logo

མྱ་ངམ་ཐང་ནས་བརྡ་རྟགས་འཚོལ་བ།

རྩོམ་པ་པོ།:འདབ་དྲུག ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-07-18 ཀློག་གྲངས།:
མྱ་ངམ་ཐང་ནས་བརྡ་རྟགས་འཚོལ་བ།
                                      —བསོད་ནམས་ཚེ་རིང་གི་སྒྲུང་གཏམ་བསྡུས་དེབ་གཉིས་བཀླགས་པའི་མྱོང་སྣང་ཐན་ཐུན།
འདབ་དྲུག

གཅིག གླེང་སློང་།
       དྲང་མོར་བཤད་ན། རྩོམ་པ་པོ་བསོད་ནམས་ཚེ་རིང་ལགས་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་མ་ཐོབ་པའི་ཡར་སྔོན་དུ། ཁོང་གི་བརྩམས་ཆོས་ལ་བལྟས་མྱོང་མེད་ཅིང་ཁོང་གི་མཚན་སྙན་ལའང་བག་ཆགས་ཟབ་མོ་མེད། སྤྱིར་རང་གི་རྒྱུན་ལྡན་གྱི་དཔེ་ཀློག་གོམས་སྲོལ་ལྟར་ན།བྱ་དགའ་གང་ཞིག་ཐོབ་དང་མ་ཐོབ་པ་ནི་བརྩམས་ཆོས་ཀྱི་བཟང་ངན་འཇལ་བའི་ཚད་གཞི་ཁོ་ནར་བཟུང་མེད་ལ། ཆེད་དམིགས་ཀྱིས་བྱ་དགའ་སྣ་ཚོགས་ཐོབ་པའི་བརྩམས་ཆོས་རྐྱང་རྐྱང་ལ་མཇལ་བའི་གོམས་པའང་མེད་པར་མ་ཟད། སྐབས་ལ་ལར་བྱ་དགའ་གྲགས་ཅན་ཐོབ་པའི་བརྩམས་ཆོས་ཤིག་ཡིན་ནའང་རང་བློར་འབབ་པའི་བརྩམས་ཆོས་ཤ་སྟག་ཅིག་ཡོང་སྲིད་པའི་ངེས་པའང་མི་རྙེད་པས། བྱ་དགའ་ཐོབ་པའི་མཇུག་འབྲས་ཙམ་ནི་ང་རང་བརྩམས་ཆོས་གང་དེར་འཇུག་པའི་རྒྱུ་དང་པོ་ཡིན་མི་འོས།
       ཡིན་ནའང་། ན་ནིང་རང་རེའི་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་འབྲིང«ཐང་སྟོང་དུ»(《荒原上》མིག་སྔར་འདིའི་བོད་འགྱུར་མཐོང་མ་མྱོང་བས། ཁ་བྱང་འདི་ལྟར་རང་གིས་འདོད་སྟངས་ལྟར་བསྒྱུར་པ་ཡིན།)ལ་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ་དང་བསྟུན། མཚོ་སྔོན་གྱི་ལུའུ་ཞུན་རྩོམ་རིག་བྱ་དགའི་ལོ་རྒྱུས་ཟིན་ཐོ་བསྐྲུན་པའི་ཁོའི་མཛད་རྗེས་ལ་བསྔགས་པའི་གསར་འགྱུར་སྣ་ཚོགས་དང་།ནང་སྒོས་སུ་ཁོང་གི་བརྩམས་ཆོས་ངོ་སྤྲོད་དང་ཁྱབ་བསྒྲགས་ཀྱི་ཆ་འཕྲིན་མང་པོ་ཞིག་ང་ཚོའི་མིག་ལམ་དུ་བསྟར་བ་ནང་བཞིན། ཁོང་གི་རྩྭ་ཐང་དུ་ཆགས་པའི་གྲངས་ཉུང་མི་རིགས(རྩྭ་ཐང་གི་འབྲོག་པ)ཀྱི་འཚོ་བ་མཚོན་པའི་བརྩམས་ཆོས་ཀྱི་བརྗོད་བྱ་སྤྱི་དང་།དེང་རབས་རིང་ལུགས་ཀྱི་བརྗོད་བྱ་མཚོན་ཐབས་སོགས་བརྩམས་ཆོས་ཀྱི་ཁྱད་གཤིས་ངོ་སྤྲོད་ཀྱི་ནང་དོན་མང་པོ་ཞིག་རང་ཉིད་ཀྱི་དཔེ་ཀློག་དགའ་མོས་སམ་བརྩམས་ཆོས་མྱོང་རོལ་གྱི་བློ་ཁ་དང་ཤིན་ཏུ་འཕྲོད་པ་ཞིག་བྱུང་བས། ཁོང་གི་བརྩམས་ཆོས་ལ་ལྟ་འདོད་ཀྱི་འདུན་པ་དྲག་པོ་ཞིག་ངང་གིས་འཕྱུར་བྱུང་། དེ་བས། ད་ལོའི་ལོ་སྟོད་དུ་པར་སྐྲུན་འགྲེམ་སྤེལ་བྱས་པའི་ཁོའི་སྒྲུང་གཏམ་བསྡུས་དེབ་གཉིས་པ«བརྡ་རྟགས་འཚོལ་བ»(《找信号》ཁ་བྱང་འདི་ཡང་རང་གིས་འདོད་པ་ལྟར་དུ་བསྒྱུར་པ་ཡིན།)དང་མཉམ་དུ་ལས་ཀའི་ཁོམ་སྐབས་བར་ནས་བཀླགས་པ་ཡིན།
