logo

གོ་འཛོལ་གྱི་མཐའ་དཔྱོད། འབྲོང་བུ་རྡོ་རྗེ་རིན་ཆེན།

རྩོམ་པ་པོ།:འབྲོང་བུ་རྡོ་རྗེ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-18 ཀློག་གྲངས།:
གོ་འཛོལ་གྱི་མཐའ་དཔྱོད།
པད་མ་རྣམ་རྒྱལ་གྱི«ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནསར་ལོཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ»བཀླགས་པའི་མྱོང་ཚོར།
འབྲོང་བུ་རྡོ་རྗེ་རིན་ཆེན།

ནང་དོན་གནད་བསྡུས། རྩོམ་འདིར་པད་མ་རྣམ་རྒྱལ་གྱི«ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནསར་ལོཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ་ལ་སྤྲོས་བརྗོད་རིག་པའི་ཕྱོགས་གཉིས་ནས་དབྱེ་ཞིབ་བགྱིས་ཏེ་མི་སྣ་དོན་གྲུབ་ཅེས་པ་སྒྲུང་གཏམ་གྱི“ཕྱི་ངོས་སྤྲོས་བརྗོད་པར”ངོས་བཟུང་བ་དང་ར་ལོ་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་ཡིན་པར་བསྒྲུབས་ཡོད།
བརྡ་ཆད་གཙོ་བོ། ར་ལོ། དོན་གྲུབ། མི་སྣ། ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པ། མཐོང་སྣེ། སྣང་བརྙན།
 
       པད་མ་རྣམ་རྒྱལ་གྱི«ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནསར་ལོཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ»(2022ལོའི«སྦྲང་ཆར»དེབ2པའི་སྟེང་བཀོད)ཞེས་པ་ཀློག་མཁན་ཀུན་གྱི་སྤྱན་སྔར་བསྟར་རྗེས། བོད་ཀྱི་རྩོམ་རིག་གི་སྡེ་ལ་གྲག་འགུལ་མི་ཆུང་བ་ཞིག་བསྐྱལ་ཡོང་། སྤྱིར་ན་དཔྱད་བརྗོད་འདིས་ཕྲན་ལྟ་བུར་དྲང་ལྡོག་ཕྱོགས་གཉིས་ནས་རྩོམ་རིག་གི་བློ་སྦྱོང་མི་དམན་པ་ཞིག་བསྩལ་བར་མཛད་ན་ཡང་། ལྟ་ཀློག་གི་གོ་རིམ་དུ་འཇུག་སྐབས་ཕ་རོལ་བོའི་ལྟ་ཚུལ་རེ་གཉིས་ལ་དང་ལེན་བྱེད་པའི་སྤྲོ་འདུན་ཆེར་མ་བྱུང་ཞིང་། ཁྱད་པར་དུ«ར་ལོའི»མི་སྣ་གཙོ་བོ་ངོས་འཛིན་ཚུལ་གྱི་རིགས་ལམ་དང་ལྟ་ཚུལ་སོགས་ཀྱི་ཆར་ཡིད་རྟོན་འཆའ་རུང་བའི་གནད་ཤིན་ཏུ་ཕྲ་བར་འདོད་པས། འདིར་རྩོམ་པ་པོ་ཉིད་ལ་གྲོས་གཞིའི་ཚུལ་གྱིས་རང་གི་བསམ་ཚུལ་འགའ་ཞིག་གཟུ་བོར་གནས་པ་དག་ལ་གུས་པས་ཕུལ་བ་ལགས།
དང་པོ། སྤྲོས་བརྗོད་པ་དོན་གྲུབ་ནི་ཡིད་རྟོན་མེད་པའི་རྗོད་པ་པོ་ཞིག་ཡིན་ནམ།
       ཚེ་རིང་དོན་གྲུབ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གྲུབ་འབྲས་མི་དམན་པ་རག་པའི་ཕུལ་བྱུང་གི་རྩོམ་པ་པོ་ཞིག་ཡིན། ཁོའི་སྒྲུང་གཏམ་གསར་རྩོམ་གྱི་གོ་རིམ་ཁྲོད་སྲོལ་རྒྱུན་གྱི་སྤྲོས་བརྗོད་བྱེད་ཐབས་བེད་སྤྱད་དེ་གཏམ་རྒྱུད་སྤེལ་བ་ཤས་ཆེ་ལ། གང་ཟག་གསུམ་པ་དང་དང་པོའི་མཐོང་སྣེ་དང་སྤྲོས་བརྗོད་བཀོལ་བའི་སྒྲུང་གཏམ་མང་པོ་ཞིག་ལ་ཀློག་མཁན་ཀུན་གྱི་དགའ་བསུ་ཐོབ་ཡོད་ཅིང་། ལྷག་པར«ར་ལོའི»སྙན་གྲགས་ནི་ལོ་རབས་བརྒྱད་ཅུ་པ་ནས་ད་བར་དུ་མ་ཉམས་པར་འདུག «ར་ལོའི»ནང་གི“ང”ནི་གཏམ་རྒྱུད་ཀྱི་སྤྲོས་བརྗོད་པ་ཡིན་ལ། གཏམ་རྒྱུད་ཀྱི་མཐོང་ཐོས་མྱོང་གསུམ་བརྒྱུད་པའི“དཔང་མི”ཡང་ཡིན། དེ་ཡང་། “ང”ཡིས་གཏམ་རྒྱུད་སྤྲོས་བརྗོད་བྱེད་པའི་སྐབས་སུ། སྤྲོས་བརྗོད་བྱ་ཡུལ་རེ་གཉིས་ཤིག་ལ་ཁ་གཏད་པ་མ་ཡིན་པར་ཀློག་པ་པོ་ཡོད་ཚད་དམིགས་སུ་ཉར་ཡོད་པ་རེད། རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་ལ་མཚོན་ན། སྤྲོས་བརྗོད་པ་ནི་བརྩམས་ཆོས་ཀྱི་གཏམ་བརྗོད་སྤེལ་མཁན་གྱི་གཙོ་གཞི་ཡིན་པས། སྒྲུང་གཏམ་ལེགས་གྲུབ་འབྱུང་བར་གཏམ་རྒྱུད་ཀྱི་སྤྲོས་བརྗོད་པ་མ་ནོར་བ་ཞིག་བསྟེན་རྒྱུ་ནི་སྒྲུང་གཏམ་གྱི་སྒྱུ་རྩལ་སྤུས་ཚད་དང་རྩོམ་པ་པོའི་སྒྱུ་རྩལ་ཆུ་ཚད་མཐོར་འདེགས་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཏུ་རྩི། སྤྲོས་བརྗོད་རིག་པའི་གཞུང་ལུགས་ལྟར་ན། སྒྲུང་གཏམ་གང་ལའང་སྤྲོས་བརྗོད་པ་ཞིག་མེད་མི་སྲིད་ཅིང་། དེ་ལའང་ཡིད་རྟོན་རུང་བའི་སྤྲོས་བརྗོད་པ་དང་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པ་གཉིས་སུ་ཕྱེ། པད་མ་རྣམ་རྒྱལ་གྱི་བསམ་ཚུལ་ལྟར་ན། «ར་ལོའི»ནང་གི་སྤྲོས་བརྗོད་པ་དོན་གྲུབ་ནི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པར་ངོས་འཛིན་མཛད་འདུག་ལ། དེའི་རྒྱུ་མཚན་ནི་མདོར་བསྡུས་ན་དཔྱད་རྩོམ་འདིའི“ནང་དོན་གནད་བསྡུས”ལས་བསྟན་པ་ལྟར་ཕྱོགས་གཉིས་ཀྱི་ཆ་ནས་གླེང་ཆོག་སྟེ།
       ༡ “སྒྲུང་གཏམ་འདིའི་མི་སྣ་དང་རྗོད་པ་པོ་གཉིས་ཀ་ཡིན་པའི་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཚད་ཡོད་པའི་མཐོང་སྣེ་ལ་འགལ་བ་དང་གཏམ་རྒྱུད་ཀྱི་དོན་དངོས་དང་འགལ་བའི་སྒོ་ནས། ར་ལོའི་གཏམ་རྒྱུད་ལ་སྒྲོ་འདོགས་འཁྱོག་འབྲི་དང་བཙོག་བསྒྱུར་གྱིས་བརྗོད་པས་ཁོ་ནི་ཡིད་རྟོན་མེད་པའི་སྤྲོས་བརྗོད་པར”སྙམ་པ། 
       ༢ “ཡིད་རྟོན་མེད་པའི་སྤྲོས་བརྗོད་ཀྱི་སྦྱོར་བ་ཡིས་སྤྲོས་བརྗོད་པ་རང་ཉིད་ཀྱི་མི་གཤིས་ཀྱི་མི་སྡུག་པའི་ཆ་གང་ཞིག་གསལ་རྗེན་དུ་བཏོན་ཏེ། སྤྲོས་བརྗོད་པ་རང་ཉིད་སྒྲུང་གཏམ་འདིའི་ཟུར་ཟ་དང་མཚང་འབྱིན་བྱ་ཡུལ་དུ་གྱུར་འདུག་པས”དོན་གྲུབ་ནི་ར་ལོའི་གཏམ་རྒྱུད་ལ་ཡིད་རྟོན་མེད་པར་རྗོད་མཁན་གྱི་ཡིད་རྟོན་མེད་པའི་སྤྲོས་བརྗོད་པར་འདོད་པ།
