རྩོམ་རིག་དཔྱད་བརྗོད་ཀྱི་གལ་ཆེན་རང་བཞིན་དང་ཆ་རྐྱེན།
རྩོམ་པ་པོ།:བདུད་ལྷ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-20
ཀློག་གྲངས།:
རྩོམ་རིག་དཔྱད་བརྗོད་ཀྱི་གལ་ཆེན་རང་བཞིན་དང་ཆ་རྐྱེན།
བདུད་ལྷ་རྒྱལ།
དང་བོ། གནད་དོན་འདོན་པ།བོད་ཀྱི་རྩོམ་རིག་ཅེས་པའི་ངོས་ནས་བཤད་ན། བོད་ཀྱི་རྩོམ་རིག་གི་གནས་སྐབས་རྣམ་པ་བཞི་རུ་བཤད་ཆོག བཙན་པོའི་རྩོམ་རིག་དང་། གནའ་རབས་རྩོམ་རིག དེང་རབས་རྩོམ་རིག འབྱུང་འགྱུར་གྱི་རྩོམ་རིག་བཅས་སོ། སྔ་མ་གཉིས་ལ་རྩོམ་རིག་གི་བློ་སྦྱོང་ཆེན་པོ་མི་དགོས། རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་ཁྱད་པར་ཡང་དེ་འདྲའི་གསལ་བོ་མ་རེད། རྒྱུ་མཚན་ནི་དེ་གཉིས་ལ་སྣང་བརྙན་གྱི་རང་བཞིན་ཆེན་པོ་མེད་ལ། དེ་འདྲའི་རྣམ་པ་ཅན་དུ་བྱས་པ(形式化)མ་རེད། ཐད་ཀར་བརྗོད་པ་ལས་བརྒྱུད་ནས་མཚོན་པ་མ་རེད། དཔེར་ན། «གཏམ་པདྨའི་ཚལ་གྱི་ཟློས་གར»དང་། «བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད»སོགས་ལ་ཕྱིའི་བརྡ་འཕྲིན་དང་ནང་གི་བརྡ་འཕྲིན་གྱི་བར་ཐག་ཆེན་པོ་མེད་པར་བསྟན་དོན་བདེ་བླག་ཏུ་རྟོགས་ཐུབ་པ་ལྟ་བུ། ཚངས་མགུར་ལས་ཀྱང་། ཁྱོད་ནི་གསེར་ཟངས་སྐུ་རེད། །ང་ནི་འདག་པའི་ལྷ་རེད། །ལྷ་ཁང་གཅིག་གི་ནང་དུ། །ང་གཉིས་མཉམ་དུ་མི་འོངས། །ལྟ་བུ་བསམ་དོན་ཐད་ཀར་བརྗོད་པ་ཡིན་པས། འདིར་རྟོག་ཡུལ(想象的余地)ཆེན་པོ་མེད།
སོ་དཀར་ལྤགས་པའི་འཛུམ་མདངས། །བཞུགས་གྲལ་སྤྱི་ལ་བསྟན་བྱུང་། །མིག་ཟུར་ཁྲ་མོའི་སྒྲིལ་མཚམས། །གཞོན་པའི་གདོང་ལ་ལྷུང་བྱུང་། །ལྟ་བུ་ལ་རྩོམ་གྱི་རྒྱབ་ན་སྙན་ངག་གི་ཁམས་ཡོད་ལ་སྙན་ངག་གི་བྲོ་བའང་ཡོད། ཕྱིའི་བརྡ་འཕྲིན་གྱི་ཆ་ནས་དོན་མི་གོ་བ་ཆེན་པོ་མེད་ལ། འགྲེལ་ཀྱང་མི་དགོས། ཡིན་ན་ཡང་། དེ་ལ་བསམ་བྱའི་ཡུལ་ཡངས་པོ་ཞིག་ཡོད་དེ། རྩོམ་རིག་གི་བློ་སྦྱོང་ཡོད་པ་ཞིག་གིས་བསམ་ན་གོང་གི་ཚངས་མགུར་ལས་ནང་གི་བརྡ་འཕྲིན་ཕུན་སུམ་ཚོགས་པ་ཡོད། དེ་བཞིན་དམངས་གླུ་དགུང་ཨ་སྔོན་སྐྱིད་ལ་མར་འཁོར་རེད། །སྤྲིན་དཀར་བོ་སྐྱིད་ལ་ཡར་འཁོར་རེད། །འབྲུག་ལྗང་ལོ་སྐྱིད་ལ་ཚེ་གང་རེད། །རྫ་ཁྲ་ཡག་སྐྱིད་ལ་མར་འཁོར་རེད། །ན་མེ་ཏོག་སྐྱིད་ལ་ཡར་འཁོར་རེད། །འབྲོང་བྲེ་ལོ་སྐྱིད་ལ་ཚེ་གང་རེད། །སྦྲ་མཐིང་སྨུག་སྐྱིད་ལ་མར་འཁོར་རེད། །གདན་གྲུ་བཞི་སྐྱིད་ལ་ཡར་འཁོར་རེད། །དྲིན་ཕ་མ་སྐྱིད་ལ་ཚེ་གང་རེད། །ལྟ་བུ་ཡང་དེ་ལྟར་དུ་སྙན་ངག་གི་ཁམས་དང་བྲོ་བ་ཡོད་པ་ཅན་རེད།
