སྙན་དེབ«རྨི་ལམ་གྱི་ཁ་དོག»བཀླགས་པ།
རྩོམ་པ་པོ།:རྩེ་སྟོད་འགྱུར་མེད་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-01-18
ཀློག་གྲངས།:
རིག་གནས་ཀྱི་ཡིད་རྟོན་དང་བག་ཆགས།
—སྙན་དེབ«རྨི་ལམ་གྱི་ཁ་དོག»བཀླགས་པ།
རྩེ་སྟོད་འགྱུར་མེད་རྒྱ་མཚོ།
གླེང་གཞི།
ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཙོ་བྱས་པའི་མི་རིགས་དཔེ་སྐྲུན་ཁང་སོ་སོས་བོད་པའི་རྩོམ་སྟེགས་ཀྱི་སྣང་ཚུལ་དང་འཕེལ་རྒྱས་ལ་དམིགས་ནས་རྩོམ་རིག་གསར་རྩོམ་སྐོར་གྱི་དཔེ་ཚོགས་རབ་དང་རིམ་པ་ཞིག་པར་སྐྲུན་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། ལས་ཀྱི་བགྱི་བ་འདི་དག་གིས་གཅིག་ནས་གསར་རྩོམ་གྱི་ལས་ལ་འཇུག་བཞིན་པའི་རྩོམ་པ་པོ་མང་པོ་སྐྱེད་སྲིང་དང་གཉིས་ནས་བརྩམས་ཆོས་མྱོང་རོལ་ལ་མོས་འདུན་ཟབ་པའི་ཀློག་པ་པོའི་ལྟ་ཀློག་གི་ཁམས་བསྐྱེད་པ། གསུམ་ནས་བོད་རྩོམ་འཕེལ་རྒྱས་ཀྱི་ངོས་གསར་བ་ཞིག་མཐོང་བར་མཐུན་རྐྱེན་ཆེན་པོ་ཞིག་བསྐྲུན་ཡོད་པས། ཚུལ་འདི་དག་གིས་བོད་ཀྱི་དེང་རབས་རྩོམ་རིག་ལས་གསར་རྩོམ་གྱི་རྣམ་གཞག་དང་ལག་ལེན་ལ་མིག་ལྟོས་དང་ཞིབ་འཇུག་གི་རྒྱུ་ཆ་ཆེན་པོ་ཞིག་གནང་ཡོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་སྨིན་དྲུག་དཔེ་ཚོགས་དང་གཡུ་དྲུག་དཀར་དཔེ་ཚོགས་སོགས་ཀྱིས་མཚོན་པའི་རྩོམ་པ་པོའི་བརྩམས་ཆོས་མང་དུ་སྤེལ་ཡོད། ལོ་ངོ་འདི་དག་གི་རྩོམ་ལུས་ཀྱི་རྣམ་པ་དང་ལག་ལེན་ལ་ཡུན་གྱིས་བལྟས་ཚེ། བརྩམས་སྒྲུང་དང་རང་མོས། ལྷུག་རྩོམ་འབྲི་མཁན་ལྟོས་བཅོས་ཀྱིས་མང་དུ་འཕེལ་བའི་རྣམ་པ་མངོན་ཞིང་ཚིགས་བཅད་སྙན་ངག་གི་རྩོམ་སྲོལ་ལ་ཧུར་གྱིས་འཇུག་པའི་རྩོམ་མཁན་གྱི་དཔུང་སྡེ་གོང་དང་བསྡུར་ན་ཅུང་ཉུང་། ཡིན་ཡང་འཇུག་མི་མང་བ་ཙམ་གྱིས་རྩོམ་ལུས་རང་སྟེང་གི་འཕེལ་རྒྱས་དང་ཟབ་ཚད་མཐོན་པོར་འཕེལ་ཡོད་པ་བཤད་དཀའ་ཞིང་གྲངས་ཚད་ཉུང་བ་ཙམ་གྱིས་ཀྱང་གསར་རྩོམ་གྱི་ཁྱད་ཡོན་དང་ཟབ་ཚད་མེད་པའང་བརྗོད་དཀའ། གང་ལྟར་ཚིགས་བཅད་སྙན་ངག་གི་རྩོམ་ལུས་འདི་བོད་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྩོམ་སྲོལ་གྱི་རྣམ་གཞག་ཤིན་ཏུ་ཟབ། སྔོན་གྱི་ངག་ཐོག་དང་ཡིག་ཐོག་གི་བརྩམས་ཆོས་མང་ཤོས་ཚིགས་བཅད་སྙན་ངག་གི་ལུས་ནས་བསྟན་པ་ཤས་ཆེ་ཞིང་། ཁྱད་པར་དུ«སྙན་ངག་མེ་ལོང»གི་བསྟན་པ་བོད་ཡུལ་དུ་རྒྱས་པ་ནས་བཟུང་བོད་ཀྱི་མཁས་པ་ན་རིམ་གྱིས་རྩོམ་སྲོལ་འདིའི་རྣམ་གཞག་དང་ཆེ་བ་ལ་ངོ་མཚར་ཞིང་ཡིད་དྲངས་ཏེ་ཕྱི་ཡི་ཡུལ་དང་ནང་གི་ཡིད་ཁམས། ལུགས་གཉིས་ཀྱི་རྣམ་གཞག་མཚོན་པར་རྩོམ་ལུས་འདིའི་སྟེང་ནས་རྒྱུན་འཛིན་གྱིས་དར་སྤེལ་བྱུང་ཡོད། ཚིགས་བཅད་སྙན་ངག་གི་རྩོམ་སྲོལ་འདིའི་སྦྱོར་བ་ལ་ཞུགས་བཞིན་པའི་དུས་རབས་སྔ་ཕྱིའི་ལག་ལེན་ལ་བལྟས་ཡོང་ན། སྔོན་གྱི་རྩོམ་སྲོལ་རྒྱུན་འཛིན་བྱས་པའི་ཉམས་མཐོང་ཡོང་ལ་རང་གི་ཁྱད་ཆོས་སྔོག་འདོན་བྱས་པའི་སྣང་ཚུལ་ཡང་མཐོང་ཐུབ།
དགའ་འོས་པ་ཞིག་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་དེང་གི་རྩོམ་པའི་ལས་ལ་བལྟས་ཏེ་ཚིགས་བཅད་སྙན་ངག་ལ་འཇུག་མི་ཉུང་བའི་གནས་ཚུལ་ལེགས་ལམ་དུ་བཀྲི་བ་དང་ཚིགས་བཅད་སྙན་ངག་འབྲི་མཁན་ཇེ་མང་དུ་འགྲོ་བར་སྐུལ་ལྕག་གཏོང་ཆེད་ད་ལོའི་ཉིས་སྟོང་ཉེར་གསུམ་ལོར«སྨིན་དྲུག་བོད་ཀྱི་ན་གཞོན་ཚིགས་བཅད་སྙན་ངག་དཔེ་ཚོགས»དེབ་དྲུག་པར་དུ་བསྐྲུན་ཡོད་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་སྨད་ལ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་ཚིགས་བཅད་སྙན་ངག«ཟླ་བ་ལྷ་མོ»པར་དུ་བསྐྲུན་པ། འཆི་མེད་ལགས་ཀྱི«ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན»དུ་ཚིགས་བཅད་སྙན་ངག་གིས་དེབ་ཀྱི་ཕྱེད་ཀ་ཟིན་ཡོད་པ། གཞན་གཡུ་དྲུག་དཀར་དཔེ་ཚོགས་ཁག་གསུམ་པར་ཁྱུང་ཐར་རྒྱལ་གྱི«དཔྱིད་ཀྱི་ཆར་དཀར»དང་ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི«རྨི་ལམ་གྱི་ཁ་དོག»ཅེས་པའི་ཚིགས་བཅད་སྙན་ངག་གཉིས་ལེགས་པར་བདམས་ནས་པར་སྐྲུན་བྱས་ཡོད།
གླེང་བར་བྱ་བའི«རྨི་ལམ་གྱི་ཁ་དོག»ཅེས་པའི་དེབ་འདིའི་རྩོམ་པ་པོ་ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ནི་ཚིགས་བཅད་སྙན་ངག་གི་ལས་ཁོ་ནར་འཇུག་བཞིན་པ་ཚོར་ཞིང་། ཁོང་གི་ཚིགས་བཅད་སྙན་ངག་སྐོར་ཞིག«སྦྲང་ཆར»དུས་དེབ་དང་འཕྲིན་སྟེགས་ཁག་ནས་མང་དུ་མཐོང་པས། རྩོམ་པའི་སྦྱོར་བ་ལ་སྲོལ་རྒྱུན་གྱི་རྩོམ་སྲོལ་གྱིས་ཤན་ཞུགས་ཤིང་དེའི་བསམ་བློའི་དགོངས་དོན་ལག་ལེན་དུ་བྱས་ནས་དུས་རབས་ཉེར་གཅིག་པའི་གསར་རྩོམ་གྱི་ལས་ལ་ཧུར་གྱིས་འཇུག་བཞིན་པའི་ཆེ་བ་ཡུན་གྱིས་མཐོང་ཡོང་། ཁོང་གི་སྙན་རྩོམ་སྤྱིའི་བབ་ལ་བལྟས་ནའང་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་ཤེས་བྱའི་སྒྲིག་གཞི་འཛོམས་ཡོད་པ་ཤེས་ཡོང་ལ། ཡང་གཅིག་བཤད་ན་ཁོང་ནི་དུས་རབས་གཉིས་ཀྱི་སློབ་གསོའི་གྲིབ་བསིལ་འོག་འཚར་ལོངས་བྱུང་བའི་རྩོམ་པ་པོ་ཞིག་ཡིན་པ་ཡུན་གྱིས་ཚོར་ཡོང་། ཁྱད་པར་དུ་ཁོང་གི་སྙན་རྩོམ་སྤྱི་ལ་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཀྱིས་བསྐྱེད་པའི་སྐད་ཆའི་སྦྱོར་བ་དང་དབྱངས་གསལ་གྱི་བྲོ་བ་ཡོད་ལ། འདི་ནི་རིག་གནས་ཀྱི་དུངས་ཞེན་དང་བག་ཆགས་ལ་འབྲེལ་བ་ཡོད་སྲིད། ཡང་གཅིག་བཤད་ན་དགོན་སྡེའི་སློབ་གསོའི་ཤུགས་རྐྱེན་ལའང་འབྲེལ་བ་ཡོད་དམ་སྙམ་པའི་ཚོར་བ་ཞིག་ནར་མར་སྟེར། འདི་ཟེར་དོན་ཡང་དེང་རབས་ཀྱི་ཚིགས་བཅད་སྙན་ངག་འབྲི་མཁན་རེ་འགའི་སྨྱུག་འོག་ནས་འཁྲུངས་པའི་ཡི་གེ་རེ་རེ་ལ་དེང་གི་ཁོར་ཡུག་གསར་བའི་སྐད་ཆའི་སྦྱོར་བ་དང་བསམ་པའི་འདུ་འགོད་ཡོད་པ་ལས། སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཀྱིས་བསྐྱེད་པའི་རིག་གནས་ཀྱི་བྲོ་བ་དང་དྲན་པ། སྐད་ཆའི་སྦྱོར་བ་སོགས་ཆེར་མི་མཐོང་། ཁོང་ཚོས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་གོམ་སྟོབས་དང་འཕྲུལ་ཆས་ཅན་གྱིས་མིའི་སེམས་ཁམས་ལ་བཟོས་པའི་བསླུ་བྲིད་སྣ་ཚོགས་ཀྱི་གདུང་བ་མ་བཟོད་པར་སྒེར་གྱི་ཁེར་རྐྱང་དང་དྲན་གདུང་། སུན་སྣང་། ཡི་ཆད་ལ་སོགས་པའི་སྐད་ཆའི་སྦྱོར་བ་སྙན་རྩོམ་ཁག་ཏུ་ཆེར་བཟུང་ཡོད། ཡིན་ནའང་ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་སྙན་རྩོམ་དག་བཀླགས་ཡོང་ན་སྲོལ་རྒྱུན་གྱི་ཚིགས་བཅད་རྩོམ་སྲོལ་གྱི་སྦྱོར་བ་ཡོད་ལ། ནང་བསྟན་རིག་གནས་ཀྱི་བརྡ་ཆད་སྤྱད་པའི་ཉམས་སྣང་ཡང་མཐོང་ཐུབ།གཤམ་ནས་རྩོམ་པ་པོ་ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི«རྨི་ལམ་གྱི་ཁ་དོག»ཅེས་པའི་ཚིགས་བཅད་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་འདིའི་ཕྱི་ནང་ཅུང་ཟད་བཀྲོལ་བ་ལ།
གཅིག «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་གསུང་མཆོད་པའི་ལེའུ།
ཐོག་མར་རྟོགས་བརྗོད་ཀྱིས་མདུན་བསུས་ཤིང་མཇུག་ཏུ་སྨོན་ལམ་གྱིས་མཇུག་བསྡུས་པའི་ཚིགས་བཅད་སྙན་ངག་སྤྱིའི་གོ་རིམ་བསྒྲིགས་སྟངས་འདི་ཁོ་ནས་ཀྱང་རྩོམ་པ་པོ་ནི་གསར་རྩོམ་ལ་གཟབ་ནན་ཆེ་ཞིང་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཤིན་ཏུ་ཆེ་བའི་རྩོམ་མཁན་ཞིག་ཡིན་པ་ཤེས་ཡོང་བ་སྟེ། སྔོན་གྱི་བོད་ཀྱི་རྩོམ་པ་པོ་དག་ནི་ཡི་གེའི་སྦྱོར་བ་གང་ལ་ཞུགས་ནའང་རྟེན་འབྲེལ་གལ་ཆེན་དུ་འཛིན་ཞིང་ཕྱག་སྲོལ་གྱི་རྒྱུན་ལ་རྩེ་གཅིག་ཏུ་གཞོལ། ཁོང་གིས་ཐོག་མར«རྟོགས་བརྗོད་བྱིན་རླབས་འབར་བའི་བང་མཛོད»ཅེས་པས་མདུན་བསུས་ཏེ། བླ་མའི་རྟོགས་བརྗོད་ཀྱི་ཆེ་བ་མཐའ་དག་རིམ་གྱིས་བརྗོད་ཡོད་ལ། ཁྱད་པར་དུ་བླ་མ་གང་གི་མཛད་པའི་འཕྲིན་ལས་ཏེ་ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཡོན་ཏན་བླ་ན་འཕེར་བ་དག་ངོས་ཟིན་ཞིང་རྩོམ་པ་པོ་ཁོང་གི་དད་གུས་སྤྲོ་གསུམ་གྱི་ཉམས་སྣང་ཤུགས་ཆེར་འདྲེས་ཡོད། སྐད་ཆའི་ཆ་ནས་ཀྱང་སྡེབ་སྦྱོར་གྱི་གཞི་འགྲིག་ཅིང་ཚིག་གི་ཞུན་བརྡར་ཆོད་པའི་ངང་ཉམས་རྟོགས་ཀྱི་ཡོན་ཏན་ཆེས་ཆེར་གླེང་ཡོད། ཁོང་གི་སྙན་རྩོམ་འདི་ནི་རྟོགས་བརྗོད་ཀྱི་རྩོམ་ལུས་ལ་བརྟེན་ནས་བྲིས་ཡོད་པས། སྔ་རབས་ཀྱི་ཕྱག་སྲོལ་མཐོང་ཐུབ་ཅིང་དད་འདུན་གྱི་མོས་པ་རྙེད་ཐུབ། ཐོག་མར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ། གཞུང་དངོས་བརྗོད་པ། བློ་ལྡན་ཉན་སྐུལ། བསྔོ་སྨོན་གྱིས་མཇུག་བསྐྱངས་པའི་ཚུལ་འདུས་ཡོད་པས། སྔ་རབས་བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཆེ་བ་དང་རྩོམ་པ་པོའི་སྨྱུག་སོར་ཤིན་ཏུ་ཡངས་པའི་ཚུལ་ལ་ངེས་པ་བསྐྱེད་ཐུབ།