       གོང་གི་སྡོམ་ཚིག་དེར་གཞིགས་ན། «ར་ལོའི»ནང་གི་མི་སྣ་དོན་གྲུབ་ཅེས་པ་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པར་འདོད་པ་ནི་གཙོ་བོ་མི་སྣའི་སྤྲོས་བརྗོད་ཀྱི་ནང་དོན་ལ་ཡིད་རྟོན་མེད་པ་རྒྱུ་མཚན་དུ་དྲངས་ཏེ་དེ་ལྟར་སྡོམ་ཚིག་བཟོས་པ་ཡིན་པར་འདུག་མོད། ཨ་རིའི་རྩོམ་རིག་དཔྱད་བརྗོད་པ་པུའུ་སིའི་བཞེད་པ་གཞིར་བཟུང་ན། ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པ་ནི་དེ་ལྟའི་རྒྱུ་འབྲས་སྟབས་བདེའི་འབྲེལ་བའི་སྟེང་ནས་ངོས་བཟུང་ཆོག་པ་ཞིག་གཏན་ནས་མིན་པར་གདའ། དེ་ཡང་། ཡིད་རྟོན་རུང་བ་དང་མི་རུང་བའི་སྤྲོས་བརྗོད་པ་ཞེས་པའི་དོན་སྤྱི་འདི་ནི་ཁོང་གིས་སྒྲུང་གཏམ་གྱི་སྤྲོས་བརྗོད་པ་དང་གབ་སྦས་རྩོམ་པ་པོ་གཉིས་ཀྱི་བར་ཐག་ལ་ཞིབ་འཇུག་བྱེད་སྐབས་ཐོག་མར་བཏོན་པའི་ཐ་སྙད་གཉིས་ཡིན་ཏེ། ཁོང་གི«སྒྲུང་གཏམ་གྱི་ཚིག་རྒྱན་རིག་པ»ཞེས་པའི་ནང“སྤྲོས་བརྗོད་པས་བརྩམས་ཆོས་ཀྱི་བསམ་བློའི་ཚད་གཞི(གབ་སྦས་རྩོམ་པ་པོའི་བསམ་བློའི་ཚད་གཞི)ལྟར་སྐད་ཆ་བཤད་པ་དང་བྱ་འགུལ་སྤེལ་བའི་ཚེ། བདག་གིས་འདི་ལྟ་བུའི་སྤྲོས་བརྗོད་པར་ཡིད་རྟོན་རུང་བའི་སྤྲོས་བརྗོད་པ་ཞེས་བརྗོད་ཅིང་། དེ་ལས་ལྡོག་པ་ཡིན་ན་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པ་ཞེས་འབོད་པ་ཡིན”[1]ཞེས་གསུངས། འདིར་གནད་དོན་ལ་ཐག་ཆོད་གསལ་བོ་ཡོང་ཆེད་ཐོག་མར་གབ་སྦས་རྩོམ་པ་པོ་ཞེས་པའི་གོ་དོན་ལ་ངེས་ཤེས་གསལ་བོ་འདྲོངས་དགོས་པར་འདུག་སྟེ། གབ་སྦས་རྩོམ་པ་པོ་ཟེར་བ་ཡང་རྩོམ་པ་པོས་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནམ་ཡང“‘རང་ཉིད་གཞན་ཞིག’སྟེ་གབ་ཅིང་སྦས་པའི་སྐུ་ཚབ་ཅིག་སྒྲུབ་བཞེངས་མཛད་ཡོད་པ་དེ་ཡིན”ཞེས་པུའུ་སིས་བསྟན་མྱོང་ལ། ཕྱིས་ཀྱི་སྒྲུང་གཏམ་ཞིབ་འཇུག་གི་མཁས་པ་མང་པོས་ཀྱང་ཁོང་གིས་བསྟན་པའི་མི་མངོན་པའི“རང་ཉིད་གཞན་ཞིག”ཅེས་པའི་རྩོམ་པ་པོའི་སྐུ་ཚབ་དེ་ནི“གབ་སྦས་རྩོམ་པ་པོར”གོ་བ་ལེན་དགོས་པའི་བསམ་ཚུལ་རྣལ་མ་བཏོན་ཡོད། དེས་ན། གབ་སྦས་རྩོམ་པ་པོ་ནི་བརྩམས་ཆོས་ཀྱི་ནང་ངོས་སུ་མཐོང་དུ་མེད་པར་ཡི་གེ་དང་ཚིག་གི་བར་དུ་ཐིམ་པ་ཞིག་ཡིན་པས་ཀློག་པ་པོས་བརྩམས་ཆོས་ཧྲིལ་བོ་ཀློག་སྐབས་ཡིད་སྟོབས་ཀྱིས་མ་གཏོགས་མྱོང་མི་ཐུབ་པར་འདོད།
       མཚམས་འདིར་རྟོགས་དགོས་པ་ཞིག་ནི་སྒྲུང་གཏམ་ཡོད་ཚད་ཀྱི་སྤྲོས་བརྗོད་པ་དག་ནི་ཡིད་རྟོན་མི་རུང་བ་འབའ་ཞིག་ཡིན་པའི་ངེས་པ་མེད་དེ། ལོ་རབས་བརྒྱད་ཅུའི་ཡན་ལ་དར་བའི་རྒྱ་བོད་ཀུན་གྱི་སྲོལ་རྒྱུན་གྱི་སྒྲུང་གཏམ་ཐམས་ཅད་ནི་རྩོམ་པ་པོ་དང་གབ་སྦས་རྩོམ་པ་པོ། སྤྲོས་བརྗོད་པ་སོགས་ཀྱི་དོན་སྤྱི་གཞི་རྩའི་སྟེང་གཅིག་གྱུར་དུ་སོང་ཡོད་ཅིང་། སྒོས་སུ་རྩོམ་པ་པོ་དང་གབ་སྦས་རྩོམ་པ་པོ་གཉིས་བར་དུ་དབྱེ་བ་དང་ཁྱད་པར་འབྱེད་དུ་མེད་པ་རེད། དེ་བས། རང་རེའི་རྩོམ་རིག་ལོ་རྒྱུས་སུ་སྲོལ་རྒྱུན་གྱི་སྒྲུང་གཏམ་དག་ནི་མ་གཞི་ནས་ཡིད་རྟོན་རུང་བའི་སྤྲོས་བརྗོད་པས་སྤེལ་བའི་གཏམ་རྒྱུད་ཅན་གྱི་བརྩམས་ཆོས་སུ་རྩི་ལ། གསལ་བར་བཤད་ན་ཀློག་མཁན་གྱི་དང་ལེན་ཐོབ་པའི་སྲོལ་རྒྱུན་གྱི་སྒྲུང་གཏམ་ཞིག་ཡིན་ཚེ་སྤྲོས་བརྗོད་པ་དང་སྤྲོས་བརྗོད་ཀྱི་ནང་དོན་ཡོད་ཚད་ལ་ཡིད་རྟོན་རུང་བ་སྨོས་སུ་མེད་པ་ཡིན་ཏེ། ཆིའུ་ཁྲང་གིས་ཀྱང“རྩོམ་པ་པོས་སྤྲོས་བརྗོད་པར་བརྟེན་ནས་ཀློག་པ་པོའི་ལྟ་ཀློག་ལ་ཚོད་འཛིན་གཏོང་བ་དང་། ......ཀློག་པ་པོར་རང་ཉིད་ཀྱིས་བརྡར་ཤ་གཅོད་པའི་སྟོང་ཆ་གང་ཡང་མི་སྟེར་བ་ཡིན། དེ་ནི་སྤྲོས་བརྗོད་པ་བརྒྱུད་དེ་ཀློག་པ་པོའི་ལུས་སྟེང་དུ་སྦྱིན་པའི་ལྟ་ཀློག་གི་ཤུགས་རྐྱེན་ཡིན་ཞིང་། དེའི་སྔོན་འགྲོ་ནི་ཀློག་པ་པོ་ངེས་པར་སྤྲོས་བརྗོད་པར་ཡིད་ཆེས་དགོས་པ་དེ་རེད”[2]ཟེར།
       ཚེ་རིང་དོན་གྲུབ་ནི་སྲོལ་རྒྱུན་གྱི་སྒྲུང་གཏམ་གསར་རྩོམ་ལ་ཅུང་ཟད་དབང་འབྱོར་བ་ཞིག་རེད། ཁོང་གིས་ལོ་རབས་བརྒྱད་ཅུ་པའི་ནང་བརྩམས་པའི«ར་ལོའི»སྒྲུང་གཏམ་དུ་སྤྲོས་བརྗོད་པ་ཞིག་སྒྲུབ་བཞེངས་མཛད་ཡོད་མོད། འོན་ཀྱང་དེ་ནི་རྩོམ་པ་པོའི་སྐུ་ཚབ་ཁོ་ནར་གྱུར་པའི་སྤྲོས་བརྗོད་པ་ཞིག་ཡིན་པ་ལས་རྩོམ་པ་པོ་ལས་ཡོངས་སུ་བརྒལ་བའི་གབ་སྦས་རྩོམ་པ་པོ་གཏན་ནས་མ་ཡིན་ལ། དེས་གབ་སྦས་རྩོམ་པ་པོའི་གཞོགས་འདེགས་ཀྱི་ནུས་པ་ཡང་གཏན་ནས་ཐོན་མེད་པ་སྒྲུང་གཏམ་ཧྲིལ་བོའི་མྱོང་རོལ་ལས་ཚོར་ཐུབ། ཡང་གཅིག་བཤད་ན། དོན་གྲུབ་ཅེས་པའི་སྤྲོས་བརྗོད་པ་དེའང་རིག་སྟོབས་དང་ཤེས་རྟོགས། བསམ་བློ་སོགས་གང་ཆ་ནས་ཡིད་རྟོན་མི་རུང་བའི་མི་སྣ་ཞིག་ཏུ་རྩ་བ་ནས་སྒྲུབ་བཞེངས་བྱས་མི་འདུག་པ་དང་། ཁོའི་སྤྲོས་བརྗོད་ཧྲིལ་བོའི་ནང་དུ་ར་ལོའི་གཏམ་རྒྱུད་ལ་ཡིད་རྟོན་མེད་པའི་སྤྲོས་བརྗོད་དང་རྩོམ་པ་པོའི་བསམ་བློ་དང་མི་མཐུན་པའི་དཔྱད་འཇོག་ཡན་གར་བ་ཞིག་ཀྱང་མཐོང་དུ་མེད། དེ་བས། དཔྱད་རྩོམ་འདིར“སྒྲུང་གཏམ་གྱི་མི་སྣ་དང་རྗོད་པ་པོ་གཉིས་ཀ་ཡིན་པའི”སྤྲོས་བརྗོད་པ་ཡིན་ན། དེའི་སྤྲོས་བརྗོད་ལ་ཡིད་རྟོན་མེད་པར་འདོད་པ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ལས་མ་འདས་ཏེ། དཔེར་ན། སྐུ་ཞབས་ལུའུ་ཞུན་གྱི་སྒྲུང་གཏམ་མང་པོའི་ནང་གི་སྤྲོས་བརྗོད་པ“ང”ཞེས་པ་དག་ཀྱང་གཏམ་རྒྱུད་ཀྱི་ནང་དུ་འཛུལ་འདུག་པར་མ་ཟད། གཏམ་རྒྱུད་ཀྱི་མི་སྣར་སྒྲུབ་བཞེངས་བྱས་ཡོད་ཀྱང་མི་སྣའི་བརྩེ་ཚོར་དང་བསམ་བློའི་ཁ་ཕྱོགས་ནི་སྒྲུང་གཏམ་གྱི་གབ་སྦས་རྩོམ་པ་པོ་དང་ཤིན་ཏུ་ཐག་ཉེ་ལ། དེས་མི་སྣ་ཁོ་རང་དངོས་སུ་བརྒྱུད་མྱོང་བའི་དོན་དངོས་ཀྱི་བྱུང་རིམ་ཞིག་ངག་དྲང་བོའི་སྒོ་ནས་སྟོན་བཞིན་འདུག་པས་ན་ཀློག་མཁན་གྱི་རྒྱུད་ལ་ཡིད་རྟོན་རང་བཞིན་གྱི་སྣང་བ་ཆེས་ཆེར་བསྐྱེད་ཐུབ་པ་རེད། དེ་ལས་ང་ཚོས་སྤྲོས་བརྗོད་པ་ཞིག་ལ་མཚོན་ན། དེའི་ཡིད་རྟོན་རུང་མི་རུང་གི་ཚད་གཞི་ནི་སྤྲོས་བརྗོད་པ་ཁོ་རང་གཏམ་རྒྱུད་ཀྱི་ཁྲོད་དུ་དངོས་སུ་ཞུགས་དང་མ་ཞུགས་པའི་ཁྱད་པར་གྱི་སྟེང་ན་མེད་པ་གསལ་བོར་ངེས་ནུས་པ་རེད།