ད་དུང་བོད་ཀྱི་གནའ་བོའི་བྲོ་གར་ཀྱང་དེ་འདྲ་རེད། མཛེས་རིག་གི་ངོས་ནས་བཤད་ན། འདི་ལྟའི་རྩོམ་རིག་རང་བཞིན་ཅན་དག་ནི་རྗེན་འཆར་དུ་ལྟ(直观)རུང་དང་། དབང་ཤེས་ཀྱིས་རྟོགས(感悟)པར་བྱ་བའི་ཡུལ་དུ་རུང་བར་ཡོད། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གམ་གནའ་རབས་རྩོམ་རིག་དེ་འདི་ལྟ་བུར་དབང་ཤེས་ཀྱི་གཞལ་བྱ་དང་། སྙན་ངག་རང་བཞིན་གྱི་ཤེས་རབ་ཀྱི་གཞལ་བྱ་མིན་པར། རིགས་པའམ་རྗེས་དཔག་གི་ཡུལ་དུ་གྱུར་བ་ཞིག་རེད།
རིག་གནས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་བོད་ཀྱི་ཤེས་ཡོན་པའི་རིག་པའམ་བློ་དེ་མ་གཞི་ནས་རྗེས་དཔག་གི་རིགས་པའི་སྦྱོར་བརྡར་ཆེས་ཆེར་ཐོབ་པ་དང་འགྲོགས་ཏེ། དབང་ཤེས་དང་ཡིད་དབང་མངོན་སུམ་གྱི་ཤེས་པ་སྐམ་ཞིང་རྙིད་པར་གྱུར་བ་རེད། ཝེ་ཁུ་ཡི་སྐད་ཆ་ལྟར་བཤད་ན། རིགས་རྟོག་རང་བཞིན་གྱི་ཤེས་རབ་ལ་སྦྱོང་བརྡར་ཆེན་པོ་ཐོབ་ཀྱང་། སྙན་ངག་རང་བཞིན་གྱི་ཤེས་བྱ་ལ་སྦྱོང་བརྡར་ཐོབ་མ་ཐུབ། དེ་བས་རྣམ་པ་ཅན་དུ་བྱེད་ཚད་མཐོ་བ་དང་། བརྒྱུད་ནས་མཚོན་ཚད་ཆེ་བའི་རྩོམ་རིག་གི་རྣམ་པ་ཕྱི་མ་གཉིས་ནི་བོད་ལ་མཚོན་ན་རིག་གནས་གསར་བ་ཞིག་ཡིན་པས། དེ་ཤེས་བྱེད་ཀྱི་རིག་པ་གསར་བ་ཞིག་དགོས། དེ་ཡིན་པ་ནི་དབང་བོའི་མངོན་སུམ་གྱི་ཤེས་པ(直觉)ཡིན། དེ་ལྟ་བས་ན། སྲོལ་རྒྱུན་རིག་གནས་ཁོ་ནས་བློ་ལ་སྦྱོང་བ་བྱས་པའི་བོད་ཀྱི་ཤེས་ཡོན་པ་དག་འདི་ལྟའི་རྩོམ་རིག་གསར་བ་ལ་ཁ་གཏད་དུས། རྒྱུས་མེད་དང་གོ་དཀའ་བའི་དཀའ་ངལ་འབྱུང་། ང་ཚོ་བོད་པ་ཕལ་ཆེར་བ་ཞིག་ནུབ་གླིང་གི་དེང་རབས་རིང་ལུགས་པའི་རྩོམ་རིག་ལ་ཁ་གཏད་དུས།(《百年孤独》 《生命中不能承受之轻》ལྟ་བུར) གོ་དཀའ་བའི་སྡུག་བསྔལ་འབྱུང་བ་མ་ཟད། ཕྱི་ཚུལ་ནས་གོ་དཀའ་བ་མ་ཡིན་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལ་འཇུག་དུས་ཀྱང་། དེ་ལྟར་དུ་གོ་དཀའ་བ་དང་སུན་སྣང་གི་ཚོར་སྣང་འབྱུང་། དཔེར་ན། 列夫托尔斯泰《安娜·卡列尼娜》、屠格涅夫《前夜》ཐ་ན་བོད་རྩོམ་ལས་ཀྱང«རི་མགོ་མཐོན་པོའི་ཉི་མ»ལྟ་བུར་གོ་བ་སྐྱེ་བ་དང་། དེ་ལ་མཛེས་རྟོག་གི་སིམ་ཚོར་འབྱུང་བ་དཀའ། དེང་རབས་སྙན་ངག་ཀྱང་དེ་བཞིན་རེད། འདི་ནི་མྱོང་རོལ་གྱི་ཐད་ནས་རྩོམ་རིག་གསར་བ་དེ་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དང་མི་འདྲ་བས། བོད་ཀྱི་ཀློག་པ་པོས་མྱོང་རོལ་བྱེད་དཀའ་བ་བྱུང་བའི་གནད་དོན་རེད།
དེ་བཞིན། རྩོམ་པ་པོའི་ཐད་ནས་བཤད་ན་ཡང་། ད་ལྟ་ཚང་མས་རྩོམ་རིག་གསར་བ་བཞིན་དུ་གསར་རྩོམ་མཛད་བཞིན་ཡོད་ཀྱང་། འཕེལ་རྒྱས་ཀྱི་གོམ་ཁ་དལ་བ་རེད། དེ་ལྟར་ཟེར་དོན་ནི། གསར་རྩོམ་དེ་གོང་ནས་གོང་དུ་རིམ་གྱིས་བརྟན་བརླིང་གིས་བསྐྱོད་པ་མིན་པར། གསར་རྩོམ་ལ་མཐོ་རྒྱག་དམའ་རྒྱག་ཆེ་ཞིང་། གཞན་ལ་ངོམ་དུ་རི་ཞིང་ཟབ་རྒྱས་ཀྱི་ནང་དོན་ལྡན་པའི་བོད་རྩོམ་ནི་དངོས་སུ་ཉུང་། འདིའི་རྒྱུ་མཚན་ཀྱང་གོང་ནས་བཤད་པ་ལྟར། རྩོམ་རིག་གསར་རྙིང་བར་གྱི་ཧེ་བག་ཆེ་བ་དང་། བོད་རྩོམ་གསར་བའི་གོམ་ཁ་བསྒྱུར་འཕྱི་བ་བཅས་ཀྱིས་བོད་ཀྱི་རྩོམ་པ་པོ་ཕལ་ཆེར་བས་ད་དུང་རྩོམ་རིག་གསར་བའི་གསང་ཚིག་རྙེད་མེད་ལ། རྩོམ་རིག་གསར་བའི་རིག་པ་ད་དུང་ཁོང་དུ་ཆུབ་མེད་པ་འདྲ། དེའི་ཤེས་བྱེད་གཅིག་ནི། བོད་ཀྱི་རྩོམ་པ་པོ་མང་བོ་ཞིག་གིས་དོན་གྱིས་རང་ཉིད་ཀྱི་གསར་རྩོམ་གྱི་སྐྱོན་ཡོན་ལ་ཤེས་རྟོགས་གསལ་བོ་འབྱུང་ཐུབ་ཀིན་མེད་པས། གེགས་སེལ་བོགས་འདོན་བྱ་ཐུབ་ཀིན་མི་འདུག སྔ་མའི་ལེགས་ཆ་ཕྱིས་ནས་རྒྱུན་སྐྱོང་པ་མེད་ལ། སྔ་མའི་སྐྱོན་ཆར་ཕྱིས་ནས་ཡོ་བསྲང་ཐོབ་པའང་མི་འདུག མདོར་ན་བོད་ཀྱི་ཀློག་པ་པོ་དང་རྩོམ་པ་པོ་དང་བཅས་པས་ད་དུང་རྩོམ་རིག་གསར་བའི་གསང་ཚིག་ཁོང་དུ་ཆུབ་མེད་པ་དང་། རྩོམ་རིག་གསར་བའི་རིག་པ་ལ་ངེས་ཤེས་མེད་པས། བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཀྱི་གོམ་ཁ་དལ་ནས་ཡོད། དེ་ལྟའི་གནས་བབ་ཀྱི་འོག་ནས་བསམ་ན་རྩོམ་རིག་གསར་བ་ལ་ངེས་ཤེས་འདྲོངས་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། དེའི་ཐབས་ལམ་ལ་བར་སྐབས་འདིར་རྩོམ་རིག་དཔྱད་བརྗོད་ཀྱིས་ནུས་པ་ཆེན་པོ་འདོན་ཐུབ་སྙམ།
གཉིས་པ། གནད་དོན་ཐག་གཅོད་ཀྱི་ཐབས་ལམ།
རྩོམ་རིག་དཔྱད་བརྗོད་ནི་བརྩམས་ཆོས་ལྟེ་བར་བྱས་པའི་རྩོམ་རིག་གི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། རྩོམ་རིག་དཔྱད་བརྗོད་ལ་རྩོམ་རིག་གཞུང་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩོམ་འབྱུང་ལོ་རྒྱུས་འཐུས་ཚང་དུ་གཏོང་བ་བཅས་གཞུང་ལུགས་ཕྱོགས་ཀྱི་ནུས་པ་གཉིས་དང་། རྩོམ་པ་པོའི་གསར་རྩོམ་ལ་མཐོར་འདེགས་དང་། ཀློག་པ་པོར་ཁོའི་མྱོང་དཔྱོད་ལ་ཁྲིད་སྟོན་བྱེད་པའི་ལག་ལེན་ཕྱོགས་ཀྱི་ནུས་པ་གཉིས་བཅས་ཡོད།
༡ རྩོམ་པ་པོར་མཚོན་ན། དཔྱད་བརྗོད་ཀྱི་བགྱི་བ་ནི་བརྩམས་ཆོས་ཀྱི་དོན་སྙིང་བསྐྱར་བཟོ་བྱེད་པའི་བྱ་བ་ཞིག་དང་། དཔྱད་བརྗོད་པ་ནི་རྩོམ་ཆོས་ཀྱི་དོན་སྙིང་གི་བསྔོག་འདོན་པ་དང་། རྩོམ་པ་པོའི་ལས་རོགས་ཀྱི་ཚུལ་གྱིས་རྩོམ་པ་པོ་དང་སྟབས་གཅིག་གིས་རྩོམ་ཆོས་ཀྱི་དོན་སྙིང་གསར་བཟོ་བྱེད་པ་ཡིན། དཔྱད་བརྗོད་ཀྱི་དོན་སྙིང་ནི་རྩོམ་པ་པོའི་བསྟན་དོན་ཞལ་ལུང་གི་ཚུལ་དུ་འགྲེལ་བྱ་བ་ཙམ་མིན་པར། བརྩམས་ཆོས་ཁྲོད་བག་ཉལ་གྱི་ཚུལ་དུ་ཡོད་པའམ་ཡང་ན་རྩོམ་པ་པོས་ཀྱང་བསམ་གཞིགས་ཞིབ་མོ་མ་མཛད་པའི་གྲུབ་ཆར་དབྱེ་ཞིབ་དང་བསྔོག་འདོན་བྱས་ཏེ། རྩོམ་ཆོས་ཀྱི་དོན་སྙིང་སྔར་བས་ཕུན་ཚོགས་སུ་གཏོང་བ་དེ་ཡིན། ཨུ་རུ་སུའི་ཏོའུ་པོ་ལོ་ལིག་པོ་ཧྥུའུ(杜勃罗留波夫)ནས་བསྟན་དོན། “ལར་སྒྱུ་རྩལ་བ་འགའ་ཞིག་གིས་རང་ཉིད་ནས་གང་ཞིག་ཞིབ་འབྲི་བྱེད་བཞིན་པར་ཁོས་གཏན་ནས་བསམ་བློ་འཁོར་མེད་ཀྱང་སྲིད། ཡིན་ན་ཡང་དཔྱད་བརྗོད་པས་སྒྱུ་རྩལ་བས་གསར་རྩོམ་གྱི་ནང་གི་དོན་སྙིང་གབ(སྒྲིབ)ནས་ཡོད་པ་དེར་གསལ་བཤད་བྱེད་ཐུབ་པ་ཡིན། འདི་ནི་དཔྱད་བརྗོད་པ་གནས་དགོས་པའི་རྒྱུ་མཚན་ཡིན།”ཟེར། དེ་བས། དཔྱད་བརྗོད་པ་ནི་རྩོམ་པ་པོའི་མེ་ལོང་རུ་འགྱུར་ཆོག་པ་ཡིན་ཏེ། རྩོམ་པ་པོ་དཔྱད་བརྗོད་པའི་མདུན་ནས་འགྲེང་སྟེ་དཔྱད་བརྗོད་པའི“གདོང”ནས་རང་གི་གསར་རྩོམ་གྱི་སྐྱོན་ཡོན་མཐོང་ཐུབ་པས། གསར་རྩོམ་གྱི་ཆུ་ཚད་མཐོང་འདེགས་བཟོ་བར་ཕན་ཐོགས་ཆེ།
༢ ཀློག་པ་པོར་མཚོན་ན། སྤྱིར་དཔྱད་བརྗོད་པ་ཡང་ཀློག་པ་པོ་ཡིན། ཡིན་ཡང་། དཔྱད་བརྗོད་པ་ནི་དམིགས་བསལ་བ་ཞིག་སྟེ། ཁོ་ཚོར་ཕུན་སུམ་ཚོགས་པའི་ཆེད་ལས་ཀྱི་ཤེས་བྱ་ཡོད་པ་དང་། སྤྱི་ཚོགས་དང་མི་ཚེ་ལ་གཏིང་ཟབ་མོའི་བསམ་གཞིགས་ཡོད་པས་ཅུང་མཐོ་ས་ནས་རྩོམ་རིག་བརྩམས་ཆོས་ལ་ངོས་འཛིན་བྱེད་ཐུབ་པ་ཡིན། དེ་བས། ཁོ་ཚོའི་དཔྱད་བརྗོད་ཀྱིས་རྒྱ་ཆེ་བའི་ཀློག་པ་པོ་ལ་བརྩམས་ཆོས་ལ་གོ་བ་ལོན་པའི་ཐད་ནས་གྲོགས་དན་གང་ལེགས་བྱེད་ཐུབ་པ་ཡིན།
གཅིག ཀློག་པ་པོ་དག་རྩོམ་རིག་གི་མཛེས་རྟོག་གི་བགྱི་བའི་ཁྲོད་འཇུག་པར་གྲོགས་བྱེད་པ། རྩོམ་རིག་སྒྱུ་རྩལ་ནི་རིགས་པ་རྗེས་དཔག་གི་སྒོ་ནས་དང་། ཚན་རིག་གི་སྒོ་ནས་དང་། ཆོས་ལུགས་ཀྱི་སྒོ་ནས་འཇིག་རྟེན་ལ་ཤེས་རྟོགས་བྱེད་པ་དང་མི་འདྲ། རྩོམ་རིག་སྒྱུ་རྩལ་ཁོ་རང་གནས་དགོས་པའི་རྒྱུ་མཚན་ནི་ཁོས་ཐུན་མོང་མ་ཡིན་པ་མཛེས་རྟོག་གི་མཐོང་སྣེ་ནས་ཉེ་འཁོར་གྱི་འཇིག་རྟེན་ལ་ལྟ་རྟོག་བྱས་ཏེ། རྩོམ་པ་པོས་དངོས་ཡོད་འཇིག་རྟེན་གྱི་མྱོང་རྟོགས་དང་མཛེས་རྟོག་གི་མྱོང་ཚོར་མཚོན་པས་སྟབས་ཀྱིས་ཡིན། འདི་མར་ཁི་སིའི་གསུང་ཞིག་རེད།(马克思《〈政治经济学批判〉导言》)
གཉིས། ཀློག་པ་པོར་སྤྱི་ཚོགས་ལ་ཤེས་རྟོགས་ཡོང་བར་གྲོགས་བྱེད་པ། རྩོམ་རིག་གི་བྲི་བྱའི་ལྟེ་བ་ནི་མི་ཡིན་ཞིང་། མི་ནི་འབྲེལ་བའི་ཁྲོད་ན་གནས་ཡོད་པས་རྩོམ་རིག་གིས་དོན་གྱིས་མི་དང་མིའི་འབྲེལ་བ་འབྲི་བ་དང་། སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་ཚུར་སྣང་བྱ་བ་ཡིན། དེ་བས། རྩོམ་རིག་ནི་མཛེས་རྟོག་ཅན་ཞིག་ཡིན་པར་མ་ཟད་སྤྱི་ཚོགས་ཅན་ཞིག་ཀྱང་ཡིན། རྩོམ་རིག་གི་སྤྱི་ཚོགས་རང་བཞིན་གྱིས་རྩོམ་རིག་ལ་སྤྱི་ཚོགས་ཤེས་རྟོགས་ཀྱི་བྱེད་ནུས་ཡོད་པར་ཐག་གིས་བཅད་ནས་ཡོད། རྩོམ་རིག་དཔྱད་བརྗོད་ཀྱིས་རྩོམ་རིག་གིས་སྤྱི་ཚོགས་དང་འཇིག་རྟེན་ཚུར་སྣང་བྱས་ཡོད་པར་འགྲེལ་བཤད་དང་གདེང་འཇོག་བྱ་བའི་འགན་ཁུར་དུ་བླང་ཡོད་པས། ཀློག་པ་པོ་དཀྱུས་མ་དག་གིས་སྤྱི་ཚོགས་ལ་གོ་ལེན་བྱེད་པར་གྲོགས་དན་བྱེད་ཐུབ་པ་ཡིན།
