logo

སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོའི་གཤིས་ཀ་བཞེངས་སྐྲུན་སྐོར་གླེང་བ།

རྩོམ་པ་པོ།:ཚེ་རིང་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-10-11 ཀློག་གྲངས།:
སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོའི་གཤིས་ཀ་བཞེངས་སྐྲུན་སྐོར་གླེང་བ།
ཚེ་རིང་སྐྱིད།

གླེང་གཞི།
       དེ་ཡང་དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་འབྲིང«ཟ་འཕྲུག»ཅེས་པ་ནི2021ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། དྲ་ཐོག་གི་བརྒྱུད་ལམ་སོ་སོ་ནས་ཀྱང་ཀློག་པ་པོ་མང་པོས་དོ་སྣང་བྱས་ཏེ། གླེང་སློང་དང་དཔྱད་ཐུང་འབྲི་མཁན་མང་དུ་བྱུང་ནའང་། སྒྲུང་འབྲིང་དམིགས་བསལ་བ་འདི་ལ་དུས་ཐུང་ངུའི་དོ་སྣང་ཙམ་ལས་དཔྱད་རྩོམ་གྱི་ལམ་ནས་དཔྱད་པ་བྱེད་མཁན་ཉུང་བས། འདིར་ཆེད་དུ་ཁོང་གི་སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོའི་གཤིས་ཀ་བཞེངས་སྐྲུན་སྐོར་ནས་དཔྱད་གླེང་བྱས་ཡོད་པ་དང་། ཞར་ལ་ཁོང་གི་སྒྲུང་འབྲིང་འདིའི་ཐུན་མོང་མ་ཡིན་པའི་འབྲི་ཐབས་ལ་སློབ་སྦྱོང་བྱེད་རིགས་པར་འབོད་སྐུལ་ཞུས་ཡོད།
དང་པོ། བརྩམས་སྒྲུང་གི་ནང་དོན་མདོར་བསྡུས།
       སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་དུ་ལམ་ལྷོངས་མ་བྱུང་བའི་རི་མོ་ཞིག་བློས་བསླངས་བྱས་པ་བརྒྱུད། མི་སྣ་གཙོ་བོ་བསམ་གྲུབ་ནི་སྤྱིར་བཏང་གི་མི་གཞན་དང་མི་འདྲ་བར་ཁོའི་ལུས་སྟེང་དུ་དུས་ངེས་མེད་དུ་ནམ་ཡོང་ཆ་མེད་པའི་ཟ་འཕྲུག་ཅིག་གིས་གཙེ་བཞིན་ཡོད་ཅིང་། དེ་ཉིད་སྨན་སྣ་འགའ་བསྟེན་པ་དང་སྨན་ཁབ་འགའ་བརྒྱབ་པས་དྲག་འགྲོ་བའི་ཆམ་ནད་ལྡོམ་པོ་ཞིག་དང་གཏན་ནས་མི་འདྲ། དེ་ནི་རྨ་ཁར་ཚྭ་བཏབ་པ་ལྟར་ཟུག་གཟེར་དྲག་པོ་ཞིག་དང་འགྲོགས་ཡོང་བ་ཞིག་དང་། མིང་མི་ཐོགས་པའི་འབུ་ནག་ཅིག་དང་འདྲ་ལ། འབུ་ནག་དེ་ཡང་སྡིག་པ་ར་ཙ་དང་འདྲ་བར། ཁོའི་ལུས་ཀྱི་ཆ་ཤས་མ་ཟད་སེམས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ནས་འདོར་ཐབས་མེད་པར་ལུས་ཡོད་ནའང་། བསམ་གྲུབ་ཀྱིས་ཁོའི་དཀའ་ཁག་གམ་སེམས་གཅོང་དེ་ནི་རང་ཉིད་མ་གཏོགས་མི་སུ་ཡིས་ཀྱང་རྟོགས་མེད་ལ་མི་སུ་ལའང་བཤད་ས་མ་རྙེད། སྤྱིར་ན་བསམ་གྲུབ་ནི་སྒྱུ་རྩལ་སློབ་གླིང་ཆེ་གེ་མོ་ཞིག་འགྲིམས་མྱོང་ནའང་། སྒྱུ་རྩལ་པ་ཞིག་བྱེད་པའི་མི་ཚེའི་འདུན་པ་དེ་གར་ལུས་ཏེ་རྫོང་ཁུལ་ཞིག་ཏུ་སྒྱུ་རྩལ་མ་ཡིན་པའི་ལས་གནས་སུ་ཞུགས་པ་དེས། བསམ་གྲུབ་དང་འཛོམས་སྐྱིད་གཉིས་བར་གྱི་བརྩེ་དུང་ལ་འགལ་རྐྱེན་བཟོས་ཏེ། ཕན་ཚུན་གྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