁང་དུ་སྡོད་པ་དང་། ཁྱིམ་དུ་ངལ་གསོ་བྱས་པ་སོགས་ཀྱི་ཚེ་ཡི་མཇུག་མཐའི་འཚོ་བ་བྲིས་ཡོད། ཁ་བརྡའི་ཁྲོད་ནས་ཨ་ཕ་དེ་བྱམས་སྙིང་རྗེ་ལྡན་པ་དང་། ལས་རྒྱུ་འབྲས་བརྩི་བ། ཁ་ཏོན་དགེ་སྦྱོར་ལ་བརྩོན་པའི་མི་ཞིག་ཡིན་པའི་སྣང་བཪྙན་མཐོང་ཐུབ་ཅིང་། ཕ་དང་བུའི་བརྩེ་བ་ཟབ་མོའི་འབྲེལ་བ་དེ་ལྷུག་རྩོམ་ཁྲོད་ཀྱི་མི་སྣའི་ཁ་བརྡ་དང་། དོན་གྱི་བྱུང་རིམ། སེམས་ཚོར་ཟབ་མོ་བརྗོད་སྟངས་སོགས་ལས་མཚོན་ཡོད། རྡོ་རིང་པད་མ་དབང་ཆེན་གྱི«འཕྱོ་ཞིང་འཇགས་པའི་རླུང་བུ»ཞེས་པ་ནི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྩོམ་སྒྲིག་པ་ཞིག་སྐུ་གཤེགས་པར་རྗེས་དྲན་གྱི་ཚུལ་དུ་བྲིས་པའི་རྩོམ་ཡིག་ཅིག་ཡིན་ལ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྒན་རབས་དེའི་རྩོམ་སྒྲིག་གི་བྱ་བའི་ཐད་ཀྱི་མཛད་རྗེས་དང་། ལས་གྲོགས་ལ་བརྩེ་འདང་ཟབ་པའི་སྣང་བརྙན་སོགས“ང”ཞེས་པས་འདས་དོན་ཕྱིར་དྲན་ངང་བརྗོད་པའི་གོ་རིམ་ཁྲོད་མཚོན་པར་བྱས་ཡོད། 
       ཀ་རྒྱའི་འཕྲིན་ལས་རྒྱ་མཚོའི«ང་དང་ཨ་མའི་གཏམ་རྒྱུད»ཅེས་པར་མི་སྣའི་སྣང་བརྙན་གལ་ཆེན་གསུམ་བྱུང་ཡོད། གཅིག་ནི་རྟ་རྒྱུག་གི་སྐྱ་རྩལ་ལ་ཤིན་ཏུ་དགའ་བའི་གཞོན་ནུ་ཞིག་གི་སྣང་བརྙན་དང་། གཅིག་ནི་རྟ་རྒྱུག་དང་སྐྱ་རྩལ་ལ་མཁས་པའི་ཨ་ཞང་མཐོ་རིས་པོའི་སྣང་བརྙན། དེ་མིན“ང”ལ་སྐྱ་རྩལ་སློབ་པར་སྐུལ་ལྕག་གནང་མཁན་གྱི་ཨ་མའི་སྣང་བརྙན་བཅས་རེད། མ་བུ་དང་སྤུན་མཆེད་ཞང་ཚ་བཅས་ཀྱི་གཏིང་ཟབ་པའི་འབྲེལ་བ་རྣམས་དང་། ངས་སྐྱ་རྩལ་ཇི་ལྟར་སློབ་པ་སོགས་ཀྱི་གནས་ཚུལ་རྩོམ་དུ་བྱུང་རིམ་ལྡན་པའི་སྒོ་ནས་སྤྲོས་བརྗོད་བྱས་ཡོད། ཨ་པཎ་གྱི«ཕ་བུའི་ཞེ་འདང»ཞེས་པ་ནི་ཁ་བྱང་ལས་བསྟན་པ་ལྟར་ཕ་བུའི་བར་གྱི་ཞེ་འདང་ཟབ་མོ་བརྗོད་པའི་ལྷུག་རྩོམ་ཞིག་རེད། རྩོམ་དུ་ཨ་ཕ་ཞིག་གིས་གཉིད་དུ་ཡུར་བའི་བུ་ཆུང་ལ་སེམས་གཏམ་དྲོན་མོ་བརྗོད་པའི་ཚུལ་དུ་མི་ཚེའི་བསླབ་བྱ་གདམས་ཡོད། བློ་རིག་བཀྲ་ཞིང་སློབ་སྦྱོང་ལ་བརྩོན་པ། ཕ་མའི་ཚིག་བརྩི་ཞིང་ལག་རོགས་བྱེད་པ། དགའ་སྐྱོ་འགྱུར་བག་རྒོད་པའི་བྱིས་པ་ཞིག་གི་སྣང་བརྙན་ཨ་ཕའི་སྙིང་གཏམ་གླེང་བའི་གསེབ་ནས་མངོན་ཡོང་ཞིང་། ཕས་བུ་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་བུ་ཆུང་དང་འབྲེལ་བའི་དོན་ཆེ་མ་ཆུང་གསུམ་གྱི་བྱུང་རིམ་ལ་སྦྱར་ནས་བྲིས་ཡོད། པད་མ་རིག་འཛིན་གྱི«རེ་འདུན་ཆུ་མིག་དགུ་སྒྲིལ»ཞེས་པ་ནི་ཨ་ཕས་བུ་མོར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པའི་ལྷུག་རྩོམ་ཞིག་ཡིན། རྩོམ་དུ་བོད་ཡིག་བོད་སྐད་སློབ་པར་མཐུན་རྐྱེན་མེད་པའི་གྲོང་ཁྱེར་ཞིག་ན་གནས་པའི་ཁྱིམ་བདག་ཅིག་གིས། རང་གི་བུ་མོར་བོད་ཡིག་བོད་སྐད་སློབ་པའི་ཆེད་དུ་ཁོར་ཡུག་གི་དཀའ་ཚེགས་གང་མང་གདོང་གིས་བསུས་ཚུལ་བྲིས་ནས། མི་བརྩོན་སེམས་ལྡན་པ་ཞིག་གི་སྣང་བརྙན་འབྲི་བཞེངས་བྱས་ཡོད། རྩོམ་དུ་བུ་མོ་སློབ་གྲྭར་བསྐྱལ་ཚུལ་དང་། པེ་ཅིན་གྱི་བུ་ཆུང་འཇིགས་མེད་ཟེར་བས་བོད་ཡིག་སློབ་ཚུལ་སོགས་བྱུང་རིམ་ངེས་ཅན་ལ་བརྟེན་ནས་བྲིས་ཡོད། སྐལ་རྒྱམ་གྱི«སྙིང་གཏམ་ཐན་ཐུན»ཞེས་པའང་ཨ་ཕས་བུ་མོར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པའི་ལྷུག་རྩོམ་ཞིག་ཡིན། རྩོམ་དུ་བུ་མོར་ཕ་སྐད་སློབ་གསོ་དང་ཁྱིམ་གྱི་སློབ་གསོ་བཟང་པོ་ཞིག་ཐོབ་པའི་ཕྱོགས་ལ་སེམས་ཤུགས་གང་ཡོད་ཕུལ་བ་དང་འབད་པ་གང་ནུས་བྱེད་པའི་ཨ་ཕ་རང་ཚུགས་ཅན་ཞིག་གི་སྣང་བརྙན་འཆར་ཡོད། ཧོར་གཙང་ཀླུ་རྒྱལ་གྱི«ཆུང་བྱིས་པའི་དཀའ་སྡུག་སུ་ཡིས་རྟོགས»ཞེས་པར་ཨ་མ་ངོ་མ་ཁྱིམ་དང་བྲལ་ཞིང་། ཨ་ཕ་དང་མ་ཡར་གཉིས་ཀྱང་ནམ་རྒྱུན་ཁྱིམ་ན་མེད་པའི་བྱིས་པ་ཞིག་གིས་ཆུང་དུས་ནས་ཁྱིམ་གྱི་ནང་ལས་ཕྱི་ལས་ཐམས་ཅད་གཅིག་པུས་འགན་ཁུར་བ་དང་། ཕ་མའི་བྱམས་བརྩེ་དང་གཉོར་སྐྱོང་བྲལ་བའི་འོག་ནས་དཀའ་སྡུག་གི་ལས་དབང་ལ་གདོང་ཇི་ལྟར་གཏད་པའི་གཉོམ་ཆུང་དང