ཕྲན་དཔྱད། མར་བཟའ་བློ་སྒྲོལ་གྱི་སྙན་ངག
རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-07
ཀློག་གྲངས།:
ཡི་ཆད།
མར་བཟའ་བློ་སྒྲོལ།
ངས་ཁེར་རྐྱང་གི་ནང་དུ་ལག་པ་ཇི་ཙམ་བསྲིང་ན་ཡངལག་ཟུང་གཉོམ་པོ་འདི་ཡིས་འུ་གཉིས་ཀྱི་ན་ཚོད་བསྲོ་མི་ཐུབ
འཇའ་ཚོན་ལྟ་བུའི་མཛེས་སྡུག་ཀྱང་འཛིན་ཐབས་བྲལ
ལྷོག་ལྷོག་ཏུ་གདུས་ཤིང་འཕྱུར་བའི་ན་ཚོད་དེའི་དྲན་པ་དག
འབྲོང་ཁྱུ་སྒང་ལ་གཤར་བ་མཚན་སྨག་གིས་མནན་པ་ཙམ་རེད
ཆུ་མོ་ཤག་ཤག་གི་འགྲོས་ལ་བསྲེས་ན
དར་དཀར་ཡུག་ཅིག་གིས་མཚོན་པ་བྱས་ཀྱང་ཆོག་མོད
འུར་ཟིང་དང་ལྷིང་འཇགས་གཉིས་ཀར་ཕྱོགས་པའི་འུ་གཉིས
ཉི་ཤར་དང་ཉི་ནུབ་ལ་འབྲེལ་བ་ཆེར་མེད་པས
ཐུག་བསམ་བཞེས་པ་མ་གནང
སྙིང་ཉེ
དུས་ཚོད་རློན་པ་འདིས་བསྲོས་པའི་ན་ཚོད་འཁྱག་པ་དེ
སྡོང་མགོར་སྐམ་ནས་སྡོང་རྩར་ཟགས་པ་ཙམ་ལགས་ན
གཟབ་ནན་གྱི་མིག་ཟུང་གཉིས་ལ་ཞབས་ཁྲུས་ཤིག་གི་གོ་སྐབས་གནང་རོགས
བྱང་ཁོག་གི་མཚོ་མོ་གཡོ་འཁྱོམ་རེ་ཡིས
བསྐལ་པ་དུ་མའི་སྐྱེ་འཆི་དྲུད་ཡོང་།
ཕྲན་དཔྱད། སྐྱབས་ཆེན་བདེ་གྲོལ།
སྐྱེས་མའི་རྩོམ་རིག་སྟེ་ལྷག་དོན་སྐྱེས་མའི་སྙན་ངག་ནང་གི་སྐྱོ་གདུང་དང་ཁེར་ཧྲེང་གི་ཚོར་བ། ཡང་ན་སྣང་བ་དེས་མཚོན་པའི་ནང་སེམས་ཀྱི་སྐྱ་རིས་དེ་ནི་དབྱིན་སྐད་དང་ཨུ་རུ་སུའི་སྐད་སོགས་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་སྐད་རིགས་དག་ཏུ་མ་ཟད་རང་རེའི་བོད་སྐད་ནང་དུའང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། དེར་ཕྱོགས་གཅིག་ནས་ཕོ་དབང་དྲག་པོས་སྤྱི་ཚོགས་ཀྱི་གྲུ་ཟུར་སྣ་ཚོགས་སུ་སྤྱུགས་ཏེ་འཇིག་རྟེན་འཁོར་བའི་གྲང་སྣང་ཁོ་ནར་རོལ་བའི་སྐྱེས་མ་ཚོའི་སེམས་ནང་གི་འཁོན་སེམས་དང་། དོགས་གཞི། སྐྱོ་སྣང་སོགས་ཐབས་སྣ་ཚོགས་ཀྱིས་མཚོན་པའི་སྐྱོ་སྣང་རིང་ལུགས་ཀྱི་དོན་སྙིང་གལ་ཆེན་ཞིག་ཡོད།
