logo

བོད་ཀྱི་བརྩམས་སྒྲུང་གསར་རྩོམ་ལ་འདོན་པའི་དོན་སྙིང་།

རྩོམ་པ་པོ།:བདུད་ལྷ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-05 ཀློག་གྲངས།:
རྩོམ་རིག་གི་ལྟ་བའི་བསྒྱུར་བཅོས་ཀྱིས་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་ལ་འདོན་པའི་དོན་སྙིང་།
བདུད་ལྷ་རྒྱལ།
 
ནང་དོན་གནད་བསྡུས། བོད་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་རིག་གི་ལྟ་བའི་སྲོལ་རྒྱུན་དང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་མགོར་བོད་དུ་དེང་རབས་རྩོམ་རིག་ཆགས་སྐབས་ཀྱི་རྩོམ་རིག་གི་ཁོར་ཡུག་གཉིས་ཀྱི་མཉམ་འདྲེས་སྟོབས་ཤུགས་ཀྱི་འོག་ནས། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ལ་དགོས་ཕན་རིང་ལུགས་ཀྱི་ཤེད་ཤུགས་ཆེ་བར་གྱུར་ནས་ཡོད། ཐད་ཀར་བའི་དགོས་པ་དོན་དུ་གཉེར་ཆེ་བའི་གོ་རིམ་ཁྲོད་ནས། རྩོམ་རིག་མི་སེམས་དང་མི་གཤིས་ལ་འཇུག་པའི་གོ་སྐབས་ཁེགས་པར་གྱུར་བས། རྩོམ་རིག་གི་མཛེས་རིག་རིན་ཐང་མངོན་དཀའ་བར་འགྱུར། འདི་ནི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་གནད་དོན་ཆེན་པོ་ཞིག་ཡིན། དེ་བས། སྔ་མའི་བརྩམས་སྒྲུང་གསར་རྩོམ་གྱི་གནས་སྟངས་དང་ལྟ་བ་ལ་ཐོད་བརྒལ་བཟོས་ཏེ། རྩོམ་རིག་གི་དགོས་ཕན་རང་བཞིན་ཡོངས་སུ་དོར་བ་མ་ཡིན་པའི་སྟེང་ནས་བརྩམས་སྒྲུང་གི་ལྟ་བ་སྣ་མང་ཅན་གྱི་ལམ་དུ་བསྐྱོད་རྒྱུ་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན། དེ་ཡང་བྱེ་བྲག་ཏུ་བཤད་ན། ཐོག་མར་རྩོམ་པ་པོའི་ལྟ་ཀློག་གི་རྒྱ་ཇེ་ཆེར་བཏང་ཏེ། འཛམ་གླིང་བརྩམས་སྒྲུང་ལེགས་གྲས་དག་གི་བརྗོད་སྙིང་གི་ངོ་བོ་ལ་ཤེས་རྟོགས་ཡོང་བའི་སྒོ་ནས་རྩོམ་གྱི་བརྗོད་སྙིང་ནི་རང་གི་ལྟ་གྲུབ་ཁོ་ན་ཞིག་མིན་པ་དང་། རྩོམ་པ་པོས་ཀྱང་ནམ་ཡིན་ཡང་། རང་ཉིད་འདྲེན་པ་འམ་བློ་འབྱེད་པ་ཁོ་ན་ཞིག་གི་བརྟུལ་ཞུགས་བླང་བ་མ་ཡིན་པའི་ཚུལ་ཤེས་པའི་སྒོ་ནས། བརྩམས་སྒྲུང་གི་ལྟ་བ་ལ་ཡོ་བསྲང་ཡོང་བར་བྱ་དགོས། དེ་ནས་བརྩམས་སྒྲུང་ནི་བརྗོད་སྙིང་ཁོ་ནའམ་རྩོམ་པ་པོའི་ལྟ་གྲུབ་ཁོ་ན་སྟོན་པའི་ངག་གི་རིག་བྱེད་ཅིག་མིན་པར། དེ་ལས་ཀྱང་འཚོ་བའི་ཁྱབ་ཁོངས་ཡངས་སར་ཞུགས་སྟེ། མི་སེམས་ཀྱི་གཏིང་དང་མི་གཤིས་ཀྱི་ཟབ་ས་དང་། འཚོ་བའི་ཕ་རོལ་ལ་བསྙོབ་དགོས་པ་ཞིག་ཡིན་པའི་ཚུལ་ལ་ཤེས་རྟོགས་གསལ་བོ་ཡོང་བའི་སྒོ་ནས། བརྩམས་སྒྲུང་གི་ལྟ་བ་ལ་ཐོད་བརྒལ་ཡོང་བར་བྱ་དགོས།
གནད་ཚིག བརྩམས་སྒྲུང་གསར་རྩོམ། དགོས་ཕན་རིང་ལུགས། མཛེས་རིག

       དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་འགོར། བོད་དུ་དེང་རབས་རྩོམ་རིག་དར་བའི་དབང་དུ་བྱས་ན་ད་ལྟ་ལོ་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད། རྩོམ་རིག་ལོ་རྒྱུས་ཀྱི་ཆ་ནས་བཤད་ན་མི་ལོ་བཞི་བཅུ་ནི་རིང་རྒྱུ་མེད། ཡིན་ན་ཡང་། འདིའི་རིང་ལ་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་ཕྱིན་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་པར་བསྙོན་འདིང་མི་ནུས། བརྗོད་བྱ་སྣ་མང་དུ་གྱུར་བ་དང་། མཚོན་ཐབས་སྣ་མང་དུ་ཕྱིན་པ། བསམ་བློའི་ནང་དོན་གཏིང་ཇེ་ཟབ་དང་། རྩོམ་རིག་གི་མཛེས་རྟོག་རང་བཞིན་ཇེ་སྟུག་ཏུ་འགྲོ་བ་སོགས་ནི་འཕེལ་རྒྱས་འདིའི་རྟགས་མཚན་ཡིན།
       ཡིན་ན་ཡང་། མ་འོངས་འཕེལ་རྒྱས་ཀྱི་རེ་བའི་ངོས་ནས་དང་། འཛམ་གླིང་རྩོམ་རིག་གི་བར་ཐག་གི་ངོས་ནས་བཤད་ན། ད་དུང་ཤུགས་རྒྱག་དགོས་ས་མང་བོ་ཞིག་འདུགསྤྱིར་ན་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་གི་ལྟ་བའི་བག་ཆགས་ཀུན་གྱི་སེམས་ཁམས་ཀྱི་ངོར་སིམ་ཡོད་པ་དང་། དེའི་སྟེང་དུས་རབས་ཉི་ཤུ་བའི་སྨད་ནས་སྐབས་དེའི་ཀྲུང་གོའི་རྒྱ་ཡིག་གི་རྩོམ་རིག་གི་ལྟ་བ་གང་དེ་དང་ལེན་བྱས་ཏེ། བོད་ཀྱི་དེང་རབས་རྩོམ་རིག་གི་ལྟ་བ་ཐོག་མར་ཆགས་པ་གཉིས་ལ་གཞི་མཐུན་གྱི་ཆ་ཡོད་པས། དེ་ལྟའི་སྲོལ་རྒྱུན་གསར་རྙིང་གཉིས་ཀྱི་རྩོམ་རིག་གི་ལྟ་བ་དང་མཛེས་རྟོག་གི་ལྟ་བ་རྨང་གཞིར་བྱས་པའི་ཁྱུམ་ལས། ཕལ་ཆེར་ད་ལྟའི་རྩོམ་རིག་གསར་རྩོམ་གྱི་རྣམ་པ་འདི་ཙམ་ལས་ཐོད་བརྒལ་ཆེ་བའི་གྲུབ་འབྲས་ཆེས་ཆེན་པོ་ལེན་དཀའ་སྙམ། ཡང་ན་དེ་ལྟའི་རྩོམ་རིག་གི་ལྟ་བའམ་མཛེས་རྟོག་གི་འཁྱེར་སོ་ཡི་ཚད་གཞིའི་སྟེང་ནས་བསམ་ན། དེང་གི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་ཚད་མཐོ་ཤོས་སུ་ཕྱིན་ཡོད་པས་ན། མ་འོངས་པའི་རྩོམ་རིག་གི་འཕེལ་རྒྱས་དེ་ནི་ངེས་པར་དུ་སྔར་ཡོད་ཀྱི་རྩོམ་རིག་གི་ལྟ་བ་དང་མཛེས་རྟོག་གི་འཁྱེར་ཕྱོགས་ལ་ཐོད་བརྒལ་མ་བྱས་ན་འཕེལ་རྒྱས་ཆེན་པོ་འབྱུང་དཀའ་བའི་གནས་སུ་གྱར་འདུག་སྙམ།
       སྲོལ་རྒྱུན་གྱི་རྩོམ་རིག་གི་ལྟ་བས་རྩོམ་རིག་གིས་མི་དང་སྤྱི་ཚོགས་ལ་གོ་ཆོད་དགོས་པར་འདོད་དེ། བསྟན་བཅོས་གང་ལའང་དགོས་པ་གཙོར་བྱས་པའི་དགོས་སོགས་ཆོས་བཞི་ནི་མེད་མི་རུང་བ་ཡིན། དགོས་པའམ་མི་ལ་གོ་ཆོད་ཚུལ་དེ་ཡང་རྩོམ་པ་པོས་ཡང་དག་པའི་ལྟ་བ་ཞིག་ཀློག་པ་པོ་རྣམས་ལ་བསྟན་ཏེ་ཀློག་པ་པོའི“བློ་སྒོ་འབྱེད”པར་བྱེད་པ་དེ་ཡིན་པར་འདོད། ཡང་དག་པའི་ལྟ་བ་དེ་ཡང་བསྟན་བཅོས་ཀྱི་ཁྲོད་ན་ཡོད་པའི་ཐུན་མོང་གི་བསམ་བློ་ཞིག་རེད། དཔེར་ན་འཆི་བ་མི་རྟག་པ་དང་། ངེས་འབྱུང་གི་བསམ་བློ་ལྟ་བུ་སོགས། ལོ་རབས་བརྒྱད་བཅུ་བའི་ནང་དང་ལེན་བྱས་པའི་རྩོམ་རིག་གི་ལྟ་བ་དེ་བསམ་བློའི་ནང་དོན་གྱི་ངོ་བོ་མཐོང་ཆོས་དང་འདི་སྣང་འཇིག་རྟེན་དུ་ཁ་ཕྱོགས་བསྒྱུར་ཏེ་རྩོམ་རིག་གི་ནང་དོན་ལ་འཕོ་འགྱུར་བྱུང་བ་ཞིག་ལས། མི་དང་སྤྱི་ཚོགས་ལ་གོ་ཆོད་དགོས་པར་འདོད་པའི་དགོས་ཕན་རིང་ལུགས་ཀྱི་ཆ་ནས་སྲོལ་རྒྱུན་རྩོམ་རིག་གི་ལྟ་བ་དང་འདྲ་ཆེ། ཁོས་འདོད་པའི་གོ་ཆོད་ཚུལ་ནི་འཇིག་རྟེན་པའི་འཚོ་བའི་ཐད་ཀྱི་ཡང་དག་པའི་ལྟ་བ་ཞིག་ཀློག་པ་པོ་རྣམས་ལ་བསྟན་ཏེ། ཀློག་པ་པོའི་བློ་འབྱེད་དགོས་པར་འདོད། གནའ་དེང་གི་རྩོམ་རིག་གི་ལྟ་བ་འདི་གཉིས་ཀར་འདུ་ཤེས་འཛིན་སྟངས་ཀྱི་ཤེད་ཤིན་ཏུ་ཆེ། གང་ལྟར་གནའ་དེང་གི་རྩོམ་རིག་གང་ཡིན་ཡང་། རྩོམ་པ་པོ་ནི་བློ་འབྱེད་པ་པོ་དང་། ཀློག་པ་པོ་ནི་བློ་འབྱེད་བྱའི་ཡུལ་དང་། རྩོམ་པ་པོ་ནི་འདྲེན་པའམ་སྟོན་པ་དང་། ཀློག་པ་པོ་ནི་གདུལ་བྱའམ་དྲངས་བྱ་ཡིན་པའི་རྩོམ་པ་པོ་དང་ཀློག་པ་པོའི་འབྲེལ་བའི་ངོས་འཛིན་ནི་གཅིག་མཚུངས་ཡིན། ཀློག་པ་པོ་ལེགས་ལམ་དུ་འཛུད་པ་ཁོ་ན་དམིགས་སུ་འཛིན་པའི་སྐབས་ནས། བསམ་བློ་དང་ལྟ་གྲུབ་ཁོ་ན་གལ་གནད་དུ་གྱུར་བ་འདིས་ཕྱི་དོན་གྱི་མ་གཞིའི་འཚོ་བ་ལ་གཞོལ་བ་ཡལ་བར་བོར་ཏེ། བརྩམས་སྒྲུང་རང་ཉིད་བསམ་བློ་ཁོ་ན་ལ་ཞབས་འདེགས་ཞུ་བ་དང་། ལྟ་གྲུབ་བམ་གོ་དོན(概念)གང་ཞིག་གི་གསལ་བྱེད་དུ་འགྱུར་ངེས་ཡིན།
       དེ་འདྲ་ཡིན་ན། བརྩམས་སྒྲུང་ལས་མཐོང་ཐུབ་པ་ནི་རྩོམ་པ་པོའི་ལྟ་གྲུབ་ཡིན་པ་ལས། སྤྱི་ཚོགས་དང་ལོ་རྒྱུས་རིག་གནས་སོགས་ཡིན་མི་ཐུབ། བརྩམས་སྒྲུང་གང་ཞིག་ལ་རྩོམ་པ་པོའི་བསམ་བློ་མ་གཏོགས་པའི་ལོ་རྒྱུས་དང་སྤྱི་ཚོགས་དང་མི་བུ་སོགས་ཀྱི་འཚོ་བའི་ལྟད་མོ་ཕུན་སུམ་ཚོགས་པ་མེད་དུས། རྩོམ་པ་པོའི་བསམ་བློ་ནི་ཚད་ཡོད་ཅིག་ཡིན་པས་དེ་ནི་སུན་སྣང་འབྱུང་སླ་བའི་ལྟད་མོ་ཞིག་ལས་མ་འདས་པས། དེ་ལ་མཛེས་རྟོག་གི་སུན་སྣང་ཞེས་སུ་འབོད། ནང་སྒོས་སུ་བརྩམས་སྒྲུང་གི་བསྟན་བྱ་སྟེ་རྩོམ་པ་པོའི་བསམ་བློའམ་ལྟ་གྲུབ་དེ་ཡང་གསར་བཤད་མེད་པ་དང་། མཐོང་སྣེ་གསར་བ་ཞིག་ནས་སྤྱི་ཚོགས་སམ་དོན་དག་ལ་བལྟས་པ་མིན་པར། ཀུན་ཤེས་ཀྱི་གཙོ་རྒྱུགས་ཀྱི་ལྟ་གྲུབ་ཅིག་ལས་མ་འདས་པ་ཡིན་ན། བརྩམས་སྒྲུང་དེར་སྒྱུ་རྩལ་གྱི་ངོས་ནས་མ་ཟད་ནང་དོན་གྱི་ཐད་ནས་ཀྱང་རིན་ཐང་ཆེན་པོ་ཡོད་མི་ཐུབ། རྒྱའི་རྩོམ་རིག་སྨྲ་བ་ཞིག་གིས་བཤད་རྒྱུར། “བསྙོན་འདིང་མི་ཐུབ་པ་ཞིག་ནི། རྩོམ་རིག་འཚོ་བའི་ལམ་ཁྲིད་དུ་བྱེད་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གིས་རྩོམ་པ་པོ་ལ་ཐུན་མིན་གྱི་འགན་འཁྲི་ཞིག་བསྐྱོན་པས། རྩོམ་པ་པོའི་སེམས་སུ་ཀློག་པ་པོ་དག་ལ་གང་ཞིག་གདམས་རྒྱུ་མ་བརྗེད་དམ་དུ་འཆང་ནས། བསམ་བློའི་བརྒྱུད་སྒྲོག་ལ་གལ་ཆེན་དུ་བྱེད་པར་གྱུར་ཀྱང་། རང་གིས་བརྒྱུད་སྒྲོག་བྱེད་པའི་བསམ་བློ་ལ་གོ་བ་ལེན་པ་བཏང་སྙོམས་སུ་བསྐྱུར་བ་དང་། རང་ཉིད་ཀྱི་བསམ་བློའི་བློ་སྦྱོང་གི་མཐོར་འདེགས་བཏང་སྙོམས་སུ་བསྐྱུར་བ་དང་། དེ་ལས་ཀྱང་བསམ་བློ་དང་མི་གཤིས་ཀྱི་ཆེས་རྙོག་འཛིང་གི་འབྲེལ་བ་བཏང་སྙོམས་སུ་བསྐྱུར་བས། དོན་གྱིས་ན་མི་ཡལ་བར་བོར་བ་དང། ཡང་ན་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་ཀྱིས་ཆེས་གཏིང་ཟབ་པའི་སྒོ་ནས་མི་ལ་གོ་བ་ལོན་པ་དང་། མི་དང་དུས་རབས་བར་གྱི་རྙོག་འཛིང་གི་འབྲེལ་བར་གོ་བ་ལོན་པ་དང་། མིའི་སེམས་ཁམས་ཀྱི་ཞིབ་ཕྲའི་ཆ་ལ་གོ་བ་ལོན་པ་དཀའ་བར་གྱུར་བས་ན། ཁོའི་བྲིས་པའི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་མཛེས་པས་དབུལ་ཞིང་། ཐ་ན་རིས་འགྲེལ་དང་ཁ་ཏ་ཁོ་ན་ཞིག་ཏུ་གྱུར་ཡོད།”ཟེར།
       ཡུས་ཨིན་ཝ་ཐུ་ཡིས་ཀྱང“དུས་ལ་དབྱེ་བ་མེད་པའི་གཏན་གྱི་གཏམ་རྒྱུད་ཀྱིས་འགྱུར་མེད་རྟག་བརྟན་གྱི་སྤྱོད་ལམ་གྱི་བདེན་ལུགས་མཚོན་པ”ཅུང་གནའ་བོའི་དུས་ཀྱི་རྩོམ་རིག་གི་སྲོལ་རྒྱུན་དུ་ཆ་འཇོག་བྱས་ནས། དེར་ཐོད་བརྒལ་བྱས་པ་དེང་རབས་བརྩམས་སྒྲུང་གི་བྱུང་བར་ཆ་འཇོག་བྱས་པའི་སྒོ་ནས། ཏིས་ཧྥུ་ཡི«ལུའུ་པེན་ཞོན་གྱི་འཁྱམ་གྱར་ཟིན་ཐོ»ལ་གདེང་འཇོག་མཐོན་པོ་བྱས་ཡོད། ཁོས་བཤད་ན་བརྩམས་སྒྲུང་འདིས་དུས་བབ་བྱེ་བྲག་པ་ཞིག་གི་དོན་གནད་བྱེ་བྲག་པ་ཞིག་ལ་ལྷུག་རྗོད་བྱས་ཡོད་ཟེར།
       བོད་ཀྱི་དེང་རབས་བརྩམས་སྒྲུང་ལ་ཕྱིར་བལྟས་ཤིག་བྱས་ན། སྤྱི་ཚོགས་རྙིང་བའི་ནག་ཉེས་སྟོན་པ་རེ་ཞིག་རྩོམ་རིག་གི་རླབས་རྒྱུན་དུ་གྲུབ་པ་དང་། དེ་ནས་སྲོལ་རྒྱུན་རིག་གནས་ཀྱི་དགག་རྒྱག་རླབས་རྒྱུན་དུ་གྲུབ། དེ་ནས་སྐྱེ་ཁམས་སྲུང་སྐྱོབ་རླབས་རྒྱུན་དུ་གྲུབ། དེ་ནས་སྤྱི་ཚོགས་དེང་རབས་རང་བཞིན་གྱི་ཕྱིར་རྟོག་རླབས་རྒྱུན་དུ་གྲུབ། དེ་ནས་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོབ་རླབས་རྒྱུན་དུ་གྲུབ། དེ་བས། དེང་གི་གསར་རྩོམ་ཁྲོད་ཀྱི་རྩོམ་གྱི་བསམ་བློའི་བསྟན་དོན་ནི་གྲུབ་ཟིན་གྱི་སྡོམ་ཚིག་ཅིག་དང་། ཡང་ན་ཀུན་གྱིས་གླེང་བཞིན་པའི་གཙོ་རྒྱུགས་ཀྱི་བཤད་བྱ་ཚ་བོ་དེ་ཡིན་པར་གྲུབ་འདུག ཇི་སྐད་དུ། “སྔོན་ཆད་མ་བྱུང་བའམ་འདིར་བརྗོད་མེད། །”ཅེས་པ་མ་གཞི་ནས་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་པའི་རིག་གཞུང་གི་ལྟ་བ་རུ་གྱུར་ཏེ་གསར་བཤད་ལ་འཛེམ་པ་ཡིན། དེ་ལྟ་མ་ཡིན་པའི་བསམ་བློའི་ནང་དོན་ལ་འདའ་འགོངས་ཅུང་ཟད་ཡོད་པ«ར་ལོ»ལྟ་བུ་དང་། «ལོ་མའི་ཟིན་ཐོ»ལྟ་བུ། «རི་མགོ་མཐོན་པོའི་ཉི་མ»ལྟ་བུའི་གསར་རྩོམ་བྱེད་ཐབས་དང་བརྗོད་སྙིང་འདོན་སྟངས་དམིགས་བསལ་བར་གྱུར་ཏེ་གསར་རྩོམ་གྱི་གཙོ་རྒྱུགས་སུ་གྱུར་ཐུབ་མེད།
       གོང་གི་རླབས་རྒྱུན་དེ་དག་བརྗོད་བྱའི་ནང་དོན་གྱི་ཆ་ནས་རླབས་རྒྱུན་གྱི་ནང་རོལ་ནས་གཅིག་མཚུངས་ཡིན་པར་མ་ཟད། དོན་གནད་དེ་དག་ལ་ལྟ་བའི་ཟུར་ཡང་གཅིག་མཚུངས་ཡིན་པས། བསམ་བློའི་ངོ་བོ་ཡང་གཅིག་ཏུ་གྲུབ་ཡོད། གཅིག་ཏུ་གྲུབ་པ་འདི་རྩོམ་རིག་ལ་མཚོན་ན་བཟང་ཆ་ཞིག་མིན། ཡིན་ཡང་། འདི་ལྟའི་རྩོམ་ལ་ཀློག་པ་པོས་དགའ་བསུ་ཐོབ་པའང་སྲིད་དེ། བརྗོད་བྱའི་བསམ་བློ་སྤྱི་ཚོགས་དང་དམ་དུ་འབྲེལ་བ་དང་། བསམ་བློའི་ནང་དོན་གྱི་ཐད་ནས་ཀློག་པ་པོ་ལ་མཚོན་ན་རང་གི་ལྟ་གྲུབ་ལས་འགོངས་པའི་ཆ་མེད་པས། རང་གི་ལྟ་ཀློག་གི་རེ་བལྟོས་དང་གཅིག་ཏུ་འབབ་ཅིང་ལྟ་ཀློག་ལ་དཀའ་ཚེགས་མེད་པ་བཅས་ཀྱིས་ཀློག་པ་པོས་དགའ་བསུ་ཐོབ་སྲིད། འདི་ལྟར་ཀློག་པ་པོའི་ལྟ་ཀློག་གི་རེ་བལྟོས་དང་གཅིག་ཏུ་འབབ་པ་དང་། ལྟ་ཀློག་ལ་ཚེགས་མེད་པ་ཡིན་ན་བརྩམས་ཆོས་དེ་ཉིད་མ་གཞི་ནས་གོ་སླ་བའི་རྩོམ་རིག་རེད། དེ་གོ་སླ་བའི་རྩོམ་རིག་གི་གོ་དོན་གྱི་ནང་སྙིང་ཀྱང་འདི་ཡིན།
       དེ་བཞིན་དུ། བོད་ཀྱི་ཀློག་པ་པོ་བྱིངས་ཀྱི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་མ་གཞི་ནས་མི་མཐོ་བས། ཁོ་ཚོས་དགའ་བསུ་ཐོབ་པ་དེའི་ཤུགས་ན་རྩོམ་རིག་བརྩམས་ཆོས་དེ་དག་གི་རྩོམ་རིག་གི་ཆུ་ཚད་ཀྱང་དེ་འདྲ་མི་མཐོ་བ་མཚོན་ཡོད། སྤྱིར་ན་རྩོམ་རིག་གསར་རྩོམ་གྱིས་ཀློག་པ་པོ་ཀློག་སྤྲོ་བའི་ཕྱོགས་ལ་འབད་པ་བྱེད་དགོས་ཀྱང་། འདི་ན་རྩོམ་རིག་གི་ཁྱབ་བརྡལ་དང་རྩོམ་རིག་གི་གོང་སྤེལ་བར་གྱི་འབྲེལ་བའི་གནད་དོན་ཞིག་ཡོད། (ཀྲུང་གོའི་ལོ་རབས་བཞི་བཅུ་བའི་ནང་ཡང་འདི་འདྲ་བཤད་མྱོང)ཁྱབ་བརྡལ་ནི་ལྟ་ཀློག་གི་ནུས་པ་ཞན་པའི་ཀློག་པ་པོ་མང་བོས་དང་ལེན་བྱེད་པ་དམིགས་སུ་འཛིན་པ་དང། གོང་སྤེལ་ནི་རྩོམ་རིག་རང་གི་སྒྱུ་རྩལ་ཆུ་ཚད་གོང་དུ་སྤེལ་བ་དམིགས་སུ་འཛིན་པ་ཡིན།
       རྩོམ་རིག་རང་ཉིད་ཀྱི་གོང་སྤེལ་ལམ་འཕེལ་རྒྱས་ཟེར་བ་ནི་རྩོམ་རིག་རང་གི་ཆོས་ཉིད་ལ་བརྩིས་མཐོང་བྱེད་རྒྱུ་དེ་རེད། རྩོམ་རིག་གིས་སྤྱི་ཚོགས་ཀྱི་གནད་དོན་རྐྱང་རྐྱང་བཤད་དེ་བསྡད་ན། དེ་ནི་རྩོམ་རིག་རང་སྤྱི་ཚོགས་རིག་པའི་བྲན་དུ་གྱུར་བ་རེད། རྩོམ་རིག་གིས་ཀུན་སྤྱོད་དག་དག་བཤད་དེ་བསྡད་ན། རྩོམ་རིག་རང་ཀུན་སྤྱོད་རིག་པའི་བྲན་དུ་གྱུར་བ་རེད། དེས་ན་རྩོམ་རིག་གི་བསྟན་བྱ་གང་ཡིན་དགོས་ཟེར་ན། རྩོམ་རིག་གི་བརྗོད་བྱའི་བསམ་བློ་ཡང་སྤྱི་ཚོགས་དང་ཀུན་སྤྱོད་སོགས་ལས་ལོགས་སུ་གྱུར་བ་ཞིག་མིན་ཡང་། སྤྱི་ཚོགས་དང་རིག་གནས་དང་ཀུན་སྤྱོད་སོགས་བརྗོད་དུས་རྩོམ་རིག་ཁྲོད་ཀྱི་མི་བུ་བྱེ་བྲག་པ་དང་བྱེ་བྲག་པའི་སེམས་ཁམས་གཙོ་གནད་དུ་འཛིན་པ་ནི་རྩོམ་རིག་གི་ཐུན་མིན་ཁྱད་གཤིས་ཡིན། རྩོམ་རིག་རང་ཉིད་ཟེར་བའམ་རྩོམ་རིག་རང་ལ་རང་རྐྱ་འཕེར་བའི་གོ་ས་ཡོད་དགོས་ཟེར་བ་སོགས་ཀྱིས་ཀྱང་འདི་ལྟ་བུ་ལ་དམིགས་ནས་ཡོད་པ་ཡིན། ཕར་མི་བུ་བྱེ་བྲག་པའི་སེམས་ཁམས་ལ་ཞུགས་ཚེ། སེམས་ཁམས་ནི་སྣ་མང་རྙོག་འཛིང་ཡིན་པ་འདི་ལས་བརྩམས་སྒྲུང་མི་འདྲ་བ་དངོས་འབྱུང་ཐུབ་པ་ཡིན། དེ་ལྟར་མིན་པར་སྤྱི་མཚན་གྱི་སྡོམ་གྱི་ཐད་ནས་བརྩམས་སྒྲུང་བྲི་རྒྱུ་ཡིན་ན་ནི། དེ་ལས་མི་འདྲ་བ་ཆེན་པོ་འབྱུང་མི་ཐུབ། བརྩམས་སྒྲུང་གི་ལྟད་མོ་ནི་སེམས་ཀྱི་གཏིང་རིམ་དང་མི་གཤིས་ཀྱི་གཏིང་རིམ་མཚོན་པའི་སྟེང་ན་ཡོད་པ་ལས། མི་དང་འཚོ་བ་ལ་སྡོམ་བརྒྱབ་པའི་སྡོམ་ཚིག་དང་རིགས་སུ་ཕྱེ་བའི་རིགས་ཅན་ལ། བྱེ་བྲག་པར་མངའ་བའི་གསོན་པོ་དང་། སོས་པ། རང་མཚན་སོགས་ཡོད་མི་ཐུབ།
       རྩོམ་རིག་སྨྲ་བ་ལིག་ཙེ་ཧྥུ་ཡིས། རྩོམ་རིག་ནི་སེམས་ཁམས་ལ་འཇུག་པའི་ལས་ཀ་ཞིག་ཡིན། རྩོམ་རིག་གི་གྲུབ་ཆའི་ཁྲོད་དུ་སེམས་ཁམས་ནི་གྲུབ་ཆ་ཨང་དང་བོ་ཡིན་ཟེར། ད་དུང་སེམས་ཁམས་ནི་སྤྱི་ཚོགས་མ་ཡིན། རྒྱལ་ཁབ་མ་ཡིན། ལོ་རྒྱུས་ཀྱང་མ་ཡིན། དེ་བས། སེམས་ལ་འཇུག་མི་ཐུབ་པའི་རྩོམ་རིག་ནི་རྩོམ་རིག་བཟང་བོ་མིན་ཟེར། ཁོས་ད་དུང«ཅིན་ཕེན་མེན»དང«ཐོག་ཁང་དམར་བོ»གཉིས་བསྡུར་ཏེ། ཕྱི་མ་སྔ་མ་ལས་ལེགས་དོན་ནི་དེའི་ནང་གི་སེམས་ཁམས་ལ་ཞིབ་ཆ་ཡོད་པ་དང་གཏིང་ཚད་ཡོད་པས་རེདཟེར།
       ད་དུང་རྒྱའི་མཚན་ཉིད་རིག་པ་པ་ཞིག་གིས། སྒྱུ་རྩལ་ལ་གོ་བ་ལེན་ཚུལ་མི་འདྲ་བ་ཇི་འདྲའི་མང་བོ་ཡོད་ཀྱང་སྒྱུ་རྩལ་གྱིས་མིའི་རིགས་ལ་མཛེས་རྟོག་གི་འཇིག་རྟེན་ཞིག་དང་། ཟབ་ཚད་ཡོད་པའི་མིའི་ཚོར་སྣང་གི་འཇིག་རྟེན་ཞིག་དང་། མིའི་ཚོར་སྣང་དང་མྱོང་རྟོག་ལ་ཟབ་སར་བསྐྱལ་ཡོད་པའི་འཇིག་རྟེན་ཞིག་བསྟབས་ཡོད། སྒྱུ་རྩལ་གྱི་ཁྲོད་ནས་སེམས་བྱུང་གི་མྱོང་རྟོག་རང་ཉིད་ལ་རང་ཆས་སུ་རྫོགས་པའི་དོན་སྙིང་ཐོབ་ཡོད་ཟེར།
       རྩོམ་རིག་གི་བརྗོད་བྱའི་ནང་དོན་ག་འདྲ་ཡིན་ན་འགྲིག་མིན་གྱི་སྐད་ཆ་ཞིག་བཤད་དགོས་ན། གནད་འདིར་དམིགས་ཏེ་ངས་ནི་མིའི་ཚེ་སྲོག་གི་མྱོང་རྟོག་མཚོན་དགོས་ཅེས་པའི་རྗོད་པ་ལས་ལྷག་པའི་སྐད་ཆ་ཞིག་མེད་སྙམ། ཚེ་སྲོག་གི་མྱོང་རྟོག་ཅེས་པ་འདི་ཐ་སྙད་གསར་བ་ཞིག་རེད། རིག་གནས་གསར་བའི་ཁྲོད་དུ་མིའི་སེམས་ཀྱི་དྲན་རྟོག་དེ་དགེ་སྡིག་གམ་སྤྱོད་ལམ་སོགས་ཀྱི་རྣམ་གཞག་གིས་མ་གཅུན་པ་དང་། ཡང་ན་དགེ་སྡིག་སྤང་བླང་གི་དྲན་འོག་ཏུ་མ་དྲངས་པའི“བྱུང་རྒྱལ”གྱི་དྲན་རྟོག་དེ་ལ་གོ་འགྲོ(བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ན་རང་བྱུང་མ་བཅོས་རང་བབ་སོགས་ཡོད་པ་འདི་དང་ཕལ་ཆེར་གོ་དོན་མཚུངས་པ་རེད།) དེ་བས་རྩོམ་རིག་གིས་གྲུབ་ཟིན་གྱི་ལྟ་གྲུབ་གང་ཞིག་ལ་འགྲེལ་བྱ་བ་མ་ཡིན་ལ། དགེ་སྡིག་སྤང་བླང་གི་རྣམ་གཞག་སྟོན་པ་ཡང་མ་ཡིན་པར། ཐོག་མར་རྩོམ་པ་པོ་དང་རྩོམ་ནང་གི་མི་སྣ་གང་ཡིན་ཡང་དྲན་པ་དང་ཤེས་བཞིན་དང་བག་ཡོད་སོགས་སེམས་སྲུང་བྱེད་དག་གིས་སེམས་ལ་བཅའ་བཅོས་བྱེད་དུ་མི་འཇུག་པར། ཡན་པོར་བཏང་བའི་སྒོ་ནས་སེམས་ཀྱི་དྲན་རྟོག་དང་རྣམ་རྟོག་གི་འགྱུར་བའི་མ་བཅོས་པའི་ཆ་དེ་འཛིན་ནུས་དགོས། དེ་འདྲ་ཡིན་ན། རྩོམ་རིག་ནི་མིའི་རིག་པ་རུ་འགྱུར་ཐུབ་པ་ཡིན། དེ་འདྲ་ཡིན་ན། རྩོམ་རིག་ལས་དགེ་བ་ཁོ་ན་མ་ཡིན་ལ་བདེན་པ་ཁོ་ན་ཡང་མ་ཡིན་པའི་མཛེས་པའི་ཆ་དེ་ཐོན་ནས་ཡོང་ཐུབ་པ་ཡིན། མི་བུ་རེ་རེའི་དྲན་རྟོག་དང་འཚོ་སྡོད་དང་འཚོ་གནས་ལ་ལྟ་ཐུབ་པ་དང་དེ་མཚོན་པར་བྱ་ཐུབ་པའི་དུས་སུ། རྩོམ་རིག་རང་ལ་རང་རྐྱ་འཕེར་བའི་གོ་ས་ཡོད་པར་གྱུར་བ་རེད། དེ་བཞིན་རྩོམ་རིག་ལ་མཛེས་རྟོག་གི་རིན་ཐང་ཡང་ཆེན་པོ་ཡོད་པར་གྱུར་བ་རེད། དེ་མིན་པར་གྲུབ་ཟིན་གྱི་ལྟ་གྲུབ་དང་ཆགས་ཟིན་གྱི་རྣམ་གཞག་ཅིག་ལ་མཐུན་སྦྱོར་བྱས་པ་ཡིན་ན། ཁྱོད་ཀྱིས་རང་ཉིད་ཀྱི་དྲན་རྟོག་མ་བཅོས་པ་བརྗོད་པ་མ་ཡིན་པར། ཁྱོད་ནི་རང་ལས་གཞན་དུ་གྱུར་བའི་གཏམ་སྦྱོར་ཞིག་གི་དབང་དུ་གྱུར་ཏེ། གཞན་གང་ཞིག་གི་གཡམ་དུ་རྒྱུགས་པ་རེད།
       འདི་ལྟའི་མ་གཞིའི་མི་སེམས་དང་འཚོ་སྡོད་ལ་ལྟ་མི་ཐུབ་པའི་དོན་ལ། མིས་ལནཁུང་ཏི་ལ་ཡིས་བཤད་རྒྱུར། “དངོས་གནས། ‘སླ་ཆོས་སམ་སྟབས་བདེ’ཡི་གྲོག་མ་དཀར་བོ་དེས་འཚོ་བ་དམུར་ཏེ། ཐ་ན་རླབས་ཆེ་བའི་བརྩེ་དུང་ཀྱང་མཇུག་མཐར་དམུར་དམུར་ཏེ་ཉག་ཕྲ་བའི་དྲན་པ་ཙམ་ཞིག་ལྷག་པའི་ཀེང་རུས་ལྟ་བུར་བྱས་འདུག”ཅེས་དང་། “མི་རྣམས་ནི་མིང་དོན་མཚུངས་པའི‘སླ་ཆོས་ཀྱི་རྦ་ཀློང’གིས་བཟུང་སྟེ། རྦ་ཀློང་དེའི་ཁྲོད་ནས་ཧུའུ་སེ་འར་གྱི‘འཚོ་བའི་འཇིག་རྟེན’རབ་རིབ་ཏུ་གྱུར་ནས། འཚོ་གནས་ནི་མི་བརྗེད་རང་བརྗེད་དུ་གྱུར་འདུག”ཅེས་མི་སེམས་དང་མིའི་འཚོ་བ་ཡོངས་ལ་དྲན་ཤེས་ཀྱིས་གཞོག་གཏུབ་བཅའ་བཅོས་བྱེད་པ་རྩོམ་རིག་དང་བཅས་པ་ལ་མི་རུང་བར་བསྟན་འདུགའདིར་བཤད་པའི་སླ་ཆོས་ཞེས་པ་སེམས་ཀྱི་རྒྱལ་ཁམས་ཡོངས་ལ་ཁྱབ་པར་བྱེད་མ་ཐུབ་པར། རྩོམ་པ་པོས་རང་ཐད་ནས་རང་མཚན་དོར་ཏེ་སྤྱི་མཚན་གྱིས་སྡོམ་ཆུང་བརྒྱབ་པ་ལ་ཟེར་བ་ཡིན།
       འདི་ལྟར་བཤད་ན། ཡང་ན་རྩོམ་རིག་ལ་དགོས་ཕན་ཡོད་མེད་ཀྱི་མཐའ་གཉིས་སུ་ཡོད་པའི་མཐའ་ཅིག་ཤོས་པ་དགོས་མེད་སྨྲ་བར་ལྷུང་འགྲོ་བའི་ཉེན་ཁ་ཆེ་ཡང་སྲིད། སྤང་བླང་གི་རྣམ་གཞག་བོར་ནས་མི་སེམས་ལ་གཞོལ་ཆེ་སྟེ། སྤྱི་ཚོགས་དང་དགེ་སྡིག་རྩོམ་རིག་ལས་མཐར་བསྐྲོད་པ་འབྱུང་སྙམ་ཡང་སྲིད། ཡང་ན་སྔར་མིའི་དགེ་ཕྱོགས་ལ་བསྟོད་པ་དང་། མི་དགེ་བའི་ཕྱོགས་ལ་ཐེར་འདོན་བྱས་པ་ཡིན་ན། ད་ལྟ་ནས་དེ་ལས་ལྡོག་སྟེ་མིའི་དགེ་ཕྱོགས་ལ་དམད་པ་དང་མི་དགེའི་ཕྱོགས་ལ་བསྟོད་དགོས་ཟེར་བ་རེད་ཅེས་མཐོ་བརྩམས་ཀྱང་སྲིད་མོད། དེ་ལྟར་དུ་གཏན་ནས་གོ་མི་རུང་།  དེ་ལྟར་བསམ་པ་ནི་ང་ཚོ་རང་གི་བསམ་གཞིགས་ཀྱི་སྐྱོན་ཆ་དེ་ཕན་ཚུན་སྤང་འགལ་གྱི་བསམ་གཞིགས་བྱེད་སྟངས་དེས་ལན་པ་རེད། འདིར་བཤད་པ་ནི་མི་ལ་གསར་དུ་ངོས་འཛིན་བྱ་ཐུབ་དགོས། སྔོན་མ་མི་ལ་ངོས་འཛིན་བྱས་པ་སྟབས་བདེ་དྲགས་པ་དང་ཐབས་ཆགས་ཡིན་དྲགས་འདུགཡང་ན་ཚོགས་པ་དང་དགེ་སྡིག་གི་རྣམ་གཞག་གི་འོག་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་བུ་བྱེ་བྲག་པ་ཞིག་གི་གནས་སྟངས་དངོས་དེ་ཡལ་བར་བོར་བ་རེད། དེ་བོར་སོང་ན་རྩོམ་རིག་ལ་མཛེས་རྟོག་གི་རང་བཞིན་ཆེན་པོ་ཡོད་མི་ཐུབ་ཅེས་ཟེར་བ་ཡིན། རྩོམ་རིག་གི་བརྗོད་སྙིང་ངམ་སྲོག་དང་དེ་ལས་གཞན་དུ་གྱུར་བ་འདིར་བཤད་བཞིན་པའི་འཚོ་བའམ་ཕྲ་རབ་བཅས་རྩོམ་རིག་ལ་འདི་གཉིས་ཀ་མཁོ་བ་དང་། གཉིས་ཀའི་འབྲེལ་བའི་ཐད་ནས་ཨེན་ཀི་སིས“ཅུང་ཟད་རྒྱ་ཆེ་བའི་བསམ་བློའི་ཟབ་ཁྱད་དམ་འདུ་ཤེས་ཡོད་པར་གྱུར་བའི་ལོ་རྒྱུས་ཀྱི་ནང་དོན་དང་། ཤིག་སེ་ཕེར་འཁྲབ་གཞུང་གི་གསོན་ཉམས་དོད་པའམ་ཕུན་སུམ་ཚོགས་པའི་བྱུང་རིམ་གཉིས་ཆ་ཡོངས་ནས་རོ་གཅིག་ཏུ་འགྱུར་དགོས”པའི་ལྟ་བ་བཏོན་ཡོད་ལ། འདི་ཉིད་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་སྨྲ་བ་ཡོངས་ཀྱིས་འཁྲུལ་མེད་ལེགས་བཤད་དུ་ལྟ་བ་ཡིན།
       ལྷག་པར་ཏུ་ངས་འདིར་བཤད་པ་ནི་བོད་ཀྱི་གནའ་དེང་བརྩམས་སྒྲུང་གི་གནས་བབ་ལ་གཞིགས་ནས། མི་བུ་ཡལ་བར་བོར་བའི་ཕམ་ཉེས་དེ་ལ་ཁ་གཏད་ཡོད་པའམ་དེ་ཉིད་ཕྱོགས་སྔར་བཀོད་པའི་སྒོ་ནས་བཤད་པ་ཞིག་ཡིན་པ་ཤེས་དགོས། དཔེར་ན། «རྒྱལ་བུ་དྲི་མེད་ཀུན་ལྡན»གྱི་ཁྲོད་ནས། རྒྱལ་བུ་དྲི་མེད་ཀུན་ལྡན་ལ་རྒྱལ་བོའི་ཆད་པ་ཕོག་སྟེ། རྒྱང་རིང་བདུད་རི་ཧ་ཤིང་དུ་བསྐྱོད་དུས་ཕ་ས་སྐྱོང་གྲགས་པའི་སེམས་ཁམས་གང་འདྲ་ཡིན་པ་རྩོམ་ནང་རྩ་བ་ནས་ཆད་ཡོད་པ་དང་། དྲི་མེད་ཀུན་ལྡན་གྱིས་སྲས་མིང་སྲིང་གསུམ་པོ་སྦྱིན་པ་གཏོང་དུས་སེམས་ཁམས་ཀྱི་རྣམ་འགྱུར་ཅུང་ཟད་རྩོམ་ནང་ཐོན་ཡོད་ཀྱང་། མ་གཞིར་ཡོད་སྲིད་པའི་ཨ་ཕ་ཞིག་གི་སེམས་ཁམས་ཀྱི་བྱེ་བྲག་ཡོངས་རྩོམ་ནང་ཐོན་མི་འདུགདེ་འདྲ་ཡིན་ན་རྩོམ་དེ་ཉིད་ལ་ཁྱབ་སྒྲོག་གི་བྱེད་ནུས་ཆེ་སྟེ། མི་སེམས་དང་མི་གཤིས་ཀྱི་ཟབ་སར་འཛུལ་མ་ཐུབ་པས་ན། རྩོམ་རང་ལའང་མཛེས་རྟོག་དང་སྒྱུ་རྩལ་གྱི་མཛེས་པ་ཆེན་པོ་ཡོད་མི་ཐུབ།
       དེང་རྩོམ་ལ་མཚོན་ནའང་། དེང་གི་རྩོམ་རིག་གསར་རྩོམ་གྱིས་དེང་གི་འཚོ་བའི་རོལ་སྟངས་ལ་སྐྱོན་དུ་བལྟས་ནས་སྲོལ་རྒྱུན་རིག་གནས་ཀྱི་པང་དུ་ལོག་འདོད་ཀྱི་བསམ་བློ་སྟོན་པ་གཙོ་རྒྱུགས་ཀྱི་རྩོམ་རིག་གི་བསམ་བློ་རུ་གྱུར་ནས་ཡོད། འདི་ལ་ཚད་ངེས་ཅན་ཞིག་ནས་ཡང་དག་པའི་རང་བཞིན་ཡོད་མོད། འོན་ཀྱང་། བོད་མི་རྣམས་འཚོ་བའི་རོལ་སྟངས་གསར་བ་འདིར་ཇེ་ཕྱོགས་དང་ཇེ་ཕྱོགས་རང་རེད། སྐྱོན་དུ་སྟོན་མཁན་གྱི་མི་རྣམས་ཀྱི་ཁྲོད་ནའང་འཚོ་སྟངས་གསར་བ་འདི་རྒྱབ་ཏུ་བསྐྱུར་ཐུབ་མཁན་གཅིག་ཀྱང་འབྱུང་གི་མི་འདུགདེས་ན་བརྗོད་དོན་འདིའི་ཁྲོད་ན་རྩོམ་རིག་གི་ངོས་ཐད་ནས་བལྟས་ན་རྩོམ་པ་པོས་སྟོན་བཞིན་པའི་བཟང་མིན་འགྲིག་མིན་གྱི་སྡོམ་ཚིག་གམ་ལྟ་གྲུབ་ཀྱི་ཕན་ཆད་ན་ད་དུང་བསྔོག་འདོན་བྱ་རྒྱུའི་མི་སེམས་ཀྱི་གསང་བ་ངོ་མཚར་ཞིག་ཡོད་འདུག་པ་ཁོ་ཐག་རེད། རྩོམ་རིག་གིས་དེ་མཐོང་དགོས་པ་རེད་ལ་དེ་སྟོན་དགོས་པ་རེད། དེ་ནི་རྩོམ་རིག་གི་འཇུག་ཡུལ་དངོས་རེད། དེ་བས་ན་གྲགས་པའི་རྗེས་སུ་མ་འབྲང་ཞིང་། ཐོག་མ་ནས་འགྲིག་མིན་གྱི་བརྡར་ཤ་གཅོད་པར་ཡང་མ་རྔམ་པར། རང་བློ་དང་རང་མྱོང་ལ་བློ་དཀར་བའི་སྒོ་ནས་འཚོ་བའི་ཁྲོད་ཀྱི་མི་དང་མི་སེམས་ལ་བག་ཡངས་སུ་ཞུགས་སྟེ། འགྲིག་མིན་གྱི་རྣམ་གཞག་ལས་ཀྱང་འཚོ་བའི་གཏན་ཚིགས་དང་རང་གཞན་ཀུན་གྱི་ཚེ་སྲོག་གི་མྱོང་རྟོག་རྩོམ་ནང་ཐོན་པར་བྱ་བ་ཤིན་ཏུ་གལ་ཆེའོ། །དེ་འདྲ་ཡིན་ན་བོད་ཀྱི་རྩོམ་རིག་ལ་རྣམ་པ་གསར་བ་ཞིག་འབྱུང་ངེས་ཡིན་ལ། དེ་ལས་རྩོམ་རིག་གི་མཛེས་རྟོག་རང་བཞིན་ཀྱང་ཆེས་ཆེར་ཐོན་ངེས།
       འདིར་གསལ་བཤད་བྱ་འདོད་པ་ཞིག་ལ། ངའི་ལྟ་བ་ནི་མཐའ་གཅིག་ཏུ་སྤྱི་ཚོགས་དང་སྤང་བླང་སྟོན་པ་དོར་དེ་མི་བུའི་ཚེ་སྲོག་གི་མྱོང་རྟོག་ལ་འཇུག་དགོས་ཟེར་བ་མིན། དེང་གི་བོད་ཀྱི་གསར་རྩོམ་ལ་ཁ་གཏད་དེ་ཆད་པ་ལ་ཁ་གསབ་དང་། གཉོམ་ས་ལ་ཤུགས་བརྒྱབ་ཏེ་བོད་རྩོམ་སྣ་མང་ཅན་དུ་འགྲོ་དགོས་ཟེར་བ་ཡིན། དེས་ན། བོད་རྩོམ་དེ་དེང་གི་འབྲི་ཚུལ་ཅན་ཡོད་དེ་རྩོམ་རིག་གི་སྤྱི་ཚོགས་ཕན་ནུས་ལ་དང་དོད་བྱེད་པ་ཅན་ཡོད་ལ། ཡང་འདི་ཁོ་ན་མ་ཡིན་པར་འདི་དང་མི་འདྲ་བའི་སྤང་བླང་དང་གོ་བསྐོན་སློབ་གསོ་བཏང་སྙོམས་སུ་བསྐྱུར་བའི་རྩོམ་ཡང་ཡོད་ན་འགྲིག བོད་རྩོམ་དེ་སྣ་མང་ཅན་གྱི་ལམ་དུ་བསྐྱོད་ན་འགྲིག་ཅེས་པ་ཡིན།
       རྩོམ་པ་པོ་གང་ཞིག་གིས་རང་ཉིད་ཀྱི་བརྩམས་སྒྲུང་གི་ལྟ་བ་ལ་འཕོ་འགྱུར་བཟོས་ཏེ། མི་སེམས་དང་མི་གཤིས་དང་སྤྱི་ཚོགས་འཚོ་བའི་ཟབ་སར་འཇུག་པའི་ཐབས་ལམ་ལ། རང་ཉིད་ཀྱི་རྩོམ་རིག་ལྟ་ཀློག་གི་རྒྱ་བསྐྱེད་པ་འདི་ལེགས་ཏེ། འཛམ་གླིང་གི་ངེས་དོན་གྱི་བརྩམས་སྒྲུང་དག་གི་བརྗོད་སྙིང་གི་ངོ་བོ་ལ་ངོས་འཛིན་ཡོང་བ་དང་། བརྩམས་སྒྲུང་གི་ངོ་བོ་ལ་ངོས་འཛིན་ཡོང་ཐུབ་ཚེ། བོད་ཀྱི་བརྩམས་སྒྲུང་དང་འཛམ་གླིང་བརྩམས་སྒྲུང་གི་བར་ཐག་ཤེས་པར་འགྱུར་ལ། དུས་མཚུངས་སུ་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་གཉོམ་ས་དེ་ཡང་མཐོང་ཡོང་། བརྩམས་སྒྲུང་ལེགས་པོ་དེ་དག་གི་བརྗོད་སྙིང་ནི་ཐོག་མར་ཕྱི་རོལ་སྤྱི་ཚོགས་ལོ་རྒྱུས་ལ་གཞོལ་ཏེ། དུས་རབས་ཤིག་གི་འགྱུར་བ་དང་ཡང་ན་མི་སེམས་ཀྱི་ཕྲ་ས་ལ་བསྙབ་ཡོད་པ་ཡིན། དེ་ལྟའི་བརྩམས་སྒྲུང་ལ་དུས་རབས་ཀྱི་མེ་ལོང་ངམ་ཡང་ན་སྒྲུང་རབས་ཞེས་གདེང་འཇོག་མཐོན་པོ་བྱེད་པ་ཡིན། ཐོལ་སི་ཏོའེ་ཡི«སླར་སོས»ཡིས་ཨུ་རུ་སིའི་སྤྱི་ཚོགས་འཚོ་བ་རྒྱ་ཁྱབ་དུ་མཚོན་པ་ལ་ལེ་ཉིན་གྱིས་ཨུ་རུ་སིའི་མེ་ལོང་ཞེས་བསྔགས་བརྗོད་བྱས་མྱོང་ལ། དེ་བཞིན་ཁོའི་བརྩམས་སྒྲུང་གིས་མི་སེམས་ཀྱི་ཟབ་སར་འཇུག་པའི་ཐད་ནས། ཁོའི་རྩོམ་ལ་སེམས་ཀྱི་རྩོད་སྒྲུབ་རིག་པ་ཞེས་སུ་བསྔགས་བརྗོད་བྱས་མྱོང་། དེ་འདྲའི་བརྩམས་སྒྲུང་ལ་བལྟས་ཚེ། རྩོམ་གྱིས་བསྟན་པའི་བརྗོད་བྱའི་བསམ་བློ་དེ་རྩོམ་པ་པོ་རང་གི་ལྟ་གྲུབ་ཉི་ཚེ་བ་དེ་མིན་པར། སྤྱི་ཚོགས་དང་ལོ་རྒྱུས་དང་མི་གཤིས་དང་མི་སེམས་ཡིན་པར་ངེས་ཤེས་འདྲོངས་ཡོང་། དེ་ལྟར་མིན་པར། “ཡུལ་ཅན”རྩོམ་པ་པོ་རང་ཉིད་ཀྱི་ལྟ་གྲུབ་གང་ཞིག་སྟོན་པ་ཡིན་ན། དེ་ལ་བརྗོད་སྙིང་སྔོན་དུ་འགྲོ་བ་ཞེས་སམ། ལྟ་བའི་རྩོམ་འབྲི(观念写作)ཞེས་སམ། ཡང་ན་རིས་འགྲེལ་ཞེས་དམན་པར་བརྗོད་པ་ཡིན། ཁཱ་ཧྥུ་ཁ་ཡིས་ཀྱང་སྒྱུ་རྩལ་པ་ཡིས“ནམ་ཡང་བརྗོད་དཀའ་བའི་དོན་གང་ཞིག་སྟོན་འདོད་པ་དང་། འགྲེལ་དཀའ་བའི་དོན་གང་དེར་འགྲེལ་བྱེད་འདོད”ཅེས་བཤད་མྱོང་། འདིས་ནི་རྩོམ་པ་པོ་ནི་མ་གཞི་ནས་དྲི་བ་ལ་ལན་ལྡོན་མཁན་མིན་ལ། གནད་དོན་གང་ཞིག་ཐག་གཅོད་བྱེད་མཁན་ཡང་མིན་པར། རང་གིས་ཀྱང་ལན་འདེབས་མི་ཤེས་པའི་སྤྱི་ཚོགས་དང་ལོ་རྒྱུས་དང་མིའི་ཟབ་གསང་གི་དོན་བྱ་གང་ཞིག་ཚུར་སྣང་བྱེད་པ་མཚོན།
