logo

ཞི་བདེ་ཉི་མའི་སྙན་ངག«ཕུག་རོན་ཁྱུ་ཞིག»བཀླགས་པ།

རྩོམ་པ་པོ།:བྱང་རིགས་སྐལ་རྡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-15 ཀློག་གྲངས།:
ཕུག་རོན་ཁྱུ་ཞིག
ཞི་བདེ་ཉི་མ།

མགོ་ཐོག་ཏུ
ཆུ་ཐིགས་ཤིག་ཟགས་ཡོང
ཨ་ཆུ་ཆུ ཅི་འདྲའི་འཁྱག་པ་ལ 
ངས་མགོ་བོ་བཏེགས་ཏེ
བར་སྣང་ལ་བལྟ་དགོས་བྱུང

གནམ་སྔོན་པོ་སྔོན་པོའི་ངོས་སུ
སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད
ཕུག་རོན་དཀར་པོ་ཁྱུ་ཞིག
གྲག་སྐད་ཅི་ཡང་མེད་པར
ཤར་ཕྱོགས་སུ་འཕུར་གྱིན་འདུག

གྲལ་མི་མཉམ་པའི་བྱ་ཁྱུ་འདི
ལོ་རབས་གང་ཞིག་ནས་འཕུར་ཡོང་ངམ
གྲག་སྐད་མེད་པའི་བྱ་ཁྱུ་འདི
དུས་ཚིགས་གང་ཞིག་ལ་འཕུར་རྩིས་ཡོད་དམ

ངས་འདི་སྙམ་དུ་སེམས
ཁོ་ཚོ་དམར་པོ་ཡིན་ན་ཅིས་མི་ཆོག
ཁོ་ཚོ་སེར་པོ་ཡིན་ན་ཅིས་མི་ཆོག
ཁོ་ཚོ་ལྗང་གུ་ཡིན་ན་ཅིས་མི་ཆོག
ཁོ་ཚོ་ནག་པོ་ཡིན་ན་ཅིས་མི་ཆོག
་་་ ་་་

ངས་ད་དུང་ཁོ་ཚོར
མིང་གསར་པ་རེ་འདོགས་འདོད
—འཕུར་བཞིན་པའི་སྒྲོལ་མ་ལགས
—འཕུར་བཞིན་པའི་བཀྲ་ཤིས་ལགས
—འཕུར་བཞིན་པའི་པ་སངས་ལགས
—འཕུར་བཞིན་པའི་བདེ་སྐྱིད་ལགས
་་་ ་་་

ཁོ་ཚོས བར་སྣང་ནས
ངའི་ལུང་པ་མཐོང་ཡོད་སྲིད
ལུང་པའི་མཐིལ་དུ
ནག་ལིང་ངེར་འགྲེང་བའི
ང་མཐོང་ཡོད་སྲིད

ངས་ཅི་ཞིག་བརྗོད་འདོད་ཀྱིས
ཁ་ཤ་འགུལ་ཙམ་བྱེད་དུས
ངོ་གདོང་ལ་ཡང་བསྐྱར
བརླན་ཐིགས་ཤིག་ཟགས་ཡོང
ལག་པས་འབྱིད་ཙམ་བྱས་ཏེ་ལྟ་དུས
སྤར་མོའི་ངོས་སུ
བྱ་རྟུག་དཀར་པོ
འོ་ཞོ་ལྟ་བུ་ཞིག་འབྱར་འདུག

ངས་སླར་ཡང་བར་སྣང་དུ་བལྟས
ཕུག་རོན་ཁྱུ་དེ་གར་སོང་ཆ་མེད་དུ་ཡལ
རྒྱང་རིང་གི་གནམ་མཐའ་རུ
ཤོག་བྱ་དཀར་པོ་ཁྱུ་ཞིག་འཕུར་གྱིན་འདུག