ཕྱོགས་གཞན་ཞིག་ནས་དེར་སྐྱེས་པའི་སྐད་གདངས་དྲག་པོའི་རྩོམ་གཤིས་དང་ཚིག་རྒྱན་ལས་ལོགས་སུ་གྲོལ་བའི་གཉོམ་ཆུང་ཞི་དུལ་གྱི་ཉམས་དམིགས་བསལ་བ་ཞིག་ལྡན་པས་ཐ་སྙད་འདེམས་སྟངས་དང་། བརྗོད་པའི་སྒྲོམ་གཞི། དཔེ་འགོད་སྟངས་སོགས་ལ་སྐད་བརྡའི་གསར་གཏོད་ཀྱི་ཆ་ནས་དོན་སྙིང་ཆེན་པོ་ཞིག་ལྡན་ཡོད། དབུས་བཟའ་མཁའ་འགྲོ་མའི་མགུར་གླུའི་ནང་བྱུང་བའི“ཚེ་རོགས་ངན་པའི་ཞལ་ངོ། །རྫ་རིར་ཉི་གྲིབ་གུག་འདྲ། །གནས་ཁང་གད་ནང་ཁོག་སྟོང་། །གྲིབ་འཁྱག་གཅོང་གི་གཞི་མ། །”ཞེས་པ་སོགས་ནི་ཨ་རིའི་མཐོལ་བཤགས་པའི་ལུགས་ཀྱི་སྐྱེས་མ་སྙན་ངག་པ་སལ་ཝེ་ཡ་ཕེ་ལ་ཟི(塞尔维亚•普拉斯;Sylvia Plath)ཡི་བརྩམས་ཆོས་ནང་བྱུང་བའི“སྣང་མེད་དུ་བསྐྱུར་བའི་མེ་ཏོག་རྐང་གཅིག/བདག་གི་རུས་པ་འགུལ་མེད་དུ་གནས/ཐག་རིང་གི་ཞིང་གྲོང་གིས་ངའི་སྙིང་བཞུ/ཁོ་ཚོས་བཙན་གྱིས/ང་ལ་དག་ཞིང་ཞིག་བརྒལ་བར་སྐུལ/རྒྱུ་སྐར་མེད་ལ/ཨ་ཕའང་མེད/སྨག་རུམ་གྱི་ཆུ”ཞེས་པ་སོགས་དང་འདྲ་སྟེ། སྡུག་བསྔལ་གྱི་ཁ་དོག་དང་འདྲེས་པའི་ཚིག་གི་ཕྲེང་བ་དེ་དག་གིས་ངེད་ཅག་ལ་གྲང་འཁྱག་དང་། རེ་ཆད། སྨྲེང་སེམས། སྙིང་པོས་སྟོང་བ་སོགས་བརྗོད་གཞིར་བཟུང་སྟེ་སྙན་ངག་གི་ཁམས་ངོ་མཚར་བ་ཞིག་བཞེངས་ཤིང་གལ་སྲིད་དེ་ཉིད་སྤྱི་མཚན་པའི་ལུགས་ཀྱི་རི་མོ་ཞིག་ཡིན་ཚེ་དེའི་ཚོན་མདངས་ནི་སྐྱེས་མ་ཚོའི་མཉེན་ཞིང་ཕྲ་བའི་སོར་མོ་ཁོ་ན་ལས་སྐྱེས་པའི་ལག་པ་འཁོབས་པོ་དག་གིས་གྲུབ་མི་ཐུབ་པ་རང་བཞིན་གྱིས་ཤེས་སོ། །
ཐེངས་འདིར་གླེང་བར་བྱ་བའི་མར་བཟའ་བློ་སྒྲོལ་གྱི་སྙན་ངག«ཡི་ཆད»ནི་སྒྲོམ་གཞི་ཆ་ཚང་ཙན་དན་གྱི་མཛེས་པ་དང་རྒྱ་ཤུག་གི་དྲི་བསུང་འཛོམས་པའི་དབྱངས་གསལ་གྱི་ཚིག་ཕྲེང་ངོ་མཚར་བ་དེས་བཟོས་ནའང་དེས་ཀློག་མཁན་སེམས་ལ་འཇིག་རྟེན་འདིའི་རང་བཞིན་ངོ་མ་དང་འགྲོགས་པའི་རླུང་ཡན་ཞིག་ལྡང་དུ་འཇུག་ལ་དེ་ཉིད་སྲིད་པ་དང་པོ་ཆགས་དུས་ཀྱི་འཁྱགས་གླིང་ནས་མཆེད་པ་ལྟ་བུའི་ཚོར་བ་ཞིག་མྱང་ཐུབ།