       «ར་ལོའི»ནང་གི་མི་སྣ“ང”སྟེ་དོན་གྲུབ་ཅེས་པ་ར་ལོའི་གཏམ་རྒྱུད་ཀྱི་མཐོང་ཐོས་མྱོང་གསུམ་བརྗོད་པའི་སྤྲོས་བརྗོད་པ་ཡིན་ན། ཁོའི་སྤྲོས་བརྗོད་ཕལ་ཆེ་བ་ནི་ར་ལོས“ང་ལ་ཁ་བརྡ་བྱས་པའི”གཏམ་རྒྱུད་ཁོ་ན་ཡིན་པས་ཁོ་ནི་ཕྱི་ངོས་ཀྱི་སྤྲོས་བརྗོད་པར་གྱུར་ཡོད་ཅིང་། ར་ལོ་ནི་གཏིང་རིམ་གྱི་སྤྲོས་བརྗོད་པ་ཡིན་པ་དང་གསལ་བོར་བཤད་ན«ར་ལོའི»སྒྲུང་གཏམ་ནང་གི་སྤྲོས་བརྗོད་པ་རྣལ་མ་རེད། དེ་བས། ར་ལོའི་གཏམ་རྒྱུད་ཧྲིལ་བོ་ནི་སྤྲོས་བརྗོད་པ་གཉིས་ཀྱིས་རྫོགས་པར་གྲུབ་པ་དང་དེ་ལས་ཀྱང་གཙོ་འགན་ཁུར་བའི་སྤྲོས་བརྗོད་པ་ནི་དོན་གྲུབ་མ་ཡིན་པར་ར་ལོ་ཡིན་དགོས་ཤིང་། དེ་ལྟར་ན་ར་ལོའི་གཏམ་རྒྱུད་ལ་རང་རྣམ་གྱི་ཁྱད་ཆོས་ཆེན་པོ་ལྡན་པ་དང་ནང་དོན“ཕལ་ཆེར་དོན་དངོས་ཡིན་པས”ཀློག་པ་པོས་ཡིད་རྟོན་རུང་བའི་སྤྲོས་བརྗོད་ཀྱི་ཆུ་ཚད་དུ་སླེབས་ཡོད་པ་རེད། རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་མཚོན་ན། ར་ལོའི་གཏམ་རྒྱུད་དེ་ར་ལོ་བརྒྱུད་དེ་མི་སྣ་དོན་གྲུབ་ལ་སྤྲོས་བརྗོད་བྱེད་དུ་བཅུག་པ་ནི་སྲོལ་རྒྱུན་གྱི་གསར་རྩོམ་ཐབས་ཤེས་ཕུལ་དུ་བྱུང་བ་ཞིག་ཡིན་ཏེ། དེས་རྩོམ་པ་པོ་དང་ཀློག་པ་པོའི་བར་དུ་མཚམས་སྦྱོར་གྱི་ནུས་པ་གལ་ཆེན་ཞིག་བསྐྲུན་པའི་སྟེང་ནས་རྩོམ་པ་པོ་ཁོ་རང་ཐོག་མཐའ་བར་གསུམ་དུ་མི་སྣ་དོན་གྲུབ་ཀྱི་ཕག་ཏུ་ཡིབ་སྟེ་ཁོའི་སྤྲོས་བརྗོད་ལ་ཁ་ལོ་བསྒྱུར་པ་དང་། ར་ལོའི་གཏམ་རྒྱུད་ཀྱི་ནང་དོན་དང་དེའི་རིན་ཐང་བརྡར་གཅོད་ཀྱི་ཆ་ལ“སྒྲོ་འདོགས་འཁྱོག་འབྲི་དང་བཙོག་བསྒྱུར་གྱི་རྣམ་པ་ཅི་ཡང་ཐོན”དུ་མ་བཅུག་ཅིང་། ར་ལོའི་མི་སྣ་གཙོ་བོའི་གཤིས་ཀ་དང་ལས་དབང་ལ་གནོད་པ་སྤུ་ཙམ་ཐེབས་སུ་བཅུག་མེད་པས་མི་ཚད། ཐ་ན“ང”ཞེས་པའི་མི་སྣའི་རང་སྟེང་གི་གཤིས་ཀ་ཡང་ཕུན་སུམ་ཚོགས་པོར་སྒྲུབ་བཞེངས་མ་མཛད་པར་སྣང་བརྙན་ཧྲིལ་བོ་ཀློག་པ་པོའི་མིག་ལམ་དུ་རབ་རིབ་ཙམ་ལས་མྱོང་ཐབས་མེད་པར་བྱས། དེར་བརྟེན། མི་སྣ“ང”ཡིས་སྒྲུང་གཏམ་དུ“ཡིད་རྟོན་མེད་པའི་སྤྲོས་བརྗོད་ཀྱི་སྦྱོར་བ་ཡིས་སྤྲོས་བརྗོད་པ་རང་ཉིད་ཀྱི་མི་གཤིས་ཀྱི་མི་སྡུག་པའི་ཆ་གང་ཞིག་གསལ་རྗེན་དུ་བཏོན་པའི”ཆ་ཞིག་རྙེད་དུ་མེད་ཅིང་། དེ་བཞིན་དུ“སྤྲོས་བརྗོད་པ་རང་ཉིད་སྒྲུང་གཏམ་འདིའི་ཟུར་ཟ་དང་མཚང་འབྱིན་བྱ་ཡུལ་དུ་གྱུར་འདུག་པའི”འབྲས་བུའི་རྣམ་པ་ཡང་སྤུ་ཙམ་མཐོང་ཐབས་མེད། དེས་ན། ང་ཚོས་གཏམ་རྒྱུད་དུ་ཞུགས་པའི་མི་སྣ“ང”སྟེ་དོན་གྲུབ་ནི«ར་ལོའི»སྒྲུང་གཏམ་གྱི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པ་ཞིག་ཏུ་ངོས་འཛིན་མི་རུང་བར་དོན་དངོས་ཐོག་ར་ལོའི“བཤད་སྦུག”སྤྱོད་པའི་མི་སྣ་ཕལ་བ་ཞིག་ཏུ་ལྟ་དགོས་པ་ནི་སྒྲུང་གཏམ་ཧྲིལ་བོའི་མི་སྣ་གཙོ་ཕལ་གྱི་བཀོད་སྒྲིག་དང་མི་སྣའི་བར་གྱི་འབྲེལ་བའི་འཕེལ་འགྱུར་ལ་བལྟས་ན་ཤིན་ཏུ་གསལ་ལོ། །
       པད་མ་རྣམ་རྒྱལ་གྱི་དཔྱད་རྩོམ་དེར།“རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་སྒྲུང་གཏམ་འདིའི་དགོས་མཁོར་གཞིགས་ནས། མིང་ལ་དོན་གྲུབ་ཟེར་བའི་གང་ཟག་དང་པོའི་རྗོད་པ་པོ་ཞིག་འབྲི་བཞེངས་བྱས་ཏེ། ར་ལོའི་གཏམ་རྒྱུད་བཤད་དུ་བཅུག་པ་ལས་རྩོམ་པ་པོ་རང་ཉིད་མིན་སྟབས། རྩོམ་པ་པོ་དང་རྗོད་པ་པོ་གཉིས་ཁ་ཁ་སོ་སོ་ཡིན་དགོས། གལ་སྲིད་གཅིག་ཡིན་ཟེར་ན། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་འཚོ་བའི་ཁྲོད་དུ་ར་ལོ་ཞེས་པའི་སྣབས་ལུག་ཅིག་ཡོད་དགོས་པ་དང་། ཁོ་ར་ལོ་ལ་རྒྱུས་མེད་ཀྱང་ར་ལོའི་གཏམ་རྒྱུད་མི་བདེན་རྫུན་སྒྲིག་གིས་སྤེལ་བས། རྩོམ་པ་པོ་ཁོའི་མི་གཤིས་ཀྱི་སྐྱོན་མཚང་དུ་འགྱུར་བ་མ་ཡིན་ནམ”ཟེར། སྐད་ཆ་འདིས་ངོས་གཞན་ཞིག་ནས་སྤྲོས་བརྗོད་པ་དོན་གྲུབ་ནི་ར་ལོའི་གཏམ་རྒྱུད་ཀྱི་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པར་བསྒྲུབ་རྩིས་ཡིན་མོད། འོན་ཀྱང་། སྒྲུང་གཏམ་གསར་རྩོམ་གྱི་སྒྱུ་རྩལ་གྱི་བླང་བྱའི་ངོས་ནས་བཤད་ན་དེ་ལ་རྐང་ཚུགས་པའི་གནས་མེད་དེ། སྒྲུང་གཏམ་གྱི་འཇིག་རྟེན་དང་དངོས་ཡོད་ཀྱི་འཇིག་རྟེན་གཉིས་གཏན་ནས་མི་མཚུངས་པས་ཚེ་རིང་དོན་གྲུབ་ཀྱིས་ར་ལོའི་གཏམ་རྒྱུད་འབྲི་ན་ཁོའི་འཚོ་བའི་ནང་དུ་ར་ལོ་ཟེར་བའི་མི་ཞིག་ངེས་པར་ཡོད་དགོས་དོན་ཅི་ཡོད། སྐུ་ཞབས་ལུའུ་ཞུན་གྱི་སྒྲུང་གཏམ་ནང་གི་མི་སྣ་རྣམས་ཀྱང་ཁོང་གི་འཚོ་བའི་ཁོར་ཡུག་ན་གནས་པ་རྐྱང་རྐྱང་མ་ཡིན་པར་གཙོ་བོ་འཚོ་བའི་མ་དབྱིབས་མང་པོར་བརྟེན་ནས་གསར་དུ་བསྒྲིགས་པ་ཡིན་པའི་བཤད་ཚུལ་ཀུན་ལ་གསལ་ཆ་ཆེ་བ་ལྟར་ལགས་ཤིང་། ཚེ་རིང་དོན་གྲུབ་ཀྱིས་ཀྱང“ར་ལོའི་མ་དབྱིབས་ནི་མི་གཅིག་ཁོ་ན་མ་ཡིན་པར་མི་མང་བོ(དེ་དག་གི་ཁྲོད་དུ་ངའི་སློབ་གྲོགས་དང་གྲོགས་པོའང་ཡོད)ཞིག་གི་གཤིས་ཀ་གཅིག་ཏུ་བསྡུས་ནས་བློས་བསླངས་བྱས་ཏེ་བྲིས་པ་ཡིན”