གཞན་ཁོང་གི«དཔའ་མོའི་འཛུམ་ཞལ»ལས་རྩོམ་པ་པོའི་ཐུགས་རྟེན་དུ་གྱུར་བའི་རྒྱལ་ཡུམ་སྒྲོལ་མའི་ཕྱི་ནང་གསང་བའི་གནད་རེ་འགའ་མདོ་རྒྱུད་གཞུང་ལུགས་ལ་ཕུགས་གཏུགས་ཤིང་སྙིང་བོ་བསྡུས་ཏེ་ངག་རིག་གི་རྩལ་ལ་དྲངས་ཡོད་པས། གསོལ་བསྟོད་ཀྱི་གདུང་བ་མཐོང་ཐུབ་ཅིང་འཕྲལ་ཕུགས་ཀྱི་དགོངས་གཞི་ཡང་རྙེད་ཐུབ། རྩོམ་པ་པོས་གསང་བ་མི་ཟད་པའི་ཡོན་ཏན་གྱི་ཆ་རྣམས་ཉེ་བར་སྟོན་ཆེད་དད་ལྡན་མོས་པའི་སྒོ་དང་ཚིག་སྙན་པའི་སྒོ་ནས་སྦྱར་ཡོད་ལ། དེ་ཡང་ཚིག་ལ་ཆོད་ཆེ་བ་དང་གསལ་བ། བརྗོད་བདེ་བ། ཚིག་སྙོམས་ཤིང་ཞི་བའི་སྒོ་ནས་རྩོམ་མཁན་གང་གི་མོས་པ་ལ་དྲངས་ཡོད་པས། བཀླགས་པ་ཙམ་གྱིས་ཀྱང་སྲོལ་རྒྱུན་གྱི་རྩོམ་ཉམས་ལ་འཁྲིད་པའི་རྩལ་འདུས་ཡོད། དེ་མིན«ས་ག་ཟླ་བ» «མ་ཡུམ་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ལྷ་བབས་དུས་ཆེན» «དགའ་ལྡན་ལྔ་མཆོད་ཆེན་མོ» «གསེར་གྱི་ཉི་མ» «གསེར་གྱི་ཀ་ཆེན»དང«ལུགས་གཉིས་གསོ་བའི་སྨན་གྱི་ལྗོན་ཤིང» «མཚོ་བྱུང་ལྷ་མོ» «ངག་གི་ལྷ་མོ། ཁྱེད་གང་དུ་བཞུད»སོགས་ཀྱིས་རྩོམ་མཁན་གང་གི་མཆོད་པའི་ཡུལ་དུ་གྱུར་བའི་སངས་རྒྱས་དང་བླ་མ། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་སོགས་ཀྱི་ཡོན་ཏན་གྱི་ཆ་ཤས་རེ་ཟུང་ལ་ཡིད་ཚིམ་སྟེ། མཆོད་པའི་མཐའ་ཅན་དང་བསྟོད་པའི་མཐའ་ཅན། འདུད་པའམ་ཕྱག་འཚལ་བའི་མཐའ་ཅན་གྱིས་ཀུན་ནས་བརྒྱན་ཡོད། བརྗོད་བྱ་འདི་དག་གིས་རྩོམ་མཁན་གྱི་རྩོམ་པའི་སྦྱོར་བ་ནི་རང་གི་ཚོར་བ་སྣང་ཡན་མ་དང་ཡིད་འགྱུར་ཙམ་པོ་བ་ཞིག་སྟོན་ཆེད་མ་ཡིན་པར“ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །”སྙམ་པའི་ཀུན་སློང་ཡོད་པའང་དངོས་ཤུགས་གང་རུང་ནས་ཤེས་ཡོང་།
དེ་མིན་རྩོམ་མཁན་གཞན་གྱི་ངག་རིག་གི་ཡུལ་དུ་ཆེར་མ་དྲངས་པའི«ཡུམ་ཆེན་ཤིང་བཟའ་ཨ་ཆོས་ཀྱི་དྲན་གདུང»ལྟ་བུས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི་སྐྱེད་ཡུམ་གྱི་ཆེ་བ་རྗེས་སུ་དྲན་ཏེ་མོའི་ལས་ལ་བརྩོན་ཞིང་བག་ཡོད་ཀུན་སྤྱོད་གཙང་བའི་ཆ་དང་བྱམས་བརྩེའི་ཉི་འོད་གསལ་བའི་ཆ་ལ་བསྟོད་བསྔགས་བགྱིས་ཡོད། དེ་ཡང་བསྟོད་བསྔགས་བརྗོད་པ་ཁོ་ན་ཙམ་མ་ཡིན་པར་ཚུལ་འདི་ལས་རྗེ་རིན་པོ་ཆེ་དང་ཡུམ་ཤིང་བཟའ་ཨ་ཆོས་བར་གྱི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་པའི་མི་ཚེའི་ངོས་རེ་ཟུང་སྙན་ཚིག་གི་བར་ལ་བཅུག་ཡོད། ཡང་གཅིག་བཤད་ན་སྙན་རྩོམ་འདི་ལ་ཟུར་གཞན་ཞིག་ནས་བལྟས་ན། རྩོམ་པ་པོས་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བླ་མ་བློ་བཟང་གྲགས་པའི་ཟབ་གསལ་མཁས་རྒུའི་ཡོན་ཏན་ལ་མཉེས་གཤིན་གྱི་དུངས་བ་ཟབ་པའི་ཡིད་འགྱུར་ཡང་མཚོན་ཡོད་པ་ལྟ་བུའོ། །
མདོར་ན། གོང་དུ་གསལ་བའི«རྟོགས་བརྗོད་བྱིན་རླབས་འབར་བའི་བང་མཛོད»དང«གསེར་གྱི་ཀ་ཆེན» «དཔའ་མོའི་འཛུམ་ཞལ» «ལུགས་གཉིས་གསོ་བའི་སྨན་གྱི་ལྗོན་ཤིང» «མཚོ་བྱུང་ལྷ་མོ» «ངག་གི་ལྷ་མོ། ཁྱེད་གང་དུ་བཞུད» «དགའ་ལྡན་ལྔ་མཆོད་ཆེན་མོ» «གསེར་གྱི་ཉི་མ» «ས་ག་ཟླ་བ» «མ་ཡུམ་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ལྷ་བབས་དུས་ཆེན»ལྟ་བུའི་སྙན་རྩོམ་ཕལ་ཆེ་བར་དབུ་རུ་མཆོད་པར་བརྗོད་པ་དང་། མཇུག་ཏུ་བསྔོ་བ་སྨོན་ལམ་སོགས་བོད་སྔ་རབས་པར་ཡོངས་སུ་གྲགས་པ་དགེ་བ་གསུམ་གྱི་འཆད་ཐབས་ཀྱི་དོན་རྣམས་ཚང་ཡོད་པ་ནི། སྔོན་བཀའ་གདམས་གོང་མ་རྣམས་ཀྱི་ཕྱག་ལེན་ལ། ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་སྒོ་གསུམ་གྱི་ལས་གང་བྱེད་ཀྱང་། ཐོག་མའི་ཀུན་སློང་བཟང་པོ་དང་མཇུག་གི་བསྔོ་སྨོན་རྣམ་དག་གིས་མཚམས་སྦྱར་བའི་གནད་དེ་དག་ངོས་ཟིན་ཡོད་པས། རྩོམ་པ་པོས་ཀྱང་དེ་དག་ལག་ལེན་དུ་བྱས་ཏེ་སྙན་རྩོམ་འདི་རིགས་ངག་རིག་གི་མགྲིན་པར་དྲངས་ཡོད་པ་རྟོགས་ཐུབ། ཡང་གཅིག་བཤད་ན་སྙན་ངག་འདི་དག་གིས་རྩོམ་མཁན་རང་གི་མཆོད་པའི་ཡུལ་དུ་གྱུར་བའི་ངག་རིག་གི་ལྷ་མོ་དང་། མགོན་སྐྱབས་ཀྱི་དཔུང་མཉེན་དུ་གྱུར་བའི་བླ་མ། རིགས་ཀྱི་མངའ་བདག་ཏུ་གྱུར་བའི་མཁས་པའི་རང་ཞལ་སོགས་ལ་བསྔགས་པ་བརྗོད་ཡོད།
གཉིས། «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་དྲིན་དྲན་པའི་ལེའུ།
