logo

«ཟིང་ལོང་རྡེའུ་འགྲེམས»བཀླགས་པ།

རྩོམ་པ་པོ།:ས་སྲོས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-03-21 ཀློག་གྲངས།:
       ཉིན་འདི་དག་ལ་ཆོས་སྐྱོང་གིས་བརྩམས་པའི«ཟིང་ལོང་རྡེའུ་འགྲེམས»ལྷོད་ལྷོད་བྱས་ནས་ཀློག་མགོ་བརྩམས། བརྩམས་ཆོས་དེ་ནི་བོད་རྩོམ་ཞིབ་འཇུག་གི་དེབ་ཅིག་ཡིན་ལ་སྔར་ནས་ཀློག་བསམས་ནའང་རྒྱུ་རྐྱེན་གང་མང་གིས་ད་ལྟའི་བར་དུ་བསྐྱུར་དགོས་བྱུང་། རྩོམ་ཞིག་ཀློག་པར་ཡང་ཕྱི་ནང་གི་མཐུན་རྐྱེན་མང་དུ་འཛོམས་དགོས་པས་གང་བྱུང་མང་བྱུང་དུ་ཀློག་པ་ནི་དཔེ་ཀློག་གི་གོལ་ས་ཆེན་པོ་ཞིག་ཏན་ཏན་ཡིན་ངེས། «ཟིང་ལོང་རྡེའུ་འགྲེམས»སུ་བཀོད་པའི་རྩོམ་ཞིག་དང་ཐོག་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ«གཉིད་དུ་ཡུར་བའི་ཆུ»བརྒྱུད་དེ་བཀླགས་པ་ཡིན་ལ་ཚིག་ཉུང་དོན་རྒྱས་ཡིད་མགུ་བ་ཞིག་ཏུ་སྣང་བས་ཁོང་གི་བརྩམས་ཆོས་གཞན་རྣམས་ལ་ཡིད་འཇོག་བྱས་པ་ཡིན། དུས་ཕྱིས་དཔེ་ཁང་སོགས་ཀྱི་ནང་ནས་ཀྱང«ཟིང་ལོང་རྡེའུ་འགྲེམས»ཀྱི་དཀར་ཆག་ནན་གྱིས་བཀླགས་པ་དང་སེམས་སུ་ངེས་པར་ཐེངས་གཅིག་ཀློག་པའི་ཀུན་སློང་ཞིག་ཀྱང་ངང་གིས་འཁྲུངས། རྩོམ་གྱི་ཁ་བྱང་ནི་རྩོམ་གྱི་མགོ་དང་དཀར་ཆག་ནི་ཡན་ལག་ལྟ་བུར་གྱུར་པས་ན་དང་ཐོག«ཟིང་ལོང་རྡེའུ་འགྲེམས»ཟེར་ན་ལྡེམ་དགོངས་ཀྱི་ཉམས་ཤིག་དང་བོད་རྩོམ་ཕལ་བའི་མཚན་བྱང་འབྲི་སྟངས་ལས་བརྗིད་ཆགས་པ་ཞིག་ཡོད་པར་འདོད་པས་མཚར་སྣང་གིས་བཀླགས་པ་ཡིན། དེ་ནས་བཀླགས་ཀྱིན་བཀླགས་ཀྱིན་བསྐྱུར་མི་བྲ་བའམ་མ་བླུས་ཐུ་མེད་ཅིག་ཏུ་སྣང་བས་ཐད་ཀར་བླུས་པ་དང་སེམས་ནང་ལའང་གཞན་གྱི་ཤེས་རབ་བླུས་པའི་དགའ་བ་བརྗོད་ཀྱིས་མི་ལང་བ་ཞིག་འཕེལ་བྱུང་། དམངས་སྒོར་དྲུག་ཅུ་རེ་བརྒྱད་ཀྱིས་ཆོས་སྐྱོང་ལགས་ཀྱི་ལོ་བཅུའི་རིང་གི་རྩོམ་རིག་ཞིབ་འཇུག་གི་གྲུབ་འབྲས་སམ་རྩོམ་རིག་ལ་བཟུང་བའི་ལྟ་ཚུལ་སློབ་ཐུབ་པ་ནི་ཅི་འདྲའི་ཐོབ་བྱ་ཆེན་པོ་ཡིན་ཨང་། འཇིག་རྟེན་ནས་གཞན་གྱི་རྣམ་དཔྱོད་སློབ་ཐུབ་པའི་ཐབས་ཆེས་མཆོག་ཏུ་གྱུར་པའང་དཔེ་ཆ་བླུ་བ་དེ་ཡིན་སྲིད། ང་དང་གྲོགས་པོ་རྣམས་ཀྱིས་རྒྱུན་དུ་དཔེ་གོང་ཆེ་བས་དཔེ་ཆ་མ་བླུས་པའི་གྲངས་ཤིན་ཏུ་མང་ལ་རྗེས་ནས་བློ་རྣལ་དུ་ཕབ་ནས་བསམ་བློ་རེ་བཏང་ན་ཡིད་ཕངས་པ་ཞིག་རེད་ཨང་། སྤྱིར་གྲངས་ཀ་མང་ལ་སྤུས་ཀ་ཞན་པའི་དཔེ་ཀློག་བྱེད་སྟངས་འདི་ལ་ང་རང་ཉིད་ཀྱང་དེ་འདྲའི་དགའ་བོ་མེད། ཡིན་ནའང་། དཔེ་ཆ་ལ་ཚད་མེད་ཅིང་མི་ཚེ་ལ་ཚད་ཡོད་པའི་སྟབས་ཀྱིས་རྟབ་རྟབ་པོར་བཀླགས་པའང་ཉུང་ཉུང་མིན། མི་ལ་ལས་དཔེ་ཆ་ཞིབ་ཀློག་མ་བྱས་ན་གོ་བ་ཟབ་མོ་ཞིག་ལེན་མི་ཐུབ་པར་སྨྲ། འོན་ཀྱང་། དཔེ་ཆ་ལ་ལ་ཞིག་ཡང་ནས་བསྐྱར་དུ་བཀླགས་ན་སྔར་གྱི་མཛེས་པ་བསླད་པར་བྱེད་ངེས་པས་ཐེངས་གཅིག་བཀླགས་པས་ཀྱང་འཐུས་པར་བསམས། «ཟིང་ལོང་རྡེའུ་འགྲེམས»ནི་དཔེ་ཆ་དེ་འདྲའི་རིགས་སུ་མ་གཏོགས་པས་ནན་གྱིས་ཀློག་པ་དང་ནན་གྱིས་བསམ་གཞིག་གཏོང་དགོས་པའི་དེབ་ཅིག་ཏུ་མཐོང་། ནན་ཏན་གྱིས་བྲིས་པའི་རྩོམ་ལ་ནན་ཏན་གྱིས་འཇུག་པའང་གཅིག་ནས་རྩོམ་པ་པོར་བརྩི་བཀུར་བྱེད་སྟངས་ཤིག་དང་གཉིས་ནས་དཔེ་ཀློག་ལ་བཟུང་བའི་རྣམ་འགྱུར་ཞིག་ཡིན་པ་ཤེས་པར་བྱ། དེ་བས་ཀྱང་གལ་ཆེ་བའི་དཔེ་ཀློག་བྱེད་སྟངས་ཤིག་བཤད་ཁུལ་བགྱིས་ན། གྲིམ་ལྷོད་རན་པ་ཞེས་པའི་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྐད་ཆ་དེ་ཡིན་པར་བསམས། གྲིམ་ལྷོད་རན་པའི་སྒོ་ནས་དཔེ་ཀློག་བྱེད་པ་དང་རྩོམ་འབྲི་བ་ནི་དཔེ་ཆ་ལ་དགའ་བའི་མི་ཞིག་གི་ཆེས་མ་མཐའི་ཆ་རྐྱེན་ཡིན་པ་དང་དེ་འདྲ་བྱས་ན་གཞི་ནས་ཤེས་བྱའི་གནས་གང་མང་ཞིག་གི་གནད་ངང་གིས་འགྲོལ་ཐུབ། གཤམ་དུ«ཟིང་ལོང་རྡེའུ་འགྲེམས»ཀྱི་དཀར་ཆག་བཞིན་བསྒྲིགས་ནས་མྱོང་ཚོར་ཕྲན་བུ་ཞིག་དགོད་པར་བྱ།
གཅིག སྔོན་འགྲོའི་གཏམ།
       རྒྱུན་ཤེས་ཀྱི་རིགས་ལ་སྔར་ལས་གཙིགས་ཆེན་བྱེད་དགོས་ཞེས་པའི་ནང་དུ་ཁོང་གིས་ལེའུ་གསུམ་གྱི་བདག་ཉིད་དུ་གྲུབ་པའི་ཟིང་ལོང་རྡེའུ་འགྲེམས་ཀྱང་རྒྱུན་ཤེས་ལས་འཕྲོས་པའི་གཏམ་དུ་ངོས་བཟུང་བ་ནི་དཔེ་ཆ་དེ་ཀློག་པའི་ཐབས་སམ་ལྡེ་མིག་ཅིག་ཡིན་པ་དང་དོན་དངོས་ཀྱི་ཐོག་ནས་ཀྱང་ཁོང་ནི་རྒྱུན་ཤེས་ལ་དང་དོད་བྱེད་པའི་བོད་ཀྱི་ཡོན་ཏན་པའམ་རྩོམ་རིག་དཔྱད་བརྗོད་པ་ཞིག་ཡིན་པ་གསལ་པོར་མངོན་ཡོང་། «ཟིང་ལོང་རྡེའུ་འགྲེམས»ནི་རྩོམ་པ་པོ་ཕྱིར