logo

ནང་བསྟན་གྱི་ལྟ་བ་དང་བོད་རྩོམ་གྱི་དཔེ་དོན་སྦྱོར་ཚུལ་གཉིས་ཀྱི་འབྲེལ་བར་དཔྱད་པ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-01-12 ཀློག་གྲངས།:
       བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནང་དུ་རང་བྱུང་གི་བཀོད་པ་ཞིབ་འབྲི་བྱེད་པར་ཐུགས་སྣང་ཆེས་ཆེར་མཛད་ཀྱི་ཡོད་ཅིང་། རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་དང་རྩོམ་པ་པོ་གང་ཉིད་ཀྱི་མཛེས་འཛིན་གྱི་ལྟ་བ། མི་ཚེའི་མྱོང་རྒྱུས། ཁྱད་འཕགས་ཀྱི་ལྟ་བ་སོགས་གཞི་གཅིག་ཏུ་བསྲེས་ཏེ་རྩོམ་འབྲི་བར་མི་ལའི་མགུར་འབུམ་དང་། ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་སོགས་ནས་གསལ་པོར་མཐོང་ཐུབ་པ་ཞིག་ཡིན། དེ་ཡང་ཡིན་ཏེ། རང་བྱུང་གི་བཀོད་པ་ཞིབ་འབྲི་བྱས་པའི་ཐོག་ནས་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་ལྷུག་པར་སྤེལ་ཅིང་། མཛེས་རྟོག་གི་ཚོར་འདུ་བརྐོ་བཞེངས་དང་སླར་མཚོན་བྱེད་པ། ལྷག་པར་དེ་ཉིད་ཚད་མཐོའི་ལག་ལེན་ཐོག་ཏུ་དབབ་པར་ནུས་པ་ནི་སྔོན་བྱོན་རྩོམ་མཁན་རྣམས་ལ་མངའ་བའི་ཁྱད་ཆོས་ཤིག་ཏུ་བགྲང་དུ་རུང་། རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ནི་རྩོམ་མཁན་དག་གི་རྩོམ་རིག་གི་རྒྱུ་ཆའམ་དོན་དེ་ལེགས་པར་མཚོན་པའི་དཔེ་ཙམ་དུ་མ་ཟད། དེ་ཉིད་ནི་མཛེས་རྟོག་གི་འབྱུང་ཁུངས་དང་ལྟ་བའི་གཞི་འཛིན་དུ་གྲུབ་པ་ཡིན་ཏེ། ཇོ་བོ་རྗེས། མི་རྟག་པ་སྒོམ་སྐབས་ཆུ་ཕྲན་སི་ལི་ལི་རྒྱུག་པའི་འཁྲིས་སུ་བཞུགས་ན་ཕན་རླབས་ཆེ་བར་གསུངས་པ་དང་། གཞན་ཡང་མཁས་དབང་མང་པོས་རང་བྱུང་ཁམས་ཀྱི་འགྱུར་བག་ཁྲོད་ནས་རང་གི་མཛེས་འཛིན་ལྟ་བ་ཇེ་བསྐྱེད་དང་། མི་ཚེར་འཛིན་པའི་བློ་དགོངས་གོང་མཐོར་གཏོང་བ་ཡིན་པས། དེ་ནི་བོད་ཀྱི་རྩོམ་པ་པོར་མངའ་བའི་ཐུན་མིན་གྱི་ཁྱད་ཆོས་ཡིན།
༡ ཕྱི་དངོས་པོར་བརྟེན་ནས་ནང་སེམས་ཀྱི་འགྱུར་བག་མཚོན་ཚུལ་ཐུན་མོང་མིན་པ།