གཉིས། དངོས་གཞི།
       རྩོམ་པ་པོ་བསོད་ནམས་ཚེ་རིང་ལགས་ལ་བཅར་འདྲི་བྱས་པའི་ཁ་བརྡ་ཞིག་ཏུ། “ངའི་བརྩམས་ཆོས་ནི་ཕལ་ཆེར་རྩྭ་ཐང་དང་ཁ་བྲལ་མ་མྱོང་བ་ཞིག་ཡིན། འདས་དང་ད་ལྟར་དེ་འདྲ་ཡིན་ལ། ཕལ་ཆེར་མ་འོངས་པར་ཡང་དེ་འདྲ་ཡིན་སྲིད”(《农民日报》第8版 名家与乡村栏目 2023.8.9)ཅེས་རྩོམ་པ་པོ་ཁོ་རང་གིས་གསུངས་པ་ཇི་བཞིན། ཁོང་གི་སྒྲུང་གཏམ་གྱི་ཚེ་སྲོག་དང་རྣམ་ཤེས་ཀྱི་རྒྱུན་ནི། ནམ་ཡང་རྩྭ་ཐང་གི་དུས་ཚོད་དང་ཚེ་སྲོག་ཡོད་ཚད་ཀྱི་དབུགས་རྒྱུན་དང་རྩ་ལམ་དུ་འདྲེས་ནས་འདུག་པ་ཞིག་རེད། ཁོང་གི་སྒྲུང་གཏམ་གྱི་ཕྱི་ནང་གསང་གསུམ་ལ་ཁྱབ་པའི“བྱ་དངོས”ཡོད་ཚད་མདོར་བསྡུས་ན། རྩྭ་ཐང་གི་འདས་མ་ད་གསུམ་དང་ཉིན་མཚན་དུས་དྲུག རྩྭ་ཐང་གི་ཚེ་སྲོག་ཡོད་ཚད་ཀྱི་སྐྱེ་རྒ་ན་འཆི་དང་དགའ་སྐྱོ་ཆགས་སྡང་། འདུ་འཛོམས་གྱེས་བྲལ།ངང་སྒུག་དང་ཁེར་རྐྱང་སོགས་རེད། ཁོང་གི་སྒྲུང་གཏམ་གྱི་མུ་མཐའ་མེད་པའི“རྩྭ་ཐང”དེ་ཡང་མཐར་གཏུགས་ན་མཛད་མཐའ་མེད་པའི་ཁེར་རྐྱང་གི་རྒྱལ་ཁམས་ཡངས་པོ་ཞིག་རེད། འཇིག་རྟེན་དེའི་རྣམ་ཤེས་ཡོད་ཚད་ཤིན་ཏུ་འཁྱགས། རྩྭ་ཐང་གི་མི་དང་ནོར་ལུག རྟ་ཕོ་དང་ཨ་བྲ། བྱེ་ཐང་དང་ཁ་བ། བྱ་རྒོད་དང་རི་སྤྱང་། ད་དུང་བོའུ་དང་འུར་ཆ། ཐ་ན་ཆང་དང་དུ་བ་སོགས་ཀྱང་ཁེར་རྐྱང་གི་རྣམ་ཤེས་འཁྱགས་པ་ཞིག་གི་ངོ་བོ་རེད། ཡང་ན་མངོན་ཚུལ་རེད།
       ཁོང་གི་སྒྲུང་གཏམ་ཀློག་པའི་གོ་རིམ་ལ་འཛིན་དུ་མེད་པའི་ཚོར་བ་སྣ་ཚོགས་རུ་ལྟར་འཛིངས་ནའང་། ཡོད་ཚད་ཡི་གེར་ཕབ་བསམ་ན་ནི་འཁྲུལ་བར་འགྱུར་ཏེ། ཡིག་འབྲུ་ཟད་པ་མིན་ཡང་། ཚོར་འདུ་ལུད་པ་རྒོད་པས། སྐད་ཅིག་ཟིན་པ་དཀའ་སོང་། དེས་ན། བཀླགས་རྗེས་ཀྱི་བག་ཆགས་ཙམ་ལ་གཞི་བཅོལ་ནས་སྒྲུང་གཏམ་བསྡུས་དེབ་གཉིས་ལ་བཀླགས་ཚོར་ཐུང་ངུ་ཞིག་འབྲི་འདོད་ཀྱི་འདུན་པ་འདི། ཁོང་གི་སྒྲུང་དེབ་གཉིས་ཀྱི་ཐོག་མཐའ་བར་གསུམ་དང་ཕྱི་ནང་གསང་གསུམ་དུ་ཁྱབ་པའི་ཐ་སྙད་གསུམ་ལ་ལས་བཅོལ་བར་བྱ།
       ༡ འཚོལ་སྙེག
       སྤྱིར་བཏང་རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་རུང་། བརྩམས་ཆོས་སྤྱིའི་བརྗོད་བྱའི་ཆ་ཡིན་ནའང་འདྲ། བརྩམས་ཆོས་ཁྲོད་ཀྱི་བྱེ་བྲག་མི་སྒེར་སུ་དང་གང་ཞིག་ཡིན་ཡང་རུང་། དེ་ལ་དེར་མཐུན་གྱི་རྨི་ལམ་དང་ཕུགས་བསམ་མམ། རེ་སྙེག་གམ་འཚོལ་ཞིབ་སོགས“འཚོལ”ཞིང“སྙེག”སའི་གཞི་ཞིག་ཡོད་པ་ནི་སྨོས་མེད་རེད།
བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་ཐུང་དག་ལ་མཚོན་ན། སྒྲུང་གཏམ་རེ་རེར་རྩ་བའི་ཆ་ནས་ཟུར་ངོས་མི་འདྲ་བ་ནས་བལྟས་ཚེ་འཚོལ་སྙེག་གི་ཁ་ཕྱོགས་ཀྱང་མི་འདྲ་བ་རེ་ཡོད་ངེས་པ་གདོན་མི་ཟ་མོད། ཁོང་གི་བརྩམས་ཆོས་ཁྲོད་ཀྱི་མི་སྣ་བྱེ་བྲག་པ་མང་ཤོས་ཤིག་གི་ངོས་ནས་བལྟས་ན། ཁོ་ཚོའི་འཚོལ་སྙེག་གི་ནང་དོན་མང་པོ་ཞིག་འཚོ་བའི་ཕྱི་རིམ་ན་མེད་པར་རང་སེམས་ཀྱི་ནང་རོལ་ན་གནས། ཁོ་ཚོས་དུས་དང་དུས་མ་ཡིན་པར་ནང་སེམས་ཀྱི་ཞི་འཇགས་ཤིག་འཚོལ་སྙེག་བྱེད་ཀྱིན་འདུག་སྟེ། ཞི་འཇགས་དེའི་རིགས་ཀྱང་ཕྱིའི་ཁོར་ཡུག་གམ་མི་གཞན་སུ་ཞིག་གིས་ཁོ་ཚོ་ལ་སྩོལ་ཐུབ་པ་ཞིག་ཀྱང་མ་རེད། མི་སྣ་དེ་དག་སོ་སོ་བའི་ངོས་ནས་ཤིན་ཏུ་ཁེར་ཧྲེང་གི་གནས་སུ་ལྷིང་འཇགས་སུ་འཚོས་ནས་ཡོད་ཀྱང་། ནང་སེམས་ཧ་ཅང་རྙོག་རྫོབ་ཀྱིས་ཁེངས་པ་དག་ཏུ་འདུག་པས། ཁོ་ཚོས་ནམ་ཡང་ཁེར་རྐྱང་གི་རང་ཉིད་ལ་ཞི་འཇགས་ཀྱི་སེམས་ཁམས་ཤིག་བསྐྲུན་ཐུབ་ཀྱིན་མེད། དེ་བས་མི་སྣ་དེ་དག་ལ་མཚོན་ན་རང་ཉིད་ཀྱི་ནང་སེམས་ལ་ཞི་འཇགས་ཀྱི་གནས་སྐབས་ཤིག་འཐོབ་པར་རེ་བའི་འདུན་པས་མི་མངོན་པའི་ངང་ནས་ཁོ་ཚོའི་མི་ཚེ་ཧྲིལ་པོའི་འཚོལ་སྙེག་གི་ཆེ་ས་ཁེབས་འདུག
       དེ་ལྟ་ནའང་། འཚོལ་སྙེག་དེའི་རིགས་ཀྱིས་ཁོ་ཚོའི་རྒྱུན་གཏན་གྱི་འཚོ་བའི་རིམ་འགྲོས་ལ་ཤུགས་རྐྱེན་ཐེབས་ཀྱིན་མེད་དེ། བལྟས་ཚོད་ལ། ཁོ་ཚོའི་འཚོ་བ་ནི་ཧ་ཅང་རྒྱུན་ཆགས་དང་ལྷོད་བག་གིས་ཁེངས་པའི་འབྲོག་པ་ཐུན་མོང་གི་འཚོ་བའི་རྣམ་པར་གནས་ཡོད། འཚོ་བའི་ཕྱིའི་རྣམ་པ་འདིའི་རིགས་ནི་བོད་ཀྱི་རྩོམ་རིག་ཁྲོད་མངོན་པའི་འབྲོག་པའི་འཚོ་བ“མཛེས་བཟོ་ཅན”དུ་བྱས་པ་དེ་དང་ཅུང་ཆ་མཚུངས་བར་འདུག་མོད། འཚོ་བ་དེའི་ནང་གི་མི་བུ་སོ་སོའི་ཕྲ་ཞིབ་ཀྱི་སེམས་ཁམས་མངོན་ཚུལ་ནི་དེ་དང་ཡོངས་སུ་མི་འདྲ་བར་འདུག མི་དང་མིའི་འབྲེལ་བ་གཅིག་པུའི་ངོས་ནས་བལྟས་ནའང་། ཁོང་གི་སྒྲུང་གཏམ་ཁྲོད་ཀྱི་མི་བུ་རེ་རེའི་སེམས་ན་ལྐོག་གྱུར་གྱི་འཇིག་རྟེན་རེ་དང་། འཇིག་རྟེན་རེ་རེའི་ཁམས་ན་གསང་བའི་རི་མོ་རེ་སྦྲུམ་ནས་ཡོད་པས། དེ་འདྲའི་བག་ཡངས་སུ་གནས་པའི་ཕྱི་ཚུལ་གྱི་གཏིང་རིམ་ན། མི་མངོན་པའི་ནང་སེམས་ཀྱི་འགལ་ཟླ་སྣ་ཚོགས་ཀྱི་འདུ་འཛིས་ནམ་ཡང་ཁོ་ཚོའི་རྣམ་ཤེས་གཙེས་ནས་ཡོད། དཔེར་ན། སྒྲུང་གཏམ«མཚན་ཉིད་རིག་པའི་དགེ་རྒན་ཆེན་མོ»ཞེས་པའི་ཁྲོད་ཀྱི་མི་སྣ“ངས”དགེ་རྒན་ཆེན་མོའམ“