ལ། ཆེས་རྒྱུས་ཡོད་ཀྱི་མི་གཉིས་ཆེས་རྒྱུས་མེད་ཀྱི་ལམ་ཁ་གཉིས་སུ་བསྐྱོད་དགོས་བྱུང་། དེ་བཞིན་དུ་བསམ་གྲུབ་ཀྱི་འགྲོ་འདུག་སྤྱོད་གསུམ་མང་པོའི་ཐད་ནས་ཀྱང་ལས་ཁུངས་ཀྱི་འགོ་པ་དང་ལས་གྲོགས་ཚོ་ལ་ཕོག་ཐུག་བཟོས་པ་དང་འདྲ་བར་ཁོ་རང་རྒྱུ་མཚན་མེད་པར་ལས་གནས་ལས་སྤྱུགས། ཡང་འཚོ་རྟེན་གྱི་དོན་དུ་བསམ་གྲུབ་ཀྱིས་གླ་གཏོང་ཁ་ལོ་པ་བྱས་ཏེ་ལོ་གཉིས་འདས་ནའང་། དེས་ཀྱང་བསམ་གྲུབ་ཀྱི་ནང་སེམས་ཀྱི་འཚོལ་སྙེག་དང་འདོད་འདུན་སྐོང་མ་ཐུབ་པར། མཐར་ཁོ་རང་གླ་གཏོང་ཁ་ལོ་པ་ནས་གཞས་རྩོམ་མཁན་ཞིག་ཏུ་གྱུར་པའི་བརྒྱུད་རིམ་མམ་གཏམ་རྒྱུད་སྣེ་མང་རྙོག་འཛིང་ཆེ་བ་ཞིག་བརྗོད་ཅིང་། མདོར་ན་བསམ་གྲུབ་ཀྱི་མི་ཚེའི་བརྒྱུད་རིམ་དེའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་སྟེ། མི་རྣམས་ཀྱིས་ཕྱི་ཚུལ་ཁོ་ན་དོན་གཉེར་བྱེད་པ་ལས་ནང་གི་རྣམ་པ་ངོ་མ་མཐོང་གིན་མེད་པའམ། མི་གཤིས་ནི་འགྱུར་ལྡོག་ཆེ་ལ་རྙོག་འཛིང་ལྡན་པ། ཕ་ས་ཕ་ཡུལ་གྱི་ཕྱི་ནང་གཉིས་ཀའི་འགྱུར་ལྡོག་ནི་གློག་ལས་མགྱོགས་པས། ཕ་ས་ཕ་ཡུལ་ཁོ་ནར་ཡོད་པའི་ལྷད་མེད་དྭངས་གཙང་གི་མཛའ་གཤིས་དང་མཛེས་ཤིང་ལྟ་ན་སྡུག་པའི་ཉམས་སྣང་དེ་གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱི་ན་ཟུག་དང་ཁེར་རྐྱང་། རེ་ཆད་སོགས་བྱུང་ནའང་། རང་ཉིད་ནམ་ཡང་འཇིག་རྟེན་འདིའི་དྲང་ཕྱོགས་དང་དཀར་ཕྱོགས་སུ་འགྲོ་འོས་པའི་འདུན་པ་དང་ཕུགས་བསམ། འཚོལ་སྙེག་སོགས་ནི་ནམ་ཡང་འདོར་མ་མྱོང་བའི་མངོན་སུམ་དང་འདྲ་ལ་འཕྲུལ་སྣང་དང་ཡང་འདྲ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད་དོ། །
གཉིས་པ། མི་སྣ་གཙོ་བོའི་གཤིས་ཀ་བཞེངས་སྐྲུན་སྐོར།
       སྤྱིར་བཏང་དུ་བརྩམས་སྒྲུང་གསར་རྩོམ་ཁྲོད་དུ་མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱེད་ཐབས་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་པ་ལས། སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་གཙོ་བོར་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་བརྒྱུད་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་གཤིས་ཀ་མཚོན་པ་ཞིག་ཡིན། དེ་ཡང་རྩོམ་པ་པོ་ཁོང་གི་བརྩམས་སྒྲུང་ཕལ་མོ་ཆེ་ནི་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་པ་ལས་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་མང་ལ། མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་བརྒྱུད་ནས་མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱེད་པ་ཞིག་སྟེ། དཔེར་ན་ཁོང་གི་སྒྲུང་ཐུང«གངས་སྐོར»ཁྲོད་ཀྱི་མི་སྣ་གཙོ་བོ་འཛོམས་སྐྱིད་དང་། «མེ་འཁྱག་པ»ཡི་ཁྲོད་ཀྱི་སྐྱོ་སྐྱོ་ཡིན་ན་ཆོག