གསུམ། ཀློག་པ་པོ་དག་གིས་སྒྱུ་རྩལ་གྱི་རྣམ་པ་གསར་བར་མྱོང་རོལ་བྱ་བར་གྲོགས་བྱེད་པ། རྩོམ་རིག་སྒྱུ་རྩལ་གྱི་རྩ་བའི་ཁྱད་ཆོས་གཅིག་ནི་གསར་གཏོད་ཡིན། གསར་གཏོད་ནི་རྩོམ་རིག་གི་ཚེ་སྲོག་ཡིན། འོན་ཀྱང་། གསར་གཏོད་དེ་ཉིད་རྒྱུན་དུ་རྩོམ་པ་པོས་ཕྱིའི་འཇིག་རྟེན་དང་ནང་གི་འཇིག་རྟེན་གྱི་ཐུན་མིན་གསར་མཐོང་ཞིག་དང་ཐུན་མིན་གྱི་ཚུར་སྣང་ཞིག་ཡིན་པས། ཀློག་པ་པོའི་མྱོང་རོལ་ལ་དཀའ་ཁག་ཡོད། དཔྱད་བརྗོད་པའི་འགྲེལ་བཤད་དང་གདེང་འཇོག་གིས་ཀློག་པ་པོ་དཀྱུས་མ་དག་སྒྱུ་རྩལ་གྱི་འཇིག་རྟེན་གསར་བ་དེར་འཇུག་པ་དང་། སྒྱུ་རྩལ་གྱི་རྣམ་པ་གསར་བའི་ཁྲོད་ཡོད་པའི་མྱོང་ཚོར་གསར་བ་ལོངས་སུ་སྤྱོད་པར་ཁྲིད་སྟོན་བྱེད་ཐུབ་པ་ཡིན།
༣ ད་དུང་བརྩམས་ཆོས་གསར་མཐོང་གི་ནུས་པ་དང་། ༤ རྩོམ་འབྱུང་ལོ་རྒྱུས་ཀྱི་སྒྲོམ་གཞི་བཟོ་བའི་ནུས་པའང་ཡོད། དུས་ཚོད་ཀྱི་དབང་གིས་འདི་གཉིས་མི་སྤྲོ་བར་བྱ།
དེ་བས་བོད་ལ་མཚོན་ན་རྩོམ་རིག་དཔྱད་བརྗོད་ལ་ལྷག་པར་དགོས་པ་ཆེན་པོ་ཡོད། བོད་ཀྱི་གནའ་དེང་ལོ་རྒྱུས་སྟེང་ཀྱང་དེ་འདྲའི་རྩོམ་རིག་དཔྱད་བརྗོད་རྗེས་མཐུན་པ་རེ་བྱུང་སྟེ་མ་མཐའ་ཡང་ཀློག་པ་པོར་ཕན་བཏགས་པ་ཡིན། ཡིན་ཡང་། ཚན་རིག་དང་ལྡན་པའི་དཔྱད་བརྗོད་མཚན་ཉིད་པ་ཉུང་། ལྷག་པར་དུ་བོད་ཀྱི་དེང་རབས་རྩོམ་རིག་གི་སྟེང་ན་དགོས་གལ་ཤིན་ཏུ་ཆེ་ས་ན་ཉམ་ཞན་ནས་ཡོད། དཔྱད་བརྗོད་མང་པོ་ཞིག་ནི་ཚོར་སྣང་ཙམ(印象式)ལས་རིག་གཞུང་གི་ངང་ཚུལ་ཞན་པ་དང་། ཡང་ན་ནི་གཞན་ཆོས(他律)ཀྱི་དབང་དུ་གྱུར་བ་སྟེ་རྩོམ་རིག་དངོས་མི་བཤད་པར། རྩོམ་རིག་དང་འབྲེལ་མེད་དུ་སྤྱོད་ལམ་མམ་ལོ་རྒྱུས་སམ་རིག་གནས་མིའི་རིག་པ་ལྟ་བུའི་རིག་ཚན་གཞན་གླེང་བར་གྱུར་ཡོད། གང་ལྟར་གོང་ནས་བཤད་པ་ལྟར་གྱི་རྩོམ་རིག་གསར་རྩོམ་གྱི་ཉམ་དམའ་སར་དམིགས་པའི་བརྩམས་ཆོས་ལ་ཕྱོད་ཆེ་བའི་འགྲེལ་བཤད་དང་གདེང་འཇོག་བྱེད་པའི་དཔྱད་བརྗོད་ཤིན་ཏུ་ནས་ཉུང་། རྩ་བའི་ཆ་ནས་འདི་ནི་དཔྱད་བརྗོད་པའི་བྱང་ཚད་དམ་འཇོན་ནུས་ལ་རག་ལས་སྙམ། དེ་བས། དཔྱད་བརྗོད་ལེགས་པོ་ཞིག་འབྱུང་བར་དཔྱད་བརྗོད་པར་རེ་བ་མཐོན་པོ་དང་ཆ་རྐྱེན་ཡོད།
གསུམ་པ། རྩོམ་རིག་དཔྱད་བརྗོད་པའི་ཆ་རྐྱེན།
གཅིག འཚོ་བའི་མྱོང་ཚོར་ཕུན་སུམ་ཚོགས་པ།
སྤྱིར་ན་རྩོམ་པ་པོས་རང་གི་སྤྱི་ཚོགས་འཚོ་བའི་ངོས་འཛིན་དང་མྱོང་རྟོགས་རྩོམ་ཆོས་ཁྲོད་འཇུག་པ་ཡིན། དཔྱད་བརྗོད་པས་རྩོམ་ཆོས་ཁྲོད་ནས་འཚོ་བ་དེ་དག་ལ་མྱོང་རྟོགས་དང་མྱོང་ཚོར་བྱ་བ་ཡིན། དེ་བས་རྩོམ་པ་པོ་དང་དཔྱད་བརྗོད་པ་གང་ཡིན་ཡང་རྩོམ་རིག་གི་བགྱི་བ་རྩོམ་པར་འཚོ་བའི་མྱོང་རྟོགས་དང་ཁ་འབྲལ་ཐབས་མེད།