       དེ་བཞིན་དུ་བརྩམས་སྒྲུང་རང་ཡང་རྩོམ་པ་པོ་རང་གི་ལྟ་གྲུབ་གང་ཞིག་གསལ་བྱེད་ཀྱི་དཔེ་མ་ཡིན་ལ། སྟོན་བྱེད་ཀྱི་ལག་ཆ་ཁོ་ན་ཞིག་མིན་པ་ཡང་མཐོང་བར་འགྱུར། བོད་ཀྱི་གནའ་རབས་བརྩམས་སྒྲུང་དེ་ཉིད་གྲུབ་རིམ་གྱི་སྐབས་ན། རྩོམ་པ་པོ་ནི་མཁས་པའམ་དགེ་བཤེས་སྟེ། དགེ་སྡིག་གི་རྣམ་གཞག་སྟོན་མཁན་དང་སྤང་བླང་གི་གནད་འདོམས་པའི་སྟོན་པའམ་འདྲེན་པའི་བརྟུལ་ཞུགས་འཛིན་མཁན་དུ་གྲུབ་པས། བརྩམས་སྒྲུང་ལ་གསལ་བ་དང་གོ་བདེ་དང་གདམས་པའི་བྱེད་ལས་གྲུབ་ཡོད། དེ་བས་བོད་ཀྱི་གནའ་རབས་བརྩམས་སྒྲུང་དེ་ཉིད་གདམས་པ་གང་ཞིག་དམིགས་སུ་བཟུང་སྟེ། གདམས་པ་དེ་ཉིད་ཀྱི་གསལ་བྱེད་ཀྱི་དཔེའམ་ཡང་ན་བསམ་བློ་གང་དེ་སྟོན་བྱེད་ཀྱི་ལག་ཆ་ཁོ་ནར་གྱུར་ནས་ཡོད། དེའི་སྐབས་ན་བརྩམས་སྒྲུང་གིས་མཐའ་གཅིག་ཏུ་བསམ་བློའམ་གདམས་པ་གང་དེ་གསལ་བྱེད་ལ་ཞབས་འདེགས་ཁོ་ན་ཞུ་བ་ལས། གཏམ་རྒྱུད་ལ་དོ་སྣང་མི་བྱེད་ལ། མི་སྣ་ལའང་དོ་སྣང་མི་བྱེད། དེ་བས་བོད་ཀྱི་གནའ་རབས་བརྩམས་སྒྲུང་ལ་ངེས་དོན་གྱི་བྱུང་རིམ་མེད་པ་མ་ཟད་ཐ་ན་གཏམ་རྒྱུད་ཀྱང་འཁྲུག་ཆ་དོད་པོ་ཞིག་མེད། དཔེར་ན། «བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད»ཁྲོད་འཕོ་བ་གྲོང་འཇུག་གི་གདམས་པ་ཡོད་པ་དེ། བེད་ལེགས་པོར་ཆོད་ན་བརྩམས་སྒྲུང་ལ་གནས་དུས་གང་ལའང་ཟངས་ཐལ་དུ་འཇུག་ཐུབ་པའི་མཐུན་རྐྱེན་ཡོད་ཀྱང་། གནའ་རབས་བརྩམས་སྒྲུང་གིས་བསམ་བློ་ཁོ་ན་དམིགས་སུ་འཛིན་པས་ན། «མགྲིན་སྔོན་ཟླ་བ»རང་གིས་ཀྱང་མཐུན་རྐྱེན་དེ་གཏམ་རྒྱུད་ཀྱི་སྟེང་དུ་བེད་སྤྱོད་ལེགས་པོ་མ་བཏང་བར། རྩོམ་གྱི་གཏམ་རྒྱུད་དེ་འདྲའི་དཀྱུས་མ་ཞིག་གི་ངོར་ལུས་ཡོད། མི་སྣའི་ཐད་ནས་ལྷག་པར་དུ་ཡང་། དེང་བཤད་པའི་རང་གཤིས་ཅན་དང་གསོན་ཉམས་ཅན་དང་ཁྱབ་གཟུགས་ཅན་སོགས་ནི་ཤིན་ཏུ་དཀའ་བའི་ཚོད་དུ་གདའ། འདི་དག་ཐམས་ཅད་ཀྱི་རྩ་བ་ནི་བརྩམས་སྒྲུང་རང་ཉིད་བསམ་བློ་དང་ལྟ་གྲུབ་སྟོན་བྱེད་ཀྱི་ལག་ཆར་བྱས་པའི་འབྲས་རྟགས་རང་རེད། བོད་ཀྱི་དེང་རབས་བརྩམས་སྒྲུང་ཀྱང་དེ་ལྟར་དུ་བསམ་བློའམ་ལྟ་གྲུབ་ཀྱི་ངོ་བོ་གནའ་རབས་དང་མ་འདྲ་བ་མ་གཏོགས། བརྩམས་སྒྲུང་ལག་ཆ་རུ་བྱེད་པའི་བརྩམས་སྒྲུང་གི་ལྟ་བའི་ཆ་ནས་ཐོད་བརྒལ་ཆེན་པོ་མེད། འཛམ་གླིང་གི་བརྩམས་སྒྲུང་ལེགས་གྲས་དག་ལ་འདི་ལྟར་བརྗོད་སྙིང་དེ་ག་རེ་ཡིན་པ་དང་། བརྩམས་སྒྲུང་གི་བསམ་བློའི་ལྟ་གྲུབ་དང་བརྩམས་སྒྲུང་བར་གྱི་འབྲེལ་བ་ག་རེ་ཡིན་པའི་གནད་དོན་གྱི་ངོས་ནས་མང་དུ་བཀླགས་ཚེ། དེ་དག་གི་ནང་དུ་དེ་ལྟའི་ལྟ་གྲུབ་གསལ་ཐག་ཆོད་པ་ཞིག་གཏན་ནས་རྙེད་དཀའ་ལ། བརྩམས་སྒྲུང་གང་དེ་དེ་ལྟའི་ལྟ་གྲུབ་གང་ཞིག་སྟོན་བྱེད་ཀྱི་ལག་ཆ་རུ་བྱས་མེད་པར་ཡང་ངེས་ཤེས་འདྲོངས་ཐུབ།

དཔྱད་གཞིའི་ཡིག་ཆ།
1.陈国恩著《现实主义从“教科书”向魅力型转化》付休莹主编《新时代与现实主义》〔M〕北京 作家出版社 2019年6月 55页。
2.伊恩·瓦特著 刘建刚 闫建华译《小说的兴起》〔M〕北京 中国人民大学出版社 2020年8月 16页。
3.
རྒྱལ་སྲས་ཞི་བ་ལྷ་ཡིས་བརྩམས། «བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ8པ། ཤོག་ངོས3པ།
4.刘再复著《审美笔记》〔M〕北京 三联书店出版社 2014年8月 第154页。
5.孙正聿《简明哲学通论》 〔M〕北京 高等教育出版社 2000年7月 29页。
6.米兰·昆德拉著 唐晓渡译《小说的艺术》〔M〕北京 作家出版社 1992年2月 第18页。
7.恩格斯著《恩格斯致斐·拉萨尔》《马克思恩格斯选集》〔M〕北京 人民出版社,1978年8月 第343页。

རྩོམ་ཁུངས། ༢༠༢༣ལོའི«ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ»དེབ་བཞི་བ།
འབྲེལ་ཡོད་འོས་སྦྱོར།