ངའི”མ་གཡར་ལ་བཟུང་བའི་རྣམ་འགྱུར་དང་དེའི་ཕ་རོལ་གྱི་སེམས་ནང་གི་གསང་བའི་འདོད་འདུན་སྣ་ཚོགས་རྐྱ་འཐབ་པའི་འཕག་འཚག་ལྟ་བུ་དང་། «ཞིན་ཧ་ནཱ་ཏེང་དུ»དང་། «ནམ་གུང་གི་སྐྱ་རེངས»ཞེས་པའི་སྒྲུང་གཏམ་གྱིས་མཚོན། མི་སྣ་གཙོ་བོ“ང”དང“ངས”ར་བཟི་བའི་ཨ་ཕའམ་ཡང་ན་རྒྱུས་མེད་ལྟ་བུའི་རབ་རིབ་ཀྱི“ཨ་ཕར”བཟུང་བའི་སྐྲག་ན་མིན་ལ་བཀུར་ན་མིན་པ། འགྲིག་ན་མིན་ལ་འཁོན་ན་མིན་པ། དགའ་ན་མིན་ལ་སྡུག་ནའང་མིན་པ་ལྟ་བུའི་ཁྱད་མཚར་བའི་ཕ་བུའི་འབྲེལ་འདྲིས་ཁྲོད་ཀྱི་སེམས་ཁམས་ཀྱི་འགྱུར་བག་དང་འགལ་བ་སྣ་ཚོགས་མངོན་ཡོད་པ་ལྟ་བུ།
       དེ་ལྟ་བས་ན། བསོད་ནམས་ཚེ་རིང་ལགས་ཀྱི་སྨྱུག་འོག་གི་མི་བུ་སྒེར་བ་མང་པོ་ཞིག་ལ་མཚོན་ན། ནང་སེམས་ཀྱི་འཚོལ་ཞིབ་མང་པོ་ཞིག་མདོར་དེད་ན་མི་དང་མིའི་འབྲེལ་བའི་ངོས་ན་གནས་པར་འདོད་དེ། ཁོ་ཚོས་སྟབས་བདེ་དྭངས་གཙང་གི་བརྩེ་བ་རྣལ་མ་ཞིག་ལ་རེ་སྙེག་བྱེད་ཀྱིན་འདུག དེའི་རྐྱེན་གྱིས།ཁོང་གི་སྒྲུང་གཏམ་ནང་གི་མི་སྣ་དག་ལ་མི་མངོན་པའི་གཤིས་ཀ་ཐུན་མོང་བ་ཞིག་བག་ལ་ཞ་ནས་ཡོད་པར་འདོད་དེ། དེའང་གསལ་པོར་བཤད་ན། ཁོང་གི་སྒྲུང་གཏམ་ནང་གི་ཁེར་རྐྱང་གིས་གཟིར་བའི་མི་སྣ་མང་པོ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས། འཇིག་རྟེན་གྱི་ཨ་ཕའི་བརྩེ་བ་རྣལ་མ་ཞིག་གམ་དེར་བསྟུན་གྱི་སེམས་ཁམས་ཀྱི་ཞི་བདེ་རིགས་ཤིག་ལ་འཚོལ་སྙེག་བྱེད་ཀྱིན་པའི་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ནས་ཡོད།
       ༢ གྱེས་བྲལ།
       ང་ཚོས་གྱེས་བྲལ་ཞེས་པའི་ཐ་སྙད་འདི་གླེང་མ་ཐག ཡིད་ངོར་དང་པོར་འཆར་སྲིད་པ་ནི་མི་སུ་དང་སུ་ཞིག་གི་གྱེས་བྲལ་རིགས་གང་རུང་ཞིག་ཡིན་ངེས། ཡིན་ཡང་། བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་གཏམ་ནང་དུ་བྱུང་བའི་གྱེས་བྲལ་གྱི་རིགས་དང་རྣམ་པ་ནི་མི་དང་མིའི་བར་གྱི་གྱེས་བྲལ་ཁོ་ན་ཞིག་མ་ཡིན་པར། དེ་ལས་ཀྱང་མང་བ་ནི་མི་དང་སྲོག་ཆགས་ཀྱི་གྱེས་བྲལ་ཏེ། གཙོ་བོ་རྒྱུ་བདག་དང་སྒོ་ཟོག་གི་གྱེས་བྲལ་རིགས་མང་པོ་ཞིག་མཚོན་པ་དེས་གྱེས་བྲལ་རིགས་གཞན་པ་ཡོད་ཚད་ཀྱི་མགོ་མནན་ནས་ཡོད།