དེ་ནས་ཚིགས་བཅད་སྙན་ངག་འདིའི་སྤྱིའི་བབ་ལ་བལྟས་ན། བརྗོད་དོན་གྱི་ཟུར་གཞན་ཞིག་ནི་ཕ་མའི་བྱམས་བརྩེ་དང་གཉོར་སྐྱོང་། ཕ་མའི་བཀའ་དྲིན། ཕ་མའི་དྲན་གདུང་སོགས་ཆེར་བརྗོད་ཡོད་པ་སྟེ། «ཨ་མྱེས་ཀྱི་ཕྱག་ཕྲེང»དང«ཡབ་ཆེན་དྲན་མགུར» «ཕ་མའི་བཀའ་དྲིན» «ཉིན་དེ་ནས་བཟུང་། ང་རང་ཕ་ཡུལ་གྱི་མགྲོན་པོར་གྱུར»ཞེས་པའི་ཚིགས་བཅད་སྙན་ངག་འདི་དག་གིས་དྲན་གདུང་དང་ཡིད་འགྱུར་ཤུགས་དྲག་གིས་འཕྲལ་ཕུགས་ཀྱི་ལེགས་ཚོགས་ཐམས་ཅད་ཀྱི་མདུན་སར་རེ་བས་འཁྲིད་མཁན་དྲིན་ཆེན་ཕ་མ་གཉིས་ཀྱི་ཤེས་རབ་ཀྱི་སྤྱན་དང་སྙིང་རྗེའི་འོད་ལ་དྲན་གདུང་གི་ཚུལ་གྱིས་མོས་གུས་དང་རྗེས་དྲན་བྱས་ཡོད་པ་སྟེ། དཔེར་ན། «ཨ་མྱེས་ཀྱི་ཕྱག་ཕྲེང»ལས་བྱུང་བའི་སྙན་ཚིག“སྲིད་འབྱོར་ཚེགས་ཀྱིས་ལྕི་བའི་ལོ་ཟླའི་ནང་། །ཟས་གོས་ནོར་གྱི་རྩོལ་སྒྲུབ་ལ་མཁས་པས། །ནང་མིའི་འཚོ་བ་འདེགས་པའི་ཀ་བ་བཞིན། །ཀྲོང་ངེར་འགྱིངས་པའི་དྲིན་ལ་གུས་ཚུགས་ཞུ། །”ཞེས་པ་དང“ངག་འཇམ་ཚིག་གིས་བསྟན་པའི་མི་ཆོས་ཀུན། །ཤ་ཚའི་སེམས་ཀྱི་དྲོད་ཁོལ་མ་ཡལ་བའི། །གདམས་པ་ཁྲག་རྩའི་སྦུབས་ལ་ཐིམ་པ་དག །ལམ་སྟོན་སྲོག་གི་སྙིང་བོར་ལྡང་ཞིང་རྒྱུ། །”ཞེས་པ་ལྟ་བུ། གཞན«ཡབ་ཆེན་དྲན་མགུར»ལས“ཚེ་གང་འཚོ་ལམ་དགོངས་ནས། །བུ་ཀུན་སློབ་གྲྭར་བཏང་བ། །འབྲས་བུའི་ཁུར་གྱིས་དུད་ཚེ། །དཔྲལ་བའི་རྔུལ་ཆུ་མ་ཚོར། །”ཞེས་པ་དང་། ཡང“ཞལ་གདམས་བདུད་རྩིའི་ཐིགས་པ། །སྙིང་དབུས་བུམ་པར་ལྟེམས་ཡོད། །རེ་བཞག་སྨན་གྱི་ལྗོན་ཤིང་། །མི་ཚེའི་འདུན་མར་བཙུགས་ཡོད། །”ཞེས་པ་ལྟ་བུ། གཞན«ཕ་མའི་བཀའ་དྲིན»ཞེས་པ་ལས་ཀྱང“དྲང་བདེན་རྒྱུ་འབྲས་ཞིབ་པའི་བློ་མིག་འབྱེད། །ཡ་རབས་བཟང་སྤྱོད་སློབ་པའི་སྨན་གྱིས་གསོ། །མི་ཆོས་རྩ་ལག་སྲུང་བའི་ལམ་ལ་བཙུད། །འཁོར་བར་རང་མགོ་འཁྱོངས་པའི་སྣེ་ནས་ཁྲིད། །”ཞེས་པ་སོགས་མང་དུ་འབྱུང་།
མདོར་ན། སྙན་ཚིག་འདི་དག་གིས་རང་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གནང་མཁན་གྱི་ཕ་མའི་དྲིན་དྲན་པ་དང་ཚོར་བ། ཡང་ན་ལུས་ངག་ཡིད་གསུམ་གྱིས་བརྩེ་བར་བསྐྱངས་པའི་ཕ་མའི་མི་ཆོས་བསླབ་བྱའི་རིན་ཐང་ལ་ངོས་ཟིན་ཐོབ་ཅིང་བཀའ་དྲིན་རྗེས་སུ་དྲན་པའི་གདུང་འབོད་ཀྱིས་སྙན་འཇེབས་ངག་གི་རྒྱུད་དུ་དྲངས་ཡོད་པ་ཞིག་གོ །
གསུམ། «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་ཉམས་རྟོགས་མགུར་ལ་དྲངས་པའི་ལེའུ།
ཚིགས་བཅད་སྙན་ངག་འདི་དག་ཞིབ་ཀྱིས་བཀླགས་ཚེ། རྩོམ་པ་པོའི་ཉམས་རྟོགས་མགུར་ལ་དྲངས་པའི་སྣང་བརྙན་རེ་ཟུང་ཡང་རང་བཞིན་གྱིས་སྙན་དེབ་འདིའི་བརྗོད་དོན་གྱི་ཟུར་ཞིག་ཏུ་གྲུབ་ཡོད། བོད་སྔ་རབས་པའི་ཞལ་རྒྱུན་དང་མགུར་དབྱངས་སྣ་ཚོགས་ལ་ཡུན་གྱིས་གཞིགས་ཚེ། རྩོམ་མཁན་ཕལ་ཆེ་བ་ཞིག་ནི་ཚེ་འདིའི་ཕུན་ཚོགས་བློས་བཏང་སྟེ་རི་ཁྲོད་དང་དབེན་གནས་ལ་འགྲིམ་ནས་ཉམས་རྟོགས་ཀྱི་སྣང་བ་བརྡོལ་བའི་ཡིད་འགྱུར་སྣ་ཚོགས་མཐོང་ཡོང་། རྩོམ་པ་པོ་འདི་ལ་མཚོན་ནའང་སྐབས་རེར་རི་ཁྲོད་དང་དབེན་གནས་འགྲིམ་ནས་ཉམས་རྟོགས་ཀྱི་ཆེ་བ་མངོན་པའི་སྙམ་རྩོམ་མང་པོ་ཤར་མར་བརྡོལ་ཡོད་པ་སྟེ། དེ་དག་གིས་གཅིག་ནས་ཕྱིའི་གནས་ཡུལ་གྱི་ཆེ་བ་ལ་བསྔགས་པ་བརྗོད་པ་དང་གཉིས་ནས་རང་གི་རང་རྒྱུད་ལ་ཡང་ཡང་གཟིགས་ནས་གདམས་ངག་དང་སློབ་གསོའི་ཆ་འདྲེས་པ་ལྟ་བུའི་མགུར་བཞེངས་ཡོད། དཔེར་ན། «བདེ་ཆེན་དགའ་བའི་སྐྱེད་ཚལ་གྱི་གནས་བསྟོད་རྣལ་འབྱོར་དགྱེས་གླུ»དང«སྟོན་མཇུག་གི་དབེན་རི» «ཁེར་འདུག་གི་ཁེར་ལབ» «སེམས་ཀྱི་འདོད་པ་ཅི་ཙམ་ཉུང་ན་སྡུག་བསྔལ་དེ་ཙམ་ཉུང» «དུར་ཁྲོད་ཀྱི་སྙན་ངག» «རྨི་ལམ་གྱི་ཁ་དོག»སོགས་ནི་རང་གི་ཉམས་ལེན་དང་མྱོང་གྲུབ་ལ་གཞི་བཅོལ་བའི་མགུར་མའི་ཆ་འདྲེས་པ་ཞིག་ཀྱང་ཡིན་པར་འདོད། དཔེར་ན། «བདེ་ཆེན་དགའ་བའི་སྐྱེད་ཚལ་གྱི་གནས་བསྟོད་རྣལ་འབྱོར་དགྱེས་གླུ»ཞེས་པ་ལས“འདི་སྣང་གདོས་ཐག་རང་སར་ཞིག་པའི་ས། །སྣང་སྲིད་དག་པ་རབ་འབྱམས་ཤར་བའི་ས། །གསལ་སྟོང་རང་ངོ་རྗེན་པར་རྟོགས་པའི་ས། །གནས་ཀྱི་མཆོག་གྱུར་ཡོན་ཏན་རང་ཆས་རྫོགས། །”ཞེས་པ་དང“སོ་སྐྱེ་ཕལ་གྱིས་ཡུལ་སྐོར་ལྟད་མོར་མཐོང་། །ཐར་འདོད་སྒྲུབ་བརྩོན་དབེན་རི་མཆོག་ཏུ་ཤེས། །ལྷ་དང་སྲུང་མས་དཀྱིལ་འཁོར་ཚོམ་བུར་མཆོད། །རི་ཁྲོད་ཟིན་པའི་བྱ་བཏང་ཉམས་རྟོགས་འབར། །”ཞེས་པ་ལྟ་བུའི་མྱོང་གྲུབ་ལ་གཞི་བཅོལ་བའི་གནས་བསྟོད་ཀྱི་ཆེ་བ་བརྗོད་ཡོད་ལ། རྩོམ་པ་པོ་ཁོང་ནས་ཀྱང“མན་ངག་མཐར་ཐུག་མྱོང་བའི་རི་ཁྲོད་ནས། །རིག་པའི་རྩལ་ལ་ཤར་བའི་གནས་བསྟོད་འདི། །”ཞེས་འབྱུང་ཡོད་པ་འདིའི་རིགས་ཀྱིས་གནས་ཀྱི་ཆེ་བ་ལ་ཡིད་ཕྱུངས་ནས་བྲིས་ཡོད། ཡང་དཔེར་ན་རྩོམ་པ་པོ་རི་ཁྲོད་དང་དབེན་གནས་ཀྱི་ཉམས་རྟོགས་ལ་ཡིད་ཤོར་ཡོད་པ་སྟེ། «སྟོན་མཇུག་གི་དབེན་རི»ཞེས་པ་ལས“འཕྱི་བ་སྨུག་ཆུང་ཁུང་དུ་འཛུལ་བ་བཞིན། །སྒོམ་ཆེན་དག་ཀྱང་རང་ཤོང་སྤྱིལ་བུ་རུ། །ནང་དུ་མཉམ་པར་འཇོག་པའི་གཞི་དབྱིངས་ལ། །མངོན་པར་རོལ་བའི་དགའ་སྟོན་ཉམས་སུ་མྱོང་། །”ཞེས་པ་ལྟ་བུ་དང་། “ཇ་ཆང་ལོང་གཏམ་སྨྲ་བའི་གྲལ་ནས་བུད། །དམ་པ་གོང་མས་བཏོད་པའི་ལམ་ཁ་སྙེག །ངེས་གསང་སྙིང་བོའི་མན་ངག་མཐར་ཐུག་ཐོབ། །རི་ཆོས་ཉམས་ལེན་མཁའ་ལྡིང་ཁྱུ་ལ་བསྟོད། །”ཞེས་པ་ལྟར་དབེན་ཁྲོད་འགྲིམ་པའི་བྱ་བཏང་བ་དང་རྣལ་འབྱོར་བའི་བློ་ཕུགས་ཆོས་ལ་གཏད་པའི་ཟད་མེད་ཀྱི་ཤེས་པ་དེར་ཡིད་ཕྱོགས་ནས་བྲིས་ཡོད།
ད་དུང་རང་རྒྱུད་ལ་གཞིགས་ཤིང་ཉམས་རྟོགས་ཀྱི་ཚུལ་ལས་བརྩམས་ཏེ། གདམས་ངག་སློབ་གསོའི་ཆེ་བ་མཐོང་རྒྱུ་ཡོད་པ་ནི། དཔེར་ན། «ཁེར་འདུག་གི་ཁེར་ལབ»ལས“རང་ངོ་ཤེས་པའི་ཁེར་རྐྱང་གིས། །སེམས་ཀྱི་བདེ་བ་སླར་བོས་ནས། །ནང་གི་རང་ཞལ་དངོས་མཐོང་ནས། །སྦས་པའི་སྟོབས་ཤུགས་ཁོང་ནས་བརྡོལ། །”ཞེས་པ་དང་། “ཁེར་རྐྱང་འཚོ་བའི་མངར་ཁ་གང་། །ཉམས་ལེན་ཤེས་ན་བདེ་བའི་རྒྱུ། །ལྡོག་ན་གོལ་འི་ལམ་ཁ་ནས། །མི་བཟོད་སྡུག་གི་སྣེ་ལ་འདོགས། །”ཞེས་པ་ལྟ་བུ་བྱུང་ཡོད། ཡང་དཔེར་ན། «རྨི་ལམ་གྱི་ཁ་དོག»ཅེས་པའི་སྙན་ཚིག་ཏུ“མདང་ནུབ་རྨི་ལམ་ཕྱིར་འོངས་མེད་པ་ལྟར། །སྔར་སོང་ཐམས་ཅད་དྲན་ཡུལ་ཙམ་ལས་མེད། །དེ་བཞིན་ད་ལྟ་མ་འོངས་དུས་གང་ཡང་། །གྲིབ་སོ་བཞིན་དུ་ཕར་ཕར་ཟད་ནས་འགྲོ། །”ཞེས་པ་དང་། “སད་ཅིག་སད་ཅིག་རྨི་ལམ་བདེན་འཛིན་གྱི། །འཁྲུལ་སྣང་སྒྱུ་མའི་རུམ་ནས་ད་སད་ཅིག །ཤེས་རབ་གོ་མཚོན་རྣོན་པོའི་སོ་ཁ་ནས། །གཟུར་གནས་འོད་ཀྱི་རང་མདངས་དཔལ་འབར་ཤོག །”ཅེས་ཉམས་རྟོགས་ཀྱི་ཚུལ་ལས་བརྩམས་ཏེ་གདམས་ངག་སློབ་གསོའི་ཆ་ཡང་དངོས་ཤུགས་གང་རུང་ནས་བསྟན་ཡོད།
བཞི། «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་སློབ་པ་ལམ་གྱི་གནས་སྐབས།
ཡང་སྙན་ངག་འདི་དག་ལ་བལྟས་ཡོང་ན། རྩོམ་མཁན་ཁོང་ནི་སློབ་གསོའི་ལས་ཀ་སྒྲུབ་མཁན་ཞིག་ཡིན་པ་ཤེས་ཡོང་བ་སྟེ། སྙན་རྩོམ་ཁག་ཏུ་དགེ་རྒན་དང་སློབ་མ། ཁྱིམ་བདག སློབ་དེབ། དགེ་གྲོགས་དང་སློབ་གྲོགས། དཔེ་ཀློག་སོགས་དང་དམ་དུ་འབྲེལ་བའི་བརྗོད་བྱ་ཅི་རིགས་མིག་ལ་ཐོགས་ཡོང་། ཁྱད་པར་དུ«དགེ་རྒན་གྱི་བློ་སྦྱོང»དང་། «སློབ་མའི་བློ་སྦྱོང་སུམ་ཅུ་བ» «ཁྱིམ་བདག་གི་བློ་སྦྱོང» «དཔེ་ཀློག་ནི་ཚེ་གང་གི་ཉམས་ལེན་ཡིན» «དུག་གིས་ཟོས་པའི་སློབ་དེབ» «ངའི་དགེ་རྒན་དང་སློབ་གྲོགས་ཚོ» «ང་ཚོའི་འཚར་ལོངས» «གསེར་ས་ན་ཡོད་ཀྱང་འོད་གནམ་ཡིན»ཞེས་པའི་སྙན་རྩོམ་འདི་དག་ལས་ད་གཟོད་སློབ་གསོའི་ལས་རྐང་ལ་འབད་འཐབ་བགྱིས་པའི་རྩོམ་པ་པོ་ཁོང་གི་སློབ་སྒྲུབ་ཀྱི་ཉམས་མྱོང་དང་བསླབ་བྱ། དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་དང་འབྲེལ་བའི་ཐོས་བསམ་གྱི་ཆེ་བ། སློབ་མའི་སློབ་གཉེར་དང་འབྲེལ་བའི་གདམས་ངག་གི་ཆེ་བ་སོགས་ཉམས་མྱོང་ལ་སྦྱར་ནས་བྲིས་ཡོད། ཁྱད་པར་དུ་ཐོས་བསམ་ལ་ཇི་ལྟར་གཞོལ་དགོས་པ་དང་དགེ་རྒན་ཇི་ལྟར་བསྟེན་དགོས་པ། མི་གཞི་ཀུན་སྤྱོད་ཡར་ལྡན་དུ་འཕེལ་ཐབས་སོགས་སྣ་སྒོ་མོ་ནས་ཤ་ཚའི་གདམས་ངག་དང་མི་ཚེའི་ལམ་སྟོན་མཛད་ཡོད་པ་ཅིག་ཅར་གྱིས་རྟོགས་ཡོང་།
དེ་མིན་ད་དུང་སློབ་གསོའི་ངོས་གཅིག་ནི་ཁྱིམ་ཚང་སློབ་གསོ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་རྐྱེན། ཟུར་དེ་ནས་ཀྱང་རྩོམ་མཁན་གྱིས་ཁྱིམ་བདག་གི་བློ་སྦྱོང་བསྐྱེད་ཐབས་ཀྱི་རིམ་པ་སོགས་ཁ་གསལ་ཞིང་གོ་བདེ་བའི་ཚུལ་གྱིས་བྲིས་ཡོད་ལ། སློབ་མའི་ཕྱི་ནང་གི་ཡོན་ཏན་འཕེལ་བར་ཐབས་སྒོ་དུ་མ་ནས་ཁྱིམ་བདག་ལ་ཕྱོགས་སྟོན་མཛད་ཡོད། ཡང་གཅིག་བཤད་ན་ཚུལ་འདི་དག་གིས་སློབ་མ་དཔེ་ཀློག་ལ་སྐུལ་ཞིང་དཔེ་ཀློག་དོན་ལྡན་དུ་ཡོང་བར་མཛུབ་ཁྲིད་བྱས་ཡོད།
ལྔ། «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་རིག་གནས་ཀྱི་ཡིད་རྟོན་འཕེལ་བའི་ལེའུ།
རྩོམ་པ་པོ་ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཚིགས་བཅད་སྙན་རྩོམ་འདི་དག་ལས་བརྗོད་གཞི་གཅིག་ལྷང་ལ་བུད་ཡོང་བ་ནི། རང་གི་རིག་གནས་དང་དབྱངས་གསལ་ལ་དུངས་ཞེན་ཆེ་ཞིང་ཡིད་རྟོན་འཕེལ་བའི་ཚུལ་དེ་ཡིན། དཔེར་ན། ཁོང་གིས་བྲིས་པའི«གངས་ཅན་རིག་གནས་ཀྱི་གཟི་བྱིན»དང«ཕོ་བྲང་པོ་ཏ་ལ» «དབྱངས་གསལ་གྱི་བྱིན་རླབས» «ཏུན་ཧོང་བྲག་ཕུག་གི་ན་ཟུག»སོགས་ཀྱིས་རང་གི་སྐད་དང་ཡི་གེ། རིག་གནས་ལོ་རྒྱུས། ཆོས་སྲིད་ཀྱི་བྱ་བ་མཐའ་དག་གི་གཟི་བྱིན་ལ་སྨོན་པ་ཤོར་ཞིང་དེ་ལ་ཡིད་མཉེས་པའི་ངང་ཚུལ་བསྟུན་མར་ཐོན་ཡོད་པ་དང་། སྐད་ཡིག་གི་ཟུངས་ཁྲག་རུས་པའི་རྐང་ལ་བྲིས་ཏེ་ཤེས་རིག་གི་རྒྱལ་མཚན་མཁའ་རུ་བསྒྲེང་བའི་སྔོན་བྱོན་མེས་པོ་དག་གི་ཐུགས་དགོངས་ཀྱིས་སེམས་ལ་དཔའ་གདེང་དང་ཡིན་རྟོན་གནང་ཡོད་པ་སྟེ། «གངས་ཅན་རིག་གནས་ཀྱི་གཟི་བྱིན»ལས“མེས་པའི་བློ་གྲོས་འབར་བའི་མེ་ལྕེ་ཡིས། །རིག་པའི་གསང་གནད་ཕུག་པའི་མན་ངག་སྟོང་། །ཡིག་རིས་རྩལ་ལ་ཤར་བའི་མེ་ལོང་ཞིག །གཡའ་བྲལ་རང་དག་འཛམ་གླིང་ཕྲག་ནས་བཀྱེས། །”ཞེས་པ་དང་། “གནམ་གྱིས་ས་ཆེན་བཀབ་པའི་མཁས་གྲུབ་སྟོང་། །རིག་མཛོད་རྒྱལ་ཐབས་ཟིན་པའི་མངའ་ཐང་གིས། །སྐུ་ཚེ་གསེར་མདོག་ལྡན་པའི་གཡུང་དྲུང་རིས། །ལོ་རྒྱུས་དཀྱིལ་འཁོར་ཆེན་པོའི་གདོང་ལ་བྲིས། །”ཞེས་པ་ལྟ་བུ། ཡང“འཛམ་གླིང་ཤར་ནུབ་རིག་གནས་སྟོང་འབར་དབུས། །རྒྱལ་མཚན་ཏོག་གིས་མཛེས་པའི་གངས་རྒྱན་གདུགས། །གྲིབ་བསིལ་ཁོར་ཡུག་སྣུམ་པོའི་ངོ་མཚར་དཔྱིད། །མི་འགྱུར་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག །”ཅེས་པ་ལྟ་བུའི་རང་གི་རིག་གནས་ཀྱི་གཟི་དཔལ་མཐོང་ཞིང་ཡེད་ཕེར་བའི་ཉམས་ཐོན་ཡོད་པ་ཤེས་ཐུབ།
«དབྱངས་གསལ་གྱི་བྱིན་རླབས»ཞེས་པར་སྐད་དང་ཡི་གེའི་བརྡ་ཐབས་ཁྱད་པར་བ་འདིའི་ཆེ་བ་ངོས་ཟིན་ཞིང་འདི་ནི་ཚེ་སྲོག་གི་ཟུངས་ཁྲག་གསོ་བའི་སྨན་དང་འཛམ་གླིང་རིག་གནས་ཀྱི་དཀྱིལ་དབུས་སུ་འོད་དུ་འཚེར་བའི་སྐད་ཆེན་ཞིག་ཡིན་པའང་དོན་དུ་ངོས་ཟིན་ཡོད། ཁྱད་པར་དུ་རྩོམ་མཁན་རང་ནས་ཀྱང་སྐད་དང་ཡི་གེའི་བྱིན་རླབས་འདི་རྒྱུད་ལ་འཇགས་པར་བྱས་ཏེ་བཀོལ་སྤྱོད་ཀྱི་ཆ་ནས་ཚེ་གང་གི་དམིགས་བྱ་ཉག་གཅིག་ཡིན་པ་འདི་ལྟར་བྲིས་ཡོད་པ་སྟེ། “ཤ་རུས་རྐང་ལ་ཐིམ་པའི་བོད་ཡིག་འདི། །བསྲུང་བཟློག་རྡོ་རྗེ་འཁོར་ལོའི་འབྲལ་སྤང་ཡིན། །ཆག་མེད་ངག་ལ་ཟློ་བའི་ཁ་ཏོན་ཡིན། །དམིགས་གཏད་གཡོ་མེད་ཟིན་པའི་ཡི་དམ་ཡིན། །”ཞེས་བརྗོད་ཡོད་པ་དང་། ད་དུང“རང་ངོ་ཤེས་ན་བདུད་རྩི་རང་འབབ་མཛོད། །མ་ཤེས་ནག་པོའི་གོལ་ལམ་ལྟུང་བའི་མཐའ། །བདེན་དོན་ཉི་མ་རང་ཤར་རིག་གནས་གཅིག །གངས་རིའི་ཞིང་ནས་འཛམ་གླིང་དགུང་ལ་འཕགས། །”ཞེས་གཏད་ཀྱི་དམིགས་བྱ་དང་འདུན་མ་བསྟན་ཡོད། འདི་དག་ལས་ད་གཟོད་རྩོམ་མཁན་ཁོང་ནི་རང་གི་སྐད་དང་ཡི་གེའི་རྟེན་གཞིར་གྱུར་བའི་རིག་གནས་ལ་དགའ་བ་དང་དུངས་པ་ཟད་མེད་པ་ཞིག་ཡོད་ཅིང་། འདི་ལས་རང་གི་རིག་གནས་ལ་ཡིད་རྟོན་ཆེ་བའང་རྟོགས་ཡོང་།
དྲུག «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་ཕ་ཡུལ་གངས་ལྗོངས་ལ་ཐིམ་པའི་བརྩེ་བ།
དེ་མིན་ཁོང་གི་ཚིགས་བཅད་སྙན་ངག་དག་ལས་མཆེད་ཡོང་བའི་ངོས་གཅིག་ནི་ཕ་ཡུལ་གངས་ལྗོངས་དང་གངས་ལྗོངས་ཀྱི་ས་གཞི་རུ་འཚོ་ཞིང་བཞེས་པའི་རིགས་གཅིག་སྤུན་ཟླ། དེ་དག་གི་འཚོ་རྟེན་དུ་གྱུར་བའི་རི་ཆུ་ནགས་གསུམ་བཅས་ཡིན་པའང་དངོས་ཤུགས་གང་རུང་ནས་རྟོགས་ཡོང་། དཔེར་ན། «བོད་དུ་སྐྱེས་པའི་བསོད་ནམས»དང«ཕ་ཡུལ་གྱི་རི་ཆེན་དེ» «ཁེར་རྐྱང་གི་ལུག་རྫི་ཞིག» «ལྕགས་ཟམ་རྫོང་གི6.8»«གནམ་མཚོ་ཕྱུག་མོའི་ངོགས་ནས་ལུས་པའི་དྲན་ཤིང» «ཕ་ཡུལ་གྱི་ཆུ་མིག»སོགས་ཀྱིས་ཕ་ཡུལ་གངས་ལྗོངས་ལ་དགའ་བའི་སེམས་འདུན་དེ་མངོན་པར་བསྟན་ཡོད། དགའ་བ་ཙམ་ཡང་མ་ཡིན་པར་དགའ་བ་ལ་རྒྱུ་མཚན་དང་གནས་ལུགས་ཡོད། ཁྱད་པར་དུ་བོད་ཅེས་པའི་མི་རིགས་ཤིག་གི་རིག་གནས་དང་བླ་སྲོག་གིས་རང་ཉིད་ལ་ཚེ་སྲོག་གི་གསོན་ཤུགས་བསྐྲུན་པའི་བླ་མེད་ཀྱི་རིན་ཐང་དེ་ངོས་ཟིན་ཡོད། དཔེར་ན། «བོད་དུ་སྐྱེས་པའི་བསོད་ནམས»ལས“སྐྱེ་བ་སྔ་ཕྱིར་རྟོན་པའི་དམ་ཚིག་ཡོད། །རྒྱུ་འབྲས་ཚུལ་བཞིན་བརྩི་བའི་དད་པ་ཡོད། །དགེ་སྡིག་བླང་དོར་ཤེས་པའི་ལྟ་བ་ཡོད། །བོད་དུ་སྐྱེས་པའི་བསོད་ནམས་ཨེ་མ་ཧོ། །”ཞེས་པ་དང་། “རུས་རྒྱུད་བཙུན་པའི་ཕ་སྐད་གཙང་མ་ཡོད། །ལུགས་གཉིས་ལག་རྩེར་འགྲུབ་པའི་དབྱངས་གསལ་ཡོད། །གཙུག་ལག་གན་མཛོད་ལྔ་རིག་ཕུགས་ནོར་ཡོད། །བོད་དུ་སྐྱེས་པའི་བསོད་ནམས་ཨེ་མ་ཧོ། །”ཞེས་པ་ལྟ་བུ། ཡང“མཁྱེན་བརྩེ་འོད་དུ་འབར་བའི་སེམས་དཔའ་ཡོད། །ཚེ་གཅིག་ཟུང་འཇུག་གྲུབ་པི་རྣལ་འབྱོར་ཡོད། །མདོ་རྒྱུད་རྒྱ་མཚོའི་སྨྲ་བའི་དབང་ཕྱུག་ཡོད། །བོད་དུ་སྐྱེས་པའི་བསོད་ནམས་ཨེ་མ་ཧོ། །”ཞེས་པ་སོགས་ཀྱིས་རང་ཉིད་གངས་ལྗོངས་ཀྱི་རིག་གནས་དང་བཅས་པར་དགའ་བའི་གནས་ལུགས་དེ་བདེན་པར་སྤྲད་ཡོད།
ད་དུང་ཕ་ཡུལ་གངས་ལྗོངས་སུ་སྟོབས་ཀྱིས་འགྱིངས་བའི་རི་བོ་དང་ལྷོད་ཀྱིས་བཞུར་བའི་ཆུ་བོ། དེ་གཉིས་ཀྱི་རིག་གནས་ཀྱི་གོ་བབ་ལ་ཞུམ་མེད་ཀྱི་བློ་སྤོབས་རྒྱས་ཡོད་པ་སྟེ། དཔེར་ན། «ཕ་ཡུལ་གྱི་རི་ཆེན་དེ»ཞེས་པ་ལས“སྐྱིད་སྡུག་སྐྱབས་འཇུག་འགྲུབ་པའི་བླ་རི་ཡིན། །འགོ་བའི་ལྷ་གཉན་སྲུང་བའི་གནས་རི་ཡིན། །འགལ་རྐྱེན་ཉམ་ང་བཟློག་པའི་རྒྱབ་རི་ཡིན། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོའི་དབེན་རི་ཡིན། །”ཞེས་འབྱུང་ཡོད། ཡང་སེམས་ལྡན་ལ་སྦྱར་ནས་རི་བོའི་ཆེ་བ་མངོན་པར་བསྟད་ཡོད་པ་སྟེ། “དུས་ཀྱི་གཙང་པོ་བརྒལ་ནས་ཁོ་ལག་རྫོགས། །གནམ་སའི་ལོ་རྒྱུས་སྟོང་གི་དཔང་བོར་སད། །མ་འོངས་རྒྱང་ལ་ལྟ་བའི་ཐང་སྟོང་ན། །ཚེ་སྲོག་རླུང་ལ་གཙུབ་ཀྱང་སོ་ན་གནས། །”ཞེས་པ་དང་། འུད་ཆེན་པོ་ལ་སྦྱར་ནས་རི་བོའི་ཆེ་བ་བསྟད་པ་གཞན་ཞིག་ནི“ནོར་འཛིན་བདག་མོས་སྤྲུལ་བའི་ལྷ་སྲུང་ཞིག །རང་བྱུང་དགྲ་དཔུང་གཏུམ་པོའི་ཁ་གནོན་ལ། །རྡོ་རྗེའི་ཕུར་བ་ས་ལ་བཏབ་པ་འདི། །གོ་ལའི་སྒལ་བར་འབྱར་ནས་དགུང་ལ་ཟུག །”ཅེས་པ་སོགས་སྐད་ཆའི་བརྗོད་ཐབས་ལ་ཉམས་རྩོལ་མེད་དུ་རྫོགས་པའི་ཁམས་འདིས་སྙན་ངག་ལ་ཟད་མེད་ཀྱི་མཛེས་སྡུག་དང་རྩོམ་པ་་པོ་སྔར་ལས་གངས་ལྗོངས་ཀྱི་རི་བོ་དང་ཆུ་བོ་ལ་དུངས་པ་ཟབ་པའི་གནས་ལུགས་ལ་ངེས་ཤེས་འདྲེན་ཐུབ་བོ། །
ཡང་ཕ་ཡུལ་གངས་ལྗོངས་ཀྱི་རི་ལུང་གང་ཞིག་ཏུ་ཉམས་ཆག་གི་འཇིགས་པ་ཡོད་ན་དེ་རུ་སྐྱིད་སྡུག་མཉམ་དུ་གཤིབ་པའི་འདོད་བློ་མཆིས་ཤིང་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱི་ཐག་བསྟན་པའི་ཚུལ་ཡང་ཡོད་དེ། དཔེར་ན། «ལྕགས་ཟམ་རྫོང་གི6.8»ཞེས་པའི་སྙན་ངག་འདི་ཆེད་དུ་དཀར་མཛེས་ལྕགས་ཟམ་རྫོང་གི6.8ཅན་གྱི་ས་འགུལ་ཁྲོད་ཀྱི་མི65རྐྱེན་ལམ་དུ་ཤོར་བ་ལ་བསྔོ་སྨོན་གྱི་ཚུལ་དུ་གདུངས་སེམས་བསྟན་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ།
བདུན། «རྨི་ལམ་གྱི་ཁ་དོག»ལས་བྱུང་བའི་རྒྱལ་ཁམས་བདེ་སྐྱིད་ཀྱི་སྨོན་ལམ།
ཚིགས་བཅད་སྙན་ངག་འདིའི་སྤྱིའི་བབ་ལ་བརྟགས་ནས་མཚམས་འདིར་ཐོན་ཚེ། སྙན་ངག་ཏུ་ཡང་རང་བཞིན་གྱིས་མཇུག་བསྡུའི་གཏམ་དུ་གྱུར་བ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པའི་བརྗོད་གཞི་འགངས་ཆེ་བ་ཞིག་ཡོད་པ་ནི། «གོ་ལ་གཅིག་གི་མངའ་འབངས»དང«རྒྱལ་ཁམས་རྟག་ཏུ་བདེ་བའི་སྨོན་ལམ་འཆི་མེད་གཡུལ་ལས་རྒྱལ་བའི་རྔ་སྒྲ»ཞེས་པ་གཉིས་ཡིན། སྙན་ངག་འདི་གཉིས་ནི་རྩོམ་པ་པོའི་སྙན་ངག་གི་དགོངས་པ་དང་ཟབ་ཁྱད་ཆེ་རུ་བསྐྱེད་པའི་ཐུན་མོང་རིང་ལུགས་ཀྱི་བརྩེ་བ་ཟབ་པའི་སྙན་ངག་མཉེས་གཤིན་ཅན་ཞིག་ཡིན་པ་ཤེས་ཡོང་། སྙན་ངག་ལས་ཀྱང་རྒྱལ་ཁམས་བདེ་ཞིང་སྐྱིད་པ་དང་གོ་ལའི་ཁྱོན་ལ་ཚེ་སྲོག་གི་དབྱངས་རྟ་ཕྱོགས་བཅུར་ཁྱབ་པའི་སྐྱེ་འགྲོ་ཡོད་དོ་ཅོག་གཞི་གཅིག་ཅན་དུ་འདྲེས་ཐུབ་པའི་རྒྱ་ཆེན་གྱི་སྨོན་ལམ་བཏབ་ཡོད། དཔེར་ན།«གོ་ལ་གཅིག་གི་མངའ་འབངས»ལས“ཤར་ནུབ་གླིང་གི་ཡུལ་གྲུ་ཐ་དད་ཀྱང་། །གོ་ལ་གཅིག་གི་གཞིས་ན་འཚོ་བ་ཀུན། །རང་དབང་བདེ་སྐྱིད་ལྡན་པའི་ལོངས་སྤྱོད་ལ། །མཉམ་མྱོང་སྐལ་བཟང་ཉིན་བྱེད་དགུང་ནས་ཤར། །”ཞེས་པ་དང་ “ གླིང་དང་མཚོ་ཆེན་འདྲེས་པའི་ལག་འཁྱུད་ཀྱིས། །གནམ་ས་གཉེན་དུ་བསྡེབས་པའི་སྟོན་ཐོག་ནས། །འཛམ་གླིང་མཐུན་པའི་ཕྱག་རྒྱ་བསྡམས་པ་ན། །ས་གསུམ་གཡུལ་རྒྱལ་རྔ་གསང་ངང་གིས་ལྡིར། །”ཞེས་པ་ལྟ་བུ་དང་། «རྒྱལ་ཁམས་རྟག་ཏུ་བདེ་བའི་སྨོན་ལམ་འཆི་མེད་གཡུལ་ལས་རྒྱལ་བའི་རྔ་སྒྲ»ཞེས་པར“སེམས་ཅན་སྤྱི་མཐུན་ལས་ཀྱི་འཛམ་གླིང་དུ། །རིགས་ཀུན་ཁྱིམ་གཅིག་མཐུན་པའི་ནང་མི་བཞིན། །རྫོགས་ལྡན་སྡེ་བཞིའི་དཔལ་གྱི་དགའ་སྟོན་ལ། །ལྷན་ཅིག་རོལ་བའི་སྐལ་བཟང་རབ་བརྟན་ཤོག །”ཅེས་པ་དང“ལོ་ཕྱུགས་ནོར་འཕེལ་ཚེ་རིང་ནད་མུག་མེད། །མི་མཐུན་འཁྲུག་རྩོད་དུས་ཀྱི་རྒུད་པ་ཞི། །རྒྱལ་དར་འབངས་སྐྱིད་མཐོ་རིས་དགའ་སྟོན་སྤྱོས། །འདོད་རྒུ་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །”ཅེས་པ་འདི་དག་གིས་ད་གཟོད། རྩོམ་པ་པོའི་མཐོང་ཡངས་པའི་རིག་གནས་ཀྱི་གོ་རྟོགས་དང་རྒྱལ་ཁམས་བདེ་སྐྱིད་ལ་སྨོན་ལམ་གྱི་མཐའ་དཀར་བའི་ཉམས་སྣང་དེ་རང་བཞིན་གྱིས་ཤེས་ཡོང་།
