logo

ཚངས་མགུར་ནང་གི«མ་སྐྱེས་ཨ་མ»ཞེས་པའི་བརྗོད་སྙིང་བསྐྱར་དཔྱད།

རྩོམ་པ་པོ།:ལྡོང་རོང་བསོད་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-31 ཀློག་གྲངས།:
ཤར་ཕྱོགས་རི་བོ་རྩེ་ནས། །
དཀར་གསལ་ཟླ་བ་ཤར་བྱུང་། །
མ་སྐྱེས་ཨ་མའི་ཞལ་རས། །
ཡིད་ལ་ཡང་ཡང་འཁོར་བྱུང་། །
ཚངས་མགུར་དང་གླེང་སློང་།
       སྤྱིར་ཚངས་མགུར་ནི་རྒྱུག་ཆེ་བའི་མགུར་ཚིག་གཅིག་ཡིན་པ་དང་། བྱེ་བྲག་ཚངས་མགུར་ལས“ཤར་ཕྱོགས་རི་བོ”ཞེས་པའི་ཚིགས་བཅད་འདི་ནི་ཕལ་ཆེར་གོ་མ་མྱོང་བའི་བོད་མི་ཞིག་དཀོན་ཚོད་དུ་འདུག་ཅེས་བཤད་ན་ཡང་མི་ཆོག་པ་མེད་ལ། ལྷག་དོན་གནའ་དེང་གི་གླུ་ཚིག་དང་། གྱེར་ཚིག ཇ་ཁང་དང་ཆང་ཁང་གི་ལྡེབས། བསྒྲགས་ཡིག་དང་དྲ་དེབ། མཐའ་ན་དགོས་མི་དགོས་ཅི་རིགས་སུ་ཚིགས་བཅད་འདི་ཉིད་བཀོལ་བ་སོགས་མཐོང་ན། བལྟས་ཚོད་དུ་རྩོམ་ཡིག་གི་རིན་ཐང་དང་དེའི་རྒྱབ་ལོགས་ཀྱི་གནས་ཚུལ་དེ་དག་ཀྱང་གོ་སོང་བ་ལྟ་བུ་ཞིག་ཏུ་མཐོང་རུང་། དོན་དུ་ཆེས་ཡ་མཚན་པ་ཞིག་ནི་འདི་འདྲས་གཙོ་རྒྱུག(主流)ཆེ་བའི་མགུར་ཚིག་འདི་ཉིད་གནའ་ནས་ད་བར་སྤྱིར་བཏང་གི་སྐྱ་སེར་དཀྱུས་མ་དག་གིས་གོ་བ་ཇི་བཞིན་ལོན་པ་ཕར་ཞོག ཐ་ན་མཁས་པའི་ཁྲོད་དུ་ཡང་ཚངས་མགུར་དང་འབྲེལ་བའི་བརྗོད་སྙིང་སྔོག་འདོན་གྱི་དཔྱད་གླེང་རབ་དང་རིམ་པ་ཞིག་སྤེལ་ཡོད་ཀྱང་འགྲེལ་བ་ཡང་དག་གཅིག་དགོངས་མཁན་ནི་ཕལ་ཆེར་དཀོན་ཚོད་དུ་མཐོང་ཕྱིན། ཕྲན་གྱིས་འགྲེལ་བ་ཁག་ཅིག་གི་ལྟ་གྲུབ་གཞིར་བཞག་བྱས་ཏེ་རང་ལུགས་ལུང་རིགས་དང་སྦྱར་ཏེ་སྤྲིན་བྲལ་ཟླ་ཟེར་གྱི་ཚུལ་དུ“མ་སྐྱེས་ཨ་མ”ཞེས་པའི་གོ་དོན་དེ་ཉིད་ཡང་བསྐྱར་དཔྱད་བརྗོད་དང་འགལ་སེལ་གསལ་སྒྲུབ་གཅིག་བྱའོ། །
དང་པོ། ཚངས་མགུར་དང་དེའི་འགྲེལ་བ་གཞན་སྐོར་མ།
       དེའང་ཚིགས་བཅད་འདི་ཉིད་གོ་ལུགས་གོ་སྟངས་མང་ཙམ་ཞིག་མཆིས་ཀྱང་གཙོ་ཆེར་ཕྱོགས་ལྔ་རུ་བསྡུས་ཏེ་བཤད་ན་ཆོག་སྟེ། གཅིག་ནི་ཆོས་ལུགས་ཀྱི་ལྟ་བ་དང་འགྲེལ་ནས་གླེང་བ་སྟེ། དེའང་མདོ་སྔགས་ཀྱི་འགྲེལ་ཚུལ་གཉིས་བྱུང་སྟེ། ཟླ་བས་སྙིང་རྗེ་དང་ཨ་མའི་སྟོང་ཉིད་རྟོགས་པ་གོ་བ་དང་ཡང་ཟླ་བས་ཡུལ་ཅན་སྙིང་རྗེ་ཆེན་པོ་དང་། མ་སྐྱེས་ཨ་མའི་ཞལ་རས་ཡུལ་སྟོང་བ་ཉིད་དེ། ཡོངས་རྫོགས་ཀྱིས་བདེ་སྟོང་ཟུང་འཇུག་གམ། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་ལམ་རྒྱུད་ལ་འཁྲུངས་པ་བསྟན་པ་རེད[1]ཅེས་གླེང་ཚུལ་དང་། གཉིས་པ་ནི་དགའ་རོགས་དང་འབྲེལ་ནས་གླེང་བ་སྟེ། དེའང་ཤར་ཕྱོགས་རི་བོ་རྩེ་ནས་དཀར་གསལ་ཟླ་བ་ཤར་དུས། རང་ཉིད་འཁྲུངས་ས་མ་ཡིན་པའི་ཨ་མ་དེ་ཡིད་ལ་ཡང་ཡང་འཁོར་བྱུང་ཞེས་པ་དེ་རེད[2]ཅེས་འདིའི་སྐབས་ཀྱི་ཨ་མ་ནི་སེམས་པ་ཤོར་སའི་བུ་མོ་དེའམ་དགའ་རོགས་ཞེས་པའི་དོན་དུ་འཇུག་པ་དང་། གཞན་ངའི་ཁེར་རྐྱང་གི་བསམ་གཞིགས་སུ་བཟུང་བའི་མ་སྐྱེས་ཨ་མ། ཁྱོད་ནི་ངའི་ཁེར་རྐྱང་གི་སེམས་གསོ་ཡིན། ཁྱོད་ནི་ངའི་སེམས་གསོའི་བརྩེ་བ་ཡིན།ཞེས་པ་ལྟ་བུ་དང་། གཞན་ཡང་མ་སྐྱེས་ཨ་མ་ནི་བུད་མེད་གཅིག་གི་མིང་དུ་འདོད་ཚུལ་དང་། ཡང་ན་དེང་སྐབས་སུ་ལ་ལས་ཚངས་དབྱངས་རྒྱ་མཚོ་དང་དགའ་རོགས་ཁ་བྲལ་བའི་ལོ་ཟླ་ནང་དུ་སེམས་སྐྱོ་ཡི་དགོང་མོ་ཞིག་ལ་ཟླ་བར་ལྟ་སྐབས་རང་ཡུལ་གྱི་ཨ་མ་ཡང་ཡང་དྲན་པ་རེད[3]ཅེས་གླེང་ཚུལ་ཡང་འདུག་ལ། གསུམ་པ་ནི་ཆབ་སྲིད་ཀྱི་ངོས་ནས་གླེང་སྟངས་ཤིག་སྟེ། མ་སྐྱེས་ཨ་མ་ནི། རང་ལག་ཏུ་འབྱུང་འགྱུར་ཆོས་སྲིད་གཉིས་ལྡན་གྱི་དགའ་ལྡན་ཕོ་བྲང་གི་གཞུང་ལ་ཟེར། དེ་ཉིད་དཀར་གསལ་ཟླ་བ་བཞིན་སྐྱོན་གྱིས་མ་གོས་པ་ཞིག་བྱུང་ན་སྙམ་པའི་ཡིད་སྨོན་གནང་ཞོར། སྡེ་སྲིད་དང་ལྷ་བཟང་གིས་བྱེད་བབ་ལ་གཟིགས་ནས་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཉིད་རང་ལག་ཏུ་ཐོབ་མིན་དང་། དུས་བདེ་ཞོད་འཇགས་ཤིག་ཡོང་མིན་དོགས་པས་སྡེ་སྲིད་དང་ལྷ་བཟང་ལ་མངོན་ཆུང་གི་སྒོ་ནས་ཟུར་ཟ་གནང་བ་རེད[4]ཅེས་གླེང་ཚུལ་དང་། བཞི་བ་ནི་མངོན་ཤེས་ཀྱི་ཆ་ནས་གླེང་སྟངས་ཤིག་སྟེ། དེའང་འགྲེལ་བ་རེ་ཟུང་ནང་དུ་སྔོན་གྱི་གནས་རྗེས་སུ་དྲན་ནས་ལྔ་བ་ཆེན་པོའི་སྐབས་ཀྱི་ཆོས་སྲིད་དང་གདུལ་བྱ་སྐྱ་སེར་ཚང་མ་བཀྲ་ལམ་མེ་བ་ཤར་བྱུང་ཞེས་པའོ། །[5]ཞེས་དང་། གཞན་གཉའ་གནོན་གྱི་འོག་ནས་སྐུ་ཚེ་སྔོན་མའི་བདེ་སྐྱིད་ལ་འཁྲེང་བ་སོགས་འགྲེལ་ཚུལ་འདི་དག་གྲགས་ཆེ་ཤོས་སུ་ཆགས་ཡོད་པ་འདོད་ལ། ལྔ་བ་ནི་མང་ཚོགས་ཀྱིས་གོ་བ་ལེན་སྟངས་ནི། མ་སྐྱེས་ཨ་མ་ནི་ཨ་མ་རང་ལ་གོ་བའི་རྣམ་པ་གཅིག་དང་གཞན་ཞིག་ནི་ན་ཆུང་མ་ཞིག་དང་བརྩེ་གྲོགས་ལོ་ཆུང་ཞིག་གི་ངང་ཚུལ་རྟག་པར་ངོས་