[3]ཞེས་བཤད་ཡོད་པས«ར་ལོ»ནི“མི་བདེན་རྫུན་སྒྲིག་གིས་སྤེལ་བའི”གཏམ་རྒྱུད་ཅིག་ཏུ་རྩི་ག་ལ་རུང་། གལ་ཏེ། ཚེ་རིང་དོན་གྲུབ་ལ་ཆ་རྒྱུས་ཅུང་ཟད་ཡོད་པའི་ཀློག་པ་པོ་ཞིག་ཡིན་ཚེ། སུས་བལྟས་ཀྱང«ར་ལོའི»སྒྲུང་གཏམ་དུ་གང་ཟག་དང་པོའི་མཐོང་སྣེ་གཉེར་བའི་སྤྲོས་བརྗོད་པ“ང”ཡི་སྤྲོས་བརྗོད་ཀྱི་ནང་དོན་ཁོངས་སུ་རྩོམ་པ་པོ་ཁོ་རང་གི་དངོས་བརྒྱུད་ཀྱི་ཉམས་མྱོང་དང་མི་ཚེའི་ལག་ལེན། ཡང་ན་ལོ་རྒྱུས་ཀྱི་དོན་དག་དང་རང་ཉིད་ཀྱི་བསམ་བློ་ཁ་ཤས་བསྟིམས་འདུག་པ་ནི་མངོན་གསལ་དུ་མཐོང་ཐུབ་པ་དཔེར་ན། སྒྲུང་གཏམ་དུ“ལོ་ལྔ་བར་ང་རང་སློབ་ཆུང་ནས་མཐར་ཕྱིན་ཏེ་རྫོང་མི་རིགས་སློབ་འབྲིང་དུ་ཞུགས”ཞེས་པ་ལྟ་བུས་མཚོན་ཐུབ་པ་སྟེ། དེ་ནི་རྩོམ་པ་པོའི་མི་ཚེའི་དོན་དངོས་ཀྱི་གནས་ཚུལ་དང་ཕལ་ཆེར་མཐུན་པའི་སྤྲོས་བརྗོད་ཀྱི་ནང་དོན་དུ་སོང་འདུག་ལ། དེའི་སྟེང་ནས་ང་ཚོས་སྤྲོས་བརྗོད་གཞུང་ལུགས་པ་ཧུའུ་ཡ་མཱེ་ཡིས“རྩོམ་པ་པོ་ངོ་མ་དང་སྤྲོས་བརྗོད་པ་གཉིས་ཀྱི་བར་དུ་འབྲེལ་བ་སྣ་ཚོགས་ཡོད་དེ། ……རང་རྣམ་ཚུལ་གྱི་སྤྲོས་བརྗོད་རྩོམ་ཡིག་ཁྲོད་དུ་སྤྲོས་བརྗོད་པ་ནི་རྩོམ་པ་པོའི་ཡིད་རྟོན་རུང་བའི་མགྲིན་ཚབ་པ་ཡིན་ལ། རྟོག་བཟོའི་སྤྲོས་བརྗོད་བརྩམས་ཆོས་འགའ་ཤས་ཁྲོད་ཀྱི་སྤྲོས་བརྗོད་པའི་ལུས་སྟེང་དུའང་རྩོམ་པ་པོ་ངོ་མའི་གྲིབ་གཟུགས་གནས་ཡོད་པ་རེད”[4]ཅེས་བཤད་པ་ལྟར་རང་རྣམ་ལྟ་བུར་གྱུར་པའི«ར་ལོའི»སྒྲུང་གཏམ་གྱི་སྤྲོས་བརྗོད་ལ་བདེན་དངོས་རང་བཞིན་འབུར་དུ་ཐོན་པ་དང་ཡིད་རྟོན་གྱི་ཚད་ཤིན་ཏུ་མཐོན་པོར་གནས་པ་ཡང་རང་བཞིན་གྱིས་རྒྱུད་ལ་མྱོང་ནུས་པ་རེད།
       གོམ་གང་མདུན་སྤོས་ཀྱིས་བཤད་ན། «ར་ལོའི»སྤྲོས་བརྗོད་པ་དོན་གྲུབ་ཀྱིས་རྩོམ་པ་པོའི་མགྲིན་ཚབ་ཀྱི་འགན་ལྷུར་བླངས་ཏེ་ཕལ་ཆེར་རང་ཉིད་གཅིག་པུས་ཕྱི་ངོས་ནས་སྒྲུང་གཏམ་ཧྲིལ་བོའི་སྤྲོས་བརྗོད་ཀྱི་རྣམ་པ་དེ་འདས་པའི་དུས་དང་གནས་སྐབས་ཀྱི་དུས་ཀྱི་ཁྱབ་ཁོངས་སུ་བསྡུས་ཡོད་པ་སྟེ། གཅིག་ནི“མྱོང་བའི་བདག་ཉིད”(经验自我)དང་ཅིག་ཤོས་ནི“སྤྲོས་པའི་བདག་ཉིད”(叙述自我)ཀྱི་རྣམ་པ་དེ་རེད། སྤྲོས་བརྗོད་བྱེད་སྟངས་འདི་གཉིས་ནི«ར་ལོའི»སྒྲུང་གཏམ་དུ་གཅིག་ལ་གཅིག་བརྟེན་གྱིས་སྤྱད་ཡོད་པ་དཔེར་ན། “ང་ཡང་ལོ་དེར་སློབ་གྲྭར་ཞུགས་པ་ཡིན་པས་ར་ལོ་ངེད་གཉིས་འཛིན་གྲྭ་གཅིག་ཏུ་འདུས། འོན་ཀྱང་ར་ལོ་ང་ལས་ལོ་ལྔས་ཆེ་ལ་ང་ཚོའི་འཛིན་གྲྭའི་ནང་གི་ལོ་ཆེས་ཆེ་བའང་ཁོ་རང་རེད། དང་ཐོག་ར་ལོ་སློབ་སྦྱོང་ལ་ཤིན་ཏུ་བཟང་བ་འདྲ་སྟེ། ……”ཞེས་དང་། ཡང“དགུན་དཀྱིལ་གྱི་ཞོགས་པ་ཞིག་ལ། ནུབ་བྱང་མཐོ་སྒང་ལ་ཅི་འདོད་དུ་ཡོད་པའི་རླུང་དང་ཁ་བས་བར་སྣང་ན་རང་མོས་ཀྱིས་འཁྲབ་སྟོན་བྱེད་ཀྱིན་ཡོད་པས་ངས་གཞུང་ལས་ཁང་གི་ལྕགས་ཐབ་ནང་ལ་མེ་འུར་འུར་དུ་བུས་པ་ཡིན”ཞེས་པ་ལྟ་བུ་རེད་ལ། དཔེར་བརྗོད་འདི་གཉིས་ལས་ང་ཚོས་བརྩམས་ཆོས་ཁྲོད་ཀྱི་སྤྲོས་བརྗོད་པ“ང”ཡིས་ཀློག་པ་པོར་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་སྤྲོས་བརྗོད་བྱས་པ་ཡིན་པས་སྒྲུང་གཏམ་ཧྲིལ་བོར་འདས་དུས་ཀྱི་དྲན་པའི་སྣང་བ་ཞིག་དང་གནས་སྐབས་ཀྱི་སྣང་ཚུལ་ཞིག་གིས་གཡོགས་པར་མཛད་འདུག་པ་མཐོང་ཐུབ་ལ། འདིར་བལྟས་ན། ད་ལྟའི་མིག་དབང་སྤྱད་དེ་སྤྲོས་བརྗོད་ལ་ཞུགས་པའི“སྤྲོས་པའི་བདག་ཉིད”དང་། སྐབས་དེའི་མཐོང་ཐོས་མྱོང་གསུམ་རྒྱ་བསྐྱེད་དེ་སྤྲོས་བརྗོད་བྱས་པའི“མྱོང་བའི་བདག་ཉིད”ཅེས་པ་གཉིས་ལས་སྔ་མའི“ང”ནི“མྱོང་བའི་བདག་ཉིད”དང་ཕྱི་མའི“ང”ནི“སྤྲོས་པའི་བདག་ཉིད”ཅེས་པ་དེ་ཡིན་པ་གསལ་བོར་རྟོགས་ནུས། དེ་ཡང་སྐབས་འདིའི་སྤྲོས་བརྗོད་པ“ང”ཡིས་གནས་སྐབས་ཀྱི་ཟུར་ཚད་ནས་སྐབས་དེར་བྱུང་བའི་རང་གི་དོན་དག་སྤྲོས་བརྗོད་བྱས་པ་ཡིན་པས་སྤྲོས་བརྗོད་ཀྱི་ཆ་ལ“མྱོང་བའི་བདག་ཉིད”ཀྱི་རྣམ་པ་ཐོན་པར་མ་ཟད། དེས་སྤྲོས་བརྗོད་པ“ང”ཡིས་དེ་སྔའི་འདས་དོན་ལ་ཡང་བསྐྱར་ངོས་འཛིན་དང་བསམ་གཞིག་མཛད་པ་མཚོན་ཞིང་། དེ་ལས་ད་དུང་སྤྲོས་བརྗོད་པ་དོན་གྲུབ་ཀྱི་བརྩེ་ཚོར་གྱི་རྣམ་འགྱུར་དང་རིན་ཐང་གི་འཁྱེར་ཕྱོགས་སོགས་ཀྱང་རྩོམ་པ་པོ་དང་ཉེ་བར་བཅར་བའི་སྒོ་ནས་བསྟན་ཡོད་པས་སྤྲོས་བརྗོད་ཀྱི་རྣམ་པ་དེ་གཉིས་ལ་ཡིད་རྟོན་མི་རུང་བའི་ཆ་ཅི་ཡང་མ་མཆིས།
       ད་ནི«ར་ལོའི»སྤྲོས་བརྗོད་ཀྱི་མཐོང་སྣེའི་སྐོར་གྱི་གནད་དོན་གླེང་བར་བྱ་སྟེ། རྩོམ་པ་པོ་ཞིག་ལ་མཚོན་ན། ཁོས་བསྟེན་པའི་སྤྲོས་བརྗོད་བྱེད་མཁན་གཙོ་བོ་དེས་ངེས་པར་གནས་དང་ཟུར་ངེས་ཅན་ཞིག་ཏུ་འགྲེང་སྟེ་སྒྲུང་གཏམ་གྱི་གཏམ་རྒྱུད་སྤྲོས་བརྗོད་སྤེལ་དགོས་ཤིང་། གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣ། ཁོར་ཡུག་སོགས་ཀྱང་དེ་ལ་བརྟེན་ནས་མཚོན་ཐབས་བྱེད་པ་ཡིན་པས་སྤྲོས་བརྗོད་ཀྱི་མཐོང་སྣེ་ནི་གཏམ་རྒྱུད་སྤེལ་བའི་རྩོམ་འབྲིའི་རྒྱུ་ཆ་གཙོ་བོའི་གྲས་སུ་འཇོག་པ་ཡིན། སྤྲོས་བརྗོད་མཐོང་སྣེ་ལ་སྤྱིར་བཏང་དུ་ཀུན་མཁྱེན་མཐོང་སྣེ་དང་ཚད་ཡོད་མཐོང་སྣེ་གཉིས་མཆིས་ལ། ཀུན་མཁྱེན་མཐོང་སྣེའི་སྤྲོས་བརྗོད་པ་ནི་གཏམ་རྒྱུད་ཀྱི་ཕྱི་རུ་འགྲེང་སྟེ་གཏམ་རྒྱུད་ཁྲོད་ཀྱི་དོན་དག་ཐམས་ཅད་སྤྲོས་བརྗོད་བྱ་ཡུལ་དུ་གཉེར་བ་ཞིག་ཡིན་ཞིང་། དེས་མི་སྣའི་མཐོང་སྣེའི་ཕྱི་ནང་ཐམས་ཅད་ལ་ལྟ་ཞིབ་དང་དཔྱད་འཇོག་བྱས་ཆོག་མོད། འོན་ཀྱང་། ཚད་ཡོད་མཐོང་སྣེའི་སྤྲོས་