མཇུག་བསྡུ་བའི་གཏམ།
མདོར་ན། ཁྱབ་གདལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ཚིགས་བཅད་སྙན་དེབ«རྨི་ལམ་གྱི་ཁ་དོག»ཅེས་པའི་སྙན་ངག་འདི་དག་གི་སྤྱིའི་བབ་ལ་བརྟགས་ན། སྙན་ངག་གི་དམིགས་པ་དང་བརྗོད་དོན་ནི་གོང་དུ་ཚན་པ་བདུན་གྱི་ལམ་ནས་དབྱེ་ཞིབ་ཕྲན་ཙམ་བགྱིས་པ་ལྟར། གསུང་མཆོད་པའི་ལེའུ་དང་དྲིན་དྲན་པའི་ལེའུ། ཉམས་རྟོགས་མགུར་ལ་དྲངས་པའི་ལེའུ། སློབ་པ་ལམ་གྱི་གནས་སྐབས། རིག་གནས་ཀྱི་ཡིད་རྟོན་འཕེལ་བའི་ལེའུ། ཕ་ཡུལ་གངས་ལྗོངས་ལ་ཐིམ་པའི་བརྩེ་བ། རྒྱལ་ཁམས་བདེ་སྐྱིད་ཀྱི་སྨོན་ལམ་བཅས་ཟུར་སོ་སོ་ལ་འཕྲོས་ཡོད་པས། བརྗོད་དོན་འདི་དག་གི་དངོས་ཤུགས་གང་རུང་ནས་རྩོམ་པ་པོ་ནི་རང་གི་རིག་གནས་ལ་ཡིད་རྟོན་ཆེ་ཞིང་མོས་པ་བླ་ལྷག་ཏུ་འཕེལ་ཡོད། འདི་ནི་ཁོའི་སློབ་གསོའི་རྒྱབ་ལྗོངས་དང་རིག་གནས་ཀྱི་བག་ཆགས་ལ་ཏན་ཏན་འབྲེལ་ཡོད་པར་འདོད། རྩོམ་སྤྱིའི་ཁྲོད་དུ་དེང་རབས་ཀྱི་བསླུ་བྲིད་ལ་གདུང་བས་མ་བཟོད་པར་མི་སྒེར་གྱི་ཚོར་བ་ཉི་ཚེ་བས་དུས་འདའ་བར་བྱས་པའི་རིགས་མ་ཡིན་པར། ང་ཚོའི་ད་ལྟའི་བསམ་བཀོད་ལས་བརྒལ་བའི་གསར་རྩོམ་གྱི་རྣམ་འགྱུར་བརྟན་པོ་དང་སྲོལ་རྒྱུན་རིག་གནས་ཀྱི་གཟུང་གཞུག་ཟབ་པའི་ཆེ་བ་མངོན་ཐུབ་ཡོད་པས། བརྗོད་དོན་ཁོ་ནས་ཡིད་ལ་སེམས་བསྐྱེད་ཀྱི་ཆེ་བ་དང་རང་གི་རིག་གནས་ཀྱི་གཟི་དཔལ་རང་གིས་ངོས་ཟིན་དགོས་པའི་གདེང་སྟེར་ཐུབ། ཁྱད་པར་དུ་མིག་མདུན་གྱི་ཁེ་ཕན་ཉི་ཚེ་བས་མདུན་དུ་སྐུལ་བའི་ད་ལྟའི་དུས་རབས་གསར་བ་དང་འཕྲུལ་ཆས་ཅན་གྱི་གོམ་སྟོབས་འདིའི་བསླུ་བྲིད་དང་གདུང་བ་སྣ་ཚོགས་སྙན་དེབ་ནང་ཇི་ལྟ་བ་བཞིན་བཀོད་པ་མ་ཡིན་པར། བརྗོད་བྱ་དེ་དག་ལས་བརྒལ་ཏེ་ཐོག་མར་རང་གིས་མཆོད་ཡུལ་དུ་གྱུར་བའི་བླ་མ་དང་མཁས་པའི་ཟབ་གསལ་མྱུར་བའི་མཁྱེན་སྟོབས་ཀྱི་ཡོན་ཏན་ངོས་ཟིན་པ། བར་དུ་རང་ཉིད་དང་ཤ་ཁྲག་གི་འབྲེལ་བའི་གྲུབ་པའི་ལྷག་བསམ་དང་སྙིང་རྗེའི་ཕྱུག་པའི་ཕ་མའི་དྲིན་ཚོར་བ། མཇུག་མཐར་རང་ཉིད་འཚོ་ཞིང་བཞེས་པའི་ཕ་ཡུལ་གངས་ལྗོངས་ཀྱི་ཆོས་སྲིད་རིག་གནས་དང་དེའི་གཞི་རྟེན་དུ་གྱུར་བའི་དབྱངས་གསལ་ལ་མཉེས་གཤིན་ཟབ་པའི་གདུང་བ་དེ་སྨོན་ལམ་ལ་བསྡུས་ཏེ་མཇུག་བསྐྱངས་ཡོད།
འདི་ལས་ད་གཟོད་ང་ཚོས་རྩོམ་པ་པོ་ནི་དུས་རབས་ཀྱི་མགྲིན་ཚབ་པ་ཡིན་ཞེས་པའི་བརྗོད་དོན་གྱི་ཟུར་ཞིག་ཀྱང་རྙེད་ཐུབ། གཞན་ཁོང་གི་སྙན་ངག་རྩོམ་སྲོལ་གྱི་སྦྱོར་བའི་ཐད་ནས་སྔོན་གྱི་རྩོམ་པའི་རྣམ་གཞག་གི་ཆེ་བ་འདུས་པའི་ཁྱད་ཆོས་ཡོད་ལ། སྙན་ངག་མེ་ལོང་མའི་རྒྱན་གྱི་མཛེས་སྡུག་སྣ་ཚོགས་དང་དུ་བླངས་པའི་ཉམས་ཀྱང་མཐོང་ཐུབ། ཁྱད་པར་དུ་སྙན་ངག་ཕལ་ཆེ་བ་ཚེག་བར་དགུ་མ་ལ་སྦྱར་ནས་བྲིས་ཡོད་པས། རྩོམ་པ་པོ་ཁོའི་རྩོམ་གཤིས་ཀྱི་ཆ་ནས་ཀྱང་ཚེག་བར་དགུ་མའི་སྦྱོར་ལུགས་འདི་ཁོའི་རྒྱུན་ཆགས་ཀྱི་འབྲི་ཐབས་དང་ཉམས་འདོན་ཡུལ་ཞིག་ཏུ་གྱུར་ཡོད། ཁོའི་སྙན་རྩོམ་གཞན་དུའང་ཚེག་བར་དྲུག་མ་དང་བདུན་མའི་ཚིགས་བཅད་ཀྱི་ཉམས་འདོན་སྟངས་སྤྱད་ཡོད་ཀྱང་ཚེག་བར་དགུ་མའི་ལུགས་ཀྱི་ཉམས་དེ་འདྲ་ཆེར་མི་ཡོང་བའི་ཚོར་བ་སྟེར། ཁོའི་སྙན་རྩོམ་ཕལ་ཆེ་བའི་ཚིག་ལ་བྱིན་ཆེ་ཞིང་ཆོད་ཆེ་བ། ཉམས་རྩོལ་མེད་དུ་འདུས་ཡོད་པས། སྐབས་རེར་ཚིག་ལ་དངོས་གནས་སྤྲོས་ཤོམ་ཆེ་ཨང་སྙམ་པའི་ཚོར་བ་ཡང་ནར་མར་སྟེར། མ་འོངས་པར་རྩོམ་པ་པོ་ཁོང་ནི་མུ་མཐུད་དུ་རྩོམ་ལུས་གཅིག་ལ་དམིགས་པ་གཏད་ནས་ཚིགས་བཅད་སྙན་ངག་གི་ཟད་མེད་ཀྱི་སྟོབས་ཤུགས་དང་འགུག་ལུགས་དེ་དག་ལ་ཡང་བསྐྱར་ཚོད་ལྟ་སྣ་ཚོགས་ཤིག་བྱ་རྒྱུའི་རེ་བ་ཆེ་ཞེས་ཀྱང་ཞུ་འདོད། །
༢༠༢༤ལོའིཟླ༡པའི་ཚེས༡༧ཉིན་གྲུབ།
འབྲེལ་ཡོད་འོས་སྦྱོར།