«ཁྲུང་ཁྲུང»ཞེས་པ་སྐྱོ་གར་སྒྲུང་གཏམ་དུ་གྲུབ་རྐྱེན་སྐོར་ཅུང་ཙམ་གླེང་བ།
རྩོམ་པ་པོ།:གདུ་བྷེ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-02-29
ཀློག་གྲངས།:
རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས«ཁྲུང་ཁྲུང»ཞེས་པ་སྐྱོ་གར་སྒྲུང་གཏམ་དུ་གྲུབ་རྐྱེན་སྐོར་ཅུང་ཙམ་གླེང་བ།
གདུ་བྷེ།
གླེང་སློང་བ།
རྩོམ་རིག་གི་བརྗོད་བྱ་ནི་མདོར་དེད་ན་འགྲོ་བ་མི་ཡིན་ཞིང་རྩོམ་རིག་གི་མཐར་ཐུག་དམིགས་ས་ཡང་མིའི་འཚོ་གནས་དང་ལས་དབང་ལ་དོ་ཁུར་བྱེད་པ་ལས་མ་འདས་པས། ཐེངས་འདིར་སྒྲུང་ཐུང«ཁྲུང་ཁྲུང»གི་བྱུང་རིམ་ཡང་སྐབས་སུ་བབས་པའི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་ནས་བཀོད་སྒྲིག་ལ་ཡིད་འཇོག་ཆེན་པོ་བྱས་ཡོད་ཅིང་། སྡེབ་ལུགས་བློ་ཡུལ་ལས་འགོངས་ཤིང་ཡིད་དབང་འཕྲོག་པ་ཞིག་ཏུ་བསྒྱུར་ཏེ། མི་སྣའི་གཤིས་ཀ་དང་བརྩེ་དུང་། ཕན་ཚུན་བར་གྱི་འགལ་འདུ་སོགས་ལས་སྒྲུང་གཏམ་ཧྲིལ་པོ་སྐྱོ་གར་སྒྲུང་གཏམ་གྱི་རྣམ་པར་གྲུབ་ཡོད། གཤམ་ནས་སྒྲུང་གཏམ་འདི་སྐྱོ་གར་སྒྲུང་གཏམ་དུ་གྲུབ་རྐྱེན་སྐོར་གླེང་བ་ལ།
དང་པོ། སྐྱོ་གར་སྒྲུང་གཏམ་དུ་གྲུབ་རྐྱེན་སྐོར་གླེང་བ།
སྒྲུང་གཏམ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་བྱུང་རིམ་དང་ཁོར་ཡུག་བཀོད་འབྲི་བྱས་པ་བརྒྱུད་ནས་འཚོ་བའི་ཁྲོད་ཀྱི་འགལ་བ་དང་འབྲེལ་བ་སྣ་ཚོགས་སྟོན་པའི་སྒྱུ་རྩལ་གྱི་རྩོམ་ལུས་བྱེ་བྲག་པ་ཞིག་ཡིན། དེ་ལས་སྒྲུང་ཐུང་ནི“དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་ཐུང་ངུ་འགའ་ཞིག་ལ་བརྟེན་ནས་མི་སྣ་འབྲི་བཞེངས་བྱེད་པ་ཞིག་ཡིན།” དེ་ལ་འཚོ་བའི་འདུས་ཚད་ཉུང་ཞིང་། མི་སྣ་རྒྱས་འབྲི་བྱས་པ་ཉུང་བ། མི་སྣ་ཕན་ཚུན་གྱི་འབྲེལ་བ་རྙོག་འཛིང་ཅན་མ་ཡིན་པར་བསྡུས་འབྲི་ཅན་ཡིན་དགོས།
རྩོམ་རིག་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཀློག་དུས། དེའི་ཡིད་འཕྲོག་པའི་ཚིག་གི་སྦྱོར་བ་དང་དོན་གྱི་བྱུང་རིམ། བརྩེ་དུང་གི་ཟབ་ཚད་ཀྱིས་འདི་ནི་རྩོམ་རིག་རེད་སྙམ་པའི་ཀུན་སློང་སྟེར་བར་མ་ཟད། མིའི་རིགས་ཀྱི་བསམ་བློའི་དགོས་མཁོ་གང་ཞིག་ལ་ཁ་གསབ་རྒྱག་པ་དང་། མི་རྣམས་ལ་བདེན་དགེ་མཛེས་གསུམ་དང་བཟང་ངན་བཙོག་གསུམ་གྱི་ཁྱད་པར་དབྱེ་འབྱེད་ཀྱི་ཤེས་རབ་སྩོལ་བཞིན་ཡོད་པས། རྩོམ་རིག་ནི་དོན་དུ་དེའོ་སྙམ་པའི་བསམ་གཞིག་ཀྱང་གཏོང་བར་བྱེད་ངེས།
སྒྲུང་ཐུང«ཁྲུང་ཁྲུང»ལ་མཚོན་ན་ཡང་། དེའི་ཡིད་འཕྲོག་གི་ནུས་པ་གཙོ་བོ་ནི་སྒྲུང་གཏམ་ཧྲིལ་པོ་རྩོམ་རིག་སྒྱུ་རྩལ་གྱིས་ལས་སྣོན་བྱས་ཏེ་སྐྱོ་གར་སྒྲུང་གཏམ་གྱི་རྣམ་པར་གྲུབ་ཡོད་པ་དེ་དང་། སྐྱོ་གར་དེ་ལས་མངོན་པའི་རྫུ་བག་དང་ངན་ངོན། ལྗན་ལྗིན་གྱིས་བསྒྲིབས་པའི་སྤྱི་ཚོགས་ཀྱི་ཕྱི་ནང་གསལ་བསྒྲགས་བྱས་ཡོད་པ་དེ་ཡིན། སྣེ་མང་རྙོག་འཛིང་གི་མི་སྣའི་བར་གྱི་འགལ་བ་བརྗོད་བྱ་བྱས་པའི་སྒྲུང་གཏམ་འདི་སྐྱོ་གར་སྒྲུང་གཏམ་དུ་གྲུབ་པ་ལ་རྒྱུ་རྐྱེན་གསུམ་ཡོད་དེ།
གཅིག དྭ་ཕྲུག་གི་འཚོ་བའི་སྐྱོ་གར།
མི་སྣ་ནི་བརྩམས་སྒྲུང་གི་བརྗོད་བྱ་གཙོ་བོ་ཡིན། “སྒྲུང་གཏམ་གྱི་རིགས་གང་ཞིག་ཡིན་རུང་། དེ་ཉིད་ཀྱི་མགོ་མཇུག་བར་གསུམ་དུ་མི་སྣ་དང་མི་སྣའི་འགལ་བ་དང་འབྲེལ་བ། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ་བྱུང་རིམ་ཡོད་པའི་སྒོ་ནས་བརྗོད་དགོས་པ་ན། མི་སྣ་ནི་བརྩམས་ཆོས་ཀུན་གྱི་སྲོག་ཤིང་དུ་གྱུར་ཡོད་པས། རྩོམ་མཁན་ཐམས་ཅད་རྩོམ་པའི་ལས་ལ་འཇུག་སྐབས། དམིགས་པ་མི་སྣའི་ཕྱོགས་ལ་གཏད་དེ་མི་སྣའི་གཤིས་ཀ་དེ་མངོན་པར་གསལ་བའི་སྒོ་ནས་མཚོན་དགོས།”ཞེས་མི་སྣའི་སྣང་བརྙན་གསར་བཞེངས་བྱས་ཏེ་གཤིས་ཀ་མངོན་པར་བྱེད་དགོས་པ་བརྗོད།
ལོ་རྟགས་ཁྲུང་ཁྲུང་ཅན་གྱི་བྱིས་པ་དེའི་ཨ་མ་འཇིག་རྟེན་ཕྱི་མའི་ཡུལ་དུ་ཆས་སྔ་བས། ཁོའི་ཆུང་དུས་ཀྱི་འཇིག་རྟེན་ཆུང་ཆུང་ཨ་མའི་བྱམས་བརྩེ་བྲལ་བའི་རི་ཆུ་འཁྱགས་པ་དེའི་འོག་ནས་འཚར་ལོངས་བྱུང་བ་རེད། ཨ་མའི་སྙོར་སྐྱོང་མ་ཐོབ་པའི་བྱིས་པའི་འཇིག་རྟེན་ནི། གཞན་གྱི་མཐོང་ཆུང་དང་དམོད་མོ། རྩིས་མཐོང་མེད་པའི་མི་གཞིའི་རིན་ཐང་དང་། སྤྱི་ཚོགས་ཀྱི་ལྟ་སྟངས་ངན་པའི་འོག་སྐྱ་ཟད་སྔོ་སྡུག་གི་འཚོ་གནས་ཁེར་རྐྱང་གིས་དང་དུ་ལེན་དགོས་པ་ཞིག་རེད། དེ་བས་བྱིས་པ་ཞིག་ལ་མཚོན་ན་ཨ་མ་ནི་བྱམས་སེམས་ཀྱི་བདག་མོ་དང་བརྩེ་བ་ཡི་བདག་མོ། སྙིང་སྟོབས་ཀྱི་སྲོག་རྩ་བཅས་ཡིན་པ་དོན་གྱིས་ཧ་གོ་ཡོང་།
ལོ་རྟགས་ཁྲུང་ཁྲུང་ཅན་གྱི་བྱིས་པ་ཁོ་ལ“ཕ་མ་ཁ་འཛོམས་ཀྱི་ན་ཟླ་ཚོའི་དཀྱིལ་དུ་ཨ་མའི་གཟུགས་བྱད་གླེང་རྒྱུ་མེད་པ་ལྟ་ཅི། རིགས་མཐུན་དྭ་ཕྲུག་ཚོ་དང་མཉམ་དུའང་ཨ་མའི་ཟུར་ངོས་ཤིག་ཀྱང་གླེང་རྒྱུ་མི་རྙེད་པར་ཁ་རོག་གེར་མཆི་མས་བརྣངས་ནས་འདུག་དགོས། འདི་ནི་ང་སྒེར་གྱི་ན་ཟུག་ཅིག་དང་མི་ཡུལ་འདིས་ང་ལ་མནར་གཅོད་གཏོང་སྟངས་ཆེས་ཐབས་རྡུགས་ཤིག་རེད་སྙམ།”ཞེས་ཨ་མ་དང་ཁ་བྲལ་བའི་སྡུག་བསྔལ་དང་། ཕ་མ་ཁ་འཛོམས་ཀྱི་ན་ཟླ་ཚོ་ཇི་བཞིན་རང་ལ་ཡང་བརྩེ་བས་སྐྱོང་ཞིང་། མིག་ལྟར་གཅེས་པའི་བརྩེ་བའི་བདག་མོ་ཨ་མ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་རེ་སྨོན་དང་གདུང་སེམས་དེ་མངོན་པར་བྱས་ཡོད། “ཨ་ཕས་ཁྲིད་ཡོང་བའི་མ་ཡར་དེ་ལ་མི་གོམས་བཞིན་དུ་ཨ་མ་འབོད་དགོས་བྱུང”བ་དེ་ཡང་། ཁོའི་ནང་སེམས་ཀྱི་བརྩེ་བའི་བར་སྟོང་ཆེན་པོ་དེ་ལ་གས་ཁ་བརྩེགས་མའི་ན་ཟུག་ཅིག་འབར་ཡོང་བ་ནི་ཨ་མ་མེད་པའི་དྭ་ཕྲུག་ཅིག་གིས་སྐྱོ་གར་གྱི་མགོ་བརྩམས་དགོས་པས་ཡིན། དུས་དེ་ནས་བཟུང་དྭ་ཕྲུག་གི་འཚོ་བ་ནི་ཁོས་མ་མྱངས་ཐབས་མེད་ཀྱི་མི་ཡུལ་འདིའི་མནར་གཅོད་གཏོང་སྟངས་ཤིག་ཏུ་གྱུར།
