logo

དམ་བཅའ་དང་རྩོམ་རིག ལྡོང་ལྕགས།

རྩོམ་པ་པོ།:ལྡོང་ལྕགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-31 ཀློག་གྲངས།:
དམ་བཅའ་དང་རྩོམ་རིག
ལྡོང་ལྕགས།
 
       ཉེ་ལམ་གནའ་མཁར་འདྲེ་བཞིའི་སྙན་ངག་བསྡུས་དེབ«གནའ་མཁར་འདྲེ་བཞི»ཟེར་བ་དེ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཟིན་ལ། དེབ་དེ་དཔེ་ཚོང་ཁང་དག་ལས་ཆེས་བྲིན་པའི་ད་ལོའི་དཔེ་དེབ་ཏུ་གྱུར་ཡོད་པ་དང་། དེ་དང་འབྲེལ་ནས་སྤྱི་ཚོགས་སྟེང་ཇ་ཁ་ཆང་ཁ་སོགས་ནས་ཀྱང་གནའ་མཁར་འདྲེ་བཞིའི་དེབ་དང་གནའ་མཁར་འདྲེ་བཞིའི་ཁྲག་མཐེལ་ཅན་གྱི་མནའ་ཡིག་དེ་གླེང་གཞིར་གྱུར་ནས་བསམ་ཚུལ་འདི་དང་གན་ཞེས་ལབ་གླེང་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།
       གནའ་མཁར་འདྲེ་བཞི་ཟེར་བ་དེ་དེ་སྔོན་བཤད་ཚུལ་འདྲ་མིན་མཆིས་མོད། ད་ཆ་དཔེ་དེབ་དེ་མཐོང་བ་ལས། དེ་དག་ནི་ཞི་བདེ་ཉི་མ་དང་འབྲོང་། གཅན་མེ་སྟག རྡོ་གྲགས་སོགས་བཞི་ལས་གྲུབ་པའི་ལོ་རབས་དགུ་བཅུའི་སྐབས་ཀྱི་བོད་ཡིག་གི་དེང་རབས་སྙན་ངག་གི་གསར་རྩོམ་ཚོགས་ཆུང་ཞིག་ཡིན་པ་གཞི་ནས་ཤེས།
       སྤྱིར་གནའ་མཁར་འདྲེ་བཞི་ཡི་མི་རེ་རེ་བཞིན་རྒྱུས་ལོན་ཞིག་བྱས་ཚེ། དེ་དག་གིས་གསར་རྩོམ་གནང་བའི་སྙན་ངག་དང་གློག་བརྙན། གཞས་ཚིག ཟློས་གར་སོགས་ནི་དངོས་ནས་མི་རབས་ཤིག་གི་རྟགས་མཚན་དང་གསར་གཏོད། སྟོང་ཆ་སོགས་ལ་གྲུབ་ཡོད་པ་དེ་དུས་ཚོད་དང་སྤྱི་ཚོགས་ཀྱི་རིན་ཐང་ཐད་ནས་ཀྱང་མིག་མཐོང་ལག་ཟིན་ཡིན་པ་སྨྲ་མི་དགོས་པ་ཞིག་ཡིན་ལ། རྩོད་གླེང་ཅི་ཡང་མེད་པའི་དངོས་ཡོད་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་པ་ལོ་རབས་ཀྱིས་བསྡོམ་ཚིག་བཞག་ཚར་བ་རེད།
       ལྷག་པར་དུ། གནའ་མཁར་འདྲེ་བཞིའི་དཔེ་དེབ་ཀྱི་མདུན་ཤོག་ནང་ཁོ་ཚོས་རྩོམ་རིག་གི་ཆེད་དུ་བཞག་པའི་མནའ་ཡིག་གམ་ཆོད་ཡིག་དེ།གནའ་དེང་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་ཞིག་ཡིན་ལ། རྩོམ་རིག་གསར་རྩོམ་གྱི་ཆེད་དུ་ཤི་གསོན་གྱི་མནའ་མཆེད་བསྒྲིགས་པའི་འགྱུར་མེད་བརྟན་ཚིགས་དེ་ནི་ངོ་མ་སྨྲ་མི་ཤེས་པའི་རིག་གནས་ཀྱི་སྣང་ཚུལ་ཡ་མཚན་ཞིག་ཏུ་རྩིས་ཆོག