       རྩྭ་ཐང་དུ་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བའི་མི་རིགས་ཤིག་ཡིན་པའི་ཆ་ནས། མི་ཕྱུགས་ཀྱི་གྱེས་བྲལ་དེ་དག་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་ལས་འབྱུང་གིན་ཡོད་དེ། ཕྱུགས་ནད་ཀྱི་དབང་གིས་གྱེས་པ་དང་། རང་བྱུང་གནོད་འཚེའི་དབང་གིས་བྲལ་བ། ཡང་ན། མིའི་འཚོ་གནས་ཀྱི་དགོས་དབང་གིས་བདག་པོས་བློས་མི་ཐོངས་བཞིན་དུ་ཕྱི་རུ་བཙོང་ནས་མ་ཤི་གསོན་བྲལ་བྱེད་དགོས་པའི་འུ་ཐུག་ཐབས་ཟད་ཀྱི་གྱེས་བྲལ་སོགས་རིགས་མང་པོ་ཞིག་བྱུང་ཡོད། ནང་སྒོས་སུ། ཁོང་གི་སྒྲུང་གཏམ་ནང་དུ་བདག་པོས་འདང་རྩིས་ཤིན་ཏུ་ཆེ་བའི་རྟ་ཕོ་དང་ལུག་གང་རུང་ཞིག་ཕ་རོལ་སུ་ཞིག་ལ་བཙོང་ནས། ཕ་རོལ་པོས་མི་སྣ་གཙོ་བོའི་རྟ་ཕོ་དང་ལུག་གང་དེ་དངོས་སུ་བདག་པོའི་ལག་ནས་བླངས་ཤིང་། ལྷས་ར་ནས་ཕུད་དེ་རྒྱང་ལ་ཁྲིད་ཅིང་དེད་ནས་འགྲོ་བའི་སྣང་ཚུལ་ཞིབ་འབྲི་བྱས་པ་ཤིན་ཏུ་མང་ལ་ཞིབ་ཆ་ལྡན་ཞིང་གསོན་ཉམས་ཀྱིས་ཕྱུག་པ་ཞིག་རེད། དཔེར་ན། «ང་ནི་རྟ་རྫི་ཞིག་ཡིན»ཞེས་པར་རྟ་རྫི་དང་རྟ་ཁ་བྲལ་བའི་ཞེན་ཆགས་དང་སྐྱོ་སྣང་གི་རྣམ་པ་འདི་ལྟར་བྲིས་ཡོད་དེ། “ཏཱ་ཐུང་གི་རྟ་ཚོང་རྒྱག་མཁན་གྱིས་ཐཱ་ཧོ་ལེ(རྟ་མིང)ཁྲིད་ནས་བུད་སོང་། ངས་མོ་ལམ་གྱི་བཞི་མདོ་རུ་བསྐྱལ་རྗེས། མོ་རྟ་ཁྱུ་དེའི་གསེང་དུ་འཛུལ་ནས་རིམ་བཞིན་ཐག་རིང་དུ་འགྲོ་བར་མིག་སྐྱེལ་བྱས། ང་ལ་སྐྱོ་གདུང་ཚད་མེད་སྐྱེས་ཤིང་མིག་མཐའ་མཆི་མས་བཀང་སོང་། མོས་ཕྱིར་མིག་ཐེངས་གཅིག་ཀྱང་མི་འཕེན་དོན། སེམས་ན་སྡུག་བསྔལ་ཡོད་པས་ཡིན་ངེས། མོ་ལ་ཤ་ཚ་བའི་མི་ཞིག་གིས་མཇུག་མཐར་དངོས་སུ་མོ་རང་རྟ་ཚོང་རྒྱག་མཁན་གྱི་ལག་ཏུ་བསྐྱལ་སོང་། མོས་ངོ་རྒོལ་མ་བྱས་ཀྱང་མགོ་བོ་ཡར་བཀྱགས་ནས་ལྷང་ལྷང་གི་འཚེར་སྐད་ཅིག་བརྒྱབ་པ་དེས་མོའི་སེམས་ཀྱི་སྡུག་བསྔལ་མཚོན་ནུས”ཞེས་བྱུང་བ་དང་།(«ཐང་སྟོང་དུ»ཡི་ཤོག་ངོས51པར།)«ནམ་གུང་གི་སྐྱ་རེངས»ལས།“གཞི་ནས། ཡོང་དགོས་པའི་མི་དེ་སླེབས་སོང་། སྐད་ཅིག་མ་དེ་གཞི་ནས་སླེབས་སོང་། ངས་ལྗིད་ཏིག་ཏིག་གི་ལུས་པོ་ཁུར་ནས་ལུག་ལྷས་སུ་མ་སོང་། ངས་ཁོ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ལུག་རའི་ཕྱོགས་སུ་ཆས་པ་མཐོང་། ཁོ་ཚོའི་ཁ་ལོ་པས་མདོག་དམར་པོ་ཅན་གྱི་འདྲུད་འཁོར་ཆེན་པོ་དེ་ལུག་རའི་ཕྱོགས་སུ་བསྐོར་སོང་། ལུག་ཁྱུ་སྐྲག་ཐག་ཆོད་ནས་ཟང་ཟིང་ལང་ལོང་དུ་གྱུར་སོང་། འདར་ཡོམ་ཞིག་ས་ངོས་ནས་མཆེད་དེ་ངའི་ལུས་སྟེང་དུ་ཁྱབ་སོང་། ངས་མིག་ཟུང་བཙུམ་པ་ཡིན།ལུག་ཁྱུར་ཁ་བྲལ་རྗེས། ཡུལ་ནི་དེ་བས་ཆེ་ཞིང་སྟོང་བ་ཞིག་ཏུ་སྣང་། མིག་མདུན་གྱི་ཡོད་ཚད་ལ་བལྟས་ན། ཆུ་གཞོང་དང་ཆུ་རྫིང་། ས་ངོས་ཀྱི་རྩྭ་སྐམ་ལ་འབྱར་བའི་ལུག་བལ། ཤིང་གི་ཀ་ར། ལྕགས་དྲ། ལོ་ངོ་བཅུ་གྲངས་ཤིག་གི་ཆར་རླུང་གིས་བྲན་པའི་ས་གྱང་། རྒྱང