བཤད་རྒྱུན་དུ་ཨ་མ་ཡོད་སའི་གནས་ནི་ཁྱིམ་ཡིན། ཨ་མ་མེད་པའི་མི་ནི་འཁྱམས་པོ་ཡིན་ཟེར་བ་ལྟར། ཨ་མའི་གཤིས་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་དྲོད་ཁོལ་དེས། མི་རྣམས་རང་བྱུང་ཁམས་ཀྱི་ཉི་མའི་འོད་ཟེར་དང་དྲོད་ཁོལ་ལ་བརྟེན་ནས་མུན་པ་དང་གྲང་འཁྱག་སེལ་གྱིན་ཡོད་པ་ཇི་བཞིན། ཨ་མའི་ནང་སེམས་རྒྱུད་ཀྱི་བརྩེ་བའི་དྲོད་ཁོལ་ལ་བརྟེན་ནས་སྡུག་བསྔལ་བསལ་ཅིང་བདེ་སྐྱིད་དང་བརྩེ་བ་སྙེག་འདོད་པའི་འདུན་པ་བརྗོད་ཡོད།
གཉིས། འཇིག་རྟེན་མཐུན་འཇུག་གི་འགལ་བའི་སྐྱོ་གར།
མི་སྣའི་འབྲེལ་བ་སྣ་ཚོགས་བརྗོད་པ་ལ་དགོས་མཁོའམ་དམིགས་ཡུལ་མི་འདྲ་བ་ལ་བརྟེན་ནས་མི་སྣའི་འབྲེལ་བའང་འབྱུང་བཞིན་ཡོད། “དོན་དངོས་ཀྱི་འཚོ་བའི་ནང་མིའི་རིགས་ཀྱི་འཚོ་བ་ནི་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་ཚོགས་དང་ལྡན་པ་དང་། མི་ནི་སྦྱར་སྡོང་རྐང་གཅིག་ལྟར་སྒེར་ཚུགས་སུ་གནས་ཐུབ་མེད་པར། སྣ་མང་རྙོག་འཛིང་ལྡན་པའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཞུགས་ནས་རང་ཉིད་འཚོ་ཐབས་བྱེད་དགོས་བཞིན་ཡོད།”ཅེས་མི་ནི་སྤྱི་ཚོགས་ཀྱི་འབྲེལ་བ་དང་། ཡང་ན་རང་བྱུང་ཁམས་དང་འབྲེལ་བའི་ཁྲོད་གནས་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་རེད་མོད། འོན་ཀྱང་། འཚོ་བ་ལ་འགྲིག་ལམ་མེད་ཅིང་། སྒྲིག་གཞི་མེད་པ། མགོ་རྔ་མེད་པ། ངོ་ཚ་མེད་པ། མག་མོག་དང་ལྗན་ལྗིན་གྱིས་གཡོགས་པའི་འབྲེལ་བའི་ཁྲོད་ནས། འཚོ་བའི་རིན་ཐང་ལ་རེ་སྙེག་བྱེད་པ་ནི་དོན་སྙིང་གིས་སྟོང་བ་ཞིག་རེད།
སྒྲུང་ཐུང«ཁྲུང་ཁྲུང»ལ་མཚོན་ན། དང་ཐོག་ཨ་མ་འཇིག་རྟེན་ཕྱི་མའི་ཡུལ་དུ་ཆས་རྗེས། ཨ་ཕ་མགོན་པོས་མིང་ལ་ཚེ་སྒྲོན་ཟེར་བའི་མ་ཡར་གཞུག་ཁྲིད་ཅན་ཞིག་ཁྲིད་ཡོང་བ་དང་། རིམ་བཞིན་མ་ཡར་གྱི་གཞུག་ཁྲིད་བུ་མོ་ཁྲུང་ཁྲུང་ངེད་གཉིས་འཇིག་རྟེན་མཐུན་འཇུག་དང་བསྟུན་ནས་གཉེན་བསྒྲིགས་ཤིང་། བྱིས་པ་རེ་ཟུང་ཡང་སྐྱེས་པས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་མོད། ལྷ་ཐོད་དཀར་གྱི་འགྲམ་ན་འདྲེ་སྣ་ནག་རེ་ཞེས་པ་ལྟར། “ཁྲུང་ཁྲུང་ངེད་གཉིས་བཟའ་ཟླར་གྱུར་ཏེ། གང་མཚམས་ཤིག་ནས་ང་ནི་མོ་ལ་ཡི་ག་ཅི་ཡང་མེད་པར་གྱུར།”ཞེས་མཛེས་སྡུག་གི་བརྩེ་དུངས་ལ་མི་སྡུག་པའི་ས་བོན་བཏབ་པ་དང་། ཁྲུང་ཁྲུང་ནད་ཀྱིས་གཙེས་ཏེ་ཨ་ཕས་སྨན་ཁང་དུ་ཁྲིད་སོང་བའི་མཚན་མོ་ཞིག་ལ། མ་ཡར་ཚེ་སྒྲོན་གྱིས་སྦྲ་སྒོ་ནས་མིག་འབུར་ཚུགས་སུ་ལྟ་བའི་སྲོག་ཆགས་ཤིག་མཐོང་བྱུང་བར་ཁ་གཡར་ཏེ་གློ་བུར་དུ་ཁོའི་རུམ་ལ་ཧུར་སྒྲ་དང་བཅས་འཛུལ་བའི་མཚན་མོ་དེ་ནས་བཟུང་། སྤྲོ་སྐྱིད་ཀྱི་ཁྱིམ་གཞི་ལ་སྐྱོ་གར་གྱི་མྱུ་གུ་འབུས་མགོ་བརྩམས་པ་རེད། ཐོར་སི་ཏི་ཡིས“བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ནི། རྐྱེན་གང་མང་གིས་བདེ་སྐྱིད་ལྡན་ལ། རྙོག་འཛིང་ཆེ་བའི་ཁྱིམ་ཚང་དག་ནི། བགེགས་རྐྱེན་མང་པོས་འཁྲུགས་རྩོད་དུ་བསྒྱུར”ཞེས་གསུངས་པ་ནི་གནས་ལུགས་ལྡན་པའི་ཕྱོགས་བསྡོམས་ཤིག་རེད།