བརྗོད་པས་སྤྲོས་བརྗོད་ཀྱི་མཐོང་སྣེ་དེ་གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད་དུ་གཏད་དེ་གཙོ་བོ་མི་སྣར་ལྟ་ཞིབ་དང་ཚོར་མྱོང་། དཔྱད་འཇོག་བྱེད་པ་ཡིན་པས་མཐོང་སྣེ་ལ་ཚད་བཀག་རང་བཞིན་ཤིན་ཏུ་ཆེ་བ་ཡིན། མདོར་ན། ཀུན་མཁྱེན་མཐོང་སྣེ་ཡིས་རྒྱ་ཆེན་པོའི་སྒོ་ནས་འབྲེལ་ཡོད་མི་སྣ་དང་དོན་དག་གི་ཆ་འཕྲིན་ཞིབ་མོའི་ངང་ཀློག་མཁན་ལ་མཁོ་སྤྲོད་བྱས་ཏེ་ཁྱོན་ཡོངས་ནས་དོན་དག་འབྱུང་སྐབས་ཀྱི་ཡུལ་དངོས་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་ཐུབ་པ་དང་སྤྲོས་བརྗོད་ཀྱི་ལས་ཕྱོད་ཀྱང་མཐོར་འདེགས་གཏོང་ནུས་ལ། བརྟན་ཆགས་སུ་གྱུར་པའི་མི་སྣ་དེའི་ཚད་ཡོད་པའི་མཐོང་སྣེས་ཀྱང་ཀློག་མཁན་རྣམས་རང་གི་ཉེ་སར་བསྐྱིལ་ནས་དོན་དག་ཁྲོད་དུ་ཞུགས་སྐབས་ཀྱི་མི་སྣའི་ཚོར་བ་རྒྱུད་ལ་འདྲེན་ཐུབ་པར་མ་ཟད། ཀློག་མཁན་དང་མི་སྣ། གཏམ་རྒྱུད་སོགས་ཀྱི་བར་ཐག་ཉེ་བར་བསྐྱུངས་ཐུབ་པ་ཡིན་པས་མཐོང་སྣེ་རེ་རེ་ལ་རང་ངོས་ཀྱི་དགེ་མཚན་ཡོད་ལ་ཞན་ཆ་ཡང་ཡོད།
       སྤྱིའི་ཆ་ནས་བལྟས་ན«ར་ལོའི»སྒྲུང་གཏམ་ནི“ཚན་པ་གསུམ་པ་ཕུད། གཞན་དག་ཕལ་ཆེ་བ་གང་ཟག་དང་པོའི་མཐོང་སྣེའི་སྤྲོས་བརྗོད་བྱས་པ་མིན་པར། ཀུན་མཁྱེན་མཐོང་སྣེ་ལ་བརྟེན་ནས་སྤྲོས་བརྗོད་བྱས་ཡོད”ཟེར་བ་བདེན་པར་འདུག་མོད། ཞིབ་ཏུ་བལྟས་ཚེ། «ར་ལོ»ནི་གཏམ་རྒྱུད་ཧྲིལ་བོ་མཐོང་སྣེ་སྣ་ཚོགས་རང་དབང་གིས་བརྗེ་སྤོར་བྱས་པའི་སྒྲུང་གཏམ་ཁྱད་པར་བ་ཞིག་ཏུ་འདོད། དེ་ཡང་། མཐོང་སྣེ་རེ་རེ་ལ་རང་ངོས་ཀྱི་དགེ་མཚན་ཡོད་ལ་ཞན་ཆ་ཡང་ཡོད་ན་ཉམས་མྱོང་ཅན་གྱི་རྩོམ་པ་པོ་ཞིག་ཡིན་ཚེ་མཐོང་སྣེ་སྣ་གཅིག་ལ་བརྟེན་ནས་སྒྲུང་གཏམ་ཧྲིལ་བོའི་སྤྲོས་བརྗོད་འགྲུབ་ཐབས་བྱེད་པ་ནི་གསར་རྩོམ་གྱི་ཐབས་ཤེས་ལེགས་པོ་ཞིག་ཏུ་ལྟ་མི་སྲིད། «ར་ལོའི»རྩོམ་མགོ་འཛིན་དུས་སུ“ཤོག་དཀར་མདུན་ལ་བླངས་ནས་ར་ལོའི་གཏམ་རྒྱུད་འབྲི་རྒྱུ་ནི་སྤྲོ་སྣང་ལྡན་པའི་དོན་ཞིག་མ་ཡིན་ཏེ一ནམ་རྒྱུན་ཁོའི་སྣ་མདོར་འཕྱང་བའི་སེར་ལ་སྦོམ་པའི་སྣབས་དེ་ངའི་མིག་ལམ་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག”ཅེས་ཚད་ཡོད་པའི་གང་ཟག་དང་པོའི་མཐོང་སྣེ་སྤྱད་ཅིང་། དེ་མུར“ར་ལོ་མི་ཡུལ་འདིར་སྐྱེས་པ་ནས་བཟུང་ཨ་མ་མ་གཏོགས་གཉེན་ཉེ་ཟེར་བ་ཞིག་ཐོས་མ་མྱོང”ཞེས་ཀུན་མཁྱེན་གྱི་མཐོང་སྣེར་ལྡིང་ཡོད་པ་དང་། ཚན་པ་གསུམ་པའི་ནང་གང་ཟག་དང་པོའི་མཐོང་སྣེའི་ལམ་དུ་ཞུགས་ཤིང་ཚན་པ་བཞི་པ་ནས་བཟུང་སླར་ཡང་ཕལ་ཆེར་ཀུན་མཁྱེན་མཐོང་སྣེ་སྤྱད་པར་མ་ཟད། ཚན་པ་བརྒྱད་པའི་ནང་སྔར་ལྟར་གང་ཟག་དང་པོའི་མཐོང་སྣེ་གཡར་ཡོད་པ་དང་། རྩོམ་མཇུག་ནི་ཀུན་མཁྱེན་མཐོང་སྣེའི་ལམ་ནས་བསྡུས་འདུག་ལ། ཞིབ་ཏུ་བཤད་ན། མི་སྣ་ཕལ་བ་དག་གི་མཐོང་སྣེ་ཕན་ཚུན་བརྗེ་བའི་ཆ་ཡང་མང་དུ་མཆིས་སོ། །
       རྒྱའི་རྩོམ་རིག་དཔྱད་བརྗོད་པ་ཞུས་ཏའེ་ཡིས“གང་ཟག་དང་པོའི་སྤྲོས་བརྗོད་ཀྱི་ལེགས་ཆ་ནི་སྔར་ལྟར་སྒྲིག་གཞིའི་སྟེང་གི་འབྱེད་ཟུམ་རང་དབང་དུ་ཡོད་པ་དང་སྤྲོས་བརྗོད་པས་སྤྲོས་བརྗོད་དུས་ཚོད་སྟེང་གི་བརྗེ་སྤོར་ལ་སྟབས་བདེ་ཤིན་ཏུ་ཆེ་བ་བསྐྲུན་ཐུབ་པ”[5]དེ་ཡིན་པར་བཤད། དེ་ནི«ར་ལོའི»སྒྲུང་གཏམ་གྱི་སྤྲོས་བརྗོད་སྒྱུ་རྩལ་གྱིས་ཏག་ཏག་བདེན་དཔང་བྱེད་ཐུབ་པར་མངོན་ཏེ། སྒྲུང་གཏམ་དུ་སྤྱིའི་ཆ་ནས་གང་ཟག་དང་པོའི་མཐོང་སྣེའི་སྤྲོས་བརྗོད་རྣམ་པ་སྤེལ་ཡོད་མོད། འོན་ཀྱང་། གཏམ་རྒྱུད་མགོ་མ་བརྩམས་པའི་སྔོན་ལ་ཀུན་མཁྱེན་མཐོང་སྣེའི་ཟུར་ཚད་ནས་སྤྲོས་བརྗོད་དང་དཔྱད་འཇོག་སྤེལ་ཡོད་ལ། དེའི་དམིགས་ཡུལ་ནི་ར་ལོ་ཞེས་པའི་མི་སྣ་དང་དེའི་རྒྱབ་ལྗོངས་ངོ་སྤྲོད་བརྒྱུད་དེ་ཀློག་མཁན་རྣམས་ལ་ར་ལོའི་གནས་ཚུལ་དང་ཆ་འཕྲིན་མྱུར་མོར་རྒྱུས་ལོན་བྱེད་པར་རམ་འདེགས་བགྱིས་ཏེ་གཏམ་རྒྱུད་ཀྱི་འཕེལ་རྒྱས་ལ་གྲ་སྒྲིག་ལེགས་པོ་བྱེད་རྒྱུའི་ཆེད་ཡིན་པས།«ར་ལོའི»གཏམ་རྒྱུད་ཀྱི་མཐོང་སྣེའི་སྟེང་གི་ཁྱད་ཆོས་གལ་ཆེན་ཞིག་ཏུ་མངོན་འདུག་ཅིང་། རྩོམ་རིག་དཔྱད་བརྗོད་པ་ཧྲིན་ཏན་གྱིས་འདི་ལྟ་བུའི་མཐོང་སྣེ་བརྗེ་སྤོར་གྱི་སྤྲོས་བརྗོད་ཐབས་ཤེས་ལ“མི་མངོན་པའི་མཚམས་བརྒལ”ཞེས་ཀྱང་ཟེར། དེ་ལྟར་ཟེར་དོན་ནི། ཐབས་ཤེས་འདི་ནི་ཏག་ཏག་སྤྲོས་བརྗོད་ཀྱི་སྤེལ་ལུགས་དང་རྣམ་པའི་སྟེང་དུ་འགྱུར་ལྡོག་ཙམ་བྱུང་བ་མ་གཏོགས“སྒྲུང་གཏམ་འདིའི་མི་སྣ་དང་རྗོད་པ་པོ་གཉིས་ཀ་ཡིན་པའི་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཚད་ཡོད་པའི་མཐོང་སྣེ་ལ་འགལ”ཏེ་གང་ཟག་དང་པོའི་མཐོང་སྣེའི་ཚད་བཀག་རང་བཞིན་ཡོངས་སུ་གཏོར་བ་གཏན་ནས་མིན་པར། སྤྲོས་བརྗོད་པས་ཀུན་མཁྱེན་མཐོང་སྣེའི་སྤྲོས་བརྗོད་བྱེད་ཐབས་ཁྱད་པར་བ་ཞིག་གཡར་སྤྱོད་བྱས་པ་ཉིད་ཡིན་ལ། དེ་ལྟར་མཐོང་སྣེ་བརྗེ་སྤོར་བྱེད་པའི་དམིགས་ཡུལ་ཡང་གཅིག་ནས་སྤྲོས་བརྗོད་ཀྱི་དབྱངས་འགྲོས་སྙོམས་སྒྲིག་བྱས་ཏེ་ཀློག་པ་པོས་སྤྲོས་བརྗོད་སྣ་རྐྱང་ཅན་ལ་རོལ་བའི་སུན་སྣང་བསྐྱུངས་པ་དང་གཉིས་ནས་སྒྲུང་གཏམ་ལ་ཕུན་སུམ་ཚོགས་པའི་སྒྲིག་གཞིའི་ཁོར་ཡུག་ཅིག་བསྐྲུན་ཏེ་ཀློག་པ་པོ་རྣམས་ལ་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་ཚོར་བ་དངོས་མ་ཞིག་མྱོང་དུ་འཇུག་རྒྱུའི་ཆེད་ཡིན་ནོ། །