       སྤྱིར་བྱ་སྤྱོད་འདི་ལ་ཕྱི་མིག་ཐེངས་ཤིག་ལྟས་ཚེ། ཁོ་ཚོའི་མནའ་ཡིག་ནང་དུ་འཁོད་པའི་ལོ་ཟླའི་དུས་ཚོད་ནི1992ལོའི་ཟླ5ཚེས4ཉིན་རེད། འདི་ནས་ཡར་རྩིས་ཚེ་ལོ་ངོ་སོ་གསུམ་སོང་བ་ཡིན་ལ། ལོ་ངོ་སོ་གསུམ་ནི་མི་ཚེ་གཅིག་ལ་མཚོན་ན་དུས་ཡུན་ཐུང་ཐུང་ཞིག་ག་ལ་ཡིན། ཁོ་ཚོས་དུས་ཡུན་རིང་བོ་འདི་འདྲ་ཞིག་ལ། གནའ་མཁར་འདྲེ་བཞི་ཟེར་བའི་བོད་པ་ཚོས་དང་ལེན་བྱེད་དཀའ་ཞིང་། བྱེད་མི་འོས་པའི་གསར་གཏོད་ཀྱི་མཚན་མིང་ཞིག་འཁུར་ནས། ཁ་ཆར་རླབས་རྒྱུན་དང་། མི་ཁ་འཕྱ་དམོད་འོག་བློ་ཁ་སེམས་མཐུན་དང་། རྒྱུན་འཁྱོངས་ལྷོད་མེད། བརྟན་བརླིང་འགྱུར་མེད་ཀྱིས་སྙན་ངག་བྲིས། སྒྱུ་རྩལ་བཞེངས་ཏེ་རང་ཉིད་ཀྱི་རིན་ཐང་དང་མི་ཞིག་གི་རིན་ཐང་དེ་རང་གི་འདོད་མོས་དང་ཕུགས་བསམ་ལྟར་འཚོལ་སྙེགས་བྱེད་པའང་ཆད་མྱོང་མེད། ཁོ་ཚོ་ནི་བོད་མིའི་རང་གཤིས་དོར་མེད་པའི་དེང་རབས་ཀྱི་འདུ་ཤེས་ཅན་གྱི་མི་བུ་ཏག་ཏག་ཡིན་ལ། ཁོ་པ་ཚོའི་བརྩམས་ཆོས་སྣ་ཚོགས་ནི་དུས་རབས་འདིའི་བོད་པའི་སྤྱི་ཚོགས་ཀྱི་བསྡུས་བརྙན་དང་། ཞོར་དུ་རང་གི་འཇིག་རྟེན་གྱི་ལྟ་བ་ཁོ་ནར་གྲུབ་ཡོད་པའང་སྙོན་དུ་མེད་པ་ཞིག་གོ །
       གནའ་མཁར་འདྲེ་བཞིའི་ཁྲག་གི་མནའ་ཡིག་དེ་ནི་རྩོམ་རིག་སྒྱུ་རྩལ་ལ་དུངས་པའི་ཁྲག་གི་སྐད་ཆ་ཞིག་དང་། འཆམ་མཐུན་གྱི་སྐད་ཆ་ཞིག འཚོལ་བསྙེགས་ཀྱི་སྐད་ཆ་ཞིག མི་ཚེ་ལ་བཅངས་པའི་དྲང་བདེན་དྭངས་གཙང་གི་སྐད་ཆ་ཞིག་ཀྱང་རེད།
       གནའ་མཁར་འདྲེ་བཞིའི་ཞི་བདེ་ཉི་མ་ལགས་ཀྱང་སྙན་ངག་དང་སྒྱུ་རྩལ་གྱི་ཆེད་དུ་གསོན་པ་དང་འདྲ་བར། ལོ་ན་རྒས་པར་ཆགས་ཀྱང་བསམ་བློ་དང་གསར་རྩོམ་གྱི་བློ་སྤོབས་སྔར་བཞིན་མ་ཉམས་པར། ཁོང་གི་སྙན་ངག་དང་གློག་བརྙན། འཁྲབ་སྟོན། གཞས་ཚིག་སོགས་ལ་གཞན་དང་མི་མཚུངས་པའི་ཐོད་རྒལ་གྱི་འདུ་ཤེས་ལྡན་ལ། ཁོང་གི་སྙན་ངག་ནི་ནམ་ཡང་བསམ་བློ་སྔོན་བརྒལ་དང་། དོགས་སློང་དང་བློ་འབྱེད། དགག་སྒྲུབ་ཀྱི་བསམ་བློ་ལྡན་པའི་དེང་རབས་རིང་ལུགས་པའི་སྙན་ངག་པ་དངོས་མ་ཞིག་ལ་བགྲང་ཆོག་པའི་མི་བུ་ཞིག་རེད།