རིམ་བཞིན་མ་ཡར་ཚེ་སྒྲོན་དང་ཁོ་གཉིས་ཀྱིས་དབྱར་སར་དཀར་ཆུ་འབྲོག་ལས་བྱེད་པ་དང་། ཨ་ཕ་མགོན་པོ་དང་ཁྲུང་ཁྲུང་གཉིས་ཀྱིས་དགུན་མཚེར་ནས་ནད་གཞི་དྲག་སྐྱེད་བྱེད་དུ་བསྡད་པས། ཁོ་དང་ཚེ་སྒྲོན་གཉིས་ཀྱི་བར་ལ་མི་འོས་པའི་འབྲེལ་བ་བྱུང་བར་ཆ་རྐྱེན་བསྐྲུན་ཡོད། རྗེས་སུ་འབྲེལ་བ་དེ་ཨ་ཕ་དང་ཁྱིམ་མཚེས་དང་ཡུལ་སྡེ་སོགས་ཀྱིས་ཤེས་རྟོགས་བྱུང་བ་དང་། ཁོ་འབྲེལ་བ་དེ་འདྲ་བྱུང་བ་ལ་འགྱོད་པས་མནར་ནས་མཚན་གང་པོར་ངུས་སོང་། “ངས་དངོས་གནས་ལས་ཀ་ཐབས་རྡུགས་བྱས་འདུག འཇིག་རྟེན་དུ་བུད་མེད་ཟད་པར་གྱུར་ཀྱང་ཕ་རྒན་གྱི་བུད་མེད་འཕྲོག་མཁན་ནི།ང་མ་གཏོགས་ཡོད་སྲིད་དམ།ད་རུང་ཁྲུང་ཁྲུང་གིས་ཅི་ཞིག་བསམ་མམ”སོགས་འཇིག་རྟེན་མི་ཆོས་དང་མི་མཐུན་པའི་བྱ་སྤྱོད་དེས་མི་སྣའི་ནང་སེམས་ཀྱི་འགལ་འདུ་སྣ་ཚོགས་བག་ལ་ཞ་བའི་འདུ་ཤེས་ཀྱིས་མི་ནི་ནམ་ཡང་ཉམ་ཆུང་གི་ཚེ་སྲོག་ཆུང་ཆུང་ཞིག་སྟེ། ནམ་ཡང་འགྲེལ་བཤད་རྒྱག་དཀའ་བའི་འཇིག་རྟེན་གྱི་གསང་བའི་ནང་དུ་མགོ་འཁོར་ཡོད་པ་གསལ་བཤད་བྱས་ཡོད། “དགོང་ཟས་ཐུག་པ་འཐུང་ཚར་རྗེས། ཁྲུང་ཁྲུང་གིས‘མགོན་པོ། ང་ཚོར་ཉལ་ས་བཟོས། ཕྲུ་གུ་ཚོ་གཉིད་ལ་རན’ཟེར། ད་ནི་ངའི་ཆུང་མ་ཁྲུང་ཁྲུང་གིས་ཨ་ཕ་དང་མཉམ་དུ་ཉལ་ས་བཟོ་བ་བཤད་པ་དེས། ངའི་ངོ་ལ་ཆུ་འཁྱག་ཟོ་བ་གང་བཤོས་པ་བཞིན་གཟིར་བྲེང་ངེར་སོང་། ཚེ་སྒྲོན་དང་ཨ་ཕ་ཚང་མ་ཁ་ངོ་དམར་ནག་རེད་འདུག ”ཅེས་འགྲེལ་བཤད་རྒྱག་དཀའ་བའི་ཕན་ཚུན་གྱི་འབྲེལ་བ་དང་འགལ་བ་དེས། སྒྲུང་ཐུང«ཁྲུང་ཁྲུང»ནི་ཕ་བུ་གཉིས་དང་། མ་དང་བུ་མོ་གཉིས་བར་གྱི་འགལ་བ་རྙོག་དྲ་ཅན་ཞིབ་བརྗོད་བྱས་ཏེ། འཇིག་རྟེན་མཐུན་འཇུག་གི་ཟློས་གར་སྐྱོ་གར་ཅན་དུ་གྲུབ་པའི་སྒྲུང་གཏམ་ཞིག་ཏུ་གྲུབ་ཡོད།
གསུམ། གྲི་ཤིར་སོང་བའི་དམར་པོ་ཁྲག་གི་སྐྱོ་གར།
བརྗོད་བྱ་འདེམ་པ་ལ་སྟོབས་རྒྱལ་གྱིས “རྩོམ་པ་པོས་རྩོམ་རིག་བརྩམས་ཆོས་ཀྱི་གསར་རྩོམ་གྱི་བསམ་དོན་དགོས་མཁོར་གཞིགས་ཏེ་ཆེས་རྙོག་འཛིང་ཆེ་ལ་ཕུན་སུམ་ཚོགས་པའི་འཚོ་བའི་ཐོག་མའི་དཔྱད་གཞི་ལ་འདེམས་བསྲེས་བྱས་ནས་བྱུང་བ་ཞིག་ཡིན།”ཞེས་རྩོམ་ཡིག་བརྩམས་ཆོས་གང་ཞིག་གི་བརྗོད་བྱ་དེ་ལ་རྗོད་བྱེད་ཚིག་ཅི་ལྟ་བུ་ཞིག་བཀོལ་ནས་བརྗོད་བྱའི་སྙིང་པོ་ཅི་ཞིག་གསལ་པོར་སྟོན་པར་བྱེད་པ་ནི་རྩོམ་ཡིག་བརྩམས་ཆོས་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ཤིག་ཡིན། དེ་བཞིན་སྒྲུང་ཐུང«ཁྲུང་ཁྲུང»གི་ནང་ལ་ཡང་། རྩོམ་པ་པོས་དམིགས་སུ་གྲི་ཤིར་སོང་བའི་དམར་པོ་ཁྲག་གི་སྐྱོ་གར་ཞིག་བརྗོད་བྱར་བདམས་པ་དང་། ཚེ་སྲོག་གི་མཛེས་སྡུག་དང་རིན་ཐང་དེ་བརྗོད་བྱའི་སྙིང་པོ་ལ་དྲངས་ཏེ། མཐའ་མར་རྒྱུ་རྐྱེན་ཅིའི་ཕྱིར་གཅེས་པའི་སྲོག་ཀྱང་ཤོར་དགོས་པའི་ཚེ་སྲོག་གི་སྐྱོ་གར་ཞིག་འཁྲབ་སྟོན་བྱེད་དགོས་པ་བྲིས་ཡོད།
“དེའི་ཞོགས་པར་ཁྲུང་ཁྲུང་གི་སྐེ་ཐག་པས་བསྡམས་ནས་གྲི་ཤིར་སོང་ཡོད་པ་ཤེས་རྟོགས་བྱུང་།”ཞེས་ཁྲུང་ཁྲུང་གིས་མཛེས་སྡུག་གི་མི་ཡུལ་འདི་མུན་ནག་གི་བཙོན་རར་བསམ་ཞིང་། རྫུ་བག་དང་གཡོ་སྒྱུ་ལ་དགའ་བའི་ཁྲ་ཁྲའི་མི་རྣམས་ལ་ཞེན་པ་ལོག ཐ་ཚིག་བསྒྲགས་ཏེ་འཇིག་རྟེན་དཀར་ངོགས་དང་གཏན་དུ་གྱེས་ཕྱག་བཞག་པའི་ཉིན་དེར། “ཨ་ཕས་གྲི་ཞིག་བཟུང་སྟེ་ང་ལ་གཏད་ནས་མཆོངས་བྱུང་། མཚམས་ཤིག་ཨ་ཕས‘མི་ཡུལ་དུ་སྡོད་པའི་དགོས་པ་མེད’ཟེར་ནས་གྲི་དེས་ཁོ་རང་ཉིད་ལ་བསྣུན་ཡོང་།”ཞེས་ཕ་བུའི་བར་ལ་འཁོན་སེམས་དང་ཞེ་སྡང་གི་མེ་ལྕེ་འབར་ནས་ཕན་ཚུན་དགྲ་ལྟར་གྱུར་ཞིང་། “ཨ་ཕས་ང་ལ་མཐུ་དང་དམོད་ངན་བོར་ལ། ལག་པ་སྟ་གྲིའི་ཚུལ་དུ་ངའི་ཐོད་ལ་གཡུགས་ནས་རྣམ་འགྱུར་བསྟན།”ཞེས་ཕ་བུ་གཉིས་ཀྱི་འཇིག་རྟེན་ཆུང་ཆུང་ནས་བརྩེ་བའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཡལ་ཏེ། ནང་དམེ་འཁྲུག་རྩོད་ཀྱི་དམར་པོ་ཁྲག་གི་སྦྱོར་བ་བཤམས་ཡོད།
འཐབ་རྩོད་དང་དམར་གསོད་ཀྱི་བསླུ་བྲིད་ལས་བྱུང་བའི་སྐྱོ་གར་དེའི་རིགས་ནི་རྩོམ་རིག་ལོ་རྒྱུས་ཐོག་གི་རྒྱུན་མཐོང་གི་བརྗོད་བྱ་ཆེན་པོ་ཞིག་རེད་མོད། འོན་ཀྱང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཅིག་དང་། རང་ལ་ཚེ་སྲོག་སྦྱིན་མཁན་གྱི་ཕ་དྲིན་ཆེན་ཞིག་གི་བར་དུ་ནང་འཁྲུག་གི་འཁོར་ལོ་སྐོར་བའི་སྤྱོད་པ་ཐ་ཤལ་འདི་ནི་མི་ཆོས་ཀུན་སྤྱོད་དང་འགལ་ཞིང་། བོད་མིའི་རིག་གནས་སེམས་ཁམས་དང་མི་མཐུན་པ་ཞིག་རེད།
རྩོམ་པ་པོས་འདི་ལྟ་བུའི་སྐྱོ་གར་གྱི་ཆག་སྒོ་ཞིག་རྩོམ་རིག་སྒྱུ་རྩལ་གྱིས་བཀོད་འབྲི་བྱས་པ་དེ། ཧྲུའུ་པིན་ཧྭ་ཡིས“ཚེ་སྲོག་གི་ལོ་རྒྱུས་རེ་རེ་ནི་སྡུག་བསྔལ་གྱི་ལོ་རྒྱུས་རེ་རེ་ཡིན།”ཞེས་མཚན་ཉིད་རིག་པའི་ལྟ་བ་གསུངས་པ་དེ་དང་མཐུན་པ་ཞིག་རེད།
གོང་མ་ཆེན་པོ་མཱ་ཁི་སི་ཨོར་ལེས་ཡོ་སིས“ཚེ་སྲོག་ནི་བརྒྱུད་རིམ་ཞིག་ཡིན་ལ། དམིགས་ཡུལ་གང་ལ་ཡང་ཧ་ཅང་འཛིན་ཞེན་བྱེད་དྲགས་ན། དེས་ཁྱོད་ཀྱི་མི་ཚེའི་མཛེས་སྡུག་གི་བརྒྱུད་རིམ་དག་བོར་སྟོར་དུ་གཏོང་སྲིད།སྐབས་མང་པོར། ང་ཚོའི་བསམ་པར་རོལ་རྩེད་ཀྱི་ཐབས་ལམ་ག་གེ་མོ་ཞིག་གིས་རང་ཉིད་ལ་སྤྲོ་སེམས་སྟེར་ཐུབ་པའི་ཁར་བྱ་བའི་ཡང་སྙིང་ལའང་གནོད་སྐྱོན་མི་འདུག་སྙམ་པ་དེས་ཆོག་ལ། གཞན་གྱིས་དེ་