       མདོར་ན། ཚེ་རིང་དོན་གྲུབ་ཀྱིས“ང”ཞེས་པའི་མི་སྣ་ཞིག་བདམས་ཏེ། «ར་ལོའི»སྒྲུང་གཏམ་ལ་རྣམ་པའི་སྟེང་ར་ལོའི་རང་རྣམ་ལྟ་བུ་ཞིག་ཆགས་སུ་བཅུག་ཡོད། དེ་བས།“ང”ཡི་སྤྲོས་བརྗོད་མཐའ་དག་ནི་ར་ལོའི་མི་ཚེའི་ལོ་རྒྱུས་ཀྱི་མངོན་ཚུལ་ཞིག་ཏུ་གྱུར་ཡོད་པས་གཏམ་རྒྱུད་ཀྱི་བདེན་དངོས་རང་བཞིན་ལ་ཡིད་རྟོན་གྱི་གདེང་ཆེན་པོ་བརྙེས་པར་བྱས་ཡོད་ཅིང་། ཡང་གཅིག་བཤད་ན། སྤྲོས་བརྗོད་པ་དོན་གྲུབ་ནི་ར་ལོའི་གཏམ་རྒྱུད་ཀྱི“ཕྱི་ངོས་ཀྱི་སྤྲོས་བརྗོད་པ”ཡིན་པ་མ་གཏོགས་སྤྲོས་བརྗོད་པ་རྣལ་མ་མིན་པས་ཁོ་རང་ཡིད་རྟོན་མི་རུང་བའི་སྤྲོས་བརྗོད་པར་མི་གཏོགས་པ་དང་། ཁོའི་སྤྲོས་བརྗོད་ཀྱི་ནང་དོན་མཐའ་དག་ཀྱང་པུའུ་སིའི་བཞེད་པ་ལྟར་རྩོམ་གྱི་བསམ་བློའི་ཚད་གཞི་ལས་བརྒལ་མེད་པས་ཡིད་རྟོན་མི་རུང་བའི་ཚད་དུ་སོང་མེད། དེ་ལྟར་ན། ལྟར་སྣང་གི་སྒྲུབ་བྱེད་དེ་དག་གིས་ར་ལོའི་མི་སྣ་གཙོ་བོའི་གོ་གནས་གཡུགས་ཏེ་དོན་གྲུབ་ཅེས་པ་མི་སྣ་གཙོ་བོའི་གོ་སར་ཨུ་ཚུགས་ཀྱིས་བསྐྱོན་ཐབས་མེད་དོ། །
གཉིས་པ། ར་ལོ་ནི«ར་ལོ»ཡི་ནང་གི་མི་སྣ་གཙོ་བོ་ཡིན།
       (གཅིག) མི་སྣ་ར་ལོ་དང་དོན་གྲུབ་གཉིས་ཀྱི་སྣང་བརྙན་གཤིབ་བསྡུར། 
       ཨུ་རུ་སུའི་རྩོམ་རིག་སྨྲ་བའི་དབང་པོ་པ་ཧི་ཅིན་གྱིས“རྩོམ་རིག་གི་མཛེས་དཔྱོད་ཀྱི་བྱ་འགུལ་ཁྲོད་དུ་ངེས་པར་དུ་འདུ་ཤེས་གཉིས་དགོས་ཏེ། གཅིག་ནི་གཟབ་འབྲི་བྱས་པའི་འདུ་ཤེས(མི་སྣ་གཙོ་བོ)དང་། གཞན་ཞིག་ནི་ཧུར་བརྩོན་གྱིས་གཟབ་འབྲི་བྱེད་མཁན་གྱི་འདུ་ཤེས(རྩོམ་པ་པོ)གཉིས་ཡིན་ཟེར།”[6] “«ར་ལོ»ལ་རྩོམ་རིག་གི་གོ་ས་ཆེན་པོ་ཡོད་པའི”(བདུད་ལྷ་རྒྱལ་གྱི་སྐད་ཆ)རྒྱུ་མཚན་རིགས་ཤིག་ནི་རྩོམ་པ་པོས་ར་ལོ་ཞེས་པའི་མི་སྣ་གཙོ་བོའི་གཤིས་ཀ་ལེགས་པར་སྒྲུབ་བཞེངས་མཛད་པ་དང་གཤིས་ཀ་དེར་གཏིང་ཟབ་མོའི་ཡོངས་ཁྱབ་ཀྱི་སྤྱི་ཚོགས་དོན་སྙིང་ལྡན་པའི་སྟབས་ཡིན་པར་བཤད། དེ་ལ་ཕྱོགས་གཉིས་ཀྱི་ནང་དོན་འདུས་ཏེ།
       ཀ ར་ལོའི་ལུས་སྟེང་དུ་གཞན་དང་མི་མཐུན་པའི་དབང་བོའི་ཞན་ཆ་ལྡན་པ།
       རྩོམ་པ་པོས་ར་ལོའི་ལུས་སྟེང་དུ་གཞན་ལས་འདས་པའི་དབང་བོའི་ཞན་ཆ་སྟེ་སྣབས་ལུག་པའི་རྣམ་པ་ཞིག་ཇུས་འགོད་བྱས་པ་དེས་སྒྲུང་གཏམ་གྱི་གཏམ་རྒྱུད་ལ་དགོད་བྲོ་བ་དང་མཚར་སྣང་རང་བཞིན་གྱི་ཚོར་བས་ཡོངས་སུ་ཁྱབ་པར་བྱས་འདུག དེ་ཡང་དཔེར་བཀོད་ན་ར་ལོ་བྱིས་པ་ཡིན་དུས་ཁོའི་སྣབས་དེ་རང་འབབ་ཀྱི་ཆུ་བཞིན་དུ་ད་ཕྱིས་ན་ད་བཞུར་འོངས་པ་དང་། སློབ་ཆུང་ནས་མཐར་ཕྱིན་ཏེ་གཞན་ལ་གཡོག་བྱེད་དུས་སྣབས་ལ་སྔར་བཞིན་འདག་ཐབས་མེད་པ། དེ་བཞིན་དུ་གྲྭ་པ་ཡིན་དུས་སྣབས་མ་ནེའི་མགོ་ལ་ལུག་པ་དང་། མཐའ་མར་བཙོན་ཁང་དུ་འགྲོ་དུས“སྣབས་དང་མིག་ཆུ་གཙང་མར་ཕྱིས”ཞེས་པ་ལྟ་བུ་སྟེ། སྒྲུང་གཏམ་ཧྲིལ་བོའི་མགོ་མཇུག་བར་གསུམ་དུ་ར་ལོའི་ལུས་སྟེང་དུ་གཞན་ལས་འདས་པའི་དབང་བོའི་ཞན་ཆ་ཞིག་ནམ་ཡང་ཡལ་མེད་དུ་གནས་པའི་སྤྲོས་བརྗོད་དང་དཔྱད་འཇོག་དག་དེ་དག་གིས“ཟུར་ཟའི”ཟོལ་བསྟོད་ཀྱི་རྣམ་པ་བརྒྱུད་དེ་མི་སྣའི་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཟུགས་སུ་བསླངས་པར་མ་ཟད། རྩོམ་པ་པོས་ར་ལོ་ལ་བཅངས་པའི་བརྩེ་སེམས་དང་དུངས་པ་ཡང་མཚོན་པར་བྱས།
       ཁ། ར་ལོ་ནི་རང་གཤིས་སྐྱོན་ཆ་ཅན་གྱི་མི་གཞུང་བཟང་ཞིག་ཡིན།
       “མི་ལ་མི་དགོས་པ་ནི་སྐྱོན་ཆ་དང་ཤིང་ལ་མི་དགོས་པ་ནི་འཛེར་བ་ཡིན”ཟེར་བས། གལ་ཏེ་དངོས་ཡོད་འཚོ་བའི་ནང་གི་མི་ཞིག་ལ་རང་གཤིས་སྟེང་དུ་སྐྱོན་ཆ་གང་རུང་ཞིག་མཆིས་ཚེ་སུས་ཀྱང་དགའ་བསུ་བྱེད་མི་སྲིད་མོད། འོན་ཀྱང་། «ར་ལོའི»གཏམ་རྒྱུད་དུ་རྩོམ་པ་པོས་ར་ལོ་ཞེས་པ་ལུའུ་ཞུན་གྱི་སྨྱུག་འོག་གི་ཁུང་དབྱི་ཅི་ལྟར་བསམ་གཟས་ཏེ་གཤིས་ཀའི་སྟེང་སྐྱོན་ཆ་ཡོད་པའི་མི་སྣ་ཞིག་ཏུ་སྒྲུབ་བཞེངས་བྱས་འདུག དེ་ནི་མཐར་གཏུགས་ན་རྩོམ་པ་པོས་ར་ལོའི་གཤིས་ཀར་དམའ་འབེབས་བཏང་སྟེ་ཀུན་སྤྱོད་ཀྱི་བསམ་བློ་གང་ཞིག་མངོན་པར་སྒྲོག་པའི་ཆེད་མིན་པར་ཀློག་པ་པོར་གཤིས་ཀ་སྐྱོན་ཅན་གྱི་གཞུང་དྲང་མི་སྣའི་སྣང་བརྙན་ཁྱད་པར་བ་ཞིག་སློང་བའི་ཕྱིར་དུ་རེད། སྒྲུང་གཏམ་དུ་ར་ལོ་ནི་རང་ལས་ལོ་ཆུང་བའི་བྱིས་པ་རྣམས་ཀྱིས་ཐུབ་ཚོད་བྱས་ཀྱང“དགེ་རྒན་གྱིས་རྡུང་རེས་མ་རྒྱག”ཟེར་ནས་ཕྱིར་ངོ་ཡ་བྱེད་མི་ཐུབ་པའི་མི་ཆོ་མེད་ནུས་མེད་ཅིག་དང་། རང་གི་ཆུང་མ་ལས་མགོའི་རལ་བར་རྩིས་མཐོང་བྱེད་པའི་མི་གླེན་པ་ཞིག་ཏུ་ཞིབ་འབྲི་བྱས་ཡོད་ལ། དེར་མ་ཟད། ཕྱོགས་གཞན་ཞིག་ནས་ད་དུང་ར་ལོའི་རང་གཤིས་དྲང་བོ་དེ་སྟོན་ཆེད་ཁོས་བླ་མ་ཁ་ཤས་དང་གྲྭ་པ་རེ་གཉིས་ཀྱི་གསང་བའི་མཛད་པ་དང་མངོན་གྱི་སྤྱོད་པ་མཐོང་ཚེ“འདི་འདྲ་ཡིན་ན་དེ་འདྲའི་སྙིང་བོ་མི་འདུག”བསམ་ནས་ཞེན་པ་ལོག་ཚུལ་ནས་གཞན་གྱི་སྒོར་མོ་སྟོང་བཞི་རྙེད་ནའང་མ་སྦས་པར་ཕྱིར་བདག་པོར་སྤྲོད་མཁན་གྱི་ཡ་རབས་རྒྱུད་དྲང་དང་རྒྱུ་འབྲས་རྩི་མཁན་ཞིག་ཏུ་ཞིབ་འབྲི་བྱས་ཡོད། དེས་ནི་ར་ལོ་ཞེས་པའི་མི་སྣ་འདིའི་ཐུན་མོང་མ་ཡིན་པའི་སྐྱོན་ཆ་ཅན་གྱི་རང་གཤིས་ལ་ཡོངས་ཁྱབ་ཀྱི་སྤྱི་ཚོགས་དོན་སྙིང་ལྡན་པ་མཚོན་པར་བྱས་པ་ཡིན་ནོ། །