་སྙིང་རྗེའི་སྣང་བརྙན་ཞིག་འབྲི་བཞེངས་བྱས་ཤིང་། བྱིས་དུས་ཀྱི་དཀའ་སྡུག་གི་འཚོ་བ་དེ་དག་ཇི་ལྟར་བསྐྱལ་བའི་བརྒྱུད་རིམ་རྣམས་བྱུང་རིམ་རྒྱས་བསྡུས་གང་འཚམ་ལ་བརྟེན་ནས་བྲིས་ཡོད། ཨ་མ་ངོ་མ་ཁྱིམ་དང་བྲལ་བའི་བྱིས་དུས་སུ་ཨ་མ་ཕྱིར་ལོག་པར་རེ་སྒུག་དང་ཤིན་ཏུ་དྲན་ཚུལ་ལས། བྱིས་པར་ཨ་མའི་བྱམས་སྐྱོང་མཁོ་བའི་མ་བུའི་བར་གྱི་བརྩེ་བ་ཟབ་མོ་དེ་མཚོན་ཡོད།
       སྟོབས་རྒྱས་ཀྱི«ལས་འཕྲོ་མི་རྒན་ཁ་སྤུ་བཞིན། །བཅད་ཀིན་བཅད་ཀིན་ཇེ་མང་ཡིན»ཞེས་པར་མཐོ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་གིས་ཞོགས་པའི་ཆུ་ཚོད6:30ནས་དགོང་མོའི་ཆུ་ཚོད12:00བར་གྱི་ཉིན་གཅིག་གི་རིང་། སློབ་མའི་དོ་དམ་དང་། སློབ་ཁྲིད། ལས་བྱ་ཞུ་དག་སོགས་ཀྱི་བྱ་བ་སྣ་ཚོགས་ཧུར་བརྩོན་གྱིས་བསྒྲུབས་པའི་སྣང་བརྙན་ཞིག་མིག་ལམ་དུ་ཤར་འོང་ཞིང་། ཉིན་གཅིག་གི་བྱ་བ་དེ་དག་དུས་ཚོད་ཀྱི་རིམ་པ་གསལ་པོ་དང་བྱུང་རིམ་ལྡན་པའི་སྒོ་ནས་བྲིས་ཡོད། རྩོམ་འདི་ནི་དགེ་སློབ་ཀྱི་འབྲེལ་བ་གཙོ་བོར་བཟུང་ནས་བྲིས་པ་ཞིག་རེད། ཁྱུང་བཟང་གི«ནོངས་འགྱོད་ཀྱིས་བསླངས་པའི་ཕྱིར་དྲན»ཞེས་པར་སློབ་ཁྲིད་ཀྱི་འགན་འཁུར་ལྕི་མོའི་ཁྲོད། མ་བསྐུལ་དང་བླངས་ཀྱིས་དོན་རྐྱེན་ཞིག་གི་ཁྲོད་ཚེ་ལས་འདས་པའི་དགེ་གྲོགས་ཤིག་གི་འཛིན་གྲྭའི་འཛིན་བདག་གི་འགན་བཞེས་ཏེ། སློབ་མའི་སློབ་གསོའི་བྱ་བ་རྣམས་ཁུར་དུ་ལེན་པའི་དགེ་རྒན་ལྷག་བསམ་ཅན་ཞིག་གི་སྣང་བརྙན་བྲིས་ཤིང་། དགེ་རྒན་དེས་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་སྐྱོང་ལུགས་དང་སློབ་གསོའི་བྱ་གཞག་ལ་བརྩོན་པའི་ཚུལ་རྣམས་བྱུང་རིམ་རྒྱས་བསྡུས་གང་འཚམ་ལ་བརྟེན་ནས་བྲིས་ཡོད། རྩོམ་འདི་ནི་དགེ་གྲོགས་དང་དགེ་སློབ་ཀྱི་འབྲེལ་བ་གཙོ་བོར་བཟུང་ནས་བྲིས་པ་ཞིག་གོ །