ལ་གོ་བ་ཅི་འདྲ་ཞིག་ལེན་པ་ལ་བསམ་བློ་གཏོང་དགོས་དོན་གཏན་ནས་མེད། ཁྱོད་ལ་རང་ཉིད་ཀྱི་རོལ་རྩེད་བྱེད་ཐབས་ཡོད་ལ། དེ་གཞན་གྱི་འཚོ་བའི་འགལ་རྐྱེན་དུ་མ་སོང་ཚེ། ཁོ་ཚོ་དེ་ལ་སྤྲོའམ་མི་སྤྲོ་ནི་ཁྱོད་ལ་འབྲེལ་བ་ཡོད་པ་ཞིག་མ་རེད།”ཅེས་ང་ཚོའི་མི་མངོན་པའི་འདུ་ཤེས་ཀྱི་ཟབ་ས་ནི་མཛེས་སྡུག་ལྡན་པའི་ས་ཞིང་གི་ཡུལ་ལྗོངས་ཤིག་ཡིན་པར་བརྗོད་ཅིང་། མི་ཚེ་ནི་འགྲན་རྩོད་ཅིག་དང་། འགྲུལ་བ་སྐབས་ཤིག་སྡོད་སའི་མགྲོན་ཁང་ཞིག་ཀྱང་ཡིན་པར་བརྗོད་ཡོད།
གཉིས་པ། སྐྱོ་གར་གྱི་མཇུག་བསྡུས་ཚུལ།
བརྗོད་བྱའི་སྙིང་པོ་འབུར་དུ་ཐོན་པར་བྱས་ཏེ་དེ་ལ་དཔྱད་བརྗོད་བྱེད་པ་ནི་རྩོམ་ཡིག་བརྩམས་ཆོས་གང་དེའི་དོན་སྙིང་དང་གྲུབ་འབྲས་ལེགས་པོ་བྱུང་ཡོད་མེད་ཀྱི་མཐར་ཐུག་ཡིན། རྩོམ་རིག་གི་བདེན་པ་ཡང་འཚོ་བའི་བདེན་པ་དང་ཚན་རིག་གི་བདེན་པ་དང་མི་འདྲ་བར། དེ་ནི་སྒྱུ་རྩལ་གྱི་བདེན་པ་སྟེ་མཛེས་པར་དཔྱོད་པའི་བདག་ཉིད་དུ་གྱུར་པ་ནི་བདེན་པ་ཁྱད་པར་བ་ཞིག་ཡིན་ལ། དེས་འཚོ་བའི་དོན་སྙིང་ཤེས་རྟོགས་བྱས་ཏེ་མཚོན་པར་བྱེད་ཀྱིན་ཡོད། རྙོག་དྲ་ཅན་གྱི་མི་སྣའི་འགལ་བ་བརྗོད་དེ་ཆེས་མཐའ་མར་ཐོན་དུས། ཨ་ཕ་མགོན་པོ་ཁེར་རྐྱང་དུ་གྱུར་པའི་ཡིད་བརྙན་དང་། བུ་མོ་གཡུ་སྒྲོན་དྭ་ཕྲུག་ཏུ་གྱུར་པའི་ལས་དབང་དེ་སྐྱོ་གར་ཅན་དུ་གྲུབ་པ་ལ་སྐྱོ་གར་གྱི་མཛེས་པ་ཞེས་བརྗོད་ཆོག དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་བདེན་སྟོབས་དང་མཐར་ཐུག་གི་མཛེས་སྟོབས་དེ་ཡིན།
གཅིག ཁེར་རྐྱང་གི་འཚོ་བའི་སྐྱོ་གར།
ཁོའི་ཆུང་མ་ཁྲུང་ཁྲུང་ཤི་བ་དང་། ཕ་བུ་གཉིས་ཀྱི་བར་འགལ་བ་བྱུང་བའི་རྗེས་ནས། མ་ཡར་ཚེ་སྒྲོན་ཨ་ཕ་མགོན་པོ་དང་མཉམ་དུ་མ་བསྡད་པར་ཁོ་དང་ལྷན་དུ་འཚོ་བ་རོལ་བའི་དུས་ནས་བཟུང་། “ཨ་ཕས་ང་ལ་དགྲ་ལྟར་བཟུང་ནས་མཉམ་དུ་གཤིབ་ཐབས་མི་འདུག་པས། ང་དང་ཚེ་སྒྲོན་གཉིས་ཀྱིས་ཕ་རྒན་བསྐྱུར་ནས་ཁྱིམ་གཞི་གསར་པ་འཛིན་པའི་རེ་བའི་མིག་ཟུང་དེ་རྒྱ་གྲོང་ཁྲ་མོ་ལ་ཕྱོགས་པ་ཡིན།”ཞེས་ཨ་ཕ་མགོན་པོ་རང་གི་བུ་དང་ཆུང་མ་གཉིས་ཀྱིས་བསྐྱུར་ནས་ཁེར་རྐྱང་དུ་གྱུར།
རིམ་བཞིན་ཨ་ཕ་མགོན་པོ་རྒས་ཤིང་འཁོགས་ནས་ནད་ཀྱིས་མནར་བས་དབང་པོ་ཡང་ཡོངས་སུ་ཉམས་ཏེ། བུད་མེད་ཀྱི་བརྩེ་བ་དང་བུ་ཕྲུག་གི་བྱམས་སྐྱོང་གཉིས་ཁ་བྲལ་བའི་རྒན་པོ་མགོན་པོ་ཁེར་རྐྱང་གི་སྐྱོ་གར་འཁྲབ་མཁན་དུ་གྱུར་པ་རེད། མ་གཞི་བུད་མེད་ཀྱི་བརྩེ་བ་ནི་འཚོ་བའི་གསོན་ཤུགས་ཤིག་དང་། འཇིག་རྟེན་ཕོ་མོའི་འདོད་བརྩེ་ལས་འགོངས་པའི་བུད་མེད་ཀྱི་གཤིས་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་དང་དྲོད་ཁོལ་དེས། མིའི་རིགས་རང་བྱུང་ཁམས་ཀྱི་ཉི་མའི་འོད་ཟེར་དང་དྲོད་ཁོལ་ལ་བརྟེན་ནས་མུན་པ་དང་གྲང་འཁྱག་སེལ་གྱིན་ཡོད་པ་ཇི་བཞིན། མིའི་རིགས་ནང་སེམས་རྒྱུད་ཀྱི་བརྩེ་བའི་དྲོལ་ཁོལ་དང་བརྟེན་ནས་སྡུག་བསྔལ་བསལ་ཞིང་བདེ་སྐྱིད་དང་བརྩེ་བ་ཐོབ་པར་ནུས།