       ར་ལོ་དང་བསྡུར་ན་མི་སྣ་དོན་གྲུབ་ཀྱི་གཤིས་ཀའི་སྟེང་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་སུ་བགྲང་རྒྱུ་མེད་དེ། དེའི་གནད་དོན་གཙོ་བོ་གང་ལས་བྱུང་བ་རེད་སྙམ་ན། ར་ལོ་ནི་སྒྲུང་གཏམ་གྱི་གཏིང་རིམ་གྱི་སྤྲོས་བརྗོད་པ་དང་དོན་གྲུབ་ནི་ཕྱི་ངོས་ཀྱི་སྤྲོས་བརྗོད་པ་ཡིན་པས། སྔ་མ་དེ“སེམས་ཁམས་རྣམ་པ་ཅན”གྱི་མི་སྣར་གྱུར་པ་དང་། ཕྱི་མ་ནི“བྱེད་ནུས་རྣམ་པ་ཅན”གྱི་མི་སྣར་གྱུར་པའི་སྟབས་ཀྱིས་ཡིན་ཞིང་། སྒྲུང་གཏམ་ཧྲིལ་བོའི་སྤྲོས་བརྗོད་ཀྱི་འགན་ཕལ་ཆེར་དོན་གྲུབ་ཁོ་ནས་ཁུར་ཏེ་རང་ཉིད་རྩོམ་པ་པོ་དང་ར་ལོ་གཉིས་ཀྱི“བཤད་སྦུག”སྤྱོད་མཁན་དུ་གྱུར་པ་དེས་ར་ལོའི་གཤིས་ཀ་ཁོ་ན་ཙམ་བརྟན་ཆགས་དང་གསལ་བོ། ཆ་ཚང་། འོས་འཚམ་ཞིག་ཏུ་བསྒྲུབས་པར་གོ་སྐབས་ཐོབ་པ་ལས་རང་ངོས་ཀྱི་གཤིས་ཀ་དག་ཆེས་ཆེར་སྤེལ་བའི་ཕྱོགས་སུ་མཐུན་རྐྱེན་སྨིན་མ་ཐུབ་པ་རེད། དེ་ཡང་ཡིན་ཏེ། མི་སྣའི་རྣམ་པ“བྱེད་ནུས་ཅན”དུ་ལྟ་བའི་རྩོམ་པ་པོས་མི་སྣའི་ཕན་ཡོན་ནི་བྱུང་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་རྒྱུ་ཁོ་ནར་སེམས་པ་དང་། བྱུང་རིམ་སྤེལ་བའི་ཆེད་དུ་མི་སྣ་གསར་བཞེངས་བྱེད་དགོས་པ་མ་གཏོགས་མི་སྣའི་གཤིས་ཀ་ངོ་མ་བསྒྲུབ་རྒྱུ་གལ་ཆེ་བའི་གནས་སུ་མི་འཛིན་པ་ཡིན་ནོ། །
       (གཉིས) མི་སྣ་ར་ལོ་དང་དོན་གྲུབ་གཉིས་ཀྱི་གཤིས་ཀའི་རྣམ་པ་གཤིབ་བསྡུར།
       ཀ ར་ལོ་ནི“ཟླུམ་གཟུགས་མི་སྣ”དང་དོན་གྲུབ་ནི“ལེབ་གཟུགས་མི་སྣ”ཡིན།
       ཧྥུའུ་ཟི་ཐིས“ནང་དོན་ཅུང་ཟད་རྙོག་འཛིང་ལྡན་པའི་སྒྲུང་གཏམ་ཞིག་ཡིན་ན། དེ་ལ་ཟླུམ་གཟུགས་མི་སྣ་མཁོ་ལ་ལེབ་གཟུགས་མི་སྣ་ཡང་མཁོ”[7]ཟེར། དེ་ཡང་།“ཟླུམ་གཟུགས་མི་སྣ”ཟེར་བ་ནི་གཤིས་ཀ་ཧ་ཅང་རྙོག་འཛིང་ལྡན་ཞིང་ཕུན་སུམ་ཚོགས་པ་ཅན་དུ་བྱེད་དེ། སྤྲོས་བརྗོད་པས་ཚིག་གཅིག་གཉིས་ཙམ་གྱིས་མི་གཞི་དང་རང་གཤིས་ཡོངས་སུ་མཚོན་མི་ཐུབ་པའི་མི་སྣ་དག་ལ་གོ“ལེབ་གཟུགས་མི་སྣ”ཞེས་པ་ནི་མི་སྣའི་གཤིས་ཀ་སྣ་རྐྱང་ཅན་ནམ་སྟབས་བདེ་ཅན་ལ་བྱ་སྟེ། དེས་ཀློག་པ་པོར་དོན་སྤྱི་རང་བཞིན་གྱི་ཚོར་བ་ལས་བསྐྱེད་མི་ཐུབ་པ་ཡིན། «ར་ལོའི»སྒྲུང་གཏམ་དུ་ར་ལོ་ནི“ཟླུམ་གཟུགས་མི་སྣ”དང་དོན་གྲུབ་ནི“ལེབ་གཟུགས་མི་སྣའི”ཚུལ་དུ་སྒྲུབ་བཞེངས་བྱས་ཡོད་དེ། ར་ལོ་སློབ་གྲྭར་ཞུགས་པ་དང་མག་པར་བསྡད་པ། གྲྭ་པ་བྱས་པ། ཆུང་མ་བླངས་པ། བཙོན་དུ་སོང་བ་ལ་སོགས་པའི་འཚོ་བའི་འགྱུར་ལྡོག་རབ་དང་རིམ་པའི་ཁྲོད་དུ་ཁོའི་གཤིས་ཀ་ནི“དགོད་བྲོ་བ་དང་ཡིད་མུག་པ། གླ་ནེ་གླེན་ནེ། དྲ་ངེ་དྲང་ངེ”སྟེ་འགལ་འདུས་ཁེངས་ཤིང་རྙོག་འཛིང་ཆེ་བ་ཞིག་ཏུ་སྒྲུབ་བཞེངས་བྱས་ཡོད། ཡིན་ན་ཡང་། དོན་གྲུབ་ལ་མཚོན་ན་རྩོམ་པ་པོས་སྒྲུང་གཏམ་ཧྲིལ་བོའི་ཁྲོད་ར་ལོ་དང་ཁོ་གཉིས་ཀྱི་འབྲེལ་བ་རྨང་གཞིར་བཟུང་སྟེ་སྤྲོས་བརྗོད་དང་ཞིབ་འབྲི་ཉུང་ཙམ་ལས་བྱས་མེད་པ་སྟེ། དཔེར་ན།“ང་ཡང་ལོ་དེར་སློབ་གྲྭར་ཞུགས་པ་ཡིན་པས་ར་ལོ་ངེད་འཛིན་གྲྭ་གཅིག་ཏུ་འདུས། འོན་ཀྱང་ར་ལོ་ང་ལས་ལོ་ལྔས་ཆེ་ལ་ང་ཚོའི་འཛིན་གྲྭའི་ནང་གི་ལོ་ཆེས་ཆེ་བའང་ཁོ་རང་རེད”ཅེས་དང་། “དགུན་དཀྱིལ་གྱི་ཞོགས་པ་ཞིག་ལ། ནུབ་བྱང་མཐོ་སྒང་ལ་ཅི་འདོད་དུ་ཡོད་པའི་རླུང་དང་ཁ་བས་བར་སྣང་ན་རང་མོས་ཀྱིས་འཁྲབ་སྟོན་བྱེད་ཀྱིན་ཡོད་པས་ངས་གཞུང་ལས་ཁང་གི་ལྕགས་ཐབ་ནང་ལ་མེ་འུར་འུར་དུ་བུས་པ་ཡིན།”“ངས་ར་ལོ་དམངས་དོན་ཁང་ལ་ཁྲིད་དེ་ངོ་སྤྲོད་བྱས་རྗེས་ཕྱིར་ཡོང་བ་ཡིན”ཞེས་པ་ལྟ་བུས་མཚོན་ལ། དེའི་ཐོག་ནས་ང་ཚོས་དོན་གྲུབ་ནི་མི་སྣ་གང་འདྲ་ཞིག་ཡིན་པ་སྣང་བརྙན་གྱི་སྒོ་ནས་དབྱེ་ཞིབ་བྱེད་ཐབས་མེད་ལ། སྤྲོས་བརྗོད་དང་ཞིབ་འབྲི་དེ་ཙམ་གྱིས་ཐ་ན་ཀློག་པ་པོའི་སྣང་ངོར་ཁོའི་གཟུགས་རིས་དང་སྤྱོད་ལམ་སོགས་ག་འདྲ་ཡིན་པའི་བག་ཆགས་ཀྱང་བསྐྱེད་མི་ཐུབ་པས་ན་ཁོ་ནི“ལེབ་གཟུགས་མི་སྣ”ཡིན་པ་ཤིན་ཏུ་གསལ་བོ་རེད།
       ཁ། ར་ལོ་ནི“འཇགས་རྣམ་མི་སྣ”དང་དོན་གྲུབ་ནི“འགུལ་རྣམ་མི་སྣ”ཡིན།
       སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣ་གཉིས་བར་དུ་འབྲེལ་བ་དམ་པོ་གནས་ཡོད་པས། སྒྲུང་གཏམ་གྱི་བྱུང་རིམ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་རིགས་ཤིག་ཐོན་ཚེ་མི་སྣའི་གཤིས་ཀ་ནི་དེའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་ཡིན། མི་སྣའི་གཤིས་ཀ་དེ་ཡང་ཕྱོགས་དུ་མ་ནས་མངོན་ཆོག་པ་ཞིག་སྟེ། མི་སྣའི་གཤིས་ཀའི་ཁྱད་ཆོས་གང་ཞིག་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་འགྱུར་ལྡོག་མེད་པར་གནས་པ་དང་། ཡང་ན་བྱུང་རིམ་ལ་འགྱུར་ལྡོག་བྱུང་ཡང་མི་སྣའི་གཤིས་ཀར་འགྱུར་ལྡོག་མི་འབྱུང་བའི་མི་སྣ་དེ་ལ“འཇགས་རྣམ་མི་སྣ”ཟེར་ཞིང་། དེ་ལས་ལྡོག་སྟེ་མི་སྣ་དང་བྱུང་རིམ་ཕན་ཚུན་འཐབ་པ་ལས་མི་སྣའི་གཤིས་ཀའི་ཆ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བའི་མི་སྣ་དེ་ལ“འགུལ་རྣམ་མི་སྣ”ཞེས་བརྗོད་པ་ཡིན། «ར་ལོའི»སྒྲུང་གཏམ་ཧྲིལ་བོའི་ཆ་ནས་བལྟས་ན། ར་ལོ་ནི“འཇགས་རྣམ་མི་སྣ”དང་དོན་གྲུབ་ནི“འགུལ་རྣམ་མི་སྣར”བགྲང་ཆོག