ངས་རྒྱང་རིང་གི་ནམ་མཁའ་རུ་ལྟ་བཞིན
ཀླད་པའི་གཙུག་ཏུ་ཟགས་པའི་ཆུ་ཐིགས་དེར
ཡང་ཡང་རེག
མགོ་དང་ལག་ངོས་ཀྱི་རྟུག་པ་འདི
གཙང་པོ་གང་ཞིག་ལ་བཀྲུ་བར
གདམ་གསེས་ཡང་ཡང་བྱས
༢༠༢༡.༡༢.༦

ན་ཟུག་གཞན་ཞིག
                                       —ཞི་བདེ་ཉི་མ་ལགས་ཀྱི་སྙན་ངག«ཕུག་རོན་ཁྱུ་ཞིག»བཀླགས་པ།
བྱང་རིགས་སྐལ་རྡོར།

       སྐད་ཆ་ནི་རང་བྱུང་ལྷུན་གྲུབ་ཀྱི་རྣམ་པའི་སྙན་ངག་ཅིག་རེད་ཟེར་བ་དང་། སྐད་ཆ་ནི་མིའི་རིགས་འཇིག་རྟེན་གྱི་སྲོག་ལྡན་གཞན་ལས་འགར་བྱེད་ཀྱི་ཁྱད་གཤིས་ཤིག་རེད་ཟེར་བ་དང་། སྐད་ཆ་ནི་སྙན་ངག་གི་འཚོ་བཅུད་ཡིན་པ་ལས། སྙན་ངག་དངོས་ནི་མིན་ཟེར་བ་སོགས་ཀྱིས། སྐད་ཆ་དང་སྙན་ངག་གི་འབྲེལ་བའི་རྒྱུ་ཐག་ཅི་ཞིག་ཡིན་མིན་ལ་ཚོད་བགམ་བྱེད་ཆོག་ཅིང་། དེ་ཡང་། སྐད་ཆས་འཇིག་རྟེན་སྐྱོང་བའི་ཐབས་དམ་པ་ནི། འཇིག་རྟེན་གྱི་ངོས་དང་ཟུར། འཇིག་རྟེན་གྱི་སྙིང་པོ་དང་བདེན་པ། བདེན་པའི་བར་སྣང་དུ་འཆར་བའི་ཉི་ཟླའི་འོད་ཁྱིམ།  འོད་ཁྱིམ་གྱི་སྐར་ངོགས་ཀྱིས་འཇིག་རྟེན་ལ་ཇི་ལྟ་བུའི་དགེ་བ་བསྐྲུན་ཚུལ་སོགས་ཅི་རིགས་ཤིག་སྐད་ཆས་མཚོན་ཞིང་བརྡ་སྙད་ཀྱི་ཞུན་བརྡར་ལས་ཐོན་ཐུབ་སོང་ན་ནི། སྐད་ཆ་ངོ་བོ་མཐོ་ས་ཞིག་ནས་ཡར་ཡར་འཕགས་པའི་རྟགས་དང་རྟེན་འབྲེལ་ཡག་ཤོས་ཤིག་ཅི་ལ་མིན།
       རྒན་ཞི་བདེའི་ཉི་མའི་སྙན་ངག་ནི་སྐད་ཆའི་རྩྭ་ཐང་དུ་བཀྲམ་པའི་ལུག་ཁྱུ་གཅིག་དང་འདྲ་བར། ཁ་ཁོག་མེད་པའི་ཚོར་བའི་ཁམས་སུ་ནམ་ཡང་བག་ཡངས་སུ་རྒྱུ་བ་ཞིག་ལས་མ་འདས། སྙད་ངག་ཁྲོད་དུ་ཡོད་པའི་མིང་ཚིག་རེ་རེའི་བཀོལ་སྤྱོད་བྱེད་སྟངས་ལ། ཁ་དམ་ཞིང་ཚིག་སྡུད་ཆེ་བ་ཞིག་མ་ཡིན་ཡང་།
       གོང་འོག་ཐ་སྙད་ཀྱི་བར། ཞེ་རྩིས་ཆེ་བའི་ནང་མི་གཅིག་གི་སྤུན་ཟླ་ལྟར། འབྲེལ་ཐག་ཟབ་ཅིང་འདྲིས་ཡུན་རིང་བ་ཤ་སྟག་ཏུ་བེད་སྤྱོད། གཞན་ལ་མི་མངའ་བའི་ཁྱད་ཆོས་འདི་ཁོ་ནས། སྙན་ངག་ལ་རྩོམ་པ་པོ་སྒེར་གྱི་ཁྱད་གཤིས་འབུར་དུ་ཐོན་འདུག་ལ། སྙན་ངག་ཅིག་གི་ནང་འབྲེལ་ཐག་ཟབ་པའི་ཐ་སྙད་ཅིག་མེད་པ་བྱས་ནའང་། སྙན་ངག་ཧྲིལ་པོའི་དགོངས་བཅུད་དང་ཉམས་འགྱུར། གོང་འོག་གཏན་ཚིགས་ཀྱི་འབྲེལ་བ་སོགས་འཁྲུག་འགྲོ་བར་བྱེད། འགྲོ་བ་མིའི་རིགས་ནི་ཐོན་སྐྱེད་དང་ཚན་རིག། ལག་རྩལ། བསམ་བློ་བཅས་ལ་བརྟེན་དེ། འཇིག་རྟེན་འཕེལ་འགྱུར་གྱི་བཞུད་ལམ་རིང་མོའི་ནང་དུ་འཚོ་དགོས་རུང་། སྐད་ཆའི་བརྡ་ཐབས་ཀྱི་རྩལ། ཚོར་བའི་ཉམས་འགྱུར་གྱི་སྟོབས། བདེ་སྡུག་ཆགས་སྡང་གི་རིས་སོགས་ནི་སྐད་ཆས་མཚོན་ཞིང་རྒྱས་པར་བྱེད་པ་ལས་གཞན་གྱིས་འོས་མེད་དོ། །
       གང་ཡིན་ཞེ་ན། འཇིག་རྟེན་གྱི་ཐོན་སྐྱེད་གོང་འཕེལ་སོང་བ་དང་བསྟུན། འཚོ་བའི་སྔ་ཕྱི་བར་གསུམ་ལ། སྟབས་བདེ། ཡར་ཐོན། གོང་འཕགས་ཤིག་ཏུ་སོང་ཡང་། བསམ་བློ་དང་རྩོམ་རིག་གི་སྐད་ཆ་དེར་འཇིག་རྟེན་དུ་གནས་པའི་གཞིས་མེད་སོང་ན་ནི། རིག་གནས་ཀྱི་མ་ལག་ཆེན་པོ་ཡང་། ཡར་རྒྱས་གོང་འཕེལ་གྱི་ལམ་བུ་ནས་མཆོངས་ཏེ། མེད་མུག་དབུལ་ཕོངས་ཀྱི་མྱ་ངམ་ཐང་ཆེན་དུ་བགྲོད་པའི་དཔེ་ལས་མེད་དོ། །
       རྒན་ཞི་བདེ་ཉི་མའི་སྙན་ངག་མང་པོ་ཞིག་འཚོ་བའི་རྒྱུ། ཉམས་མྱོང་གི་སྤུན་གཉིས་ལེགས་པར་འཐག་ཅིང་བཙེམས་པའི་ཕྲུག་ལྭ་ཞིག་ལྟར། ངོ་བོ་ཉེ་སར་ཡོད་ཅིང་མཚོན་ཞིང་སྟོན་བཞིན་པའང་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་དང་ཉམས་མྱོང་ཁྲོད་ཀྱི་བདེན་པའི་མེ་སྟག་ཞེ་གཅིག་ཏུ་འདོད།
       གཏན་འཁེལ་ཟིན་པའི་དངོས་ཡོད་སྙན་ངག་གི་རྒྱུ་ཆ་དེར། སྐད་ཆས་ཞུན་བརྡར་ལན་མང་བགྱིས་ཤིང་། མི་སེམས་ཀྱི་གཉུག་མར་གནས་པའི་འགྱུར་མེད་ཀྲིག་ཆགས་ཀྱི་སྣང་ཚུལ་དང་། དངོས་ཡོད་ཀྱི་རྒྱ་ལས་བརྒལ་བའི་འཆར་ཡན་གྱི་གཤོག་ཟུང་ཞིག་ཁོང་གི་སྙན་ངག་མང་པོའི་རུས་གསེང་དུ་ལྷན་ནེ་ལྷུན་ནེར་མངོན་ཞིང་། འཆར་ཡན་གྱི་རྟ་རྒོད་ཅིག་རྩྭ་ཐང་ནས་འདྲོགས་ཤིང་སླར་ཡང་རྩྭ་ཐང་ཁོ་ནར་འཁྲེང་བའི་ཆོས་ཉིད་ཀྱང་། ཁོང་གི་བརྩམས་ཆོས་མང་པོ་འཇིག་རྟེན་འདིར་བལྟམས་པའི་གྲོགས་སུ་ཤར་འདུག་སྙམ། དངོས་ཡོད་ནས་འགོ་བརྩམས་ཏེ་འཆར་ཡན་གྱི་ཕྱོགས་སུ་འགྲོ་བ་དང་། འཆར་ཡན་གྱིས་གྲུབ་་པའི་བདེན་པའི་ངོས་བོ་དང་བསམ་བློ་གཞན་ཞིག་སླར་ཡང་དངོས་ཡོད་དང་ཐག་ཉེ་བར་བཅར་པའི་སྙན་ངག་གི་སྒྲིག་གཞི་དེས། ཁོང་གི་སྙན་ངག་དག་ལ་གསོན་པའི་སྟོབས་ཤུགས་རྒྱས་སུ་བཅུག
       སྙན་ངག་གི་དབུ་རྒྱན་ནམ་མགོ་རུ“མགོ་ཐོག་ཏུ་ཆུ་ཐིགས་ཤིག་ཟགས་ཡོང”བའི་རྒྱུ་ལ་རྐྱེན་བྱས་ནས་བློས་བསླངས་བྱས་ལ།
       “མགོ་ཐོག་ཏུ
       ཆུ་ཐིགས་ཤིག་ཟགས་ཡོང
       ཨ་ཆུ་ཆུ ཅི་འདྲའི་འཁྱག་པ་ལ
       ངས་མགོ་བོ་བཏེགས་ཏེབར་སྣང་ལ་བལྟ་དགོས་བྱུང”ཞེས་ཆུ་ཐིགས་ཞིག་གིས་རྐྱེན་བྱས་པའི་ཚོར་འདུས། སེམས་པའི་གཞིས་དང་འབྱུང་ཁམས་གང་རུང་ལ་གྲང་འཁྱག་གི་སྣང་བས་བལྟས་ཤིང་། གྲང་འཁྱག་གི་སྣང་བ་དེར་ལུས་ངག་གི་ཕུང་པོ་ཧྲིལ་པོ་ཁྱབ་དུས། ཏག་ཏག་སྙན་ངག་པའི་མགོ་བོའམ་སྣང་བའི་རྨུ་ཐག་ཀླད་ལ་སྐོར་དགོས་བྱུང་པ་རེད། བལྟས་ནས་ཀྱང་། ནམ་མཁའ་སྔོན་པོ་སྔོན་པོ་ནི་མ་གཞི་ནས་སྤྲིན་དཀར་གྱི་ཡོ་ལང་རྒོད་ཅིང་འཚུབ་པ་ཞིག་ཡིན་འོས་མོད། ད་ལྟ། དེ་ལྟར་མ་ཡིན་པར། སྤྲིན་དཀར་བྱེའུ་མགོ་ཙམ་ཡང་མེད་པའི་ཁར། གྲག་སྐད་གང་ཡང་མེད་པའི་ཕུག་རོན་ཁྱུ་ཞིག་འཕུར་གྱིན་པ་ཚོར། ང་ཚོས་གྲག་སྐད་གང་ཡང་མེད་པའི་ཆ་དེ།ཞི་བ་ཞིག་ཏུ་གོ་བ་ལེན་ཆོག་ལ། དེ་མིན། སྲོལ་རྒྱུན་གྱི་གཏན་འཇགས་ཀྱི་བསམ་བློ་དང་། དེང་རབས་རིག་གནས་ཀྱི་བཟླས་དྲངས་པའི་གདོང་མཆོང་གི་བསམ་བློ་མེད་ཅིང་་ལྷུན་ཆགས་རང་གནས་ཞིག་གི་ངང་ཚུལ་གྱི་ཆ་ལ་བལྟས་ཀྱང་ཆོག འཕུར་སའི་ཁ་ཕྱོགས་ཀྱང་ཤར་ཕྱོགས་ཞེས་ཕྱོགས་ངེས་གཏན་ཞིག་བདམས་པ་དེས། རྩོམ་གྱི་དམིགས་འབེན་ནམ་བསམ་བྱར་གྱུར་བའི་དགོས་པ་ཁྱད་པར་བ་ཞིག་གི་གནས་སུ་འཕྱན་འདུག་སྙམ།
       རྩོམ་ཧྲིལ་པོའི་ནང་དུ“བྱ་ཁྱུ”ཞེས་པའི་མིང་ཚིག་མང་དག་ཅིག་དོན་ཅིང་། བྱུ་ཁྱུའི་ཡོང་ཁུངས་དང་ངོ་བོ། རྣམ་པ། བྱ་ཁྱུའི་མདོག་དང་གཤིས་ཀ གདོད་མའི་ཆ། རང་གཤིས་ལ་བསྟུན་ནས་བཏགས་འདོད་པའི་ཁ་དོག་གི་མིང་དག་ནི་སྤྱི་ཚོགས་ཀྱི་ཆ་ངེས་ཅན་ཞིག་མཚོན་གྱིན་འདུག་སྙམ།
       བྱ་ཁྱུ་འཕུར་བའི་འཕུར་སྟངས་ནི“གྲལ་མི་གཉམ་པའི་བྱ་ཁྱུ”ཞེས་སྣ་མང་རྙོག་འཛིང་དང་རང་གི་དགོས་པ་ཆེར་དམིགས་ཀྱི་ནང་དོན་ཡོད་རུང་། དེའི་རྗེས་ཀྱི་ཚིག་རྐང(གྲག་སྐད་མེད་པའི་བྱ་ཁྱུ་འདི དུས་ཚིགས་ནམ་ཞིག་ལ་འཕུར་རྩིས་ཡོད་དམ)གིས་བྱ་ཁྱུའི་གནས་སྟངས་དང་བྱ་ཁྱུས་མཚོན་བཞིན་པའི་འཕེལ་རྒྱས་དང་འགུལ་བཅས(动态)ཀྱི་མཚོན་དོན་དེའི་གནས་བབ་ངོ་མ་ཞིག་ཀློག་པ་པོའི་སེམས་ངོར་བཤམས་འདུག དངོས་པོའི་གནས་ལུགས་བརྗོད་པའི་ཆ་ནས། སྣ་མང་གྲངས་འདས་ཀྱི་རིགས་ལ། ངོ་བོའི་ཁྱད་པར་མང་ཞིང་རིགས་ཀྱི་དབྱེ་བ་དེ་བས་བགྲང་གིས་མི་ལངས་པ་ཞིག་ཡོད་དགོས་ཀྱང་། གནས་ལུགས་དེའི་ཐོག་ནས་རང་གི་རྣམ་རྟོག་གི་འགྱུ་བས་ཀྱང་།  ཁོ་ཚོ་དམར་པོ་ཡིན་ན་ཅིས་མི་ཆོག “ཁོ་ཚོ་སེར་པོ་ཡིན་ན་ཅིས་མི་ཆོག