ཡང་ན་སྒྲུང་འབྲིང«གླུ་སྐད་སྐྱ་བོ»ཞེས་པའི་ཁྲོད་ཀྱི་གླུ་མ་པདྨ་ཡིན་ནའང་འདྲ། མི་སྣ་དེ་དག་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི། མི་སྣ་དེ་དག་གི་ཕྱིའི་རྣམ་པ་ནི་མག་མོག་དང་རབ་རིབ་ཅིག་ཡིན་ནའང་། མི་སྣ་དེ་དག་ནི་དོན་དམ་དུ་སྐྱོ་གདུང་ཅན་དང་ན་ཟུག་ཅན། ཡང་ན་སེམས་པ་ཁེར་རྐྱང་གིས་ཁེངས་པ་སོགས་གང་ཡིན་རུང་། རྩོམ་པ་པོས་མི་སྣ་དེ་དག་གི་སེམས་ཁམས་ཞིབ་འབྲིའི་ཐབས་རྩལ་ལ་བརྟེན་ནས་དེ་དག་གི་གཤིས་ཀ་མཚོན་ཡོད་པ་ཞིག་ཡིན་ལ། ཐེངས་འདིའི་སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་གཤིས་ཀ་བཞེངས་སྐྲུན་ཐད་ནས་ཀྱང་དེ་ལས་མ་འདས་ཏེ། དཔེར་ན་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་དངོས་ཡོད་དང་ཕུགས་བསམ། མིག་མདུན་གྱི་འཚོ་བའི་ལམ་ཀ་དང་བརྩེ་དུང་བར་གྱི་འགལ་འདུ། ཨུ་ཚུགས་ཆེ་བ་དང་གཞན་བསྟུན་རང་བཞིན། དྲང་ལྡོག་གཉིས་ལས་བསྐྱེད་པའི་ཁེར་རྐྱང་སོགས་རེ་རེ་བཞིན་སེམས་ཁམས་ཞིབ་འབྲིའི་ཐབས་རྩལ་ལ་བརྟེན་ནས་ཁོའི་གཤིས་ཀ་རྣལ་མ་དེ་མཚོན་ཡོད་པ་ཞིག་ཡིན་ནོ། །
གཅིག འགལ་འདུ་རང་བཞིན།
       དེ་ཡང“མི་སྣ་བཞེངས་སྐྲུན་བྱེད་ན་མི་གཤིས་ནི་ངེས་པར་གཙོ་བོར་འཛིན་དགོས་པ་དང་། མི་གཤིས་ནི་སྣེ་མང་རྙོག་འཛིང་གི་རྒྱུ་རྐྱེན་དུ་མས་གྲུབ་པ་ལས། རྒྱུ་རྐྱེན་གཅིག་ཁོ་ན་དབང་བཙན་པར་བྱས་ཏེ་གྲུབ་པ་ནི་ཡོད་མི་སྲིད་ཅིང་། མི་ཚེ་ཟེར་བ་ནི་ཕན་ཚུན་ཧེ་བག་ཡོད་ཅིང་སྐབས་འགར་འགལ་ཟླར་འགྲོ་བའི་རྒྱུ་དེ་དག་གི་ཁྲོད་ནས་ཐེ་ཚོམ་དང་བཅས་ཏེ་འགྲོ་ལྡོག་བྱེད་པ་ཞིག་ཡིན་སྟབས། མི་གཤིས་དང་མི་ཚེ་བརྩམས་སྒྲུང་དུ་མཚོན་དགོས་ན་རྫོགས་མཐའ་མེད་པའི‘འཁྱོག་ཐིག’གི་ལམ་ནས་བགྲོད་དགོས་པ་ལས‘དྲང་ཐིག’ཁོ་ནར་བརྟེན་མི་རུང”ཞེས་པ་ཇི་བཞིན། སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་དུ་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་གཤིས་ཀ་ལས་ཐོག་མར་མངོན་པ་ནི་འགལ་འདུ་ཆེ་བའི་རང་བཞིན་ཡིན་ཏེ། རྩོམ་དུ“མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་ནམ་ཟླ་དེ་ནི་སྟོང་འདང་དང་མངོན་སུམ་གཉིས་ཀྱི་བར་དུ་འཁྱམ་བཞིན་པའི་ངའི་སེམས་པ་དང་འདྲ་བོ་འདུག