བུད་མེད་ནི་བྱམས་སེམས་ཀྱི་བདག་མོ་དང་བརྩེ་བ་ཡི་བདག་མོ། སྙིང་སྟོབས་ཀྱི་སྲོག་རྩ་ཡིན་པས་འགྲོ་བ་མིའི་རིགས་ཀྱི་བྱ་གཞག་རླབས་ཆེན་དག་འགྱུར་མེད་ཀྱི་ཕོ་མོའི་བརྩེ་བ་ལ་བརྟེན་ཅིང་འབྲེལ་བ་ཞིག་ཡིན་པ་ཡང་། ཨ་ཕས་ཚེ་སྒྲོན་ལ་མཐེ་བོང་བསྒྲེངས་ནས“ང་གཡུགས་ནས་མ་འགྲོ”ཞེས་ཞུ་བ་ཕུལ་བ་ལས་མཐོང་ཡོང་བར་མ་ཟད། ཁོ་རང་ཤི་རྒས་གཉིས་ལ་ཐུག་ཀྱང་ད་རུང་ཚེ་སྒྲོན་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་ལས་ཀྱང་རྟོགས་ཡོང་།
ཁ་ཧྥུ་ཁ་ཡིས་མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ནའང་། མི་རེ་རེ་ནི་ཁུ་སིམ་དང་ཁེར་རྐྱང་ཡིན་ཞེས་བརྗོད་པ་ཡང་དོན་དང་མཐུན་པའི་གནས་ལུགས་ཤིག་རེད་ཨང་།
གཉིས། མིག་ཆུ་རྡོག་གཅིག་གིས་མཇུག་སྡུད་པའི་སྐྱོ་གར།
རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་མཚོན་པའི་རྣམ་པ་ཞིག་ཡིན་ལ་སྤྱི་ཚོགས་འཚོ་བ་ཚུར་སྣང་གི་འཆར་ཚུལ་ཞིག་དང་ཐོན་དངོས་ཤིག་ཀྱང་ཡིན། རྩོམ་རིག་སྒྱུ་རྩལ་གྱི་མཚོན་ཐབས་ལ་སྙིང་བསྡུས་ཀྱི་རང་བཞིན་ལྡན་པ། མི་དང་བྱ་དངོས་ཀྱི་རང་བཞིན་དང་རྣམ་པ་སོགས་རྗོད་བྱེད་ཡི་གེའི་ནུས་པ་ལ་བརྟེན་ནས་མཚོན་གྱི་ཡོད་པ་རེད། དེར་མ་ཟད་རྩོམ་རིག་ལ་དུས་རབས་ཀྱི་ཉམས་འགྱུར་ལྡན་དགོས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་ཚད་མཐོ་བའི་མཚོན་སྟངས་ཀྱི་རྣམ་པ་ཞིག་ལ་བརྟེན་ནས་ད་གཟོད་ཀློག་པ་པོའི་མིག་ལམ་དུ་བྱ་དངོས་ཀྱི་རང་གཤིས་དང་མི་ཡི་བསམ་པའི་བདེ་སྡུག་སྟེ་དགའ་སྐྱོ་འདུ་འབྲལ་གྱི་རྣམ་པ། དུས་ཚོད་ཀྱི་འཕོ་འགྱུར། ཡུལ་ལྗོངས་ཀྱི་ངོ་མཚར་བཀོད་པའམ་ཁྱད་ཆོས་དམར་རྗེན་དུ་འདོན་ཐུབ།
འཇིག་རྟེན་གྱི་ཁྱད་ཆོས་ཚང་མ་རྩོམ་རིག་སྒྱུ་རྩལ་གྱི་ལག་ལེན་དངོས་ལ་བརྟེན་ནས་རྒྱ་ཆེའི་ཀློག་པ་པོའི་ཡིད་ཀྱི་མེ་ལོང་དུ་སྒྲིབ་མེད་གསལ་བར་འཆར་བའི་ནུས་པ་འདོན་གྱིན་ཡོད་པས། སྒྲུང་ཐུང«ཁྲུང་ཁྲུང»ལ་མཚོན་ན་ཡང་རྩོམ་པ་པོས་མི་སྣ་ཕན་ཚུན་གྱི་འགལ་བའི་འཁྲུག་རྩོད་རེ་རེ་བཞིན་ཐག་བཅད་དེ་སྒྲུང་གཏམ་གྱི་མཇུག་ལ་ཐོན་དུས། སྒྱུ་རྩལ་གྱི་སྐྱོ་གར་དེ་ཨ་ཕ་མགོན་པོ་དང་རང་གི་བུ་མོ་གཡུ་སྒྲོན་གཉིས་ཀྱི་སྟེང་དུ་བཞག་ནས་སྒྲུང་གཏམ་གྱི་མཇུག་བསྡུས་ཡོད། འདི་ནི་རྩོམ་པ་པོས་རྩོམ་རིག་གསར་པའི་སྐྱོ་གར་འདུ་ཤེས་མངོན་པར་གསལ་སྟངས་ཤིག་དང་སྒྱུ་རྩལ་གྱི་མཛེས་དཔྱོད་ཅིག་རེད།