       ཐུ་བོ་ཆེའི«སྡེ་ཆེན་རྩེད་ར»ཞེས་པར་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་གླུ་མ་ལྕགས་མོ་རྒྱལ་ནི་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པ་དང་། གླུ་གཞས་ལ་དགའ་ཞེན་ཤིན་ཏུ་ཆེ་བ། སྡེ་ཆེན་པོའི་རྩེད་ར་སྐྱིད་ལ་བསྐུར་ནུས་པའི་དམངས་ཁྲོད་ཀྱི་གླུ་མ་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་སྣང་བརྙན་འབྲི་བཞེངས་བྱས་ཡོད། རྩོམ་འདིར་བྱུང་རིམ་ཞིབ་ཅིང་ཕྲ་ལ་ཀྱག་ཀྱོག་ཆེ་བ་སོགས་ཀྱི་འབྲི་ཐབས་མངོན་གསལ་དུ་མེད་ནའང་། གླུ་མ་ལྕགས་མོ་རྒྱལ་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་ཁོ་མོ་དང་སྡེ་ཆེན་པོའི་རྩེད་རའི་བར་ལ་འབྲེལ་བ་ཟབ་མོ་ཞིག་ཆགས་པ་དང་། ཕྱིས་སུ་གླུ་མ་ལྕགས་མོ་རྒྱལ་ན་སོ་རྒས་ཏེ་སྡེ་ཆེན་པོའི་རྩེད་ར་དང་གྱེས་པའི་ཁྲོད་ནས་འབྲེལ་བ་དེ་ཆད་སྲིད་པ་དང་། དུས་ཀྱི་འཕོ་འགྱུར་དབང་གིས་ལ་གཞས་དང་སྡེ་ཆེན་རྩེད་ར་ཞེས་པའང་རིམ་བཞིན་ཡལ་ངེས་པ་སོགས་བྱུང་རིམ་རགས་རིམ་མགོ་མཇུག་ལྡན་པར་བྲིས་ཡོད་དོ། ། 
དྲུག་པ། ཡུལ་ཁམས་ཤིག་གི་ཡུལ་ལྗོངས་དང་འབྲེལ་ནས་སེམས་ཚོར་བརྗོད་པའི་འབྲི་ཐབས། 
       ཡུལ་ལྗོངས་ཞིབ་འབྲི་ནི་རྩོམ་པ་པོ་ཞིག་གིས་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གང་དེ་མཚོན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཏེ། ཡིད་དགའ་བའི་སེམས་ཚོར་གྱིས་ཡུལ་ལྗོངས་དེ་མཛེས་པར་བྲིས་ཆོག་ལ། ཡིད་སྐྱོ་བའི་སེམས་ཁམས་ཀྱིས་ཡུལ་ལྗོངས་དེ་མི་སྡུག་པར་བྲིས་ཆོག དྲན་གདུང་གི་སེམས་ཚོར་གྱིས་ཡུལ་ལྗོངས་དེ་ཞེན་ཆགས་ས་ཞིག་ཏུ་བྲིས་ཆོག ཡིད་སེམས་སྡང་བའི་སེམས་ཁམས་ཀྱིས་ཡུལ་ལྗོངས་དེ་རྩུབ་ས་ཞིག་ཏུ་བྲིས་ཆོག ཡང་ལྡོག་སྟེ་ཡུལ་ལྗོངས་མཛེས་པ་ཞིག་བྲིས་ནས་སེམས་ཀྱི་དགའ་ཚོར་བརྗོད་ཆོག་ལ། ཡུལ་ལྗོངས་མི་སྡུག་པ་ཞིག་བྲིས་ཏེ་ཡིད་སེམས་སྐྱོ་བར་བསྟན་ཆོག ཡུལ་ལྗོངས་ཞེན་ཆགས་ས་ཞིག་བྲིས་ཏེ་སེམས་པ་དྲན་གདུང་གིས་ཁེངས་པར་མངོན་ཆོག ཡུལ་ལྗོངས་རྩུབ་ས་ཞིག་བྲིས་ཏེ་ཡིད་སེམས་སྡང་བར་མཚོན་ཆོག དེ་ལྟར་ཡུལ་ལྗོངས་དང་སེམས་ཚོར་གཉིས་ཆུ་དང་འོ་མ་བཞིན་གཅིག་ཏུ་འདྲེས་ཚེ་ད་གཟོད་དེ་འབྲེལ་གྱི་སྒྱུ་རྩལ་ཕོ་བྲང་བཞེངས་ཐུབ།
       ལྷ་གཡང་ནོར་བུའི«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པ་ཁ་བྱང་ལ་བལྟས་པ་ཙམ་གྱིས་ཡུལ་ལྗོངས་དང་རྩོམ་པ་པོའི་སེམས་ཚོར་གཉིས་གཅིག་ཏུ་འདྲེས་ཡོད་པ་རྟོགས་ཐུབ་སྟེ། ཡུལ་ལྗོངས་ནི་རྩྭ་ཐང་ཡིན་ན་རྩོམ་པ་པོའི་སེམས་ཚོར་ནི་དེ་ཡང་ཡང་དྲན་པའོ། །རྩོམ་དུ་རྩོམ་པ་པོ་ཐོག་མར་བྱང་རྩྭ་ཐང་དུ་ལས་བགོས་བྱེད་དུས། གཞན་གྱི་ཟེར་སྒྲོས་གྱི་རྗེས་སུ་འབྲངས་ཏེ་གནས་དེ་ནི་མིའི་འཚོ་གནས་ལ་ཆ་རྐྱེན་མི་བཟང་བའི་ས་ཆ་སྐྱོ་པོ་ཞིག་ཡིན་པར་འདོད་ནས་ཡིད་སེམས་སྡུག་པར་བྲིས་ཡོད་ཅིང་། གཞི་ནས་རྩྭ་ཐང་ལ་འབྱོར་ནས་ས་ཆ་དེ་ནས་བགྲང་བྱ་བཅུ་གྲངས་ཀྱི་འཚོ་བ་བསྐྱལ་བའི་གོ་རིམ་ཁྲོད། རྩྭ་ཐང་གི་མཛེས་ལྗོངས་དང་། ཡུལ་དེའི་མི་རྣམས་ཀྱི་གཞུང་དྲང་གི་གཤིས་ཀ ད་དུང་གནའ་ཤུལ་མང་པོ་མཐོང་བ་ལ་སོགས་པའི་བྱང་རྩྭ་ཐང་གིས་རང་ཉིད་ཀྱི་ཡིད་སེམས་རབ་ཏུ་ཕྲོགས་པས། དེར་སེམས་གཏིང་ནས་དགའ་བ་དང་། ས་ཆ་དེ་དང་ཁ་བྲལ་ནས་སོང་རྗེས་ཀྱང་ཡིད་ནས་བརྗེད་ཐབས་མེད་པར་ཡང་ཡང་ཡིད་ལ་དྲན་པར་བྲིས་ཡོད། ལུང་འབྲོག་རིན་ཆེན་རྒྱལ་གྱི«དོ་ནུབ། ངས་ཕ་ཡུལ་ལུང་འབྲོག་དྲན»ཞེས་པ་ནི་ཕ་ཡུལ་དང་བྲལ་བའི་གང་ཟག་ཅིག་གིས། རང་གི་ཕ་ཡུལ་དྲན་པ་ལ་ཕ་ཡུལ་གྱི་ཡུལ་ལྗོངས་ཕྱིར་དྲན་ངང་བྲིས་པ་དང་བསྟུན་ནས་ཕ་ཡུལ་དེ་དྲན་པར་བརྗོད་ཡོད། དེ་ཡང་ཕ་ཡུལ་གྱི་ཡུལ་ལྗོངས་ནི་དྲན་པའི་བརྟེན་ས་ཡིན་ཞིང་དྲན་པའི་ཚོར་བ་ནི་ཕ་ཡུལ་གྱི་ཡུལ་ལྗོངས་བྲིས་པ་ལས་མངོན་ཡོད།
       སྒེའུ་ཁུང་གི«མཐའ་མཇུག་གི་རྩྭ་ཐང»ཞེས་པར་རྩོམ་པ་པོས་བྱིས་དུས་ཀྱི་རྩྭ་ཐང་དང་། དེའི་སྟེང་གི་ནོར་ལུག་དང་སྦྲ་ནག་ལ་སོགས་པའི་མཛེས་སྡུག་གི་རྣམ་པ་ཕྱིར་དྲན་སྒོས་སེམས་རྩྭ་ཐང་ལ་ཆགས་པ་དང་། ད་ལྟ་རྩྭ་ཐང་སྟེང་དུ་ནོར་ལུག་དང་སྦྲ་ནག་སོགས་མེད་པར། འཕྲུལ་འཁོར་སྣ་ཚོགས་དང་། ཨར་འདམ་གྱི་ཁང་པ། འགྱིག་ཁུག་སྟོང་པ། འཕྲུལ་འཁོར་གྱི་འཁོར་རྗེས་སོགས་ཀྱིས་ཁེངས་ཡོད་པས། རྩྭ་ཐང་གི་མཛེས་སྡུག་ཡོད་ཚད་ཡལ་བར་སེམས་ལ་འཁང་ར་དང་སྐྱོ་བ་སྐྱེས་ཚུལ་བྲིས་ཡོད། རྩོམ་འདིས་ཡུལ་ལྗོངས་ཀྱི་མཛེས་པའི་རྣམ་པ་བྲིས་ནས་ཡིད་སེམས་དགའ་བ་དང་། ཡུལ་ལྗོངས་ཀྱི་བཙོག་འགྱུར་གྱི་རྣམ་པ་བྲིས་ཏེ་ཡིད་སེམས་སྐྱོ་བར་བསྟན་ཡོད།
       ཁྱུང་གཤོག་གི«སྐྱིད་ཤོད་ཐང་གི་སེམས་གཞས»ཞེས་པར་རྩོམ་པ་པོས་སྟོན་མཇུག་གི་སྐྱིད་ཤོད་ཐང་ངམ་ལྷ་སའི་དྭངས་གཙང་གི་ནམ་མཁའ་དང་། སྐྱིད་ཆུའི་རླབས་ཕྲེང་། ཇོ་ཁང་དང་མི་ཚོགས། ཕོ་བྲང་གི་བརྗིད་ཉམས་སོགས་ཀྱི་ཡུལ་ལྗོངས་དང་རྣམ་པ་བྲིས་ནས་སེམས་ཀྱི་དྲན་གདུང་བརྗོད་ཡོད། ཡུལ་ལྗོངས་དང་སེམས་ཚོར་གཉིས་ལས་གཙོ་བོ་ཡུལ་ལྗོངས་དེ་དག་མཐོང་བའི་སེམས་ཀྱི་མྱོང་ཚོར་བྲིས་ཡོད།
མཇུག་བསྡུ་བ།
       དཔྱད་རྩོམ་འདིར་ཉེ་བའི་ལོ་ངོ་བཅུའི་རིང་གི་འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་པ་པོ་ལྔ་བཅུའི་ལྷུག་རྩོམ་ལྔ་བཅུ་དཔྱད་གཞིར་དྲངས་ནས། བར་སྐབས་འདིའི་ལྷུག་རྩོམ་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་ལ་དཔྱད་པ་གཏོང་ཁུལ་བྱས་མོད། འོན་ཀྱང་འདི་རུ་ད་དུང་ལྷུག་རྩོམ་ལེགས་པོ་གཞན་འདུས་མེད་པའི་གནས་ཚུལ་ཡོད་སྲིད་པ་དང་། དཔྱད་པའི་གོ་རིམ་ཁྲོད་ནས་བརྩམས་ཆོས་བྱེ་བྲག་པ་མང་པོ་སྡེབ་གཅིག་ཏུ་བཀོད་ནས་སྒྱུ་རྩལ་མཚོན་ཐབས་ལ་རིགས་དབྱེ་དང་སྤྱི་སྡོམ་བྱས་པ་གཙོ་བོར་བཟུང་བས་ན། བརྩམས་ཆོས་རེ་འགའི་དམིགས་བསལ་གྱི་ཁྱད་ཆོས་ལ་ལ་ཞིག་རྩལ་དུ་བཏོན་ནས་བརྗོད་མེད་པར་ཕལ་པར་བཞག་པའི་སྣང་ཚུལ་ཡང་མཆིས་སྲིད། དོན་དེ་གཉིས་ནི་རྩོམ་པ་པོ་དང་ཀློག་པ་པོ་ཀུན་ལ་དགོངས་འགལ་མེད་པའི་གསལ་བཤད་ཙམ་མོ། །
 
མཆན།