མི་ཚེའི་མྱོང་རྟོགས་དང་མི་ཚེའི་བརྒྱུད་རིམ་ནི་མི་འདྲ། ཕྱི་མ་ནི་རང་ཉིད་ཀྱིས་དངོས་སུ་མཐོང་བ་དང་ཐོས་པ་དང་། རང་ཉིད་ཀྱིས་མྱང་བའི་འཚོ་བ་ཙམ་རེད། དེས་བྱུང་མྱོང་བ་གཙོར་སྟོན། མི་ཚེའི་མྱོང་རྟོགས་ནི་རང་གི་སྐུ་དངོས་ཀྱི་ལག་ལེན་བརྒྱུད་ནས་ཉེ་འཁོར་གྱི་བྱ་དངོས་ལ་ཤེས་རྟོགས་བྱས་པ་མཚོན། དེས་མྱོང་རྟོགས་པས་ཉེ་འཁོར་གྱི་བྱ་དངོས་ཀྱི་མྱོང་ཚོར་དང་། གོ་བ་དང་། ཁོང་ཆུབ་གཙོར་སྟོན། འདི་ལས་ཤེས་ཐུབ་པ་ནི། མི་ཚེའི་མྱོང་རྟོགས་ཀྱིས་ཡུལ་ཅན་པས་འཚོ་བའི་མྱང་བརྒྱུད་ཀྱི་བསམ་གཞིགས་རྗེས་ཀྱི་གོ་བ་དང་རྟོགས་པ་མཚོན། མི་ཚེའི་མྱོང་རྟོགས་དེ་ཕྱོགས་གསུམ་ནས་ཐོབ་ཐུབ་པ་ཡིན། གཅིག རང་ལ་ཡོད་པའི་འཚོ་བའི་བརྒྱུད་རིམ་ལ་བསམ་གཞིགས་དང་མྱོང་རྟོག་བྱས་ནས། གསལ་ཞིང་ཆ་ཚང་བའི་སྒོ་ནས་རང་གི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་ཡིད་སེམས་ཀྱི་འགྱུར་བར་ཁོང་ཆུབ་དང་ཤེས་བཞིན(自知自省)ཡོད་པར་བྱེད་པ། འདི་ནི་མྱོང་རྟོགས་ཀྱི་རྩ་བའི་ཆ་ཡིན། གཉིས། གཞན་གྱི་འཚོ་བའི་བརྒྱུད་རིམ་དང་མྱོང་རྟོགས་ལ་མི་སར་རང་བཞག་ནས་གཞན་གྱི་ཡིད་སེམས་དང་སེམས་བྱུང་ལ་མྱོང་ཚོར་བྱས་ནས། རང་ཉིད་ཕུན་ཚོགས་སུ་གཏོང་བ། གསུམ། སྒྱུ་རྩལ་གྱི་སྣ་སྒོ་མང་བོའི་ཁྲོད་ནས་མྱོང་ཚོར་གསར་བ་དང་མྱོང་རྟོགས་གསར་བ་འཚོལ་བ་བརྒྱུད་ནས། སྒྱུ་རྩལ་གྱི་མྱོང་ཚོར་རེ་རེའི་ཁྲོད་རང་ཉིད་ཕུན་ཚོགས་སུ་བྱེད་པ། འདི་འདྲའི་མྱོང་རྟོགས་ནི་འཚོ་བའི་འཇིག་རྟེན་ཙམ་གྱི་སྟེང་ནས་བསྡོད་པ་མིན་པར། སེམས་ཀྱི་འཇིག་རྟེན་གྱི་མྱོང་རྟོག་སྟེ། དཔེར་ན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། དུས་རབས་ཀྱི་དགོངས་པ་ལྟ་བུའི་ནང་རོལ་དུ་འཛུལ་ཐུབ་དགོས།
གཉིས། རྫི་གསང་དོད་པའི་སྒྱུ་རྩལ་མྱོང་ཚོར་གྱི་ནུས་པ།
རྩོམ་རིག་དཔྱད་བརྗོད་ནི་ཡུལ་ལ་དཔྱད་བརྗོད་བྱེད་པ་ཡིན། ཡུལ་དང་ཁ་བརྡ་བྱེད་ཐུབ་མིན་གྱི་ཐད་ནས་སྒྱུ་རྩལ་མྱོང་ཚོར་གྱི་ནུས་པ་གལ་ཤིན་ཏུ་ཆེ། སྒྱུ་རྩལ་མྱོང་ཚོར་གྱི་ནུས་པ་ཅེས་པས་དཔྱད་བརྗོད་པས་སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རྟོག་བྱེད་པའི་ནུས་པ་མཚོན། དེར་སྐད་ཆར་མྱོང་རྟོག་བྱ་བའི་ནུས་པ་དང་། སྣང་བརྙན་ནམ་ཡིད་བརྙན་ལ་མྱོང་རྟོག་བྱ་བའི་ནུས་པ་དང་། སྒྱུ་རྩལ་གྱི་བསམ་ཡན་གྱི་ནུས་པ་བཅས་གཙོ་ཆེ་བ་གསུམ་ཡོད། དེ་ལ་མར་ཁེ་སི་ནས་བསྟན་པ་ལྟར། གལ་ཏེ་ཁྱོད་ཀྱིས་སྒྱུ་རྩལ་གྱི་ལོངས་སྤྱོད་ལ་རོལ་འདོད་ན། ཁྱོད་རང་ཉིད་ངེས་པར་དུ་སྒྱུ་རྩལ་གྱི་བློ་སྦྱོང་ཡོད་པ་ཞིག་ཡིན་དགོས། རྒྱུ་མཚན་ནི། རོལ་དབྱངས་ལ་སོ་སོར་རྣམ་པར་འབྱེད་པའི་ནུས་པ་མེད་པའི་རྣ་བ་ལ་མཚོན་ན། ཤིན་ཏུ་སྙན་ཞིང་འཇེབས་པའི་གླུ་དབྱངས་ལའང་སྙིང་བོ་ཏིལ་ཙམ་ཡོད་མི་སྲིད། གླུ་དབྱངས་དེ་ཁོར་མཚོན་ན་ཡུལ་མ་རེད། ཁ་ཤས་ཤིག་ལ་ཕལ་བའི་བཀོད་འབྲི་ཡི་ཚན་པ་གང་ཞིག་གིས་ཀྱང་ཡིད་སེམས་དྲག་ཏུ་གཡོ་བ་འབྱུང་ཡང་། ལ་ལ་ཞིག་གིས་བཀོད་འབྲི་སྟུག་པོ་དག་ཀྱང་སྤྱིར་བཏང་བ་ཞིག་ཏུ་སེམས་པར་འགྱུར། འདི་ནི་མྱོང་རྟོག་ཡོད་མེད་ཀྱི་ཁྱད་པར་རེད།
གསུམ། ཡང་དག་སོ་སོར་རྣམ་པར་འབྱེད་པའི་ནུས་པ།
སོ་སོར་རྣམ་འབྱེད་ཀྱི་ནུས་པ་ཞེས་པ་ནི་ཚད་གཞི་གང་ཞིག་ལ་གཞི་བཅོལ་ནས་དཔྱད་བརྗོད་ཀྱི་ཡུལ་ལ་དབྱེ་ཞིབ་དང་གདེང་འཇོག་བྱ་བའི་ནུས་པ་ལ་ཟེར། སྒྱུ་རྩལ་གྱི་མྱོང་རྟོག་ནི་སྒྱུ་རྩལ་དབང་མངོན་གྱི་ནུས་པ་ཞིག་ཡིན་པ་ལ། སོ་སོར་རྣམ་འབྱེད་ཀྱི་ནུས་པ་ནི་རིགས་རྟོག་ཅན་དང་མ་ལག་ཅན་གྱི་ཡིད་དཔྱོད་ཀྱི་ནུས་པ(知性能力)ཞིག་ཡིན། དཔྱད་བརྗོད་ནི་འགྲེལ་བཤད་དང་གདེང་འཇོག་གི་བགྱི་བ་ཞིག་ཡིན་པས། དེ་ཉིད་དབང་ཤེས་ལས་གོང་དུ་འཕགས་ཏེ་རིགས་རྟོག་གི་ཚད་དུ་སོན་དགོས་ཤིང་། ཁོར་བློ་འཁུལ་བར་བྱེད་པའི་ནུས་པ་ཡོད་དགོས། དེ་ཉིད་དཔྱད་བརྗོད་ཀྱི་བགྱི་བའི་ཕྱོགས་མང་པོ་དང་འབྲེལ་ནས་ཡོད་དེ། དཔེར་ན། དཔྱད་བརྗོད་བྱ་ཡུལ་གྱི་གདམས་གསེས་དང་། དཔྱད་བརྗོད་ཀྱི་ཚད་གཞིའི་གཏན་འབེབས་སོགས་དང་འབྲེལ་ནས་ཡོད། དེ་བས། གཅིག ཚན་རིག་དང་ལྡན་པའི་མཛེས་རིག་གི་ལྟ་བ་དང་རྩོམ་རིག་གི་ལྟ་བ་འཛུགས་པ། དཔྱད་བརྗོད་ནི་ལག་ལེན་གྱི་བགྱི་བ་ཞིག་ཡིན། དེ་ཉིད་གཞུང་ལུགས་དང་འབྲལ་ཐབས་མེད། དེ་བས། དཔྱད་བརྗོད་པས་རང་རྟོགས་ཀྱིས་གཞུང་ལུགས་ཀྱི་རྨང་ལེགས་པོ་བཙུགས་ནས། དཔྱད་བརྗོད་ལ་གཞུང་ལུགས་ཐད་ནས་ཁེག་ཐག་ཐོབ་པར་བྱེད་དགོས། གཉིས། རིགས་རྟོག་ཅན་གྱི་རྟོག་གེའི་ནུས་པ་གསོ་སྐྱོང་བྱེད་དགོས། ཚན་རིག་དང་ལྡན་པའི་མཛེས་རིག་གི་ལྟ་བ་དང་རྩོམ་རིག་གི་ལྟ་བ་ཡོད་པས། ཡང་དག་པའི་ལང་ཕྱོགས་དང་རྩོམ་རིག་གི་རང་མདངས་དང་མཐུན་པའི་དཔྱད་བརྗོད་ཀྱི་ཚད་གཞི་ཡོད་པར་གྱུར་བ་རེད། ཡིན་ཡང་དཔྱད་བརྗོད་ཀྱི་བགྱི་བ་དེའི་ངང་ནས་ངང་གིས་བྱ་ཐུབ་པའི་ངེས་པ་མེད། རིགས་རྟོག་ཅན་གྱི་རྟོག་གེ་ཟེར་བ་དོན་གྱིས་རང་ལ་མངའ་བའི་གཞུང་ལུགས་དེ་བྱེ་བྲག་གི་དཔྱད་བརྗོད་ཀྱི་བགྱི་བའི་ཁྲོད་བཀོལ་སྤྱོད་གཏོང་བའི་ནུས་པ་ལ་ཟེར་བ་ཡིན། ཁྱོད་ཀྱི་བསམ་གཞིགས་དང་ཤན་འབྱེད་དོན་དང་མཐུན་མི་མཐུན་དང་། ཁྱོད་ཀྱི་བསྒྲུབ་བྱའི་དམ་བཅའ་ཡང་དག་ཡིན་མིན་དང་། སྒྲུབ་བྱེད་དང་སྒྲུབ་རིམ་ལ་བློ་འཁུལ་གྱི་ནུས་པ་ཡོད་མེད་སོགས་རྟོག་གེས་ཐག་གཅོད་པ་ཡིན། གསུམ། རྒྱ་ཡངས་ཤིང་ཁ་ཕྱེ་བ་ཅན་གྱི་ཤེས་བྱའི་སྒྲིག་གཞིའི་མ་ལག་འཛུགས་དགོས། རྩོམ་རིག་ཁོ་མ་གཞི་ནས་ཕྱིའི་འཇིག་རྟེན་དང་ནང་གི་འཇིག་རྟེན་གཉིས་ཀའི་ཕྱོགས་ཀྱི་སྣ་སྒོ་མང་བོ་དང་འབྲེལ་ནས་ཡོད་པས། དཔྱད་བརྗོད་པར་ཅུང་ཟད་རྒྱ་ཡངས་པའི་ཤེས་བྱའི་སྒྲིག་གཞི་ཞིག་ཡོད་དགོས་པའི་རེ་བ་འདོན་པ་ཡིན། རྒྱ་ཆེ་བའི་དོན་བརྗོད་བརྩམས་ཆོས་ཤིག་ལ་མཚོན་ན། དེ་ཉིད་སྤྱི་ཚོགས་རིག་པ་དང་། མཚན་ཉིད་རིག་པ་དང་། ལོ་རྒྱུས་རིག་པ་དང་། ཀུན་སྤྱོད་རིག་པ་དང་། དམངས་སྲོལ་རིག་པ་དང་། སེམས་ཁམས་རིག་པ་དང་། རིག་གནས་རིག་པ། ས་ཁམས་རིག་པ་སོགས་ལ་འབྲེལ་ནས་ཡོད་པས། དཔྱད་བརྗོད་པར་ཡང་དེ་མཚུངས་ཀྱི་ཤེས་བྱ་ཡོད་པས་ད་གཟོད་བརྩམས་ཆོས་ལ་ཡང་དག་པའི་གོ་ལོན་དང་བརྡར་ཤ་ལེགས་པོ་གཅོད་ཐུབ་པ་ཡིན། བོད་ལ་མཚོན་ནའང་། ལོ་རབས་བརྒྱད་བཅུ་བའི་རྩོམ་རིག་ལ་གོ་བ་ལོན་པ་དང་དཔྱད་བརྗོད་བྱེད་པར། ངེས་པར་དུ་མ་མཐའ་ཡང་ལོ་རབས་བརྒྱད་བཅུ་བའི་དུས་རབས་ཀྱི་དགོངས་པ་དང་། སྐབས་དེའི་བོད་ཀྱི་ན་གཞོན་པའི་སེམས་ཁམས་ལ་ཤེས་རྟོགས་ཡོད་དགོས།
བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གནས་བབ་ལ་བསམ་ན། རྩོམ་རིག་དཔྱད་བརྗོད་པའི་ཆ་རྐྱེན་འདི་གསུམ་ཤིན་ཏུ་གལ་ཆེན་པོར་སྣང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཚེ་ཕྱི་མ་ཕན་ཆད་གཙོར་འདོན་བྱས་ནས་འདི་སྣང་ལ་དེ་འདྲ་གོ་ས་མེད་པ་ཞིག་དང་། མཐོང་ཆོས་དང་དབང་མངོན་ལ་བརྩིས་མཐོང་མེད་པས་ན། འདི་སྣང་འཚོ་བའི་མྱོང་རྟོག་ལ་མཐོང་ཆེན་མི་བྱེད་ལ། འདི་སྣང་འཚོ་བའི་ཚུར་སྣང་རང་བཞིན་ཅན་གྱི་སྒྱུ་རྩལ་ལ་དགོས་མེད་ཀྱི་འདུ་ཤེས་འཛིན་པ་མ་ཟད། ཐ་ན་བཅུ་ཕྲག་རིག་གནས་ལས་ཐུན་མོང་རིག་གནས་ལ་ཐུན་མིན་རིག་གནས་ལྟ་བུའི་གོ་ས་མེད་པ་བཅས་ཀྱིས། རིག་གནས་དང་བསམ་པའི་འཁྱེར་སོ་ཡི་རྩ་བའི་ཆ་ན་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་ལ་འཇུག་པའི་བར་ཐག་གམ་གེགས་འདུག དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་ནི་འདི་སྣང་དང་མིག་སྔར་གཟས་་པ་ཡིན་པས། རྩོམ་རིག་དཔྱད་བརྗོད་པའི་ཆ་རྐྱེན་འདི་གསུམ་ང་ཚོ་བོད་ཀྱིས་ལྷག་པར་དུ་གལ་ཆེན་བྱ་དགོས་པའི་གནད་ཅིག་རེད་སྙམ།
གསལ་བཤད། རྩོམ་ཐུང་འདི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(བོད་སྐད་ཡིག་རྩོམ་རིག)དེང་ད་རབས་རྩོམ་རིག་དཔྱད་བརྗོད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་ཀྱི་རྩ་གནད་ཡིན། རྩོམ་འདིའི་རྩ་བའི་ཤེས་བྱ་དག་ནི་ལིའུ་ཧྲིའུ་ཡན་སོགས་ཀྱིས་རྩོམ་སྒྲིག་བྱས་པའི«རྩོམ་རིག་གཞུང་ལུགས»གཞིར་བཟུང་ཏེ་བོད་རྩོམ་གྱི་གནས་བབ་ལ་བསམ་ནས་སྒྲིག་བཅོས་བྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།