རྩོམ་པ་པོས་ར་ལོའི་སྟེང་གི་ཆོ་མེད་ནུས་མེད་ཀྱི་རང་བཞིན་དང་གླེན་པ་དང་གཞུང་དྲང་གི་འགྱུར་མེད་ཀྱི་གཤིས་ཀ་དེ་མཚོན་ཆེད་ཕྱོགས་མང་པོ་ནས་ཞིབ་འབྲི་དང་སྤྲོས་བརྗོད་བྱས་ཡོད་དེ། ར་ལོའི་འཚོ་བར་འགྱུར་ལྡོག་བྱུང་ཚེ“ཨ一”“འོ—”“དེ་འདྲ་ཡིན་ནམ一”“གནའ་མིའི་གཏམ་དཔེ་ལ一”ཟེར་བ་དང་། ཡང“ང་ར་ལོ་ཚང་གི་ཕ་རྒྱལ་པོའི་འཁྲུངས་རབས། མ་བཙུན་མོའི་སྐྱེས་རབས་ཁྱོད་ཚོས་གོ་ཨེ་མྱོང”ཟེར་བ་ལྟ་བུ་དང་། ཡང་ར་ལོ་བཙོན་ཁང་དུ་འགྲོ་སྐབས“ཁོས་སྣབས་དང་མིག་ཆུ་གཙང་མར་ཕྱིས་ནས་ཡར་དགྱེ་སྟེ‘ཁྱོད་ཀྱི་སེམས་བདེ་མོ་བྱོས། ངས་ཁྱོད་ལ་སྒུག་ནས་འདུག’”ཅེས་མི་སྣའི་སེམས་ཁམས་དང་གཤིས་ཀ་མཚོན་པའི་ཁ་བརྡའི་སྐད་ཆ་དྲངས་ཏེ་ཡུལ་དང་དུས་མི་འདྲ་བའི་སྐབས་ཀྱི་གཤིས་ཀའི་སྟེང་གི་འགྱུར་ལྡོག་མེད་པའི་ཁྱད་ཆོས་མངོན་པར་བསྟན་ཡོད་པ་ལྟ་བུ་རེད། འོན་ཀྱང་། དོན་གྲུབ་ཀྱི་ངོས་ནས་བཤད་ན་ཁོ་ནི་དང་ཐོག་ར་ལོའི་སློབ་གྲོགས་ཡིན་པ་དང་ཕྱིས་སུ་ར་ལོའི་གཏམ་རྒྱུད་ཀྱི་སྤྲོས་བརྗོད་པར་གྱུར་ཀྱང་ཁོའི་རང་གཤིས་དང་འགུལ་སྐྱོད་མཐའ་དག་ནི་སྒྲུང་གཏམ་དུ་བག་ལ་ཞ་བའི་ངང་མངོན་ཡོད་པ་དང་། ཡང་གཅིག་བཤད་ན། རྩོམ་པ་པོས་དོན་གྲུབ་ཀྱི་གཤིས་ཀ་དང་སྒྲུང་གཏམ་གྱི་བྱུང་རིམ་བར་དུ་རྒྱུ་འབྲས་ཀྱི་འབྲེལ་བ་ཡང་ཚུགས་མེད་པས་ན་ཁོ་ནི“འགུལ་རྣམ་མི་སྣའི་རྣམ་པར”གཏོགས་པ་ཙམ་མོ། །
       ག ར་ལོ་ནི«ར་ལོའི»སྒྲུང་གཏམ་གྱི་མི་སྣ་གཙོ་བོ་དང་དོན་གྲུབ་ནི་མི་སྣ་ཕལ་བ་ཡིན།
       སྒྲུང་གཏམ་དུ་མི་སྣའི་གལ་ཆེ་ཆུང་ལ་ལྟོས་ནས་མི་སྣ་གཙོ་བོ་དང་མི་སྣ་ཕལ་བ་ཞེས་རིགས་གཉིས་སུ་བཀར་ཡོད། «ར་ལོའི»སྒྲུང་གཏམ་ལ་དཔྱད་ན་ར་ལོ་ནི་མི་སྣ་གཙོ་བོའི་གོ་གནས་སུ་འགྲེང་ཡོད་ཅིང་། དོན་གྲུབ་ནི་མི་སྣ་ཕལ་བར་གྱུར་ཡོད་པ་རེད། དེ་ཡང་། སྒྲུང་གཏམ་གྱི་སྒྲིག་གཞིའི་ཆ་ནས་བལྟས་ན། ར་ལོ་ནི་ཐོག་མཐའ་བར་གསུམ་དུ་གཏམ་རྒྱུད་ཀྱི་ལྟེ་བའི་མི་སྣར་གྱུར་ཡོད་པ་དང་དོན་གྲུབ་ནི་ར་ལོའི་སྣང་བརྙན་སྒྲུབ་པའི་གཞོགས་འདེགས་སུ་སོང་ཡོད། དེ་ལྟར་བཤད་དོན་ནི་ར་ལོ་ནི་གཏམ་རྒྱུད་ཀྱི་གཙོ་སྐུད་སྟེང་ན་ཡོད་པ་སྟེ། ར་ལོ་ཆུང་དུས་སློབ་གྲྭར་ཞུགས་པ་དང་དེ་ནས་ཅུང་ཟད་ནར་སོན་རྗེས་གཞན་གྱི་ཕྱུགས་རྫིར་བསྡད་དེ་མག་པར་གྱུར་པ། དེ་ནས་གྲྭ་པ་བྱས་པ་དང་ཆུང་མ་བླངས་པ་སོགས་ནི་གཏམ་རྒྱུད་ཀྱི་གཙོ་གཞིར་གྱུར་ཡོད་པའི་སྟབས་ཡིན་ལ། དེ་དག་ཡོངས་སུ་རྫོགས་པ་སྣང་བརྙན་བརྒྱུད་དེ་སྤྲོས་བརྗོད་བྱེད་མཁན་ནི་མི་སྣ་དོན་གྲུབ་རེད། གལ་ཏེ་མི་སྣ་དོན་གྲུབ་ཀྱི་གཞོགས་འདེགས་མེད་པ་ཡིན་ན། ར་ལོ་ཁོ་ཡང་གཏམ་རྒྱུད་ཀྱི་གཙོ་སྐུད་སྟེང་དུ་འགྲེང་ཐབས་མེད་ལ། ཁོའི་ཕུན་སུམ་ཚོགས་པའི་སྣང་བརྙན་དེ་འདྲ་ཡང་ཀློག་པ་པོའི་མདུན་དུ་སློང་ཐབས་མེད། དེ་བཞིན་དུ་བྱུང་རིམ་གྱི་ཆ་ནས་བལྟས་ནའང་ར་ལོས་སྒྲུང་གཏམ་གྱི་བྱུང་རིམ་ལ་གཙོ་ཁྲིད་དང་ཚོད་འཛིན། འཕེལ་རྒྱས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་མོད། འོན་ཀྱང་དོན་གྲུབ་ནི་དེ་ལྟ་མ་ཡིན་པར་བྱུང་རིམ་གྱི་དགོས་མཁོར་གཞིགས་ཏེ་ཟུར་དུ་ཇུས་འགོད་བྱས་པའི་མི་སྣ་ཡིན་པས་དེས་སྒྲུང་གཏམ་ཧྲིལ་བོའི་ཆར་མི་སྣ་དང་དོན་རྐྱེན། ཁོར་ཡུག་སོགས་སྦྲེལ་བའི་ནུས་པ་ཙམ་ལས་གཞན་པའི་དགེ་མཚན་ཆེན་པོ་ཐོན་ཐུབ་མེད།
       གོང་གི་དབྱེ་ཞིབ་དེ་དག་ལས། ང་ཚོས་ར་ལོ་དང་དོན་གྲུབ་གཉིས་ཀྱི་མི་སྣའི་ནང་གནས་ཀྱི་འབྲེལ་བ་རགས་ཙམ་རྟོགས་པར་འགྱུར་ལ། དེ་དང་བསྟུན་ནས་ར་ལོ་ནི«ར་ལོའི»སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དང་དོན་གྲུབ་ནི་མི་སྣ་ཕལ་བ་ཡིན་པར་བསྙོན་དུ་མེད་པའི་ངེས་ཤེས་ཀྱང་ཅུང་ཟད་རྙེད་ཐུབ་པ་རེད།
       དེ་སྔོན་ནེ་ཁྲེ་ཡིས“དཀོན་མཆོག་ཤི་སོང”ཞེས་དང་། ཧྥ་རན་སིའི་མིང་གྲགས་ཅན་གྱི་མཚན་ཉིད་རིག་པ་བ་ཧྥུ་ཁི་ཞེས་པས“མི་ཤི་སོང་། རྩོམ་པ་པོ་ཤི་སོང”ཞེས་བཤད་མྱོང་ལ། ད་ལྟ་ནི་ང་ཚོའི་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་དག་ཀྱང“འཆི”ལ་ཉེ་བར་མཐོང་། འདི་ནི་ད་ལྟའི་རྩོམ་རིག་གི་སྡེ་རུ་འབྱུང་བཞིན་པའི་གནད་དོན་ཚབས་ཆེན་ཞིག་རེད། སྤྱིར་ན། སྒྲུང་གཏམ་ཞིག་གི་མི་སྣ་གཙོ་ཕལ་ལ་ངོས་འཛིན་འཁྲུལ་མེད་བྱེད་རྒྱུ་ནི་ཤིན་ཏུ་ཁག་པའི་གནས་ཡིན་པས། དེ་ལ་ཀློག་པ་པོའི་མོས་པའི་སྟེང་ནས་འབྲས་བུ་མི་འདྲ་བ་འབྱུང་ངེས་པ་ནི་སྨོས་མ་དགོས། རྩོམ་རིག་གི་མི་སྣས་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་དང་སྙིང་སྟོབས་ཀྱི་ཡིད་བྱེད་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། ལྷག་པར་དཔེ་མཚོན་མི་སྣར་གྱུར་པའི་མི་སྣ་གཙོ་བོ་དག་གིས་ནམ་ཡང་གཏིང་ཟབ་ཅིང་རྒྱ་ཆེ་བའི་མི་ཚུལ་རིང་ལུགས་ཀྱི་བསམ་བློ་ཆེན་པོ་ཞིག་ཕྲག་ཏུ་བསྣམས་ཡོད་པས། ཁོ་ཚོ་ནི་དུས་རབས་དང་མི་རིགས། རྒྱལ་ཁབ། ཐ་ན་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་དུ་གྱུར་ཡོད་པ་རེད། དེ་བས། ང་ཚོའི་རྩོམ་པ་པོ་རྣམས་ཀྱིས་ཅིས་ཀྱང་རླབས་ཆེ་བའི་རྩོམ་རིག་གི་མི་སྣ་སྣ་ཚོགས་བཞེངས་རྒྱུ་དང་མི་སྣའི་རྩོམ་རིག་གི་བྱེད་ནུས་ལ་ངོས་འཛིན་ཡང་དག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་།

ལུང་ཁུངས།
[1] w.c.布斯著 .  华明等译 .  《小说修辞学》,北京:北京大学出版社,1987:第178页。
[2] 邱畅 .  《纳博科夫小说叙事研究》,春风文艺出版社,2023:第89页。
[3]
 བཙུན་པོ་དོན་འགྲུབ། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས། 128པ།
[4] 胡亚敏.《叙事学》,华中师范大学出版社,第二版,第37页。
[5] 徐岱. 《小说叙事学》,商务印书馆,2010:第307一308页。
[6] 巴赫金.《诗学与访谈》,石家庄河北教育出版社,1998:第103页。
[7] E.M.福斯特著. 冯涛译.《小说面面观》,人民文学出版社,2009:第60页。

རྩོམ་ཁུངས། ༢༠༢༤ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།