       ཁོ་ཚོ་ལྗང་གུ་ཡིན་ན་ཅིས་མི་ཆོག
       ཁོ་ཚོ་ནག་པོ་ཡིན་ན་ཅིས་མི་ཆོག”ཅེས་བྱ་ཁྱུའི་ཕྱིའི་རྣམ་པ་ནས་རང་གི་ཁྱད་གཤིས་དང་། མཛེས་པ། མདོར་དེད་ན། རང་ལ་གང་འཚམ་གྱི་རྣམ་པ་ཞིག་ཡོད་དགོས་པར་རེ་བས་ཀི་འབོད་བྱས་པ་དང་མཚོན་ཞིང་། “མཛེས་རྟོག་གི་བྱ་བའི་མཐར་ཐུག་ནི་རང་བྱུང་དང་ཕུགས་བསམ་གྱི་ཕྱོགས་སུ་མཐུན་འགྱུར་ཅི་ཐུབ་བྱེད་རྒྱུ་དེའོ”ཞེས་གསུངས་པའི་རིག་པ་ལས་མ་འདས་ཤིང་། འཕུར་གྲལ་མི་མཉམ་པ་དེས་དཔུང་པ་མཉམ་བཤིབ་མེད་པའི་རྣམ་པ་དང་མདུན་སྐྱོད་ཀྱི་གོམ་སྟབས་ཉམས་པའི་ཆ་ཞིག་མཚོན་ཞིང་། འཕུར་གྲལ་མི་མཉམ་པ་དེས་རྣམ་པ་མང་བའི་ཁེར་ཚུགས་ཀྱི་རང་གཤིས་ཤིག་ཀྱང་མཚོན་ནུས་ཞེས་བསྙད་ཀྱང་འགྲིག་པར་སེམས།
       དེའི་རྗེས་ཀྱི་དུམ་མཚམས་དེ་ནི། རྩོམ་པ་པོས་དགོས་པའི་བབ་དང་བསྟུན་ནས་བཏགས་པ་ཞིག་ཡིན་ལ། འཕུར་བཞིན་པ་ནི་སྒྲོལ་མ་དང་བཀྲ་ཤིས་སོགས་ཀྱིས་མཚོན་པའི་རང་རེའི་མིང་དང་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཅིང་། འཕུར་བཞིན་པ་ནི་གོང་ནས་གོང་དུ་འཕེལ་བའི་རྒྱུད་རིམ་ཞིག་དང་འཕུར་བཞིན་པ་ནི་རང་གི་ཁྱད་ཆོས་དང་འཇོན་ནུས་རྩལ་དུ་སྤྲུགས་པའི་ཡིད་འོང་གི་ཕུགས་བསམ་ཞིག་ཀྱང་ལོས་ཡིན། གོང་ནས་བཤད་པ་བཞིན་བྱ་ཁྱུ་འཕུར་བ་ནི་ད་ལྟ་བའི་རྣམ་པ་ཞིག་དང་། འཕུར་བཞིན་པའི་བྱ་ཁྱུ་དེ་ཚོས་རང་གི་འདུག་གནས་སུ་གྱུར་བའི་ཕ་ཡུལ་གྱི་གནས་སྟངས་དང་ཕལ་བའི་མི་གང་རུང་གི་སྐྱིད་སྡུག་ལ་ཆུ་བུར་མིག་གིས་ཟིན་ཡོད་ཤག་བྱས་པར། “ལུང་པའི་མཐིལ་དུ ནག་ལིང་ངེར་འགྲེང་བའི ང་ཡང་མཐོང་ཡོད་སྲིད”ཅེས་སྙན་ངག་ཁྲོད་ཀྱི་མཐོངས་ནས་འཕུར་བའི་བྱ་ཁྱུ་དང་དངོས་ཡོད་དུ་ཕུགས་བསམ་གྱི་སྙིང་སྟོབས་མངའ་བའི་མི་དག་གིས་འཚོ་བ་རྒྱུན་ལྡན་ཡིན་ཞིང་འཕེལ་རྒྱས་དང་ཡར་ཐོན་གྱི་བསམ་བློའི་མེ་ལྕེ་མེད་པའི་“ང”ཞེས་ཆིག་ཐུབ་ཀྱི་མི་ཞིག་སྟོན་པ་འདྲ་མོད། དེ་ལྟར་མ་ཡིན་པར། ང་ཞེས་པ་དེས་ཚོགས་པ་ཞིག་དང་མི་རིགས་ཤིག ཡང་ན་རྒྱལ་ཁབ་ཅིག་གི་གཏན་ཆགས་འགུལ་མེད་ཀྱི་བསམ་བློ་དང་དེང་རབས་རང་བཞིན་གྱི་བསམ་བློ་གོ་ཆ་མེད་པའི་རྗེས་ལུས་ཀྱི་ཆ་ཡང་མཚོན་ཐུབ་འདུག་སྙམ།
       རྩོམ་གྱི་སྐད་ཆས་གནས་བབ་གང་རུང་ལ་འགྱུར་ལྡོག་བཏང་རྗེས། གནས་བབ་དེར་ཡང་བསྐྱར་རྩོམ་གྱི་སྒྲིག་གཞིར་དྲུད་ཡོང་ཞིང་། དེས་སྙན་ངག་གི་སྒྲིག་གཞི་མ་ལག་ཅན་དུ་བསྐྲུན་པར་ཕན་པ་བླ་ལས་མཐོ་བར་བྱེད་སྲིད། འདིར་རྩོམ་པ་པོས་ཀྱང་ནམ་མཁའ་འཕུར་བའི་བྱ་ཁྱུ་ལ་བལྟས་ཏེ་རང་སེམས་སྒྱུ་མའི་ཞིང་དུ་རྣམ་རྟོག་གི་ཆོ་འཕྲུལ་དུ་མ་བཏབ་པ་དང་། སེམས་སུ་རང་གི་བརྗོད་འདོད་ཀྱི་སྐད་ཆ(རེ་བ། བསམ་ཚུལ།ཡི་རང)གཅིག་མིན་དུ་མར་རླུང་ལྟར་འཚུབ་པས། ཁ་ཤའི་སྐྱི་པགས་ཀྱང་འགུལ་ཙམ་བྱས་པ་རེད།
       “ངོ་གདོང་ལ་ཡང་བསྐྱར
       བརླན་ཐིགས་ཤིག་ཟགས་ཡོང
       ལག་པས་འབྱིད་ཙམ་བྱས་ཏེ་ལྟ་དུས
       སྤར་མོའི་ངོས་སུ
       བྱ་སྟུག་དཀར་པོ འོ་ཞོ་ལྟ་བུ་ཞིག་འབྱར་འདུག”ཞེས་བརླན་ཐིགས་ཤིག་ཟགས་པ་ནི་དྲན་སྐུལ་ཞུ་སྟངས་ཤིག་དང་དྲན་སྐུལ་ཡང་འོ་ཞོ་ཞེས་འཇམ་དང་དཀར་གྱི་ཁྱད་ཆོས་ལྡན་པ་གང་ཞིག དྭངས་གཙང་གི་ཆ་དང་རྣམ་དག་གི་ཆ་ཡང་ཚིག་ངོས་སུ་བསྐྱལ་འདུག