འཁྱགས་པའི་རང་བཞིན་དུ་གྱུར་ནའང་དེ་ལ་རྣམ་པ་མི་འདྲ་བ་སྣ་ཚོགས་མཆིས་ཏེ། རང་གི་འདོད་པ་དང་མི་མཐུན་པའི་ཁོར་ཡུག་ཅིག་ཏུ་འཚོ་དགོས་པར་འདོད་ནས་ཡི་མུག་པར་གྱུར་དུས་ཀྱི་ཚོར་བ་དང་། ཕུགས་ཀྱི་འདུན་མ་རང་སློབ་གླིང་འགྲིམ་སའི་གྲོང་ཁྱེར་ནས་ལུས་ཏེ། རང་གི་ལས་གནས་སུ་འཁྱེར་ཡོང་མི་ཐུབ་སྙམ་ནས་མི་སྐྱིད་པར་གྱུར་དུས་ཀྱི་ཚོར་བ་ནི་གཏན་ནས་མི་འདྲ་བ་མ་ཟད། འཛོམས་སྐྱིད་དང་ངེད་གཉིས་ཀྱིས་སོ་སོར་ཕར་བཤུག་ཚུར་བཤུག་ཙམ་ཡང་མི་བྱེད་པར་རང་ལྟ་མཁྲེགས་འཛིན་བྱེད་དུས་ཀྱི་སྣང་བ་དེའང་ཕྱི་རོལ་གྱི་ཆོས་ཐམས་ཅད་དེ། ཐ་ན་ཁ་ཆར་གཉིས་འདྲེས་ཀྱི་གནམ་གཤིས་ཀྱིས་ཀྱང་མཚོན་ཐབས་མེད་པ་ཞིག་རེད”ཅེས་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་བརྒྱུད་བསམ་གྲུབ་ཀྱི་ནང་སེམས་ཀྱི་འགལ་འདུའི་རང་བཞིན་མཚོན་པར་བྱས་ཡོད། “མི་སྣའི་གཤིས་ཀའི་འགལ་བ་ནི་གཏམ་རྒྱུད་ཀྱི་འགལ་བ་གྲུབ་པའི་རྨང་གཞི་དང་མི་སྣ་བཞེངས་སྐྲུན་བྱེད་པའི་ཐབས་རྩལ་གལ་ཆེན་ཞིག་ཡིན”ཞེས་པ་བཞིན། བསམ་གྲུབ་ནི་སྒྱུ་རྩལ་སློབ་གླིང་ཆེ་གེ་མོ་ཞིག་འགྲིམ་མྱོང་ནའང་། རི་མོ་པ་ཞིག་བྱེད་པའི་མི་ཚེའི་འདུན་པ་དེ་གར་ལུས་ཏེ་རྫོང་ཁུལ་ཞིག་ཏུ་སྒྱུ་རྩལ་མ་ཡིན་པའི་ལས་གནས་སུ་ཞུགས་པ་དེས། བསམ་གྲུབ་དང་འཛོམས་སྐྱིད་གཉིས་བར་གྱི་བརྩེ་དུང་ལ་འགལ་རྐྱེན་བཟོས་ཏེ། ཕན་ཚུན་གྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་པའི་སྐབས་སུ། བསམ་གྲུབ་ནི་རང་གི་འདོད་པ་དང་མི་མཐུན་པའི་ལས་གནས་ལ་ཡི་མུག་པ་དང་། ཕུགས་བསམ་རྒྱབ་ཏུ་བོར་བས་སེམས་མི་སྐྱིད་པ། འཛོམས་སྐྱིད་དང་བྲལ་བས་ཁོང་ཁྲོ་ལངས་པ། སྡུག་བསྔལ་མི་ཟད་པ་སྐྱེ་བ་སོགས་སྐབས་ཀྱི་ཁོའི་ནང་སེམས་ནི་གཡོ་སྐྱོམ་ཤིན་ཏུ་ཆེ་བའི་རྒྱ་མཚོའི་རླབས་དང་འདྲ། དེར་མ་ཟད་ཁོའི་ལམ་ཀ་དང་བརྩེ་དུང་བར་གྱི་འགལ་འདུ་ནི་འཛོམས་སྐྱིད་ཙམ་མ་ཡིན་པར། ད་དུང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་བྱས་པའི་སྐབས་སུ་འཚོ་ཚིས་སྡུག་པོ་བྱུང་ནས་སྐབས་དེའི་དགའ་རོགས་དང་ཡང་གྱེས་དགོས་བྱུང་ལ། མཇུག་མཐར་ཁོ་རང་རོལ་མོ་པ་ཞིག་ཏུ་གྱུར་པ་དང་མཉམ་དུ་བརྩེ་དུང་གི་གདམ་ཀ་ནི་ཁོ་ལས་ལོ་ན་ཤིན་ཏུ་གཞོན་པའི་དབྱངས་ཅན་པདྨར་གྱུར་པ་བཅས་ལས་བྱུང་བའི་ནང་སེམས་ཀྱི་འགལ་ཟླ་ནི་གཅིག་འཕྲོར་གཅིག་མཐུད་པ་ཞིག་ཡིན།
       དེ་ལྟར། རྩོམ་པ་པོས་བསམ་གྲུབ་ཀྱི་འདོད་ཐོག་ཏུ་མ་སོང་བའི་འཚོ་བའི་དངོས་དོན་དང་ནང་སེམས་ཀྱི་འགལ་བ་བྲིས་པ་བརྒྱུད། ཁོའི་གཤིས་ཀ་བཞེངས་སྐྲུན་དང་གཏམ་རྒྱུད་ཀྱི་བྱུང་རིམ་ལ་རམ་འདེགས་ཀྱི་ནུས་པ་ཐོན་དུ་བཅུག་ཡོད།
གཉིས། ཨུ་ཚུགས་ཆེ་བ་དང་གཞན་བསྟུན་རང་བཞིན།