སྙན་ངག་དེའི་དབུ་རྩོམ་བྱེད་ཀྱི་ཚིག་དང་པོ་སྟེ།“ངས་ཁེར་རྐྱང་གི་ནང་དུ་ལག་པ་ཅི་ཙམ་བསྲིང་ནའང/ལང་ཟུང་གཉོམ་པོ་འདི་ཡིས་འུ་གཉིས་ཀྱི་ན་ཚོད་བསྲོ་མི་ཐུབ”ཅེས་པས་སྙན་ངག་དེའི་སྲོག་སྙིང་དུ་གྱུར་པའི་བརྗོད་བྱ་ཉིད་འཕྲལ་མ་ཉིད་དུ་གསལ་པར་བྱས་ཡོད། དེས་རེ་བ་དང་ཕམ་ཁ་གཉིས་ལ་མཐུན་ལམ་མེད་པ་ལྟར་སྨྲས་ཏེ་སྙན་ངག་གི་ཐང་ཀ་དེའི་ཞལ་ཁེབས་འབྱེད་པ་ལྟར“ཡི་ཆད”ཀྱི་ངོས་གཅིག་མཚོན་པར་བྱས་འདུག དེ་ནས་གཏིང་ཟབ་མོས“ཡི་ཆད”ཀྱི་སྣང་བ་ཉིད་མཚོན་ཕྱིར་འཕྲོ་རིམ་འཕྲོར་དཔེར་འགོད་པ་དང་གཟུགས་བརྙན་བཞེངས་པའི་ཐབས་ལ་བརྟེན་ཏེ“འཇའ་ཚོན་ལྟ་བུའི་མཛེས་སྡུག་ཀྱང་འཛིན་ཐབས་བྲལ”བ་དང་། “ལྷོག་ལྷོག་དུ་གདུས་ཤིང་འཕྱུར་བའི་ན་ཚོད་དེའི་དྲན་པ་དག/འབྲོང་ཁྱུ་སྒང་ལ་གཤར་བ་མཚན་སྨག་གིས་མནན་པ་ཙམ་རེད”ཅེས་སྨྲས་འདུག ལྷག་པར་དུ“འབྲོང་ཁྱུ་མཚན་སྨག་གིས་མནན་པའི”གཟུགས་བརྙན་འཇིགས་སུ་རུང་བ་དེ་ནི“འཇའ་ཚོན་འཛིན་ཐབས་བྲལ་བའི”སྤྱིར་བཏང་གི་དཔེ་དེར་བསྡུར་ན་ཤིན་ཏུ་ལྗིད་ཤུགས་ཆེ་བ་ཞིག་ཡིན་པས་དེས་སྙན་ངག་ཧྲིལ་པོའི་སྐྱོ་ཤས་ཀྱི་ཁམས་གྲུབ་པ་ལ་དམིགས་བསལ་གྱི་ནུས་པ་ཞིག་ཐོན་འདུག གང་ལྟར་སྙན་ངག་དེའི་ཚན་པ་དང་པོ་ནི་ཚིག་སྦྱོར་གྱི་མཚོན་སྟོབས་རིམ་པ་བཞིན་ཇེ་ཆེར་བཏང་བ་ཞིག་ཏུ་གྲུབ་སྟེ་དང་པོ་སྤྱིར་བཏང་གི་ཚིག་སྦྱོར་དང་ཉེ་བར་བྱས་པ་དང་། གཉིས་པ་དཔེར་བཀོད་པ། གསུམ་པ་འུད་ཆེན་པོས་བརྗོད་པ་ཡིན་པས་ཀློག་མཁན་གྱིས་མཐོང་ལམ་སྣ་ཚོགས་ནས་དུས་གཅིག་ཏུ“ཡི་ཆད”ཀྱི་ངོས་འགའ་ཞིག་མཐོང་བ་མིན་པར་ཟབ་ཚད་མི་འདྲ་བའི་ངོས་འགའ་ཞིག་མཐོང་ཐུབ་སྙམ།