་རྒྱུན་ཤེས་ཀྱི་གནས་མལ་དུ་ལོག་ཕེབས་བྱུང་བའི་ཐོག་ནས་བརྩམས་པ་ཞིག་ཡིན་པར་བསམས། དོན་གནད་གཅིག་ལ་བརྟེན་ནས་འབྲེལ་ཡོད་ཀྱི་དོན་གནད་གཞན་རྣམས་ཟམ་མི་ཆད་པར་གཅིག་འཕྲོར་གཅིག་མཐུད་ཀྱིས་བརྟོལ་ཡོང་བ་ནི་སྔར་གསོག་འཇོག་བྱས་པའི་བག་ཉལ་གྱི་ཤེས་བྱ་དག་མ་ཡིན་ནམ། དངོས་ཕན་རིང་ལུགས་ཀྱི་ཕྱི་བཞིན་དུ་འབྲངས་པའི་སློབ་གཉེར་པ་བྱིངས་ཀྱི་ངོས་ནས་ཁོ་ཚོར་དཔེ་ཆ་ཇི་སྙེད་ཅིག་བཀླགས་པ་འཕྲོ་བརླག་ཏུ་ཤོར་བའི་ཕངས་སེམས་ཤིན་ཏུ་ལྕི། ཡོད་ཚད་ལ་དམིགས་ཡུལ་ཞིག་དགོས་པར་སྣང་བའི་རྣམ་རྟོག་ཅན་རྣམས་ཀྱི་དབང་དུ་བྱས་ན་དཔེ་ཀློག་གི་སྤྲོ་དགའ་དང་ལོངས་སྤྱོད་ཀྱི་གེགས་སུ་མི་འགྲོ་བའི་ངེས་པའང་མེད། དེ་འདྲ་ཡིན་པས་དཔེ་ཀློག་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་ན་དམིགས་ཡུལ་གྲུབ་རྗེས་དཔེ་ཀློག་གི་མཚམས་ཆད་འགྲོ་བ་མ་ཡིན་ནམ། «ཟིང་ལོང་རྡེའུ་འགྲེམས»ནི་རྩོམ་རིག་གི་ངོས་ནས་རྒྱུན་ཤེས་ལ་བླ་འབོད་བྱས་པ་ཙམ་མིན་པར་རྒྱུན་ཤེས་ལས་མགོ་བརྩམས་ཤིང་རྒྱུན་ཤེས་ཀྱིས་མཇུག་བསྡུས་པ་ཞིག་ཡིན། སྔོན་འགྲོའི་གཏམ་དུ་བཀོད་པ་དག་ནི་ཕྱི་མའི་རྩོམ་དག་ཀློག་པའི་མིག་ཟུང་ཡིན་པས་གཞན་རྣམས་ལྷན་ཐབས་ཀྱི་ཚུལ་དུ་བྲིས་པར་མཐོང་། སྔོན་འགྲོའི་གཏམ་དེ་བཀླགས་པས་ཀྱང་མུ་ནས་མུར་བཀླག་དགོས་པའི་སེམས་བྱུང་ཞིག་འཕེལ་བའི་རྒྱུ་རྐྱེན་ནི་གཅིག་ནས་བོད་སྐད་ཀྱི་བརྡ་སྤྲོད་སྟངས་ཀྱིས་བརྒྱན་པ་དང་གཉིས་ནས་རྩོམ་རིག་བློ་སྦྱོང་གི་ཤེས་བྱ་ཕུན་སུམ་ཚོགས་པས་ཡིན་པར་བསམས། བོད་ཁུལ་དུ་རྩོམ་རིག་ཞིབ་འཇུག་སྐོར་གྱི་དེབ་ཤིན་ཏུ་དཀོན་ལ་འགའ་ཞིག་དགོས་པའི་དབང་གིས་རྩོམ་རིག་གཞུང་ལུགས་ཀྱི་འབྲི་སྟངས་དང་བརྡ་ཆད་གོ་དཀའ་བའི་རིགས་བཀོལ་བས་ཀློག་མཁན་རྣམས་ཀྱིས་ཡིད་ཀྱིས་མ་འཆུན་པ་མང་། དེ་འདྲའི་གནས་ཚུལ་ལ་གཞིགས་ཏེ་རྒྱུན་ཤེས་ནས་དབུ་བརྩམས་པའི«ཟིང་ལོང་རྡེའུ་འགྲེམས»ཀྱིས་ཀློག་པ་པོ་རྣམས་ལ་ཉིས་སྟོང་ལོ་ནས་ཉིས་སྟོང་བཅུའི་དབར་གྱི་བོད་རྩོམ་འཕེལ་རྒྱས་ཀྱི་ས་ཁྲ་ཞིག་བྲིས་པའམ་རྩོམ་རིག་གི་སྟོང་ཆ་ཞིག་བྱུར་བུར་གཏམས་པ་མྱོང་བས་གྲུབ།
གཉིས། གླེང་སློང་བའི་གཏམ་ཉམས་མྱོང་གིས་ཁྱད་ཕྱེ་བ།
       “དེ་ཡང་ཟིང་ལོང་ཞེས་པ་ནི་དོན་དང་རྡེའུ་འགྲེམས་ཞེས་པ་ནི་དཔེ་སྟེ། ལོ་ངོ་བཅུ་ཕྲག་ལྷག་གི་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་དེ་རྣམ་པ་དང་ནང་དོན་གང་ཅིའི་ཐད། སྤྱིའི་ཆ་ནས་ཟང་ཟིང་ལང་ལོང་གི་ངང་ཚུལ་དུ་གནས་པས་ན་ཟིང་ལོང་དང་། བྱེ་བྲག་གི་གནས་ཚུལ་དང་སྣང་ཚུལ། རྩོམ་པ་པོ་དང་བརྩམས་ཆོས་བཅས་པ་རྡེའུ་རེ་རེ་བཞིན་དུ་གསལ་བོར་བཀྲམ་པས་ན་རྡེའུ་འགྲེམས་ཞེས་བཏགས་པ་ཡིན།”ཞེས་པའི་ཤུགས་ནས་རྟོགས་ཐུབ་པ་ནི།
       དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གི་གནས་ཚུལ་དང་རྩོམ་པ་པོ་ཕན་ཚུན་གཅིག་གིས་གཅིག་ལ་བསླབས་པ་དང་ལད་ཟློས་བྱས་པ་སོགས་ཀྱིས་ཟིན་ནས་ཡོད་ཅིང་། བརྗོད་བྱ་གཅིག་ཀྱང་རྗོད་བྱེད་མ་གཅིག་པའམ་རྗོད་བྱེད་གཅིག་ཀྱང་བརྗོད་བྱ་མ་གཅིག་པ། ཡང་ན་རྩོམ་ལུས་དང་བརྩམས་ཆོས་ཀྱི་རྣམ་དབྱེ་ས་ས་མལ་དང་རྡོ་རྡོ་མལ་བྱས་ནས་འབྱེད་ཐུབ་མེད་པ་བསྟན་པར་སྙམ། དེ་ནས་ཁ་བྱང་དང་འབྲེལ་བའི་གཏམ་དུ་རྩོམ་འདི«སྦྲང་ཆར»(2000—2010)གཞིར་བཞག་གིས་བྲིས་པ་ཞིག་ཡིན་པ་གསལ་བས་ཀློག་མཁན་རྣམས་ཀྱིས་སྦྲང་ཆར་དུ་བཀོད་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་བཅས་ཀློག་འདོན་བྱས་མེད་ན་ཁོང་གི་རྩོམ་ཡིག་འདི་བཀླགས་ཀྱང་ཅི་ཞིག་བསྟན་ཡོད་པའི་གོ་བ་གཏིང་ཚུགས་པ་ཞིག་གཏན་ནས་ཡོང་མི་ཐུབ། རྩོམ་མཁན་ཁོང་གིས་དཔྱད་པའི་རྩོམ་དག་སྔོན་དུ་བཀླགས་ཡོད་ན་གོ་བ་ལེན་ཚུལ་མི་འདྲ་བ་ཇི་སྙེད་ཅིག་བྱུང་དང་འབྱུང་སྲིད་པས་བདག་གཞན་གྱི་རྩོམ་རིག་གི་རྟོགས་པའང་ཆེས་ཆེར་འཕེལ་ཡོང་། མ་བཀླགས་པས་མ་ཤེས་པ་དང་མ་ཤེས་པས་མ་མཐོང་བ། མ་མཐོང་བས་ཁོང་དུ་མ་ཆུད་པ་སོགས་ཀྱང་མཐར་གཏུགས་ན་དཔེ་ཀློག་མ་ཐུབ་པའི་ངན་འབྲས་སུ་མཐོང་། ངས་འདི་ནས་མ་བརྟགས་ཉམས་དགའི་བརྟུལ་ཞུགས་བཟུང་ནས་དེ་དེ་བཞིན་ཟེར་ནས«ཟིང་ལོང་རྡེའུ་འགྲེམས»སུ་བཀོད་པ་མཐའ་དག་ཧྲིལ་གྱིས་དང་དུ་བླངས་ན་གཅིག་ནས་ཀློག་པ་པོ་ཞིག་གི་མ་མཐའི་ཆ་རྐྱེན་ཤོར་བ་དང་གཉིས་ནས་དཔེ་ཀློག་མ་ཤེས་པའི་རྟགས་མཚན་ཕྱི་རུ་མངོན་པ་ཡིན་ངེས། དེ་འདྲ་ཡིན་པས་རྩོམ་མཁན་ཁོང་གི་རྩ་བའི་དགོངས་གཞི་དང་ཀློག་མཁན་རང་གི་བསམ་ཚུལ་གཉིས་དཀྱུས་གཅིག་ཏུ་ཡོང་བར་འབད་པས་བྲིས། ཡིན་ནའང་། དེ་དག་ཀློག་པ་པོ་ཞིག་གི་གཏམ་ཡིན་པས“ཐབས་རྩལ”གྱིས་མ་འཇོན་པ་དང“ཉམས་མྱོང”གིས་དབུལ་བའམ“བློ་སྦྱོང”གིས་མ་འཆུན་པ་སོགས་ཀྱི་སྐྱོན་མང་དུ་བྱུང་དང་འབྱུང་ངེས་པས་གཅིག་ནས་རྩོམ་པ་པོར་དྲང་པོ་དྲང་བཤད་དང་། གཉིས་ནས་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་བཅས་སྤང་ཅི་ཐུབ་བྱས་ནས་འབྲི་ཁུལ་བགྱིས།
གསུམ། དཀྱུས་སུ་གླེང་བའི་གཏམ་ཐབས་ཤེས་ཀྱིས་གནད་བཀྲོལ་བ།
       “ཡོངས་གྲགས་སུ། བོད་ཀྱི་དེང་རབས་རྩོམ་རིག་དེ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་དབུ་བརྙེས་པར་གྲགས་ཤིང་། མིག་སྔའི་བར་དུ་ལོ་ངོ་སུམ་ཅུ་ལྷག་གི་བགྲང་བྱ་བརྒྱུད་དེ་འོངས་པ་རེད། ཡིན་ནའང་། བགྲང་བྱ་ཐུང་ངུ་དེའི་ནང་དུ་དོན་གྱིས་ལྗིད་ཆེ་ཞིང་གྲངས་ཀྱིས་ཚད་ལོངས་པའི་འབྲས་བུ་རྔོ་ཐོགས་པ་ཞིག་བླངས་པ་སུས་ཀྱང་བསྙོན་དུ་མེད། ལྷག་པར་དུས་རབས་གསར་པའི་གནས་སྐབས་སུ་སླེབས་མཚམས་ནས་བྱེ་བྲག་གི་རྩོམ་ལུས་རེ་གཉིས་ཐད་ནང་དོན་དང་རྣམ་པ་གང་ཅིར་ཡར་ངོའི་ཟླ་བར་བསྒྲུན་ནུས་པའི་འཕེལ་རྒྱས་བྱུང་འདུག་པས་ན། སྙོམས་ལས་པ་ཁོ་བོས་ཚད་གཞི་མཐོན་པོ་ཞིག་ནས་དང་ཁྱབ་རྒྱ་ཡངས་པོ་ཞིག་ནས་གླེང་རྒྱུ་ཟེར་ན་མཁས་པ་གཞན་རྣམས་འཕྱ་བའི་རྒྱུ་ཁོ་ནར་ཐལ་མོད་ཀྱི། འོན་ཀྱང་གནའ་མི་མཁས་པ་འདས་ཤིང་། ད་མི་བླུན་པོ་སྐྱེས་པའི་དུས་འདི་དང་འདི་འདྲར། བདག་གིས་ཀྱང་བོང་བུར་གསེར་སྒ་སྟོད་པ་དང་ནམ་ཚོད་བྱ་ཕོས་འཛིན་པའི་བརྟུལ་ཞུགས་ལྷུར་བླངས།”ཞེས་ཁེངས་སྐྱུང་གི་ཚུལ་བཟུང་བ་དང་རྒྱུན་ཤེས་ཀྱི་རྒྱུན་མཐུད་པའི་ལྟ་ཚུལ་ཁེབས་ཆེ་ལ་ཀུན་གྱི་བློར་འཚམ་པ་ཞིག་གིས་སྤྱི་ལོ་ཉིས་སྟོང་ལོ་ནས་བཟུང་སྒྲུང་གཏམ་གསར་རྩོམ་གྱི་གནས་བབ་ལྟོས་བཅས་ཀྱིས་ཚ་ཚ་འུར་འུར་གྱི་གནས་ཤིག་ན་ཡོད་པའི་གནད་བསྟན། “རྩོམ་རིག་དཔྱད་བརྗོད་པས་རྩོམ་རིག་ཤེས་དགོས། ཐོག་མར་རྩོམ་རིག་དཔྱད་བརྗོད་པ་ཞིག་ཡིན་ན་རྩོམ་རིག་ཤེས་དགོས། རྩོམ་རིག་མ་ཤེས་ན་མཛེས་དཔྱོད་གླེང་ཐབས་མེད”ཅེས་པ་ནི་ཚིག་བཟང་གསེར་གྱི་ཐིགས་པ་ཞིག་ཡིན་པར་འདོད། ཆོས་སྐྱོང་ལགས་ནི་གཅིག་ནས«སྦྲང་ཆར»རྩོམ་སྒྲིག་པའི་ལས་ཀ་སྒྲུབ་མི་ཞིག་ཡིན་པས«སྦྲང་ཆར»དུ་བཀོད་པའི་རྩོམ་དག་ཁ་འདྲིས་ཁོག་འདྲིས་སུ་ཡོད་པ་དང་།གཉིས་ནས་རྒྱ་ཡིག་གི་ཆུ་ཚད་མཐོ་བས་རྩོམ་རིག་དཔྱད་བརྗོད་གཙོ་བྱས་པའི་བརྩམས་ཆོས་དུ་མར་བསླབ་པ་སློབ་གཉེར་བྱས་པའི་གནད་ཟིན་པ། རྒྱ་བོད་གཉིས་ཀྱི་ཐོག་ནས་རྩོམ་འབྲི་བ་དེ«ཟིང་ལོང་རྡེའུ་འགྲེམས»གྲུབ་པའི་ཕྱི་ནང་གི་བདག་རྐྱེན་དམིགས་བསལ་བ་ཞིག་ཡིན་པ་ཞོར་བྱུང་གི་གཏམ་ཡིན། དེ་ནས་རྩོམ་གྱི་བརྗོད་གཞི་གཙོ་བོ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་སོགས་དང་འབྲེལ་བའི་གཏམ་གྱིས«ཟིང་ལོང་རྡེའུ་འགྲེམས»ཀྱི་རྩ་བའི་རྩ་བ་ཅི་ཞིག་གི་ཐོག་ལ་བབས་ཡོད་པ་གསལ་བར་བསྟན་པ། དེ་ནི་རྩོམ་འདིའི་བྱུང་གནས་འཕེལ་གསུམ་གྱི་འབབ་ས་གཅིག་པུ་སྟེ། བོད་ཀྱི་རྩོམ་རིག་བཤད་སྟངས་གཞན་ལས་ཁྱད་དུ་ཐོན་པ་ཆེད་སྤྱོད་བརྡ་ཆད་ཀྱིས་མ་སྤུད་པ་གཅིག་ཤེས་ཀུན་གྲོལ་ནུས་པའི་རྒྱུན་ཤེས་ཀྱི་སྙིང་སྟོབས་ཤིག་ཡིན་པར་བསམས། ཕལ་ཆེར་མི་ཚེ་རྩོམ་རིག་ལ་བསྟིམས་པའི་མི་ཞིག་གི་ནང་གཏམ་གྱི་ཚུལ་དུ་བློ་དཀར་སེམས་དཀར་གྱི་ཁ་བརྡ་ཐེངས་ཤིག་བྱས་པའམ་རྩོམ་རིག་ཀྱང་རྒྱུན་ཤེས་ནས་དབུ་རྩོམ་དགོས་པ་ལག་ཏུ་བསྟར་བའི་རྩོམ་རིག་གི་འགྲེལ་རྒྱག་སྟངས་ཤིག་བློ་རིག་གསལ་ཞིང་དྲན་ཤེས་ལྡན་པ་རྣམས་ལ་བསྟབས་པའོ། །
བཞི། ཟུར་དུ་བཀོད་པའི་གཏམ།
       རྩོམ་རིག་གསར་པ་དར་བ་ནས་བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་གི་བསྟན་པ་ཤིན་ཏུ་རྒྱས་པར་བསམས་ན་གཅིག་ནས་དགའ་འོས་པ་ཞིག་དང་གཉིས་ནས་ཡིད་ཕམ་པ་ཞིག་རེད། དགའ་འོས་པ་ནི་སྙན་ངག་ལ་བསམ་བློ་གཏོང་མཁན་མང་དུ་ཕྱིན་པས་དང་།ཡིད་ཕམ་པ་ནི་སྒྱིད་ལུག་གི་དབང་གིས་སྙན་ངག་བྲིས་པས་ཡིན། “སྤྱིར་རང་མོས་སྙན་ངག་ལ་མཚན་ཉིད་འདི་དང་མཚན་གཞི་གན་ཞེས་པ་ཁ་ཚོན་བཅད་ནས་བཤད་དཀའ་ནའང་། ཚིག་གི་ངོ་གདོང་ནས་གླེང་ན་རང་མོས་ཞེས་པ་སྐབས་འདིར་བོད་འགྱུར་གྱི་ཐ་སྙད་ཅིག་ལ་གོ་དགོས་ཏེ། གཙོ་བོ་ཚིག་དང་རྣམ་པའི་ཐད་ནས་བཞག་པ་