བཟུང་བྱས་ཡོད་པ་ཡོངས་གྲགས་ཡིན་ལ། ད་དུང་སྔ་ཕྱི་ཡིག་བསྒྱུར་གྱི་གོ་རིམ་ཁྲོད་དུ་ཡང་མི་མང་གི་གོ་བ་གཞིར་བཞག་བྱས་ཏེ། ཡོངས་གྲགས་སུ年轻姑娘面容ཞེས་པའི་གླུ་ཚིག་དང་། དེ་བཞིན未嫁少女的面容[6]ཞེས་པ་ལྟ་བུ་དོན་བསྒྱུར་དང་། གཞན་ཡང་ཐད་བསྒྱུར་གྱི་རྣམ་པར་སོགས་མང་ཡང་དོན་དག་ཀུན་པོས་བུ་མོ་ན་ཆུང་མ་ཞིག་གམ་ཡང་ན་ཚངས་རྒྱམ་གྱི་དགའ་རོགས་ཤིག་དྲང་ཐད་དུ་ངོས་བཟུང་བ་ཙམ་ལས་བརྒལ་ཐུབ་མེད་པས། འདི་དག་ད་ཡོད་ཀྱི་དགོངས་ཚུལ་གཞིར་བཞག་བྱས་ན་རུང་བར་འདོད་ཅིང་མདོར་དོན་མ་སྐྱེས་ཨ་མ་ནི་དགའ་རོགས་དང་ཆབ་སྲིད། རྗེས་དྲན་དང་ཆོས་གཞུང་གི་སྦས་དོན་ཞིག་ལ་སྦྱར་ནས་འགྲེལ་བའི་སྐོར་གྱི་ཕྱོགས་བསྡོམས་ཤིག་ཏུ་བརྩིས་ཀྱང་ཆོག་ལ། གཅིག་གྱུར་དུ་བྱུང་མེད་པའི་རྩོམ་རིག་གི་ལྟ་ཚུལ་རབ་རུབ་ཅིག་ཀྱང་ངོས་འཛིན་བྱས་ན་ཆོག་ངེས་རེད།
གཉིས་པ། ཚངས་འགྲེལ་དང་དེའི་དོགས་སེལ་གསལ་སློང་།
       སྔ་ཕྱིའི་འགྲེལ་ཚུལ་འདི་དག་དོགས་གཞི་གཉིས་སུ་དབྱེ་ནས་བཤད་ན། བརྩམས་ཆོས་གང་ཞིག་གོ་བ་མི་འདྲ་བ་གསུམ་དང་བཞི་ཞེས་ལེན་ཚུལ་ནི་དོན་དུ་ར་དང་ལུག་གཉིས་ནོར་བའི་སྣང་ཚུལ་ཙམ་ལས་ཁྱད་ཆོས་དམིགས་བསལ་བ་གང་ཡང་བཀར་མི་ཐུབ་པའདུག་སྟེ། ལྷག་དོན་བསྡུས་བརྗོད་དང་མཚོན་དོན་སྙན་ངག་གི་འབྲི་ཚུལ་ཡིན་ཡང་ཚིག་ངོས་དང་དོན་ངོས་གཉིསསུ་ཕྱེས་ཡོད་ན་ཡང་བབས་ས་སྟེགས་བུ་གཅིག་ལས་མེད་ཕྱིར། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། །གནས་ཀྱི་མཐའ་མ་བྲག་གི་གཙུག་ན་ཉིད། །ཅེས་གོང་གི་འགྲེལ་ཚུལ་དག་ལས་བདེན་པ་གཅིག་ལས་གཉིས་མ་ཡིན་པའམ་མེད་ཕྱིར། ཡོངས་གྲགས་སུ་སྐུ་ཚེའི་མཛད་སྤྱོད་དང་བསྡུར་ནས་གཞིགས་ན་བརྩེ་བ་དང་འབྲེལ་བའི་བརྗོད་དོན་ཞིག་ཡིན་རིགས་པ་དང་། དེའང་དུངས་བརྗོད་སྙན་ངག་དང་སྐྱོ་གར་སྙན་ངག་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཁྱོ་ཤུག་ལྟར་འདྲེས་ཤིང་། དེ་ཉིད་བརྗོད་ཚུལ་ཡང་སྐབས་དེའི་སྤྱི་ཚོགས་དང་མི་བུ་དཀྱུས་མ་ཞིག་གི་དུངས་བ་ཐད་བརྗོད(直接抒情)དང་སྐྱོ་བ་མངོན་སློང་ལྟ་བུ་བྱས་འདུག་ལ། ཟུར་ཟ་དང་བསྡུས་དོན་རང་བཞིན་གྱི་འབྲི་ཐབས་ཀྱང་རབ་རོབ་ཅིག་མཐོང་བ་མ་ཟད། ཕལ་ཆེར་རྩོམ་པོ་མི་སྒེར་གྱི་འདུ་ཤེས་ཙམ་གྱིས་མཚོན་མི་ཐུབ་པ་བོད་པ་རང་གི་བརྩེ་དུངས་ཀྱི་ཁོར་ཡུག་ཅིག་དང་། དེ་ལ་རང་བྱུང་གི་དངོས་པོ་སྐོར་ཞིག་གིས་ལྷག་དོན་ཐུན་མོང་གི་སྣང་ཚུལ་བཅས་གཞི་གྲུབ་ཀྱི་ཐོག་ནས་ཕལ་བའི་མི་ཚོགས་ཀྱི་དྲན་ཚུལ(集体记忆)ཞིག་གི་ངོས་ཚབ་ལྟ་བུ་འདོད་ཕྱིན། ཡོངས་གྲགས་སུ་མཁས་པ་ཁག་ཅིག་གིས་ཆབ་སྲིད་དང་ཆོས་ལུགས་གཉིས་ལ་སྦྱར་བའི་དགོངས་ཚུལ་འདི་ནི་ཚངས་དབྱངས་རྒྱ་མཚོའི་མི་སྒེར་རང་གཤིས་དང་བསམ་བློའི་ལངས་ཕྱོགས། སྐུ་ཚེའི་མཛད་སྤྱོད་དང་བསྡུར་ནས་དཔྱད་ཞིབ་གཅིག་བྱས་ཚེ་མཐུན་པའི་ཆ་ཤིན་ཏུ་ཉུང་སྟེ། རྒྱུ་མཚན་ཡང་། སེམས་པ་འདི་ལ་འགྲོ་འགྲོ། །དམ་པའི་ཆོས་ལ་འགྲོ་ན། །ཚེ་གཅིག་ལུས་གཅིག་འདི་ལ ། །སངས་རྒྱས་ཐོབ་པ་འདུག་གོ །ཅེས་པའི་མགུར་འདིའི་ནང་དོན་ཙམ་ལ་གཞིགས་ན་ཡང་ཁོང་གིས་བློ་རྩེ་ཆོས་ལ་མ་སྒྲིམ་པའི་སྐུ་ཚེའི་ནོངས་འགྱོད་ཀྱི་ཡུལ་དངོས་ཤིག་གསལ་ཐུབ་པ་འདུག་ལ། དེ་བཞིན་དུ་ཁོང་ཉིད་ཆོས་དང་ཆབ་སྲིད་ཀྱི་འགལ་འདུ་ལས་ཟུར་དུ་བུད་ནས་རང་ཡན་གྱི་འཚོ་བ་ཞིག་གི་ཆེད་དུ་སྡེ་བ་གཞུང་དང་བླ་དྲག་བར་གྱི་འགལ་བ་སྣ་ཚོགས་བུད་པ་ཡང་གཅིག་དང་གཉིས་ཙམ་མིན་པ་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བ་བཞིན། ལུས་ལ་རང་དབང་མེད་གྱུར་ན། །གསོན་པོ་བསྡད་ནས་སྙིང་བོ་ཅི། །[7]ཞེས་སྡེ་སྲིད་ཀྱི་མདུན་ལ་ཐགས་པ་དང་གྲི་ཁུར་ནས་སྐུ་སྲོག་གཅོད་བརྩིས་བྱས་པའི་གཏམ་རྒྱུད་ཀྱང་ཡོད་པ་དང་། ཕྱིས་སུ་ཁོང་ཉིད་ཆོས་སྲིད་ཀྱི་ཐོབ་ཐང་དང་གནོན་ཤུགས་ཡོངས་སུ་བོར་ནས་མཛད་སྤྱོད་འཆལ་པོ་དེ་ཉིད་ལ་ཚངས་མགུར་ལས། པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །ལྷ་སའི་ཞོལ་རུ་བཞུགས་དུས། །འཆལ་ཕོ་དྭངས་བཟང་དབང་པོ། །ཞེས་ཉིན་མོ་ཚངས་དབྱངས་རྒྱ་མཚོ་སློབ་པ་ལམ་གྱི་གསང་སྔགས་པའི་གཟུགས་སུ་ཐོན་པ་ཙམ་དང་། མཚན་མོ་དྭངས་བཟང་དབང་པོ་མིང་འགྱུར་གྱིས་མངོན་ཆུང་གི་སྒོ་ནས་ཆང་ཁང་དང་ལྷ་སའི་ཁྲོམ་དཀྱིལ་ཕེབས་པ་མ་ཟད། རྗེས་སུ་རྩེ་པོ་ཏ་ལའི་ཕོ་བྲང་ནང་དུའང་དར་གོས་ཀྱི་སོག་ཆས་དང་། ཕྱག་ལ་གདུབ་བུ། དབུ་སྐྲ་རིང་པོར་འཇོག་པ། མྱོས་འགྱུར་གྱི་རོལ་ནས་གླུ་ཁང་དགྱེས་རྒུར་རོལ་བ[8]ཞེས་བསྟན་པ་སོགས་བལྟས་ན། ཁོང་ནི་ཆོས་སྲིད་ཀྱི་དབང་བསྒྱུར་ཕྱོགས་སུ་མོས་པ་དེ་འདྲ་བྱུང་མེད་པ་རྟོགས་ནུས་ཤིང་། ལྷག་དོན་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་བཤད་ན་ཁོང་ནི་རང་ཡན་གྱི་དོན་དུ་རྩོད་ལེན་བྱེད་མཁན་ཞིག་ཡིན་པས་ཆོས་དང་སྲིད་ཀྱི་ར་བའི་ནང་དུ་སྐབས་ཤིག་ལུས་གནས་ཀྱང་སེམས་མ་གནས་པའི་མི་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། འདིའི་སྐོར་གྱི་ནང་དོན་ཁག་གཅིག་ཚངས་དབྱངས་རྒྱ་མཚོ་ནི་རང་ཡན་པ་ཐོག་མ་དེ་ཡིན[9]ཞེས་པ་ལས་ཞིབ་ཏུ་གསལ་ངེས་ལ། དེས་ན་ཁོང་གི་མོས་འདུན་ཆེས་ཆེ་ས་ནི་བརྩེ་དུངས་ཡིན་ཏེ། ཡང་གཅིག་བཤད་ན་ཁོང་ཙམ་མ་ཡིན་པ་འདོད་ཁམས་ཀྱི་སེམས་ཅན་སྤྱི་མཐུན་གྱི་མོས་ཕྱོགས་ཤིག་ཀྱང་ཡིན་པས། འདིའི་ཕྱོགས་ཁོང་ཉིད་ཀྱང་ཤིན་ཏུ་དགའ་མོས་དང་མཛད་སྤྱོད་ཆེ་བ་ཚངས་མགུར་གྱི་བརྗོད་སྙིང་ལས་ནི་གཞན་ཞིགལྷ་སའི་ཞོལ་གྱི་གྲོང་མི་སྡོད་ཁང་གི་ཁྲོད་དུ་སྔ་ནས་ས་རྩི་སེར་པོ་བྱུགས་པའི་ཁང་སེར་ཟེར་བ་ཐར་ཐོར་ཞིག་གང་ས་མཐོང་རྒྱུ་ཡོད་པ་ཞེས་དང་། ཁང་སེར་དེ་དག་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་གཞོན་ནུའི་སྐབས་ཁྲུང་བཞེས་གནང་སའམ། གསང་གྲོགས་བསྟེན་ནས་མཚན་མོ་གཟིམ་གནང་མྱོང་བའི་ཁང་བ་ཡིན་པའི་རྐྱེན་གྱིས་ས་སེར་བྱུགས་པ་རེད[10]ཅེས་ཁང་སེར་དུ་མ་ཞིག་ཡོད་སྐད་དང་། མ་ཟད་སྤྱིར་བཏང་མི་སེར་དཀྱུས་མའི་བུད་མེད་ལས་གཞན་པ་སྐུ་དྲག་གི་བུ་མོ་ཡང་རེ་འགའ་ཡོད་པ་ཚངས་མགུར་ལས། མི་ཆེན་དཔོན་པོའི་སྲས་མོ། །ཁ་འདྲེས་མཚར་ལུགས་བལྟས་ན། །ཁམ་སྡོང་མཐོན་པོའི་རྩེ་ནས། །འབྲས་བུ་སྨིན་པ་འདྲ་བྱུང་། །ཞེས་སོགས་གསལ་བ་ལྟར། ཁོང་ནི་ལོ་རྒྱུས་ཀྱི་ཀ་བ་འདེགས་པའི་སྐྱེས་བུ་ཞིག་གི་སྐུ་ཚབ་ཏུ་གྱུར་བ་བདེན་རུང་། དུས་ཀྱི་ཟིང་ཆ་དང་འཁོར་གྱི་སྦྱོར་རྩུབ་དྲག་པོའི་འོག་ནས་ལམ་གྱི་བདེན་དོན་ཡོངས་སུ་ཟད་ནས། ཆོས་སྲིད་ཀྱི་གདོང་འབག་ལ་སུན་ནས་རང་དབང་གི་འཇིག་རྟེན་གྱི་ཕྱོགས་སུ་ཅི་དགའ་གང་མོས་ཀྱི་ལས་ལ་བྱོལ་བའི་བོད་ཀྱི་རྩོམ་རིག་གི་ཁྲོད་ནས་རང་ཡན་གྱི་སྐྱེས་བུ་ཐོག་མ་ལྟ་བུ་ཆགས་ཡོད་པ་དང་། སྐུ་འཕྲེང་རིམ་བྱོན་གྱི་གྲལ་ནས་ཆེས་རྙོག་འཛིང་ཆེ་བའི་སྐྱེས་བུ་ཞིག་ཀྱང་ཡིན།
གསུམ་པ། རང་སྐོར་རང་འཇོག་དང་གཞན་དབང་གི་ཨ་མ་ཞིག