       སྤྱིར་ན་ཕྱི་དངོས་པོར་བརྟེན་ནས་ནང་སེམས་ཀྱི་འགྱུར་བག་མཚོན་པ་ནི་མི་རིགས་གང་འདྲ་ཞིག་གི་རྩོམ་རིག་ནང་དུའང་ཡོད་ངེས་པ་ཞིག་ཡིན་པས། དེར་དམིགས་ཀྱིས་བརྗོད་དགོས་པ་ཞིག་ཏུ་མ་མཐོང་རུང་། བོད་ཀྱི་ཕྱི་དངོས་པོར་བརྟེན་ནས་ནང་སེམས་ཀྱི་འགྱུར་བག་མཚོན་ཚུལ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་ཤིག་ཡོད་པ་ཡིན་ཏེ། སྙན་ངག་ཁྲོད་ཀྱི་དཔེ་དེ་དག་ནི་དངོས་པོ་གང་དེར་ལད་མོ་བྱེད་པའམ་སྔར་ཡོད་ཀྱི་དོན་དེ་ཉིད་མཚོན་པར་བྱེད་པ་ཞིག་མིན་པར། དེ་ནི་དེ་བས་ཀྱང་དངོས་དོན་དུ་གྱུར་པའི་འཇིག་རྟེན་གསར་པ་ཞིག་བློས་བསླངས་བྱེད་ཀྱི་ཡོད། དངོས་དོན་དུ་གྱུར་པའི་འཇིག་རྟེན་གསར་པ་ནི་ཕྱི་རོལ་དུ་ཆགས་ཤིང་གནས་པའི་དངོས་པོའམ་སྐབས་དེར་དཔེར་གྱུར་པའི་དངོས་པོ་དེ་ལས་འདའ་འགོངས་བྱས་ཏེ་ནང་སེམས་ཀྱི་འཇིག་རྟེན་ཞིག་དང་། རང་རང་ལ་དབང་བའི་གོ་ལ་ཞིག་བསྐྲུན་པར་བརྩོན་པ་ཆེར་བསྐྱེད་པ་ཡིན། དེ་ཡང་ཡིན་ཏེ། མི་རིགས་གཞན་གྱི་རྩོམ་རིག་དང་ལྷག་པར་སྙན་ངག་ཐོག་ཏུ་དྲངས་པའི་ཕྱི་དངོས་པོའི་འགྱུར་བག་དག་ནི་སྤྱིར་ཕྱི་དངོས་པོའི་འགྱུར་བག་དེ་དག་བཀོད་འབྲི་བྱེད་པའམ། གལ་ཏེ་དེ་ལས་ཚད་ཅུང་མཐོ་ནའང་གཙོ་བོ་ནི་དངོས་པོར་བརྟེན་ནས་བསམ་འདུན་མཚོན་པ་ལྟ་བུ་སྟེ། ཟླ་བ་རབ་ཏུ་སྒོར་བས་ཁྱིམ་མི་དྲན་པ་དང་། སྟོན་ལོ་ཤག་ཤག་ཟགས་པས་དུས་ཀྱི་འགྱུར་བ་མཚོན་པ། ཆར་པ་བབས་པས་བརྩེ་གྲོགས་དྲན་པ་སོགས་དཔེ་ནི་དོན་དེ་མཚོན་པར་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཅིང་། དཔེ་དང་དོན་གང་ཟག་གསུམ་ངོ་བོ་གཅིག་ཏུ་སྣང་བའི་ཁྱད་ཆོས་དཀོན་པ་ཡིན། ཁྱད་ཆོས་དཀོན་པོ་དེ་ཏག་ཏག་བོད་ཀྱི་སྔོན་རབས་རྩོམ་རིག་ལ་མངའ་བའི་ཁྱད་ཆོས་ཤིག་ཡིན། གང་ལགས་ཤེ་ན། བོད་ཀྱི་རིག་གནས་ཀྱི་སྣང་ཚུལ་ཁྲོད་དུ་སྐྱེ་བོ་ལ་ལ་མི་རྟག་པ་སྒོམ་སྐབས་སམ་ཡིད་ལ་སྐྱོ་ཤས་འབྱུང་སྐབས་དུར་ཁྲོད་དུ་སོང་སྟེ་རང་སེམས་ཀྱི་སྙིང་སྟོབས་རྒྱས་པའམ་གསོ་བར་བྱེད་མཁན་ཡོད་ཅིང་། དེ་ཡང་མི་རྟག་པ་སྒོམ་སྐབས་མི་རྟག་པའི་ཆེད་དུ་མི་རྟག་པ་སྒོམ་པ་མ་ཡིན་པར། དེ་ལས་དུས་ཚོད་ལ་གཅེས་འཛིན་གྱི་བསམ་བློ་གསོ་སྐྱོང་དང་། རང་རྒྱལ་གཞན་ཕམ་ཁོ་ནས་བསྐྱངས་པའི་སེམས་པ་མཁྲེགས་པོ་དེ་ཅུང་མཉེན་པོར་འགྱུར་ཆེད་ཡིན། དེས་ན་དེ་ཡང་གོང་དང་འདྲ་བར་དཔེ་དོན་གང་ཟག་གསུམ་ངོ་བོ་གཅིག་ཏུ་སྣང་བའང་གསལ་པོར་རྟོགས་ངེས། འོ་ན་དེ་ཉིད་རྩོམ་རིག་ཐོག་ཏུ་ཇི་ལྟར་མངོན་ནམ་ཞེ་ན། དཔེ་འགའི་ཐོག་ནས་ངོ་སྤྲོད་ཞུ་བ་ལ། དཔེར་ན། རྫ་དཔལ་སྤྲུལ་མཆོག་གི«གཏམ་པདྨའི་ཚལ་གྱི་ཟློས་གར»དུ་བཀོད་པའི་གསེར་སྦྲང་འདབ་ཡངས་དང་གཡུ་སྦྲང་ངག་སྙན་གཉིས་ནི་རྩོམ་པ་པོ་གང་ཉིད་ཀྱིས་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་གནས་ལུགས་གསལ་བར་མཚོན་པར་བྱེད་པའི་དཔེ་རུ་བཀོད་ཡོད་ཅིང་། དཔེ་དེ་ལས་མཚོན་པའི་དོན་ནི་འཇིག་རྟེན་དེ་རུ་གསོན་རྐྱེན་ལས་འཆི་རྐྱེན་མང་བ་དང་། རྒྱུ་དང་མིང་གྲགས་ནི་མི་རྟག་ཅིང་མི་ཚེའི་རིན་ཐང་འཇལ་བྱེད་ཅིག་མིན་པས། བློ་སྣ་ཆོས་སམ་དགེ་ལས་ཏེ། རྩོམ་པ་པོའི་བྱ་བྱེད་ཐམས་ཅད་ཀྱི་གཞི་འཛིན་དུ་གྱུར་པའི་མི་ཚེའམ་འཇིག་རྟེན་གྱི་ལྟ་བའམ། མཚན་ཉིད་རིག་པའི་གཞུང་དུ་གྲུབ་པའི་རིན་ཐང་དེ་རུ་བསྙེག་དགོས་པར་བསྟན་ཡོད་ཅིང་། ཏག་ཏག་འཇིག་རྟེན་གྱི་ལྟ་བ་དེ་དག་ལས་དཔེ་དང་དོན་གང་ཟག་གསུམ་པོ་ཡང་ངོ་བོ་གཅིག་ཏུ་བསྐྲུན། དེ་ཡང་ཡིན་ཏེ། དཔེ་དེ་ཉིད་གསེར་སྦྲང་དང་གཡུ་སྦྲང་ཙམ་མ་ཟད། རྩོམ་པ་པོ་རང་ཉིད་ཀྱང་སྐབས་དེར་གསེར་སྦྲང་དང་གཡུ་སྦྲང་ཡིན་པའི་སྣང་བ་ཞིག་ཀྱང་འགོག་མེད་དུ་འཆར་ནུས་ཤིང་། དེ་ནི་ནུབ་གླིང་པ་ཚོས་བརྗོད་པའི་རྟོག་འཁྲུལ་སྨྲ་བ་ལྟ་བུ་མིན་ལ། བོད་ཀྱི་སྙན་གཞུང་ནང་དུ་བསྟན་པའི“དངོས་པོ་འགའ་ཞིག་ཉེར་བཀོད་ནས། །དེ་ཡི་ཆོས་མཐུན་རབ་བཀོད་པ། །མཉམ་པ་ཉིད་དུ་རྟོག་པ་ཅན། །”གྱི་མཚུངས་དཔེ་ཁོ་རང་མིན་པར། དེ་དག་ངོ་བོ་གཅིག་ཏུ་གྲུབ་པར་སྣང་བའི་འདོད་བློ་ཞིག་སྟེ། གང་དེར་བསྟན་པའི་སྦྲང་བུ་ནི་བདག་ཉིད་ཡིན་ལ། བདག་ཉིད་ཀྱང་སྦྲང་བུ་དེ་ཡིན་ཞིང་། བདག་དང་སྦྲང་བུ་གཉིས་ཀ་མི་རྟག་པའི་ཆོས་ཅན་དེ་ལས་ཐར་དཀའ་བ་བཅས། དཔེ་དང་དོན་གང་ཟག་ངོ་བོ་དབྱེར་མེད་རོ་གཅིག་ཏུ་གནས་པ་ཞིག་ཡིན། དེ་ལྟར་ཡིན་ཏེ། ཁོང་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་ལ“སེམས་ཅན་རྣམས་ནི་རང་གི་མར་མ་གྱུར་པ་མེད”པའི་ལྟ་བའི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་ཅིང་། རྣམ་ཤེས་དེ་ལུས་ཕུང་མང་པོར་ཞུགས་པའི་འདུ་ཤེས་ཤིག་གིས་ཁྱབ་ནས་ཡོད་པས་ཡིན་ཏེ། རྩོམ་རིག་དེའི་ནང་དུའང“ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། །འགྲོ་ཞིང་འཁོར་བའི་གནས་དེར་སྐྱེ་བ་ལེན། །”ཞེས་དང“གར་ཡང་བདེ་བ་མེད་དེ་མེ་ཡི་འོབས། །སྐྱེ་དང་ཚེ་རབས་སྡུག་བསྔལ་བརྒྱུད་མར་འཁོར། །”ཞེས་པ་ལས་ཀྱང་ལྟ་བ་དེའི་ཡང་སྙིང་ཅུང་ཞིག་རྙེད་ཐུབ་ལ། ལྟ་བ་དེ་ཉིད་རྩོམ་རིག་ཐོག་ཏུ་སྤྲོས་པས་ཐུན་མོང་མིན་པའི་མྱོང་རོལ་བྱ་ཡུལ་ཞིག་ཏུ་གྲུབ་ཅིང་། དཔེ་དོན་གང་ཟག་གསུམ་པོ་ངོ་བོ་གཅིག་ཏུ་གྱུར་པ་རེད།