་རིང་གི་རི་བོ། རི་བོའི་ཕ་རོལ་གྱི་ནམ་མཁའ། ནམ་མཁའི་ངོས་ཀྱི་སྤྲིན་པ། འདི་དག་ཡོད་ཚད་ང་ལ་འབྲེལ་བ་མེད་པར་གྱུར་སོང་།”(«བརྡ་རྟགས་འཚོལ་བ»ཤོག་ངོས252ནས253བར།)ཞེས་སྒྲུང་ནང་གི་མི་སྣ“ཁོས”མཐའ་འཇུག་གི་འཚོ་རྟེན་ཉག་གཅིག་ཏུ་གྱུར་པའི་ལུག་ཁྱུ་བཙོང་ནས་འདེད་སྐབས་དང་དེའི་ཤུལ་གྱི་ཡིད་སྐྱོ་བའི་རྣམ་པ་འདི་ལྟར་བྲིས་ཡོད་པ་ལྟ་བུ།
       སྐབས་དེ་དང་དེ་འདྲའི་ཕྱུགས་བདག་གི་བཟུང་ན་ལག་པ་འཚིག་ལ་བཏང་ན་རྫ་མ་འཆག་པའི་ནང་སེམས་ཀྱི་འགལ་བ་དང་། དེས་བསྐྱེད་པའི་སེམས་ཀྱི་སྡུག་བསྔལ་སོགས་ནི་ཕྱུགས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་མི་རིགས་ཤིག་ལ་མཚོན་ན། སུས་ཀྱང་བརྒྱུད་ཅིང་མྱངས་མྱོང་བའི་རྒྱུས་ཡོད་ཀྱི་མྱོང་བ་ངོ་མ་ཞིག་ཅི་ལ་མིན། རྩྭ་ཐང་ནས་འཚར་བའི་ཀློག་པ་པོ་ངས་ནི་སྒྲུང་ནང་གི་ཕྱུགས་བདག་གི་སེམས་ཁམས་ལ་ཡོངས་སུ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། ཁོ་ཚོའི་ནང་སེམས་ཀྱི་སྡུག་བསྔལ་དང་འགལ་འདུར་མཉམ་འུར་ཆེན་པོ་འབྱུང་ཐུབ་པས། ངས་ཡིག་འབྲུའི་གསེབ་ནས་སྣང་ཚུལ་འདི་འདྲར་གདོང་གཏོད་དུས། ཤེས་མེད་ཚོར་མེད་ངང་ཁོ་ཚོ་དང་ལྷན་དུ་མིག་ལ་མཆི་མ་འཁྱིལ་ཞིང་ངག་ལ་བརྣངས་པ་ཟགས་བཞིན། སྒྲུང་གཏམ་གྱི་འཇིག་རྟེན་དང་རང་གི་འཇིག་རྟེན་ཕན་ཚུན་འཁྲུལ་ཞིང་འགྲོ་བའི་འཕྲུལ་སྣང་ཟ་ཟི་རེའང་སྐབས་དང་སྐབས་སུ་འབྱུང་གིན་འདུག
       ༣ འཆི་བ།
       འཆི་བ་ཞེས་པའི་ཐ་སྙད་འདི་ནི་བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་གཏམ་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་ཐ་སྙད་ཅིག་སྟེ། ཤིན་ཏུ་བབ་ཆགས་ལ་རྒྱུགས་ཆེ་བའི་ཐ་སྙད་ཅིག་ཀྱང་ཡིན་ངེས་ཞེས་བཤད་ཀྱང་མི་ཆོག་པ་མེད་སྙམ། རྒྱུ་མཚན་ནི། མི་དང་སྲོག་ཆགས་གང་ཞིག་ཡིན་ཡང་རུང་། ཁོང་གི་སྒྲུང་གཏམ་ཁྲོད་ཀྱི་ཚེ་སྲོག་ལ་མཚོན་ན། ནམ་ཞིག་འཆི་བ་མགོ་ལ་ཡོང་རྒྱུ་ནི་ཕལ་ཆེར་སང་ནངས་ཀྱི་དོན་དག་ཅིག་རེད། དེ་ལ་རྒྱུ་རྐྱེན་རྨང་འདིང་བ་དང་མངོན་ལྐོག་གི་སྔོན་བརྡ་གཏོང་བ་སོགས་ཀྱང་དགོས་ཀྱིན་མི་འདུག “འཁྱགས་ཤི་ཐེབས་པ་ཐེངས་གཅིག གློ་བུར་ཤི་བ་ཐེངས་གཅིག གཡག་གིས་བརྡུངས་ནས་ཤི་བ་ཐེངས་གཉིས། རྟ་ཐོག་ནས་འགྱེལ་ཏེ་ཤི་བ་ཐེངས་གཅིག”(《南方人物周刊》2023.11.16)ཅེས«བརྡ་རྟགས་འཚོལ་བ»ཡི་འགྲེམ་སྤེལ་གྱི་བྱེད་སྒོའི་སྟེང་། ནང་ལོགས་ཀྱི་ཀློག་པ་པོ་རེ་འགས་བསམ་བཞིན་ཁོང་གི་སྒྲུང་གཏམ་ནང་གི་འཆི་བ་སྣ་ཚོགས་ཀྱི་གྲངས་ལ་ཞིབ་རྩིས་བྱས་ཏེ་དོགས་འདྲི་སློང་སྐབས། རྩོམ་པ་པོས་དེ་ནི་མདོ་དབུས་མཐོ་སྒང་གི་འབྲོག་པ་ཚོས་རྒྱུན་དུ་གདོང་གཏོད་དགོས་པའི་ཁོར་ཡུག་གི་ཚོད་བགམ་ཞིག་ཡིན་ཞེས་གསལ་བཤད་སྟབས་བདེ་ཞིག་བྱས་ཡོད།