       དེས་ན་གོང་གི་མ་སྐྱེས་ཨ་མ་ཞེས་པ་ནི་དོན་དུ་མཛའ་མོ་རང་གོ་བ་ཡིན་ཏེ། འོན་ཀྱང་གོ་ཚུལ་འགྲེལ་བརྗོད་ནི་གཞན་ལུགས་དང་མི་མཚུངས་པ་ཞིག་ཡོད་པ་ནི་འདི་ལྟར་བྱས་ན་འགྲིག་སྟེ། “མ་སྐྱེས་ཨ་མ”ཞེས་བརྗོད་པའི་ཚེ་ན་མ་སྐྱེས་ནི་དྲུག་པ་ཚངས་དབྱངས་རྒྱ་མཚོ་འཁྲུངས་ས་མ་ཡིན་པའི་དོན་ཏེ། ཡང་གཅིག་བཤད་ན་ཚངས་རྒྱམ་སྐྱེས་སའི་ཨ་མ་དངོས་མ་ཡིན་པའི་འབྱུང་ཁུངས་དགག་པ་ཡིན་ལ། འོ་ན། ཨ་མ་ཞེས་པ་དེ་ཅིའི་ཕྱིར་བྲིས་པ་ཡིན་ནམ་ཞེ་ན། ང་རང་སྐྱེས་སའི་ཨ་མ་མ་ཡིན་ཡང་གཞན་དབང་གི་ཨ་མའམ་མ་རུ་གྱུར་བའི་གནའ་འདྲེས་ཀྱི་བྱམས་པ་གང་ཞིག་ཅེས་མ་སྐྱེས་ཨ་མའི་མིང་འདི་བཏགས་པ་འདོད་དེ། དེའང་ཚངས་མགུར་ལས། སྙིང་སྡུག་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་བཟུང་ཡིན། །དབང་ཆེན་མི་ཡི་དཔོན་པོ། །ནོར་བཟང་རྒྱལ་པོས་འཕྲོགས་སོང་། །ཞེས་པའི་ནང་དོན་ལྟ་བུ་ཚངས་མགུར་ལས་སྔ་ཕྱི་མང་དུ་རང་གི་མཛའ་མོ་གཞན་དབང་དུ་གྱུར་བའི་རྒྱབ་ལྗོངས་འབྱུང་བ་མ་ཟད། རང་ལ་དགོས་པའི་བྱམས་པ། །གཞན་གྱིས་འདུན་མ་བླངས་སོང་། །ཁོག་ནད་སེམས་པའི་གཅོང་གིས། །ལུས་པོའི་ཤ་ཡང་སྐམ་སོང་། །ཞེས་པའི་ནང་དོན་སོགས་ཀྱིས་གྱེས་བྲལ་གྱི་སྡུག་བསྔལ་བཟོད་བརླག་མེད་པ་སྟེར་ཡོད་པ་དང་། མེ་ཏོག་ནམ་ཟླ་ཡལ་སོང་། །གཡུ་སྦྲང་སེམས་པ་མ་སྐྱོ། །བྱམས་པའི་ལས་འཕྲོ་་ཟད་པར། །བདག་ནི་སྐྱོ་རྒྱུ་མི་འདུག །ཅེས་མཐའ་མ་ཁོ་ཐག་ཆོད་ནས་རང་སེམས་རང་གིས་གསོ་བའི་འུ་ཐུག་ཐབས་ཟད་ཀྱི་གཏམ་རྒྱུད་ཀྱང་མང་དུ་འབྱུང་བས། འགའ་ཞིག་གིས་ཟེར་ན་ཚངས་མགུར་གྱི་སྔ་ཕྱི་དགའ་རོགས་གསུམ་ཞེས་གཏན་འབེབས་འདྲ་བོ་བྱས་འདུག་ཀྱང་། དོན་དུ་དེ་འདྲ་ཡིན་མི་རིགས་པ་ཚངས་མགུར་ནང་དུ་མ་མཐའ་ཡང་བུད་མེད་བདུན་ཙམ་ཞིག་གི་སྣང་ཚུལ་རྙེད་ཐུབ་པ་འདུག་ལ། གཞན་འགས་སྐྱེས་མ་མ་ཡིན་པའི་སྒྲུབ་འཇུག་ཏུ་མ་སྐྱེས་ཞེས་བྲིས་པ་རེད་ཅེས་བཤད་ཚུལ་ཡང་འདུག་མོད། འོ་ན། སྐྱེས་པ་མ་ཡིན་པའི་སྒྲུབ་འཇུག་ཀྱང་ཐལ་བས། མ་ངེས་པ་འདུག་སྟེ། དེ་བས་མ་སྐྱེས་ཨ་མ་ནི་ཚངས་དབྱངས་རྒྱ་མཚོའི་མི་ཚེ་ནང་གི་ཆེས་སྙིང་ཉེ་བའི་བུ་མོ་ཞིག་གཞན་དབང་གི་ཨ་མ་རུ་གྱུར་བའི་རྗེས་སུ་དྲན་གདུང་གི་རྣམ་པར་མཚོན་བྱེད་ཅིག་ཡིན་པ་དང་། དྲན་ཆོག་པ་ལས་མཇལ་མི་ཆོག་པའི་གཞན་དབང་གི་བུ་མོ་དེ་ཡང་ཡིན་ངེས་ལ། མཇལ་ཡང་གནས་མ་བུ་ཁྲིད་ཀྱི་ཨ་མ་ཞིག་ཡིན་ངེས་ཕྱིན། ཚངས་རྒྱམ་གྱིས་རང་གི་ཨ་མའི་མིང་དེ་དགའ་རོགས་ལ་འབོད་པ་མི་འདོད་པར་རིགས་པ་ལས་སྒྲུབ་ཐུབ་པ་དང་། དེ་བས་ཀྱང་བོད་པས་མཛའ་མོ་ལ་ཨ་མ་དང་མཛའ་བོ་ལ་ཨ་ཕ་འབོད་པའི་ལུགས་སྲོལ་ཞིག་མི་མཐོང་བ་མ་ཟད། གལ་སྲིད་གཞུང་ལུགས་རེ་འགའ་ལས་འབོད་པའི་དབང་དུ་བཏང་ན་ཡང་ཡོངས་གྲགས་སུ་སྙན་གཞུང་དང་ལེགས་རྩོམ་ཁག་གཅིག་ལས་བརྩེ་བའི་མ་མ་ཞེས་པ་ལས་ཨ་མ་ནི་མེད་པས། བསམ་གཞིག་ཞིབ་མོ་བྱས་ན་རྩོམ་འདིའི་བརྗོད་དོན་ཧྲིལ་བོ་ཟླ་བ་བཞིན་ཁེར་ཧྲེང་གི་རྣམ་པ་དང་འདུ་འབྲལ་གྱི་སྐྱོ་སྣང་ཞིག་གིས་ཡོངས་སུ་དཀྲིས་ཡོད་པས། ཨ་མ་ནི་གཞན་དབང་དུ་གྱུར་བའི་ཨ་མ་དེ་ལ་གོ་ན། ད་གཟོད་འཕྲོས་རྟོག་སྙན་ངག་འདིས་མཚུངས་ཆོས་དང་འབྲི་ཐབས་གཉིས་གཅིག་བརྟེན་གཅིག་དྲན་ཞིག་བློ་རུ་སྐྱེས་སུ་འོས་པ་སྣང་བ་དང་། དབྱིབས་དང་ཁ་དོག་སོགས་ཀྱི་ཆ་ཞིག་ཀྱང་གསལ་བོ་མངོན་ཞིང་བརྗོད་དོན་ཧྲིལ་བོ་གོ་བདེ་ཞིང་རྣ་ལ་སྙན་པ་ཞིག་ཡོང་ངེས་རེད།
མདོར་དོན།
       དེའང་ཚངས་མགུར་གྱི་གྲངས་ཀ་དང་བརྗོད་བྱ་སྤྱིའི་ཆ་ནས་གླེང་ན། སྤྱིར་ཚངས་མགུར་གྱི་ཤོ་ལོ་ཀའི་གྲངས་ཚད་ལྷ་སའི་དཔར་མ་ལྟར་ན་ཤོ་ལོ་ཀ66དང་། ཏཱ་སའི་པར་མ་ལྟར་ན་ཤོ་ལོ་ཀ60། ཀྲོང་ཅིན་གྱིས་དག་བསྒྲིགས་བྱས་པར་ཤོ་ལོ་ཀ124དང་། ༡༩༨༠ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དག་སྒྲིག་བྱས་པ་ཤོ་ལོ་ཀ74། ཡང་ལ་ལས་ཤོ་ལོ་ཀ1000ལྷག་ཡོད་པར་ཡང་བཤད་འདུག[11]ཅེས་གསུངས་མོད། ལྷ་སའི་པར་མའི་གྲངས་ཀ་ལྟར་སོང་ན། ཚངས་མགུར་གྱི་བརྗོད་བྱ་ཕྱོགས་གསུམ་དུ་དབྱེ་ཆོག་པ་འདོད་དེ། 1ནས20བར་དུ་འདུ་འབྲལ་གྱི་སྐྱོ་མགུར་འབའ་ཞིག་གི་གྲུབ་པ་དང་། 20ནས48བར་དུ་ཁྲེལ་གཞུང་དང་ངོ་ཚའི་སྐྱོ་བ་འབའ་ཞིག་སྟོན་ཐབས་བྱས་པ་དང་། 48ནས67བར་དུ་ཆོས་སྲིད་དང་བརྩེ་དུང་གི་ཕྱོགས་ལ་ཟུར་ཟའི་རྣམ་པར་ཞིག་གིས་མཇུག་བསྡུས་འདུག་པས། མ་སྐྱེས་ཨ་མ་ཞེས་པའི་ཤོ་ལོ་ཀ་དེ་ཉིད་ཐོག་མ་ཡིན་པ་དང་། དེ་ནས་ཉི་ཤུ་བར་དུ་འདུ་འབྲལ་ཁོ་ནས་གྲུབ་པའི་སྐྱོ་མགུར་ཞིག་ཡིན་ཕྱིན། ཁོང་ཉིད་འདི་ནས་མཛའ་མོ་དང་གྱེས་པ་མ་ཟད། གྱེས་ཚུལ་ཡང་གཞན་དབང་དུ་གྱུར་པས། ཁོང་ལ་དྲན་པའི་དབང་ཆ་ལས་ཐུག་པའི་སྐལ་བ་ཡོངས་སུ་ཟད་ཅིང་། དགོང་མོ་པོ་ཏ་ལའི་བར་ཁྱམས་ནས་ནམ་མཁའ་ཟླ་བ་ལ་ལྟ་བཞིན། རྩོམ་པ་པོའི་སེམས་ནས་ཕར་འཕྲོས་པ་ནི་གཞན་དབང་དུ་གྱུར་བའི་བུ་མོ་ཨ་མ་དེ་དྲན་ཞིང་། ཟླ་བ་རང་ཕྱོགས་སུ་ཁ་གཏད་ཚེ་ཁོང་ཉིད་དང་ཟླ་བ་གཉིས་ཁེར་རྐྱང་གི་ངང་ཚུལ་རབ་ཏུ་ཕྱུག་པ་བཅས་ཤོ་ལོ་ཀ་འདི་ཉིད་གྲུབ་པ་ཡིན་པས། ཞིབ་ཏུ་བསམ་ན་གོ་དཀའ་མོ་མིན་ཡང་འགྲེལ་ཚུལ་ལོག་པ་སོང་ཚེ། གོ་དཀའ་བ་རུ་བཏང་བ་ནི་གདོན་མི་ཟ་བ་ཞིག་གོ །

དཔྱད་གཞི་ཡིག་ཆ།
1 ཨ་ལགས་དོར་ཞི། ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ་ཟབ་དོན་འབྱེད་པའི་ལྡེ་མིག [G] མི་དམངས་དཔེ་སྐྲུན་ཁང་། P67
2 བེ་རི་འཇིགས་མེད། ཚངས་མགུར་དཔྱད་གཏམ་གསར་མ། [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། 2019  P102
3 ཤེས་རབ་བསྟན་དར། ཚངས་མགུར་ཞིབ་འཇུག [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P112
4 ཤའོ་ཏིན་ཡན། ཚེ་རྡོར་གྱིས་བསྒྱུར། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་གསར་འགྲེལ། [J] 1987 P92
5 སྐལ་བཟང་དོན་འགྲུབ། ཚངས་དབྱངས་རྒྱ་མཚོའི་མགུར་གྱི་དགོངས་དོན་གསལ་འགྲེལ། [M] ཀྲུང་གོ་བོད་ཀྱི་ཤེས་རིག 1995  P130
6 ཡིག་སྒྱུར་བ། ཝང་དབྱི་ཝུན།王沂暖 ཚངས་དབྱངས་རྒྱ་མཚོའི་མགུར་གླུ། [J] འཕྲུལ་དེབ། P.11
7 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [G]  ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 1993  P171
8 ཧོང་ཧའོ་དང་ཝུའུ་པེས་ཡུན། སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ། [J]  P101
9 ལྡོང་རོང་བསོད་ཐར། ཚངས་དབྱངས་རྒྱ་མཚོ་ནི་རང་ཡན་པ་ཐོག་མ་དེ་ཡིན། [J] རང་སྒྲ་དུས་དེབ། ༢༠༡༩  P.33
10 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། [G] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 1993 P175-176 
11 རང་སྒྲ། ཚངས་མགུར་ཞེས་པ་དེ་ཚངས་དབྱངས་རྒྱ་མཚོས་མཛད་མིན་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དེབ་དང་པོ། ༡༩༩༦

རྩོམ་ཁུངས། ༢༠༢༣ལོའི«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།