རེད། དེ་ནི་སྔ་མ་དག་དང་མི་འདྲ་ཞིང་། རྐང་བ་དང་ཚེག་བར། གཅོད་མཚམས་བཅས(ལུགས་ཡངས་པའི་ཚུལ་གྱིས)རྩོམ་པ་པོའི་ཡིད་འགྱུའམ་བརྩེ་དུངས་ཀྱི་འགྲོས་དང་བསྟུན་ནས་འཕེལ་ཞིང་རྒྱས་པའི་གཏན་ཚིགས་གཞིར་བྱས་པ་ཞིག་རེད”ཅེས་པ་ནས་འཕྲོས་ཏེ་ཁོང་གིས་རང་མོས་སྙན་ངག་འགྲུབ་པའི་རྒྱུ་གསུམ་གླེང་བ་སྟེ། “གཅིག རྗོད་བྱེད་ནི་རང་མོས་སྙན་ངག་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཏེ། ལྗོན་པའི་རྩ་བ་མ་ཚུགས་ན་དོན་གྱི་གཡུ་ལོ་ཐགས་སུ་ཇི་ལྟར་བཀྲ། གཉིས། སྙན་ངག་པའི་མི་ཚེའི་ལྟ་བ་དང་སྙན་ངག་ལས་བསྟན་པའི་གནས་ལུགས་དྲང་དགོས་པ་ནི་རང་མོས་སྙན་ངག་གི་དམིགས་ཡུལ་གལ་ཆེན་ཞིག་སྟེ། ལྗོན་པའི་གཞུང་རྟ་དྲང་ན་ཅིས་ཀྱང་སྙན་ངག་གི་ཁང་བཟང་བཞེང་བའི་ཀ་བར་འགྱུར། གསུམ། བསམ་དོན་རྒྱ་ཆེ་ཞིང་དོན་དུ་མར་སྣང་བ་ནི་རང་མོས་སྙན་ངག་ལ་གསོན་སྟོབས་འབར་བའི་རྒྱུ་སྟེ། ཕྱོགས་བཞིར་བརྐྱངས་པའི་ཡལ་ག་མེད་པར་དམར་རྗེན་དུ་ལུས་པའི་གཞུང་རྟ་ཁོ་ནར་སུས་ཀྱང་གྲིབ་བསིལ་མི་བསྟེན།”སོགས་ཀྱིས་རང་མོས་སྙན་ངག་གི་ས་བཅད་ཆེན་པོ་ཞིག་བསྐངས་པར་མཐོང་། དེ་ནས་མི་རབས་གསུམ་པའི་སྙན་ངག་གི་དོན་སྙིང་དང་བསྡུས་བརྗོད་རིང་ལུགས་པའི་སྙིང་སྟོབས་བཤད་པ་ནི་རྩོམ་རིག་གསར་པའི་ཐོག་ནས་ཐོད་བརྒལ་ཆེན་པོ་ཞིག་གམ་རྩོད་གཞི་ཆེན་པོ་ཞིག་ཡིན་ལ་དེས་བོད་ཁུལ་གྱི་རྩོམ་སྟེགས་སུ་གྲག་འགུལ་མི་ཆུང་བ་ཞིག་བསླངས། བོད་ཀྱི་མི་ལུགས་འདོམས་པའི་སྙན་ངག་ལས་ཕྱིར་མི་སྒེར་གྱི་ཐོག་ཏུ་བབས་ནས་སྙན་ངག་གི་རྒྱང་འབོད་བྱས་པ་ཡིན་ལ།བོད་ཀྱི་སྙན་ངག་གི་ལྟ་ཚུལ་ལ་སྔར་ལས་ལྷག་པའི་འགྱུར་བ་ཆེན་པོ་ཞིག་བཏང་བའང་མྱོང་བས་གྲུབ། སྒྲུང་གཏམ་དང་འབྲེལ་བའི་ནང་དུ་ཁོང་གིས་བོད་ཀྱི་སྒྲུང་གཏམ་འབྲི་མཁན་རྩེ་གྲས་དག་གི་བརྩམས་ཆོས་སྒྱུ་རྩལ་གྱི་ཐོག་ནས་བཀྲོལ་བ་ལས་ཀུན་སྤྱོད་ཀྱི་ལྟ་བས་བཅིངས་མེད་པ་ཤིན་ཏུ་མད། དེ་ནི་བརྩམས་ཆོས་ཀྱི་ངོས་ནས་བརྩམས་ཆོས་གླེང་བ་ལས་རྩོམ་པ་པོའི་ངོས་ནས་བརྩམས་ཆོས་གླེང་བ་ཞིག་མ་ཡིན།
ལྔ། མཇུག་བསྡུ་བའི་གཏམ་རྒྱུན་ཤེས་ཀྱིས་སླར་བསྡུས་པ།