       མི་གཤིས་ལེགས་པར་བཞེངས་སྐྲུན་བྱེད་དགོས་ན་མི་སྣའི་སེམས་ཁམས་ཞིབ་མོར་མཚོན་དགོས་པ་དང་། མིའི་སེམས་ཁམས་ཟེར་བ་འདི་ནི་ཧ་ཅང་ལྐོག་གྱུར་དང་རྙོག་འཛིང་ཆེ་བ་ཞིག་ཡིན་གཤིས། དེ་ལ་གཏན་འཁེལ་བའི་མཚོན་ཐབས་འདི་ཡོད་ཅེས་བརྗོད་དཀའ་ཡང་། མིའི་སེམས་ཁམས་ལ་ཤིན་ཏུ་འགྱུར་སླ་བ་དང་། ཚོད་འཛིན་བྱེད་དཀའ་བའི་ཁྱད་ཆོས་ཡོད་དེ། སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་དུ་མི་སྣ་བསམ་གྲུབ་ཀྱི་ནང་སེམས་སུ་འགལ་འདུ་ཆེ་བ་མ་ཟད། ཁོའི་གཤིས་ཀ་ལས་ཏག་ཏག་མཚམས་རེར་ཨུ་ཚུགས་ཆེ་བ་དང་སྐབས་རེར་གཞན་བསྟུན་གྱི་རང་བཞིན་ཡང་མངོན་ཡོད་དེ། རྩོམ་དུ“ཐོག་མར་བཤད་རྒྱུ་ཞིག་ནི་ངས་རི་མོའི་ལམ་ནས་མཚོན་འདོད་པ་ནི་འཇིག་རྟེན་འདིའི་རང་བཞིན་ཡིན་པ་ལས་རྣམ་པ་མིན། ད་ལྟ་འུ་ཅག་གི་སྣང་ངོར་ཡོད་པའི་ཡུལ་ལྗོངས་འདི་ནི་དོན་དུ་འཇིག་རྟེན་འདིའི་ཕྱིའི་རྣམ་པ་རང་ཡིན་པ་ལས་རང་བཞིན་ངོ་མ་ནི་མ་རེད། རང་བཞིན་ངོ་མ་ནི་འབར་རྐང་འདི་དག་ཕན་ཚུན་སྦྲེལ་བའི་གོ་རིམ་དང་སྒྲིག་གཞིའི་ཚོགས་སྤྱི་དེ་རེད། ཡིན་ཡང་འབར་རྐང་འདི་དག་ཀྱང་མཚོན་བྱེད་ཅིག་ལས་མ་འདས། ང་ཚོས་རི་མོར་བྲི་རུང་བ་དང་བྲི་ཐུབ་པ་གཉིས་ཀྱི་བར་ཐག་ལ་མནོ་བསམ་ཞིབ་མོ་གཏང་དགོས།……”ཞེས་པ་ལས། བསམ་གྲུབ་ནི་སྒྱུ་རྩལ་སློབ་ཆེན་དུ་ཡོད་དུས། རང་ཉིད་སྒྱུ་རྩལ་ལ་དུངས་པ་དང་། རི་མོ་འབྲི་བར་སློབ་གྲོགས་གཞན་དག་ལས་བརྩེ་བ་ཡོད་པས། རང་ཉིད་ཀྱིས་སྒྲུབ་པའི་རི་མོའི་ལས་བྱ་དེར་མཚན་ཉིད་རིག་པ་ལྟ་བུས་འགྲེལ་བཤད་བརྒྱབ་ནས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་དེས་ཁོར་རི་མོ་དགེ་རྒན་གྱི་བསྟོད་པ་དང་སློབ་གྲོགས་དག་གི་ཡིད་སྨོན། འཛོམས་སྐྱིད་ཀྱི་རྣམ་དག་གི་བརྩེ་བ་སོགས་ཐོབ་ནའང་། ཡང་བསམ་གྲུབ་ལས་གནས་སུ་ཞུགས་རྗེས་ཚར་རྒྱུ་མེད་པའི་ཇ་ཁ་ཆང་ཁའི་དགའ་སྟོན་ལ་ཉིན་བཞིན་རོལ་བ་དེར་བསམས་ནས་ཁོའི་སེམས་སུ་སུན་སྣང་སྐྱེས་ནའང་། ལས་ཁུངས་ཀྱི་ལས་གྲོགས་སོགས་ཀྱིས་བོས་ཚེ། “ཤེད་ཤུགས་ཆེན་པོས་ལྕགས་རྟ་གཏོང་བཞིན་ཕུན་ཚོགས་གསོལ་མགྲོན་ཁང་གི་ཕྱོགས་སུ་བརྒྱུགས་པ་ཡིན”ཞེས་ལས་གྲོགས་དང་ཅུས་ཀྲང་སོགས་གཞན་ལ་བསྟུན་ཐབས་བྱས་པ་དང་། “ལས་ཁུངས་ནས་ཅུས་ཀྲང་དང་ཅུས་ཀྲང་གཞོན་པ་ཐེངས་འགར་བརྗེས་ནའང་། ང་དང་ཀྲང་ཀྲི་ལེན་གཉིས་སྔར་གྱི་འདུག་སྟེགས་སྲུང་བཞིན་བསྡད་པ”དང་། ཡིག་ཆ་དང་རེའུ་མིག བརྡ་ཐོ་སོགས་ལ་ཇི་ལྟར་ཨུ་ཚུགས་བརྒྱབ་ཀྱང་། དེས་མི་སྣ་གཙོ་བོ་བསམ་གྲུབ་དང་ཀྲང་ཀྲི་ལེན་གཉིས་ནི་ལས་ཁུངས་ཀྱི་གཙོ་བོར་གྱུར་ཏེ་གཞན་དག་ཕལ་བ་རུ་འགྱུར་བར་ཕན་ཐོགས་གང་ཡང་མ་བྱུང་བ་མ་ཟད། བསམ་གྲུབ་ཐ་ན་ལས་ཁུངས་ནས་སྒོར་སྤྱུགས་སོ། ། དེའི་ཕྱིར་བསམ་གྲུབ་ཀྱི་གཤིས་ཀ་ལས་མངོན་པའི་ཨུ་ཚུགས་ཀྱིས་ཁོ་རང་ཕུགས་བསམ་གྱི་ཆེས་ཐག་ཉེ་སར་བཅར་ནའང་། ཁོའི་གཞན་བསྟུན་གྱི་གཤིས་ཀ་དེས་ཁོ་རང་འཇིག་རྟེན་གྱི་ལྡོག་པའི་ལམ་དུ་ཡང་བརྫངས་སོ། །