༢ དཔེ་དོན་གང་ཟག་ངོ་བོ་གཅིག་ཏུ་གྲུབ་ཚུལ་སྐོར།
       གོང་དུ་དཔེ་དོན་གང་ཟག་ངོ་བོ་གཅིག་ཏུ་གྱུར་ཚུལ་སྐོར་ཅུང་ཞིག་ཞུ་ཁུལ་བྱས་ཤིང་། ཡང་གཏིང་ཟབ་སྒོས་སྤྲོས་ན། ཧྥ་རན་སིའི་རྩོམ་རིག་མཐའ་དཔྱོད་སྨྲ་བ་རོ་ལྗར་ཅ་རོ་ཏི(Roger Garaudy 1913-2012)ཞུ་བའི་བརྩམས་ཆོས«མཐའ་མེད་ཀྱི་དངོས་དོན་རིང་ལུགས་སྨྲ་བ»ཞེས་པའི་ནང་དུ“སྒྱུ་རྩལ་ནི་གཞན་ཅི་ཡང་མ་ཡིན་པར། དེ་ནི་འཚོ་བ་རོལ་སྟངས་ཤིག་དང་། མི་རྣམས་ཀྱི་འཚོ་བ་རོལ་སྟངས་དེ་འབྲལ་མེད་ངང་ནས་མངོན་མཚོན་དང་གསར་གཏོད་བྱས་པ་ཡིན”ཞེས་གསུངས་པ་ལྟར་སྔོན་བྱོན་བོད་ཀྱི་རྩོམ་མཁན་རྣམས་ནི་ཚིག་གི་རོལ་རྩེད་ཙམ་ལ་བྱང་བའི་ཁ་ཞེ་ཡ་བྲལ་ལྟ་བུ་མ་ཡིན་པར། ཁོང་རྣམས་ཀྱི་བརྩམས་ཆོས་ནི་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ངོ་མ་ཞིག་ཡིན་ལ། འཚོ་བ་རོལ་སྟངས་དེ་དག་འབྲལ་མེད་ངང་ནས་སྒྱུ་རྩལ་ཐོག་ནས་མངོན་མཚོན་བྱས་པས། དཔེ་དོན་གང་ཟག་གསུམ་པོ་ངོ་བོ་གཅིག་གི་ཐོག་ཏུ་བབས་པ་ཡིན་ཞིང་། སྙན་ངག་དག་ལས་ཚུལ་འཆོས་མིན་པའི་བདེན་དོན་གཙང་མའི་དྲི་བསུང་ཞིག་ཀྱང་འཐུལ་བ་ཡིན། འོ་ན་འཚོ་བ་རོལ་སྟངས་དེ་འདྲ་གང་ནས་བྱུང་ངམ་ཞེ་ན། དེ་ནི་ཁོང་རྣམ་པ་ཚོའི་མི་ཚེའི་ལྟ་བ་དང་འཇིག་རྟེན་གྱི་ལྟ་བ། མཚན་ཉིད་རིག་པའི་རྒྱབ་ལྗོངས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་ཞིང་། རྒྱབ་ལྗོངས་དེས་དཔེ་དང་དོན་གང་ཟག་གསུམ་པོ་ངོ་བོ་གཅིག་ཏུ་གྲུབ་ཏུ་བཅུག་པ་སྟེ།
       (ཀ) དཔེ་དོན་གང་ཟག་གསུམ་པོ་ཟོ་ཆུན་འཁྱུད་མོ་བཞིན་རྒྱུན་མར་འབྲེལ་བ།
       དཔེ་དོན་གང་ཟག་གསུམ་པོ་ཟོ་ཆུན་འཁྱུད་མོ་ཇི་བཞིན་རྒྱུན་མར་འབྲེལ་བ་ཞིག་ཡིན་ཏེ། ཐོག་མར་དཔེ་དང་གང་ཟག་ཐོག་ནས་བརྗོད་ན། གོང་དུ་བརྗོད་པ་ལྟར་གསེར་སྦྲང་དང་གཡུ་སྦྲང་གཉིས་དང་གང་ཟག་རྩོམ་པ་པོ་གཉིས་རྒྱུན་མར་འབྲེལ་བ་ཡིན་ཏེ། ཁོང་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་ནི་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་གནང་གིན་ཡོད་པས། གསེར་སྦྲང་དང་གཡུ་སྦྲང་ནི་ཚེ་རབས་སྔོན་མར་རང་གི་མ་མ་བྱས་པ་མེད་ལ། རང་ཡང་སྦྲང་བུར་སྐྱེ་བའི་སྐབས་ཀྱང་ཡོད་པས། དེ་གཉིས་རྒྱུན་མར་འབྲེལ་བ་ཞིག་ལས་འབྲེལ་མེད་དོན་གཞན་ཞིག་མིན། ཡང་དཔེར་ན། དགེ་འདུན་ཆོས་འཕེལ་མཆོག་གི«འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ»རུ། “ལུས་ཟུངས་ཟད་པའི་ཀེང་རུས་གཟུགས་བརྙན། །གསོན་དུ་རེ་བའི་ཁོ་ཐག་ཆད་དེ། །འཆི་བའི་མིག་གིས་ཅེ་རེར་བལྟ་བའི། །གཏམ་དེ་བདེན་ན་སྙིང་ལ་གཟན་པ། །”ཞེས་པ་ལྟར་འཆི་ཁར་ཐུག་པའི་སྐྱེ་བོ་གང་དེ་རྩོམ་པ་པོས་དེ་སྔ་ངོ་ཤེས་སུ་གྱུར་པའི་ཆུང་གྲོགས་ཤིག་རེད་ཅེས་བརྗོད་ན་འགྲིག་ལ། ཡང་འདུ་འབྲལ་སྙིང་པོ་མེད་པར་སྟོན་པའི་དཔེ་གང་ཞིག་ཡིན་རུང་། རྩོམ་པ་པོ་དང་རྒྱུན་མར་འབྲེལ་བ་ཞིག་ཡིན་ཞིང་། སྙན་ངག་པ་ཧྲང་ཅུང་ཕེ་སིས་གསུངས་པ་ལྟར“གནས་དོན་ནི་རྒྱ་མཚོ་ཁོ་རང་གི་ཐོག་ལ་མེད་པར། རྒྱ་མཚོ་དེས་མིའི་ཡིད་ལ་ཞུགས་པའི་ཤན་དེ་ཉིད་ཡིན”ཞེས་གསུངས་པ་ལྟར། དཔེ་དེས་ཐོན་པའི་ནུས་པ་དེ་དཔེ་ཁོ་རང་གི་ཐོག་ལ་མེད་པར། དེས་གང་ཟག་དེར་སྦྱིན་པའི་ཤུགས་རྐྱེན་ཐོག་ཏུ་ཡོད་ལ། ཤུགས་རྐྱེན་དེ་ཡང་དེ་གཉིས་ཀྱི་ཐོག་ན་གཅད་དུ་མེད་པའི་འབྲེལ་བའི་རྒྱུན་ཞིག་གིས་གྲུབ་པ་རེད། འོ་ན། དཔེ་དང་གང་ཟག་གཉིས་འབྲེལ་བ་ཇི་ལྟར་བྱུང་བ་རེད་ཅེས་བརྗོད་ན། དེ་ནི“དོན”གྱི་ཐོག་ལས་བྱུང་ཞིང་། “དོན”དེ་ནི་སྦྲེལ་བྱེད་ཀྱི་རྒྱུན་ཐག་དང་འབྱར་རྩི་ལྟ་བུའི་ནུས་པ་ཞིག་ཐོན་གྱི་ཡོད་དེ། གསེར་སྦྲང་གཡུ་སྦྲང་དང་གང་ཟག་གཉིས་རྒྱུན་མར་འབྲེལ་ཡོད་དེ། དེ་ནི་མི་རྟག་པ་དང་། འཁོར་བ་འཁོར་རེས་ཀྱི་དོན་དེས་སྦྲེལ་ཅིང་། ལུས་ཟུངས་ཟད་པའི་ཀེང་རུས་གཟུགས་བརྙན་དེ་དང་བདག་རྩོམ་པ་པོ་གཉིས་རྒྱུན་མར་འབྲེལ་ནས་ཡོད་དེ། དེ་ནི་དུས་ནམ་ཞིག་བདག་ཀྱང་དེ་ལྟར་འགྱུར་རོ་སྙམ་པ་དང་། འཁོར་བ་འཇིག་པའི་ཆོས་ཅན་ཡིན་ནོ་སྙམ་པའི“དོན”གྱིས་སྦྲེལ་བ་ཡིན། འོ་ན་དེ་དག་རྒྱུན་མར་འབྲེལ་བ་ཞིག་ཡིན་པ་ལས། ངོ་བོ་གཅིག་གི་ཐོག་ཏུ་མེད་ཅིང་། འབྲེལ་བ་ནི་གཅིག་ལ་གཅིག་འབྲེལ་བ་ཞིག་ཡིན་པས། ཐ་དད་ལས་ངོ་བོ་གཅིག་ཏུ་མེད་ཅེས་ན། གཤམ་དུ་ཚོགས་པ་དེ་དག་ངོ་བོ་གཅིག་ཏུ་ཇི་ལྟར་གྱུར་པར་འཆད་པ་ལ།
       (ཁ) དཔེ་དོན་གང་ཟག་གསུམ་ངོ་བོ་གཅིག་ཏུ་གྲུབ་པ།
       སྙན་ངག་པ་ཧྲང་ཅུང་ཕེ་སིས།“སྙན་ངག་གིས་སྔར་ཡོད་ཀྱི་ཡོད་ཚད་མངོན་མཚོན་བྱེད་པའི་ཐད་ཉིན་རེ་ལས་ཉིན་རེ་སྣང་མེད་དུ་བཏང་སྟེ། དེ་ལས་ཀྱང་དངོས་ཡོད་ལྡན་ཞིང་། དེ་བས་ཀྱང་བདེན་དོན་ཅན་ཞིག་གི་འཇིག་རྟེན་ཞིག་ལ་བསྔགས་བརྗོད་དང་གསར་གཏོད་བྱེད་ཀྱིན་ཡོད”ཅེས་གསུངས་པ་ལྟར། སྙན་ངག་གིས་མངོན་མཚོན་བྱེད་པ་ནི་མངོན་སུམ་དུ་སྣང་བའི་འཇིག་རྟེན་ཞིག་མིན་པར། དེ་ལས་ཀྱང་ཚད་མཐོ་བའི་བསམ་བློའི་འཇིག་རྟེན་ཞིག་ལ་སྙེག་གིན་ཡོད་ཅིང་། བསམ་བློའི་འཇིག་རྟེན་དེ་ནི་རྩོམ་པ་པོས་སྙེག་པའི་བསམ་བློའི་འཇིག་རྟེན་ཡིན་ལ། སྙན་ངག་ནི་རྩོམ་པ་པོའི་བསམ་བློའི་འཇིག་རྟེན་དེ་ཉིད་མཚོན་པར་བྱེད་པའི་ཕོ་ཉའང་ཡིན། འོ་ན་བོད་ཀྱི་རྩོམ་རིག་དེ་དག་བསམ་བློའི་འཇིག་རྟེན་གང་འདྲ་ཞིག་གི་འོག་ཏུ་དཔེ་དོན་གང་ཟག་གསུམ་པོ་ངོ་བོ་གཅིག་ཏུ་གྲུབ་བམ་ཞེ་ན། གོང་སྨྲས་ལྟར། དཔེ་དོན་གང་ཟག་གསུམ་པོ་ཟོ་ཆུན་འཁྱུད་མོ་ཇི་བཞིན་ཕན་ཚུན་འབྲེལ་བ་ཡིན་མོད། ཐ་དད་སོ་སོར་གནས་ཏེ་ཡོད། འོན་ཏེ་བསམ་བློའི་འཇིག་རྟེན་དེ་ནི་ཐ་དད་སོ་སོར་གནས་པའི་དངོས་པོ་དེ་དག་གཅིག་ཏུ་སྒྲིལ་མཁན་དེ་ཉིད་ཡིན། བསམ་བློའི་འཇིག་རྟེན་དེ་ནི་གང་ཟག་གི་རྒྱུད་ལས་སྐྱེས་པ་ཞིག་ཡིན་ཞིང་། བོད་སྔ་རབས་པའི་རྩོམ་མཁན་དག་ལ་སྤྱིར་རྩོམ་པ་ལ་འཇུག་སྐབས་རྒྱུ་གསུམ་བཤད་དུ་ཡོད་དེ། བླ་མ་བརྒྱུད་པའི་མན་ངག མཁས་པར་སྦྱངས་པའི་ཤེས་རབ། ཡི་དམ་ལྷའི་བྱིན་གྱིས་བརླབས་པ་བཅས་དགོས་པས། གང་ཟག་དེ་དག་གིས་བརྩམས་པའི་བརྩམས་བྱ་ཡང་གང་དགའ་ཅི་འདོད་ཀྱིས་བརྩམས་པ་ཞིག་མིན་པར། རང་གི་རྒྱུད་དང་ངོ་བོ་གཅིག་ཏུ་འདྲེས་པའི་སྒོ་ནས་རྩོམ་པ་ལ་འཇུག་པ་ཡིན། གཅིག་ནས་སེམས་མེད་བེམ་པོའི་རིགས་ཏེ། སྤྲིན་པ་ལྟ་བུར་མཚོན་ན་ངོ་བོ་གཅིག་ཏུ་གྲུབ་ཚུལ་ནི། དཔེར་ན་མཁས་མཆོག་དགེ་འདུན་གྲུབ་པས་རང་གི་བླ་མ་དྲན་དྲགས་ཏེ་བརྩམས་པའི«ཤར་གངས་རི་མ»ཡི་ནང་གི “ཤར་གངས་རི་དཀར་པོའི་རྩེ་མོ་ན། །སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ། །དེ་མཐོང་བའི་མོད་ལ་བླ་མ་དྲན། །དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ། །”ལྟ་བུར་སྤྲིན་དཀར་པོ་དེ་རང་གི་བླ་མ་ཡིན་པའི་དད་ཤུགས་ཀྱིས་གསོལ་བ་ལྟ་བུ་ཡོད་ཅིང་། ད་དུང་རྒྱ་མཚོས་མཚོན་པ་དང་པདྨས་མཚོན་པ་སོགས་མང་དུ་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་། དེ་ནི་སྤྱིར་འཛམ་གླིང་རྩོམ་རིག་གི་འགྲོས་དང་གཅིག་མཚུངས་ལྟ་བུར་སྣང་བས་ཐུན་མིན་གྱི་ཁྱད་ཆོས་ཅུང་དབེན། འོན་ཏེ་སེམས་ལྡན་དག་དཔེ་རུ་འགོད་སྐབས་དཔེ་དོན་གང་ཟག་གསུམ་ངོ་བོ་རོ་གཅིག་ཏུ་གྲུབ་ཚུལ་དེ་ཧ་ཅང་མངོན་གསལ་དོད་པོས་མངོན་གྱི་ཡོད། དེ་ཡང་བོད་ཀྱི་མཚན་ཉིད་རིག་པའི་གཞུང་དུ་ཐབས་ཤེས་ཟུང་འཇུག་དང་། སྣང་སྟོང་དབྱེར་མེད་སོགས་ཐམས་ཅད་གཅིག་དང་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། གཉིས་ནས་གོང་སྨྲས་བཞིན་འཁོར་བ་ནི་ཟོ་ཆུན་འཁྱུད་མོ་བཞིན་དུ་ཡང་ནས་ཡང་དུ་འཁོར་གྱི་ཡོད་པར་འདོད་ཀྱིན་ཡོད་པས་ཡིན་ཏེ། ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་དུ། “རང་མ་ཡི་མངལ་དུ་ཞུགས་པ་དང་། །མ་མ་ཡི་མངལ་དུ་ཞུགས་པ་སོགས། །ས་རིལ་བུར་བྱས་ཏེ་བགྲང་བྱས་ཀྱང་། །གྲངས་རྒྱལ་བས་ཀྱང་ནི་འཛིན་མི་ནུས། །”ཞེས་སྐྱེ་བ་ས་འབུ་སོགས་མང་དུ་བླངས་མྱོང་བར་ཁས་བླངས་པ་བཞིན་པས། སེམས་ལྡན་དུ་གྱུར་པའི་དཔེ་དེ་དག་ཀྱང་སྔོན་ཆད་རང་ཉིད་ཀྱང་དེ་རུ་གྱུར་ཡོད་ཨང་སྙམ་པའི་གོམས་པ་ཅན་གྱི་བློ་དེ་སྔོན་འགྲོ་ལྟ་བུར་སོང་བས། དཔེ་དང་གང་ཟག་ངོ་བོ་གཅིག་ཏུ་གྱུར་ལ། དཔེ་དང་གང་ཟག་ཐོག་ཏུ་གྲུབ་པའི་དོན་དེ་ཡང་གཅིག་ཏུ་ངེས་པས། དེ་ལྟར་དཔེ་དོན་གང་ཟག་གསུམ་ངོ་བོ་གཅིག་ཏུ་གྲུབ་ཅིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུའང་གྲུབ་པ་ཡིན། དཔེར་ན་གོང་སྨྲས་ཀྱི་གསེར་སྦྲང་དང་གཡུ་སྦྲང་ལྟ་བུའི་བརྩམས་ཆོས་བཞིན་མང་དུ་ཡོད་པ་ཀུན་གྱིས་མཁྱེན་གསལ་བཞིན་ལགས།
མཇུག་བསྡུ་བ།
       མིའི་རིགས་ཀྱི་བྱེད་རྩོལ་གང་འདྲ་ཞིག་ཡིན་རུང་། དེར་རང་རང་ས་གནས་ཀྱི་ཡུལ་གོམས་གཤིས་ལུགས་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་གང་རུང་ཞིག་གི་ཤན་མ་ཞུགས་པ་ནི་གཅིག་ཀྱང་མེད་ལ། ལྷག་པར་རྩོམ་རིག་ནི་མིའི་སེམས་ཁམས་དང་ཐད་ཀར་འབྲེལ་བ་ལྡན་པ་དང་། དེ་ཉིད་ལག་ཏུ་བསྟར་མཁན་ནི་མི་