       བར་སྣང་དུ་ལྟ་ཐེངས་གཉིས་པའི་སྐབས་སུ་རང་བྱུང་གིས་མཚོན་པའི་ཕུག་རོན་ཁྱུ་ཚོ་དེ་གར་སོང་ཆ་མེད་དུ་གྱུར་ལ། ལྡོག་སྟེ། ནམ་མཁའ་རུ་དེང་རབས་དངོས་པོའི་ཚབ་ཏུ་གྱུར་བའི་ཤོག་བྱ་ཁྱུ་ཞིག་གནམ་ལ་འཕུར་གྱིན་པར་ཚོར། དེ་ལྟར། བློས་བསླངས་ཀྱི་ཐག་ནག་གི་མདུད་པ་བཤིགས་དུས། ཕུགས་བསམ་གྱི་ཆ་དང་རེ་བའི་ཆ། ཡང་ན། དེ་ལྟར་ཡོད་དགོས་པའི་རྩོམ་པ་པོའི་འཆར་ཡན་ནི། དངོས་ཡོད་ཀྱི་རྒྱ་ལས་ཐར་ཐབས་མེད་པར། ནམ་ཡང་འཆར་ཡན་ཁོ་ན་ཙམ་ཡིན་པར་བརྗོད་འདུག མཇུག་མཐར། རྩོམ་པ་པོས་ཀླད་ཀྱི་ནམ་མཁའི་མཐོངས་སུ་ལྟ་བཞིན། ཟགས་པའི་ཆུ་ཐིགས་དེར་ཡག་སྡུག་བཟང་ངན་དང་བདེན་དགེ་མཛེས་གསུམ་གང་གི་ཆར་གཏོགས་མིན་ལ། ཡང་བསྐྱར་འདང་རྒྱག་དང་གདམ་གསེས་ཡང་ནས་ཡང་དུ་བྱས་ཤིང་། གདམ་གསེས་བྱེད་པ་ནི་ལེགས་ཉེས་སྤང་བླང་གི་བློ་གཤོགས་རྐྱོང་སྟངས་ཤིག་དང་གདམ་གསེས་བྱེད་སྟངས་དེ་ནི་རང་གིས་རང་ལ་ཕྱིར་རྟོག་བྱེད་སྟངས་ཤིག་རེད་ཅེས་བཤད་ཀྱང་ཆོག
       སྙན་ངག་འདི་ཁོ་ནར་མ་ཡིན་པར། ད་དུང་ཁོའི་སྙན་ངག་གསར་པ་ཕྱི་མའི་ཁོངས་སུ་གཏོག་པའི«རྔོན་པ་དང་སྦྲང་ཐ»ཞེས་པ་དང་། ལོ་རབས་དགུ་བཅུའི་སྐབས་སུ་བརྩམས་སྣང་མཛད་པའི«ང་ཚོས་སྤྱང་གི་ལ་སློབ་སྦྱོང་བྱེད་དགོས»སོགས་ཀྱང་འདིར་བརྗོད་པའི་སྙན་ངག་དང་ཤིན་ཏུ་ཐག་ཉེ་ཞིང་ནང་བསམ་བློའི་ཟབ་ཚད་དང་ཕྱིའི་སྒྲིག་གཞིའི་འགོད་ལུགས་གང་ནས་མཐུན་འགྱུར་གྱི་ཆ་ཤིན་ཏུ་ཆེ་བས། སྙན་ངག་གི་རྩོམ་རྩལ་དང་རང་གཤིས(ཁྱད་གཤིས)སོགས་ཁྱད་འཕགས་ཡོན་ཏན་གྱི་ཕྱོགས་སུ་ཐོན་འདུག་པ་དང་མི་ཆོས་རིངལུགས་ཀྱི་བསམ་བློའི་ཤུགས་ཆེ་ཞིང་། མཚན་ཉིད་རིག་པའི་གཏིང་ཚད་ལའང་སླེབས་པའི་བརྩམས་ཆོས་ལྟ་བུ་གྱུར་སྙམ་པ་ཞིག་ཀྱང་ཞོར་ནས་བསམས་ཡོང་།

རྩོམ་ཁུངས། ༢༠༢༣ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།