       འབྲོང་ངམ་འབྲུག་ལྷ་རྒྱལ་ལགས་ཀྱི་དུངས་བརྗོད་སྙན་ངག་གིས་མི་རབས་གཅིག་གི་བར་སྟོང་ལ་ལང་ཚོ་དང་འཆར་ཡན་སྐྲུན་མྱོང་ཞིང་། ཁོང་གིས་སྐྱེས་ཕོ་རབས་ཤིག་གི་རང་གཤིས་འཛོམས་པའི་སྐད་ངག་གིས་སྒྲ་སྡུད་འཁོར་ལོའི་འགྲམ་གྱི་ལྟ་མཁན་དང་ཉན་མཁན་མང་པོའི་སེམས་པ་སྒུལ་མྱོང་ཞིང་། རང་གཤིས་ལྡན་པའི་གཞས་ཚིག་དེ་དག་བོད་ཀྱི་གཞས་དབྱངས་སྒྱུ་རྩལ་གྱི་གར་སྟེགས་སྟེང་འོད་འཚེར་བའི་སྐར་ཆེན་ཞིག་ཅི་ལ་མིན།
       གནའ་མཁར་འདྲེ་བཞིའི་གཅན་མེ་སྟག་གིས་མི་ཚེ་གཅིག་ལ་སྙན་ངག་བྲིས་ཏེ། ཁོང་གི་ཚེ་ཡི་འཕེན་པའང་སྙན་ངག་ཁྲོད་མཇུག་རྫོགས་པའི་སྙན་ངག་གི་སྲས་པོ་ཞིག་ཡིན་ལ། ཁོང་གི་བརྩམས་ཆོས་དག་ནི་མི་རབས་ཤིག་གི་སེམས་སྐད་རེད་ཅེས་གླེང་ནའང་མི་ཆོག་རྒྱུ་ག་ལ་ཡོད།
       གནའ་མཁར་འདྲེ་བཞིའི་རྡོ་གྲགས་ལགས་ཀྱི་སྙན་ངག་དང་གཞས་ཚིག གློག་བརྙན་སོགས་ལ་ལྟ་མཁན་ཁྲི་འབུམ་མང་པོས་ཡིད་དབང་འགུགས་དང་འགུག་བཞིན་ཡོད་ལ། ཁོང་ནི་བརྙན་འཕྲིན་ལས་རིགས་ཐད་ལ་མི་ཚེ་གཅིག་གི་ལང་ཚོ་བསྟིམས་པའི་མི་བུ་འཇོན་ཐང་ཅན་ཞིག་གོ །
       མདོར་ན། གནའ་མཁར་འདྲེ་བཞིའི་གསར་རྩོམ་ལམ་བུ་དེ། མི་རབས་ཤིག་གི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་ཞིག་དང་། ཁོ་ཚོའི་ལྷད་མེད་བརྟན་བརླིང་གི་རིག་གནས་སྙིང་སྟོབས་དེ་ཡང་མི་རབས་ཤིག་གི་རྩོམ་རིག་སྒྱུ་རྩལ་ལ་བཅངས་པའི་ཆེས་དྭངས་གཙང་གི་སྙིང་སྟོབས་ཤིག་རེད།
       གནའ་མཁར་འདྲེ་བཞི་ཡི་བརྩམས་ཆོས་དག་ལ་ཞིབ་ཀློག་ཐེངས་ཤིག་བྱས་ཚེ། དངོས་ནས་བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་གྱི་བློ་སྦྱོང་ངེས་ཅན་ཞིག་ལྡན་པ་དེ་གདོན་མི་ཟ་ལ། གནའ་མཁར་འདྲེ་བཞིའི་ཁྲག་མཐེལ་ཅན་གྱི་མནའ་ཡིག་དེ་ཡང་བློ་སྟོབས་དང་འགྱུར་མེད་ཀྱི་ཚེ་གཅིག་ལུས་གཅིག་གི་ཚེ་སྲོག་གི་དམ་བཅའ་གསོན་པོ་ཞིག་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།