རིགས་གང་དེའི་རིག་གཞུང་ལ་ཐོས་བསམ་གང་ཙམ་ཡོད་མཁན་ཡིན་པའི་སྟབས་ཀྱིས་མི་རིགས་དེའི་སྙིང་བཅུད་དུ་གྱུར་པའི་རིག་གཞུང་གི་མགྲིན་ཚབ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་ལ། རྩོམ་རིག་དེ་ལའང་དེ་བས་མངོན་གསལ་དོད་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད་པར་སེམས་པས། སྐབས་དེར་རྩོམ་རིག་གི་དཔེ་དོན་སྦྱོར་ཚུལ་དང་། དེ་ཉིད་སྦྱོར་པོ་གང་ཟག་གསུམ་པོ་ངོ་བོ་གཅིག་ཏུ་གྲུབ་ཚུལ་དེ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་སུ་བཞག་སྟེ་ཅུང་ཞིག་དཔྱད་ཁུལ་དང་། རྩོམ་རིག་དེ་ཡང“བརྗོད་བྱའི་ནང་དོན”དང“རྗོད་བྱེད་ཚིག་སྦྱོར”ཁོ་ནས་ཞིབ་བརྗོད་བྱེད་པའི་རྒྱ་ལས་འགོངས་ཏེ། རིག་གནས་དང་འབྲེལ་ཏེ་ཞིབ་འཇུག་བྱས་ན་དེ་བས་ཀྱང་རྩོམ་རིག་ལ་གནམ་ས་རྒྱ་ཡངས་པོ་ཞིག་བསྐྲུན་ཐུབ་ཅིང་། མི་ལའི་མགུར་འབུམ་དང་བོད་རྩོམ་གཞན་པར་ལྟ་སྐབས་ཀྱང་སྔར་མེད་ཀྱི་རྩོམ་གྱི་རོ་མྱོང་ཁྱད་པར་ཅན་ཞིག་འབྱུང་ངེས་སྙམ་པའི་བློ་སྐྱེད་ཅིག་གིས་འབྲི་ཁུལ་བྱས་པ་ཡིན་མོད། ཕྲན་རང་ན་སོ་ཕྲ་ཞིང་མཐོང་ཐོས་ཞན་པའི་སྟབས་ཀྱིས་རང་སྣང་གང་བྲིས་ལྟ་བུར་སོང་བའི་དབང་དུ་ཡོད་སྲིད་རུང་། རིག་གནས་ཤིག་གི་རྒྱབ་ལྗོངས་ཐོག་ནས་མི་རིགས་གང་དེའི་རྩོམ་རིག་ཐོག་ལ་ཞིབ་འཇུག་བྱེད་པ་དེ་ཧ་ཅང་གལ་ཆེན་ཡིན་ལ། རྩོམ་རིག་དེ་ཉིད་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་མངོན་སའི་གཞིའང་ཡིན་པར་འདོད་དོ། །

ཟུར་ལྟའི་དཔྱད་གཞི།
[1] བློ་བཟང་ཆོས་གྲགས། «རྩོམ་རིག་གསེར་གྱི་སྦྲམ་བུ» M. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ།
[2] བོད་མཁས་པ། «སྙན་ངག་མེ་ལོང» M. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ།
[3] རྡོ་རྗེ་རིན་ཆེན། «རྩོམ་རིག་གཞུང་ལུགས་གནད་བསྡུས» M. མི་རིགས་དཔེ་སྐྲུན་ཁང་། 2000ལོ།
[4]【法】罗杰·加洛蒂 著 吴岳添 译《论无边的现实主义》M.百花文艺出版社.2008年
[5]【英】海伦·加德纳 著 江先春 沈弘 译《宗教与文学》M.四川人民出版社.2003年
[6] 钱谷融 鲁枢元主编《文学心理学》M.华东师范大学出版社.2003年
[7] 赵毅衡《符号学结构主义文学论文集》M.百花文艺出版社. 2005年
[8] 童庆炳《文学理论教程》M.高等教育出版社.2009年
[9] 李建中《中国文学批评史》M.北京大学出版社.2009年
འབྲེལ་ཡོད་འོས་སྦྱོར།