       ཡིན་ནའང་། ཁོང་གི་སྒྲུང་གཏམ་གྱི་ནང་དུ་འཆི་བ་སྣ་ཚོགས་ཤིག་ལ་གདོང་གཏོད་པའི་རྣམ་འགྱུར་ལ་འཕྱོ་ལྡིང་གང་ཡང་མེད་པར་ཧ་ཅང་རྒྱུན་ལྡན་ཅན་གྱི་རྣམ་པ་ཞིག་སྤྱི་ཁྱབ་ཏུ་ཆགས་འདུག འཆི་བ་སྣ་ཚོགས་ཤིག་ཇི་ལྟར་ཡོང་བའི་ཚུལ་མི་འདྲ་བ་དང་། དེས་སྒྲུང་གི་འཇིག་རྟེན་ལ་བཞག་པའི་རྨ་ཤུལ་གྱི་ཆེ་ཆུང་དང་རྣམ་པ་མི་འདྲ་བ་ཙམ་ལས། རྩྭ་ཐང་གི་གཅིག་ལ་གཅིག་བརྟེན་གྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ལས། ཚེ་སྲོག་གང་རུང་གཅིག་ས་ལ་འགྱེལ་བའམ་ཆུ་ལ་ནུབ་པའམ་མེ་ལ་འཚིག་པའམ་རླུང་ལ་འཐིམ་པ་གང་ཞིག་ཡིན་ནའང་། ཤུལ་གྱི་ཡོད་ཚད་གཞོལ་ཐབས་མེད་པའི་དུས་ཚོད་ཀྱི་ནང་ནས་སྔར་བཞིན་ཁུ་སིམ་མེར་འགྲོ་བའི་རྣམ་ཤེས་ཀྱི་རྒྱུ་བ་ཕྲ་མོ་དག་གི་འགུལ་སྐྱོད་ལ་འཇགས་མཐའ་མེད་པས། འཆི་བ་རིགས་གང་ཞིག་དུས་ནམ་ཚོད་སླེབས་ནའང་དེ་ནི་དེ་འདྲའི་རང་བྱུང་ལྷུན་གྲུབ་ཅིག་ཡིན་པ་ལས། དེས་སྒྲུང་གཏམ་གྱི་མ་གཞིའི་འགྱུར་ཁུགས་ལ་གཡོ་སྐྱོམ་ཆེན་པོ་བཟོ་མི་ཐུབ།
       འདི་འདྲའི་འཆི་བའི་མདུན་དུ་ཅི་མི་སྙམ་པའི་ཞི་ལྷོད་ཀྱི་རྣམ་འགྱུར་དང་རྒྱུན་ཆགས་ཀྱི་སྐད་གདངས་ནི་རྩོམ་པ་པོའི་བཤད་སྟངས་ལྟར་བྱས་ན། ཕྱིའི་ཁོར་ཡུག་གིས་བྱིན་པའི་ཚོད་བགམ་ཙམ་གྱི་ངོས་རིམ་དུ་གནས་པའི་ཚུལ་དུ་སྣང་ཡང་། “འཇིག་རྟེན་མི་རྟག་པ”ཡི་ལྟ་བས་སེམས་ཀྱི་ཕྱི་ནང་བརླམས་པའི་མི་རིགས་ཤིག་གམ།ཚོགས་པ་ཞིག་གམ། ཐ་ན་ཀློག་པ་པོ་ཞིག་ལ་མཚོན་ན། དེ་ནི་འགྲེལ་བཤད་ལྷག་མ་གང་ཡང་རྒྱག་མི་དགོས་པའི་གནས་ལུགས་རྡོག་རྡོག་ཅིག་ཡིན་པའང་གསལ་གསལ་རེད། དེ་བས་ཁོང་གི་སྒྲུང་གཏམ་ལ་མཚོན་ན་འཆི་བ་ནི་མཐའ་མཇུག་གི་གནས་མལ་ལྟ་བུ་ཞིག་ཏུའང་ཆགས་འདུག་པར་ཁོ་མོས་འདོད་དོ། །
གསུམ། མཇུག་སྡུད།
       བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་གཏམ་རེ་རེ་ནི་མགོ་རྔ་ཚང་བའི་གཏམ་རྒྱུད་ཧྲིལ་པོ་ཞིག་ཏུ་གྲུབ་མེད་པས། བལྟས་ཚར་རྗེས། ཁྱོད་ལ་དོན་དག་ཅིག་གི་གོ་རིམ་ཧྲིལ་པོ་སེམས་ལ་ངེས་རྒྱུ་ཡོད་པ་ཞིག་ཀྱང་མིན་པར་མ་ཟད། དེ་ལས་གནས་ལུགས་ག་གེ་མོ་ཞིག་གམ་སློབ་གསོ་ཆེ་གེ་མོ་ཞིག་བཏང་ཡོད་ཚུལ་ཀྱང་གླེང་ཐབས་བྲལ་བ་ཞིག་རེད།རང་གི་འཁྲུལ་བློ་ལ། ཁོང་གི་སྒྲུང་གཏམ་གྱི་བརྗོད་བྱའི་ཆ་ནས་བོད་ཀྱི་འཚོ་བ་མཚོན་ཡོད་པ་ལྟ་བུ་ཞིག་ཏུ་སྣང་ཡང་། རྗོད་བྱེད་དང་འབྲི་ཐབས། སྒྲུང་གཏམ་གྱི་ཁམས་ཀྱི་གྲུབ་ལུགས་སོགས་ཀྱི་ཆ་ནས་བོད་ཀྱི་སྒྲུང་གཏམ་དང་བར་ཁྱད་ཆེན་པོ་ཡོད་པ་རྟོགས་ཐུབ། ཁོང་གི་སྒྲུང་གཏམ་གྱིས་མི་རིགས་ཀྱི་འཚོ་བ་བྲིས་ནས་མི་རིགས་གང་དེའི་རིག་གནས་གོམས་སྲོལ་ལམ་ཐུན་མིན་གྱི་དྲན་པ་ཞིག་མཚོན་འདོད་ཀྱི་རྒྱ་ཆེ་བའི་བསམ་བློ་མངོན་མེད་ལ། འབྲི་ཐབས་ཀྱི་ཆ་ནས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ཀློག་པ་པོའི་དང་བ་འདྲེན་འདོད་ཀྱི་མཚོན་ཐབས་ཡན་གར་བ་ཞིག་ཀྱང་ལྷུར་ལེན་བྱས་མེད་པར། ཤིན་ཏུ་བབ་ཆགས་རྒྱུན་ལྡན་གྱི་སྐད་ཆ་ཕལ་བ་ཞིག་ལ་བརྟེན་ནས་སྒྲུང་གཏམ་གྱི་ཕྱི་ནང་གསང་གསུམ་ཀློག་པ་པོའི་ནང་སེམས་ལ་ལྷག་ལུས་མེད་པར་བསྒོས་འགྲོ་བ་ཞིག་རེད།
       དེའི་སྟབས་ཀྱིས། བསོད་ནམས་ཚེ་རིང་ལགས་ཀྱི་སྒྲུང་གཏམ་ཀློག་པ་ནི་ང་ལ་མཚོན་ན་དཔེ་ཀློག(སྒྲུང་གཏམ་མྱོང་རོལ)གི་མྱོང་སྣང་ཅུང་གསར་པ་ཞིག་ཀྱང་རེད། ཁོང་གི་སྒྲུང་གཏམ་ཀློག་སྐབས་གཏམ་རྒྱུད་ཀྱི་སྣ་ཐུག་ལ་འཇུས་ནས་དོན་རྐྱེན་ལ་ཚོད་དཔག་བྱེད་ཀྱིན་གོམ་པ་རེ་རེ་སྤོས་ནས་འགྲོ་དགོས་པ་ཞིག་མིན་པར། རང་ཉིད་ཀྱི་རྣམ་ཤེས་ཤེས་མེད་ཚོར་མེད་ངང་སྒྲུང་གཏམ་རེ་རེའི་ནང་གི་མི་སྣ་གང་རུང་སུ་དང་གང་ཞིག་གི་སེམས་ཀྱི་ཟབ་སར་ལྷུང་ནས། དེའི་ནང་སེམས་ཀྱི་རྒྱུ་བ་དང་། ལས་དབང་གི་གོད་ཆག འཚོ་བའི་དགའ་སྡང་། ཚེ་སྲོག་གི་དར་རྒུད་དང་འགྲོགས་ནས་འཕག་འཚག་དང་འགྲེ་ལྡོག་གང་མང་རྒྱག་དགོས་ཀྱི་ཡོད་པ་ཞིག་རེད། འདི་ལྟ་བུའི་རྩོམ་པ་པོའི“གཡོ་འོག་ཏུ་ཚུད”ལུགས་དང་། སེམས་ཀྱི་བཞུར་རྒྱུན་དེའི་ཁྲོད་དུ་བྱུང་བའི“མནར་གཅོད་ཁྲོད་དུ་སྤྲོ་སྣང་གི་ཚོར་བ་འདུས”(«བརྡ་རྟགས་འཚོལ་བ»ཤོག་ངོས253པར།)པའི་སྣང་བ་དེ་ནི་ང་ལ་ཤིན་ཏུ་སྐྱིད་སྣང་ཤར་བ་ཞིག་རེད་ལ་སྒྲུང་གཏམ་གཞན་དང་གཞན་ལས་མྱོང་མི་ཐུབ་པའི་རོ་བཅུད་འཛོམས་པའི་བྲོ་བ་གཞན་ཞིག་ཏུའང་སྣང་།
       གང་ལྟར། ཁོང་གི་སྒྲུང་གཏམ་རེ་རེ་ནི་གཏམ་རྒྱུད་ཧྲིལ་པོ་རེ་མིན་ནའང་། དེའི་ནང་དུ་འཇིག་རྟེན་ཧྲིལ་པོ་རེ་ཤོང་འདུག ཁྱད་མཚར་རྙོག་འཛིང་གི་སེམས་ཁམས་ཀྱི་འཇིག་རྟེན་ཧྲིལ་པོ་རེ་གསལ་གྱི་ལེར་གཅལ་དུ་བཀྲམ་ནས་འདུག་པས། སེམས་པ་སྟོང་བ་ཡིན་པའི་ཀློག་པ་པོ་ང་ལ་ནི་མི་སེམས་ཀྱི་ཁྲ་ཁྲ་ཡིག་འབྲུའི་གསེབ་ནས་ལོངས་སུ་སྤྱོད་པའི་སྐལ་བ་མང་དུ་བསྩལ་སོང་། རྩོམ་མཁན་ཁོང་ལ་བཀའ་དྲིན་ཆེ། །
འབྲེལ་ཡོད་འོས་སྦྱོར།