ཁོས་རྒས་འཁོགས་སུ་གྱུར་པའི་ཨ་ཕའི་ནད་གཞི་བཅོ་རྒྱུའི་སེམས་ཐག་བཅད་དེ། མ་ཡར་ཚེ་སྒྲོན་ཨ་ཕ་དང་མཉམ་དུ་གཉེན་སྒྲིག་བྱེད་སྐབས། རྫོང་སྐལ་དུ“ཞབས་རིས་ཁྲུང་ཁྲུང་ཡིན་པའི་དཀར་ཡོལ་རྙིང་པ་དེ་འཚོང་དགོས་བསམས་ནས་ཅོག་ཙེའི་ཐོག་ལ་འཇོག་སྐབས། བུ་མོ་གཡུ་སྒྲོན་གྱིས་གྲི་མདུང་ཞིག་གིས་དཀར་ཡོལ་རྙིང་པ་ས་ལ་བརྡབས་ཏེ་བཅགས་སོང་། ངས་སྡིགས་མོའི་སྐད་འགྲགས་དང་བཅས་བུ་མོ་ལ་ཐལ་ལྕག་ཅིག་གཞུ་དགོས་སྙམ་སྐབས། ཨ་མ་ཁྲུང་ཁྲུང་དང་ཤིན་ཏུ་འདྲ་བའི་བུ་མོ་གཡུ་སྒྲོན་གྱི་ངོ་གདོང་དེས་ང་ལ་ཅེར་འདུག་པས། ངས་གཞུ་མ་བྲ། སྐད་ཅིག་མ་དེར། ཨ་ཕའི་མིག་ཟུང་ལས་མངོན་ཡོང་བ་ནི། གཏུམ་དྲག་ཆེ་བའི་རྒྱུན་ལྡན་གྱི་སྡང་མིག་དེའི་རིགས་མིན་པར། ཆུ་བུར་གྱི་མེ་ཏོག་མཛེས་པོ་ཞིག་སྟེ། ཆུ་བུར་གྱི་མེ་ཏོག་དེ་ཨ་ཕའི་མཁུར་ཚོས་ནས་མཁྲིག་མགོར་ལྷུང་།”ཞེས་སྐྱོ་གར་གཉིས་བརྩེགས་ཀྱི་ཁྲོད་ནས་སྒྲུང་གཏམ་མཇུག་བསྡུས་ཡོད།
རང་གི་བུ་མོ་གཡུ་སྒྲོན་གྱི་ད་ལྟའི་གནས་བབ་འདི་ཨ་མ་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར་པའི་ལས་དབང་དེ་སྔོན་ཆད་རང་ཉིད་དྭ་ཕྲུག་ཏུ་གྱུར་པའི་ལས་དབང་གཉིས་ཁ་འཕྲོད་ཅིང་འགྲིག་པ་འདི། སྒྲུང་ཐུང«ཁྲུང་ཁྲུང»དྭ་ཕྲུག་ཅིག་གི་ལས་དབང་གིས་མགོ་བརྩམས་ཤིང་། དྭ་ཕྲུག་ཅིག་གི་ལས་དབང་གིས་མཇུག་བསྡུས་པ་དེས་སྒྲུང་གཏམ་ཧྲིལ་པོ་སྐྱོ་གར་སྒྲུང་གཏམ་ཞིག་ཏུ་གྲུབ་ཐུབ་པའི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་པ་མངོན་ཡོད།
གཞན་གཡུ་སྒྲོན་དང་མོས་བཅགས་སོང་བའི་དཀར་ཡོལ་གཉིས་ཀྱི་བར་ལ་ཀུན་སློང་མེད་པར་སྟབས་འགྲིག་པའི་སྒོ་ནས་སྟེས་དབང་གིས་བྱུང་བའི་གོད་ཆག་དེ་ཡང་ཨ་ཕའི་ནད་གཞི་བཅོས་འདོད་ཀྱི་རེ་འབྲས་རྨང་ནས་མེད་པར་གྱུར་པའི་སྐྱོ་གར་ཞིག་ཏུ་གྲུབ་ཡོད།
མི་ནི་སྐྱོ་གར་གྱི་ངང་དུ་གནས་པ་ཞིག་སྟེ། མི་ཡི་ཁ་གཏད་དུ་གནས་པའི་འཇིག་རྟེན་དང་། རང་བྱུང་ཆོས་ཉིད། སྤྱི་ཚོགས་སོགས་ནི་སྟོབས་ཆེ་ཞིང་མཐུ་བཙན་པ་དང་མི་ནི་ཉམ་ཆུང་ཞིང་འཁོས་ཞན་པ་ཡིན། དེ་བས་མི་ཡིས་མི་ཚེ་ཧྲིལ་པོར་སྐྱོ་གར་རང་བཞིན་གྱི་སྡུག་བསྔལ་རབ་དང་རིམ་པ་གཡོལ་མེད་དུ་མྱོང་དགོས་བྱུང་བ་ཡིན། མི་རྣམས་ཀྱིས་སྐྱོ་གར་རང་བཞིན་གྱི་འཚོ་སྡོད་གནས་བབ་དེ་ཉིད་རྩོམ་རིག་སྒྱུ་རྩལ་ལ་བརྟེན་ནས་མཛེས་དཔྱོད་ཅན་དུ་བྱས་ཤིང་། དེའི་མྱོང་རོལ་ལ་བརྟེན་ནས་སྐྱོ་གར་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་ལ་ངོ་རྒོལ་བྱེད་པའི་བློ་ཤེད་དམ་ངར་ཤུགས་སློང་བར་བྱེད་པ་དེའོ། “སྐྱོ་གར་གྱི་གནས་སྟངས་ལས་བྱུང་བའི་ངེས་རྟོགས་ཟབ་མོ་དེ་ཉིད་སྒྱུ་རྩལ་གྱི་རྣམ་པ་ངེས་ཅན་ཞིག་གིས་མཚོན་པར་བྱེད་པ”ཡིན། སྐྱོ་གར་གང་དེ་རྩོམ་ཡིག་ཏུ་འབྲི་དོན་ནི་མཛེས་དཔྱོད་ཅན་དུ་བྱས་པའི་སྐྱོ་གར་ཁྲོད་ནས་འཇིག་རྟེན་འཚོ་བའི་སྙིང་པོ་དང་མི་གཤིས་ཀྱི་རིན་ཐང་རྙེད་པའི་ཆེད་དུའོ། །
འབྲེལ་ཡོད་འོས་སྦྱོར།