       «ཟིང་ལོང་རྡེའུ་འགྲེམས»ཀྱི་ཐོག་མཐའ་བར་གསུམ་རྒྱུན་ཤེས་ཀྱི་བདེན་པ་དོན་དུ་གཉེར་བའི་ཐོག་ནས་བསྐྱངས་པ་རྩོམ་པ་པོའི་ཐོག་མའི་ཀུན་སློང་དང་མཐུན་ལ་མཐའ་མའི་དམིགས་ཡུལ་ཡང་ཡིན། ཁོང་གིས་རྩོམ་རིག་སྤྱི་མཚན་ཙམ་སྨྲས་ནས་ཀློག་པ་པོའི་མགོ་རྨོངས་པར་བྱས་མེད་ཅིང་བསྡུས་བརྗོད་ཀྱི་རིག་པ་དྲངས་ནས་བསླུ་བྲིད་ཀྱང་བཏང་མེད། ཁོང་ནི་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པའི་ཁྲོད་དུ་གྲངས་ཀ་ལས་སྤུས་ཀ་གཙོ་བོར་བྱེད་པའི་འདྲ་འདྲའི་ནང་གི་མ་འདྲ་བའི་རྩོམ་པ་པོ་ཞིག་ཡིན་ལ་རྩོམ་རིག་ལ་བློ་དཀར་བའི་ཀློག་པ་པོ་ཞིག་ཀྱང་ཡིན། གཞུང་ལུགས་ལ་ཞེན་ཆེ་བ་དང་དཔེ་ཆ་རིང་ལུགས་པའི་ཕྱི་བཞིན་འབྲངས་པའམ་ཐ་སྙད་བརྗིད་ཆགས་རེ་ཟུང་སྤྱད་ནས་བརྩམས་མེད་པས་ཀློག་མཁན་རབ་འབྲིང་ཀུན་གྱི་ཡིད་དུ་འཐད་པ་བསམ་རྒྱུ་ཡོད་པ་ཞིག་བྲིས་ཡོད་པར་སྣང་། ད་ནི་ཁོང་གི་རྩོམ་རིག་གི་རྒྱུན་ཤེས་ལས་འཕྲོས་པའི་སྐད་ཆ་ཞིག་གིས་མཇུག་བསྡུས་ན“གཅིག་ནས་དེབ་འདིའི་སྔ་རྗེས་བར་གསུམ་རྒྱུན་ཤེས་རིགས་ཤིག་གིས་རྒྱུན་ཐག་གཅིག་ཏུ་བརྒྱུས་ནས་ཡོད་པ་དང་། གཉིས་ནས་དེབ་འདིའི་བརྗོད་བྱ་ཡོངས་རྫོགས་རྩོམ་སྒྲིག་པ་དཀྱུས་མ་ཞིག་གི་མྱོང་བཤད་ཁོ་ནས་ཐོག་ཐག་གཅིག་ཏུ་བསྟན་ཡོད་པ་དང་། གསུམ་ནས་བོད་ཀྱི་དེང་རབས་རྩོམ་རིག་འདི་ངེས་པ་དོན་གྱིས་འཕེལ་རྒྱས་སུ་འགྲོ་དགོས་ན་མཐོ་འབྲིང་སློབ་མའི་གནས་སྐབས་སམ་དེ་ཡི་ཡང་གོང་རོལ་ནས་རྨང་གཞི་གལ་ཆེན་འདིང་དགོས་པ་དང་། བཞི་ནས་ང་ནི་རྒྱུན་ཤེས་ལ་དུངས་པའི་རྩོམ་སྒྲིག་པ་དཀྱུས་མ་ཞིག་ཡིན་བཞིན་དུ། འདིའི་ཡན་གྱི་མཇུག་བྱང་དམིགས་བསལ་ཅན་ཞིག་ཡེ་ནས་འབྲི་རྒྱུར་མ་མཆིས་པ་བཅས་རྒྱུ་མཚན་དུ་བཞག་པ་ཁོ་ནས་ཡིན་ནོ། །”མཐར«ཟིང་ལོང་རྡེའུ་འགྲེམས»ཀྱི་དགོངས་གཞི་མ་རྟོགས་པའི་གཏམ་དུ་བྲིས་པ་དང་ཆགས་སྡང་ཕྱོགས་ལྷུང་གི་དབང་དུ་སོང་བ། མགོ་མ་འཚོས་པ་གོ་ཙམ་ཤེས་ཙམ་གྱི་གནས་ན་ཡོད་པའི་སྐྱོན་ཅི་རིགས་བྱུང་དང་འབྱུང་སྲིད་པས་ཀློག་མཁན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོད་པའི་རེ་འདུན་དང་བཅས་མྱོང་ཚོར་ཕྲན་བུ་རེ་ཞིག་རྫོགས། །
འབྲེལ་ཡོད་འོས་སྦྱོར།