[1] «སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས།(2010—2019)» «ཕུགས་འདུན» [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་དཔར་མ།
[2] ཧོར་གཙང་ཀླུ་རྒྱལ། «ཆུང་བྱིས་པའི་དཀའ་སྡུག་སུ་ཡིས་རྟོགས» [J] «མི་རིགས་ཀྱི་རྩོམ་རིག» 2014ལོའི་དེབ་དྲུག་པ། ཤ53-56 གངས་ཕྲུག་རྒྱལ།«ཚེ་རིང་རྣམ་དྲུག» [J] «སྦྲང་ཆར»2018ལོའི་དེབ་དང་པོ། ཤ145-148 མཁས་གྲུབ།«ཚེ་རིང་རྣམ་དྲུག» [J] «སྦྲང་ཆར» 2018ལོའི་དེབ་གསུམ་པ། ཤ155-159

རྩོམ་པ་པོ་ངོ་སྤྲོད།
      བསེ་ཆང་སངས་རྒྱས་དོན་གྲུབ། ༡༩༨༩ལོར་མཚོ་སྔོན་ཡ་རྫིའི་བསེ་ཆང་ཡུལ་དུ་སྐྱེས། ༢༠༡༧ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན། ལོ་དེར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་གཉེར། དགེ་རྒན་ཆེན་མོ་གཞོན་པ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། བརྩམས་ཆོས་ལ«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པ་པར་སྐྲུན་བྱས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར»«ཀྲུང་གོའི་བོད་རིག་པ»«བོད་ལྗོངས་ཞིབ་འཇུག»«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»«བོད་རིག་པའི་དུས་དེབ(སི་ཁྲོན་སློབ་ཆེན)»སོགས་དུས་དེབ་སྟེང་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ། འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་ལ་༢༠༡༧ལོའི་ཀན་སུའུ་ཞིང་ཆེན་འབུམ་རམས་པའི་བསླབ་གནས་དཔྱད་རྩོམ་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ། མཚོ་སྔོན་ཞིང་ཆེན་གྱི་རྩེར་སོན་འཇོན་མི་དང་རྒྱལ་ཁབ་རིམ་པའི་གཞོན་སྐྱེས་འཇོན་མིའི་གྲས་སུ་བདམས། ད་ལྟ་རྒྱལ་ཁབ་རིམ་པའི་ཞིབ་འཇུག་གི་ལས་གཞི་གཅིག་གཙོ་སྐྱོང་བྱེད་བཞིན་ཡོད།

རྩོམ་ཁུངས། ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།