གསུམ། ཁེར་རྐྱང་གི་རང་བཞིན།
       མི་སྣ་གཙོ་བོ་བསམ་གྲུབ་ཀྱི་གཤིས་ཀ་ལས་མངོན་པའི་ཁེར་རྐྱང་གི་རང་བཞིན་དེ་ཡང་མངོན་གསལ་དོད་པོར་ཤེས་ཐུབ། ཡང་གཅིག་བཤད་ན། མི་སྣ་གཙོ་བོ་བསམ་གྲུབ་ཀྱི་ནང་སེམས་འགལ་འདུས་གཙེས་ན་ཆོག མཚམས་རེར་ཨུ་ཚུགས་ཆེ་བ་དང་མཚམས་རེར་གཞན་བསྟུན་གྱི་རང་བཞིན་ལྡན་ནའང་རུང་། མཐར་གཏུགས་ན་འདི་དག་གི་འབྱུང་ཁུངས་དངོས་ནི་ཁོ་རང་མ་གཞི་ནས་དྲང་ལྡོག་གཉིས་ལས་བསྐྱེད་པའི་ཁེར་རྐྱང་གིས་མནར་བ་ལ་ཐུག་ཡོད་དེ། བརྩམས་སྒྲུང་གི་དངོས་གཞིའི་ནང་དུ“ཟ་འཕྲུག”གི་སྐོར་འདི་ལྟར་བྲིས་ཡོད་དེ། “‘ཟ་འཕྲུག’དེ་ནི་བདུན་ཕྲག་གཅིག་གམ་ཡང་ན་ཟླ་བ་གཅིག ལོ་གཅིག ལོ་དྲུག་གང་རུང་དང་། དེ་ལས་སྔ་བའི་ཉིན་གང་རུང་གི་མཚན་མོ་ཞིག་ལ་མིང་མི་ཐོགས་པའི་འབུ་ནག་ཅིག་གིས་རྨི་ལམ་བརྒྱུད་ནས་འགོ་རུ་བཅུག་པ་ཡིན་ལ། འབུ་ནག་དེ་ནི་འཇིག་རྟེན་ཉིད་འགྲུབ་བྱེད་ཀྱི་རྩ་བའི་རྫས་ཤིག་དང་འདྲ་ཞེས་རྫུན་གཏམ་ཞིག་བཤད་པ་ལས། ང་ལ་དེའི་ཁུངས་གླེང་བའི་སྤོབས་པ་གཏན་ནས་མེད། ……འོན་ཏེ་ན་ཟུག་ལང་བཞིན་པའི་དུས་སུ་ངས་དེ་འཇགས་འགྲོ་བ་སྔོན་དཔག་བྱེད་མི་ཐུབ་པར། དེ་སྡིག་པ་ར་ཙ་ཞིག་དང་འདྲ་བར་རང་གི་ལུས་ཀྱི་ཆ་ཤས་གང་ཞིག་དམ་དུ་འཛིན་པར་ཡིད་ཆེས་པས། སེམས་ལ་འཚུབ་ཆ་དང་འཇིགས་སྣང་། དོགས་པ། ཡི་ཆད་སོགས་ཚོར་བ་སྣ་ཚོགས་པ་སྐྱེ་ཡོང”ཞེས་བྲིས་ཡོད་པ་ལྟར། སྤྱིར་ཟ་འཕྲུག་དེ་བྱུང་ནས་མ་འཕྲུག་པར་ཡུད་ཙམ་ལ་བསྲན་པ་དང་། ཤ་སྐྱིའི་ངོས་སུ་སྡེར་མོ་ཅན་གྱི་སྲོག་ཆགས་ཆུང་ངུ་ཞིག་རྒྱུག་པ་ལྟ་བུའི་ཚོར་སྣང་བྱུང་བ། ཤ་སྐྱི་དབྲལ་ཞིང་དཀྱིལ་མཛུབ་ཀྱི་སེན་མོའི་གསེང་དུ་ཁྲག་རྣག་འདྲེས་མར་འབྱར་འདུག་པ་དང་དྲི་མ་སྐྱུར་བོ་ཞིག་ཡོད་པ་འདྲ་བ། ཉལ་སའི་ནང་ནས་ཟ་འཕྲུག་མ་བཟོད་པར་ཁ་ནང་ནས་ཆོ་ངེ་འདོན་པ། ལུས་ཡོངས་ལ་ཚ་བ་རྒྱས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་འགྱིག་གི་འཁོར་ལོ་ཞིག་མེ་ཡིས་བཞུས་པ་བཞིན་སར་ཟགས་པའི་རྣམ་རྟོག་བྱུང་བ་སོགས་ཟ་འཕྲུག་གི་སྐོར་ཞིབ་འབྲི་བྱེད་དུས་དེ་ནི་མངོན་སུམ་ཅན་དུ་བྱེད་པའི་ལས་ཀ་ལྷུར་བླངས་ཡོད་ལ། སྐབས་དེའི་བསམ་གྲུབ་ཀྱི་སེམས་ཁམས་ནི་ཁེར་རྐྱང་ངམ། ཡང་ན་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་ཡོད་དེ། ཐ་ན་ཟ་འཕྲུག་གི་སྐོར་དེ་སུ་ལའང་བརྗོད་མ་ཐུབ་པའི་གནས་སུ་གྱར་ཡོད། དེའི་ཕྱིར། དེ་ནི་མི་སྣ་དེ་ལ་བྱུང་བའི་ཚབས་ཆེ་བའི་པགས་ནད་རིགས་ཤིག་ཙམ་མིན་པ་མངོན་གསལ་རེད། “དེ་ནི་ཤ་སྐྱི་དང་པགས་པའི་ནང་རོལ་དུ་གནས་པ་ཞིག་དང་། མི་སྣའི་མངོན་སུམ་གྱི་གནས་སྟངས་དང་འཚོ་བ་ལ་རྟོག་པས་བཅོས་པའི་མངོན་སུམ་མ་ཡིན་པའི་ཆོས་ཤིག་རེད། དེ་ནི་མཚོན་བྱེད་ཅིག་དང་། རང་བཞིན་ཞིག གནས་བབ་ཅིག་རེད། དེ་ནི་མིང་མི་ཐོགས་པའི་འབུ་ནག་ཅིག་གིས་རྨི་ལམ་བརྒྱུད་ནས་འགོ་རུ་བཅུག་པ་ཡིན་ཞིང་། སེམས་ལ་འཚུབ་ཆ་དང་འཇིགས་སྔངས། དོགས་པ། ཡི་ཆད་སོགས་ཚོར་བ་སྐྱེ་བར་བྱེད་པའི་སྡིག་པ་ར་ཙ་ཞིག་དང་འདྲ་བ་ཞིག་རེད”ཅེས་པ་བཞིན་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་ལུས་ལ་བྱུང་བའི་ཟ་འཕྲུག་དང་། དེས་བསྐྱེད་པའི་ཚོར་བ་མི་བདེ་བ་དང་དོགས་མི་བདེ་བ་ཙམ་མ་ཟད། ད་དུང་དྲང་ལྡོག་གཉིས་ལས་བསྐྱེད་པའི་ཁེར་རྐྱང་སོགས། མདོར་ན་བརྩམས་སྒྲུང«ཟ་འཕྲུག»ཅེས་པའི་ནང་གི་བསམ་གྲུབ་ཀྱི་ལུས་སྟེང་དུ་བྱུང་བའི“ཟ་འཕྲུག”དང“ཟ་འཕྲུག”བྱུང་སྐབས་ཀྱི་བསམ་གྲུབ་ཀྱི་སེམས་ཁམས་ཞིབ་འབྲི་བྱས་པ་བརྒྱུད་ནས། དེས་མཐར་གཏུག་ན་མི་གཤིས་ཀྱི་ཟབ་ཚད་དུ་ཡོད་པའི་གཤིས་ཀ་ངོ་མ་དང་དེས་བསྐྱེད་པའི་ཁེར་རྐྱང་གི་སྡུག་བསྔལ་སྣ་ཚོགས་མཚོན་སྟངས་ཤིག་ཀྱང་ཡིན་ཞེས་ན་ཐལ་མི་ཆེ་སྙམ།
གསུམ་པ། ཞོར་འཕྲོས།
       སྒྲུང་འབྲིང«ཟ་འཕྲུག»ནང་བྱུང་རིམ་ཉོག་པའམ་ཐར་ཐོར་ཅན་ནམ་ཡང་ན་ཀློག་པ་པོ་སུན་པར་བཟོ་བའི་གཏམ་རྒྱུན་ཆུ་མོ་བཞུར་བཞུར་བྱས་མེད་པར་ཞིབ་ཚགས་དང་ཉིང་བསྡུས་ཀྱི་སྒོ་ནས་ཚིག་ཕྲེང་གཅིག་གམ་གཉིས་ཀྱི་ནང་དུ་བསྡུས་འདུག དེ་བཞིན་དུ་མི་སྣའི་ཁ་བརྡའང་ཉུང་ངུར་བསྡུས་ཏེ་ངོས་གཙང་བ་དང་ཀློག་བདེ་བར་བྱས་པ་ཁོ་ནས་ཀྱང་བརྩམས་སྒྲུང་གསར་རྩོམ་ལ་ཁ་ཕྱོགས་པ་དང་བརྩམས་སྒྲུང་གསར་རྩོམ་ལ་དོན་གཉེར་ཡོད་པའི་རྣམ་འགྱུར་ཡག་པོ་ཞིག་ཀློག་མཁན་ཀུན་ལ་བསྟན་འདུག
       གཞན་ཡང་། བརྩམས་སྒྲུང་གི་དུས་ཚོད་ནི་ཕྲེང་བར་སྦྲེལ་བ་ཞིག་མ་ཡིན་པ་དང་། བྱུང་རིམ་ཡང་འཕར་ལྡིང་ཆེ་བའི་ངང་ངོ་བོ་གཞན་དུ་འགྱུར་བ་ལྟ་བུའི་སྒྱུ་རྩལ་གྱི་ཁྱད་ཆོས་འཛོམས་ཏེ། དཔེར་ན། བརྩམས་སྒྲུང«ཟ་འཕྲུག»གི་འགོ་རྩོམ་དུས་འདི་ལྟར་བྲིས་ཡོད་དེ། “དེ་རིང་ནི་ལོ་འདིའི་ཟླ་བ་བརྒྱད་པའི་གཟའ་སྤེན་པ་མཐའ་མའི་ཉིན་མོ་རེད། ངའི་བརླ་བར་དུ་ཐེངས་སྔོན་མའམ། སྔོན་མའི་སྔོན་མ་དང་འདྲ་བར་ཟ་འཕྲུག་ཅིག་ལང་བཞིན་པ་དང་འདྲ་ནའང་། ཟླ་བ་འདིའི་གཟའ་སྤེན་པ་དང་པོའི་ཉིན་མོར་དེ་དང་རྩ་བ་ནས་མི་འདྲ་བར་ཐེངས་གཅིག་འཕྲུགས་པས་ཡལ་འགྲོ་ལ་དེ་ནས་གློ་བུར་ཕྱིར་སླེབས་པ་ཞིག་རེད། དོགས་པ་མང་པོ་ཞིག་སྨུག་པ་བཞིན་དྭངས་པའི་ཞོགས་པ་དེར། ངའི་མིག་ལམ་ལ་རྟེའུ་ཁམ་པ་ཞིག་གློག་འཁྱུག་པ་བཞིན་ང་རང་སྐྱེས་སའི་གསེར་ཐང་ནས་ཚུར་བརྒྱུགས་ཡོང་བ་དང་། སློག་པ་རལ་བོ་གྱོན་པའི་འཛོམས་སྐྱིད་ནི་རྟེའུ་དེ་འཛིན་པར་ཆར་ཆུའི་ནང་ནས་ཕར་རྐང་རྗེན་དུ་བརྒྱུགས་པ་མངོན་བྱུང”ཞེས་པར། སྐད་ཆའི་སྒྱུ་རྩལ་ལྡན་ཡང་ཚིག་རྒྱན་ཁོ་ནས་ཐལ་ཆེ་བར་སྤུད་པ་ཞིག་མ་ཡིན་ལ། ཀློག་པ་པོའི་ཡི་གར་འོང་བ་དང་། མི་སེམས་འགུག་ཅིང་ཚོར་བ་སྒུལ་བའི་རྟོག་བཟོའི་འཇིག་རྟེན་ཞིག་ཇུས་འགོད་བྱས་འདུག་ལ། ཡང་དཔེར་ན། རྩོམ་འགྲོས་ཀྱི་དབང་དུ་བྱས་ན། “དེ་རིང་ནི་ལོ་འདིའི་ཟླ་བརྒྱད་པའི་གཟའ་སྤེན་པ་མཐའ་མའི་ཉིན་མོ་རང་རེད......ཟླ་བ་འདིའི་གཟའ་སྤེན་པ་དང་པོའི་ཉིན་མོར.....”ཞེས་དུས་ཚོད་དང་དྲན་པ་སྣོལ་མར་རྗོད་བྱེད་ཚིག་རིས་ཀྱི་ངོས་ནས་ཀྱང་གསལ་པོར་སྟོན་ཐུབ། དངོས་པོའི་དབང་དུ་བྱས་ན། དུས་ཚོད་དང་དྲན་པ། ཡུལ་ལྗོངས་དང་ཟ་འཕྲུག་སོགས་གཟུགས་མེད་ཀྱི་བྱེད་པོ་དེ་དག་ཡང་དང་བསྐྱར་དུ་བྲིས་ཏེ། བརྩམས་སྒྲུང་གི་བྱུང་རིམ་ལ་དགྱེ་སྒུར་རྐྱོང་གསུམ་འཕྲོད་པ་དང་། སྙན་ངག་དང་ལྷུག་རྩོམ་ལྟ་བུའི་ཉམས་ཁྱད་པར་བ་བསྐྲུན་པ་བཅས་ཀྱི་དགེ་མཚན་ལྡན་ཞིང་། ད་ལྟའི་བར་བོད་ཡིག་གི་བརྩམས་སྒྲུང་འབྲི་མཁན་དག་གི་ཁྲོད་ན་འདི་ལྟ་བུའི་རྩོམ་རྩལ་ལྡན་པ་དང་འབྲི་ཐབས་མངའ་བ་དཀོན་ཙམ་མོ། །
བཞི་པ། མཇུག་བསྡུ་བ།
       མདོར་ན། སྒྲུང་འབྲིང«ཟ་འཕྲུག»ཅེས་པའི་ཁྲོད་རྩོམ་པ་པོས་མི་སྣ་གཙོ་བོ་བསམ་གྲུབ་ཀྱི་སེམས་ཁམས་ཞིབ་འབྲི་བྱས་པ་བརྒྱུད་ནས་ཁོའི་གཤིས་ཀ་མཚོན་ཡོད་ཅིང་། མི་སྣ་གཙོ་བོ་བསམ་གྲུབ་ཀྱི་ཕྱིའི་རྣམ་པ་ནི་མག་མོག་དང་རབ་རབ་ཅིག་ཡིན་ནའང་། བསམ་གྲུབ་ཀྱི་དངོས་ཡོད་དང་ཕུགས་བསམ། འཚོ་བའི་ལམ་ཀ་དང་བརྩེ་དུང་བར་གྱི་འགལ་འདུ། ཨུ་ཚུགས་ཆེ་བ་དང་གཞན་བསྟུན་རང་བཞིན། དྲང་ལྡོག་གཉིས་ལས་བསྐྱེད་པའི་ཁེར་རྐྱང་སོགས་རེ་རེ་བཞིན་སེམས་ཁམས་ཞིབ་འབྲིའི་ཐབས་རྩལ་ལ་བརྟེན་ནས་ཁོའི་གཤིས་ཀ་བཞེངས་སྐྲུན་བྱས་ཡོད་པ་ཞིག་ཡིན་ནོ། །
       ལྷག་ཏུ་བརྩམས་སྒྲུང་གི་བྱུང་རིམ་འཕར་ལྡིང་ཆེ་བ་དང་དུས་ཚོད་ནི་ཕྲེང་བ་ལྟར་སྦྲེལ་མེད་པ། དངོས་ཡོད་ལྟ་བུའི་སྒྱུ་འཕྲུལ་དང་སྒྱུ་འཕྲུལ་ལྟ་བུའི་དངོས་ཡོད་ཀྱི་འགལ་འབྲེལ་བཅས་ཁོང་གི་སྒྲུང་འབྲིང་འདིའི་ཐུན་མིན་གྱི་འབྲི་ཐབས་སུ་འཁུམས་ལ། འདི་ནི་ན་གཞོན་རྩོམ་དགའ་དག་གིས་སློབ་སྦྱོང་གི་མིག་དཔེ་དང་། ཁྱོན་ཡོངས་ནས་དོ་ཁུར་བྱས་ཚེ་ཕྱིན་ཆད་བརྩམས་སྒྲུང་གསར་རྩོམ་དང་རོལ་མྱོང་བྱེད་པའི་ཆུ་ཚད་ཀྱང་མཐོ་རུ་འགྲོ་ངེས་སོ་ཞེས་འབོད་སྐུལ་ཞུའོ། །
འབྲེལ་ཡོད་འོས་སྦྱོར།