ཚན་པ་གཉིས་པ་ནས་ཚན་པ་དང་པོའི་གོམ་འགྲོས་བསྐྱར་ཟློས་མ་བྱས་པར་སྙན་ངག་གི་ནང་དུ་འགྱུར་ཁུག་དང་ཁམས་གཞན་ཞིག་དྲངས་པས་ཀློག་མཁན་ལ་སྙན་ངག་དེ་མུ་མཐུད་དུ་ཀློག་པའི་ཡི་ག་བསྩལ་ཡོད། “འུ་གཉིས”ནི“འུར་ཟིང་དང་ལྷིང་འཇགས་གཉིས་ཀར་ཕྱོགས་པ”དེ་སྦས་དོན་རིང་ལུགས(神秘主义;Mysticism)ལྟར་བརྗོད་འདུག བརྗོད་དོན་དེ་ཉིད་ཚིག་རྐང་མགོ་མ་གཉིས་ནང་གི“ཆུ་མོ་ཤག་ཤག”དང“དར་དཀར་ཡུག་གཅིག”གམ་ཚིག་རྐང་བཞི་པའི་ནང་གི“ཉི་ཤར་དང་ཉི་ནུབ”གང་ཡིན་ཡང་སྙན་ངག་པའི་སེམས་ནང་གི་དྭངས་གཙང་ལྷད་མེད་ཀྱི་གཟུགས་བརྙན་ནམ་རང་བྱུང་གི་འཇིག་རྟེན་དེ་ལས་མངོན་ཡོད་ཀྱང“འུར་ཟིང་དང་ལྷིང་འཇགས་གཉིས་ཀར་ཕྱོགས་པའི”དངོས་དོན་ཕྱིན་ཅི་ལོག་པ་ཡོད་ཕྱིར་དེ་ཐམས་ཅད་འཐོབ་པར་མི་འགྱུར་ཞིང“འུ་གཉིས”དེ་ཐམས་ཅད་ལ“འབྲེལ་བ་ཆེར་མེད་པས”མཐར“ཐུགས་བསམ་བཞེས་པ་མ་གནང”ཞེས་ཕྱི་རོལ་ཡུལ་གྱི་བདེན་གྲུབ་ཙམ་མིན་པར་ནང་རོལ་རང་རིག་གི་ངོས་ནས“ཡི་ཆད”ཀྱི་རང་བཞིན་གསལ་བར་བྱས་ཡོད། སྤྱིར་ཚན་པ་འདིའི་ནང་གི་ཚོར་ཤུགས་བརྗོད་པའི་ཚད་ནི་ཚན་པ་སྔོན་མ་ལས་ཅུང་ཆེ་བས་སྙན་ངག་སྤྱིའི་ཟབ་ཚད་ལ་གནོད་པ་ཅུང་ཙམ་གཏོང་བའི་ཚོར་བ་འབྱུང་མོད། གོང་དུ་བརྗོད་པ་ལྟར་ཚན་པ་སྔ་གཞུག་གཉིས་ནི་རྨང་ཚོན་མི་འདྲ་བའི་རི་མོ་གཉིས་དང་འདྲ་བས་འབྲི་ཐབས་དེ་ལྟ་བུས་སྙན་ངག་གི་སྒྲོམ་གཞིའི་མཛེས་པ་མངོན་པར་ཕན་ཆེན་པོ་ཐོགས་འདུག
ཚན་པ་གསུམ་པའི་ནང་། སྙན་ངག་པས་སྣང་ལ་མ་ངེས་པའི་ངང་དུ་དུས་ཚོད་ལ་ཅོ་འདྲི་བར་བྱས་ཏེ“ཡི་ཆད”ཉིད་མཚན་ཉིད་རིག་པའི་དོང་ནག་ཏུ་འཕངས་ཤིང་དེ་མཚོན་པར“དངོས་ཡོད་ལས་བརྒལ་བའམ་འགོངས་པའི”ཚིག་ཕྲེང་ཞིག་སྤེལ་འདུག་ལ་ལྷག་དོན་ཚིག་རྐང་མཐའ་མ“བསྐལ་པ་དུ་མའི་སྐྱེ་འཆི་དྲུད་ཡོང”ཞེས་པ་དེས་གླེང་མ་ཐག་པའི་དུས་ཚོད་ཙམ་མིན་པར་སྲིད་པ་འདི་གྲུབ་བྱེད་ཀྱི་རྩ་བའི་རྒྱུ་གཉིས་ཀ་སྟེ་ཡུལ་དང་དུས་ཉིད“ཡི་ཆད”ཀྱི་ངོ་བོར་འདྲེས་སུ་བཅུག་འདུག ཏག་ཏག་ཚན་པ་གསུམ་པས་སྙན་ངག་འདིའི་མཐོ་རླབས་བསུས་པ་དང་དེ་དང་ཆབས་ཅིག“བྱང་ཁོག་གི་མཚོ་མོ་གཡོ་འཁྱོམ”ཞེས་པའི་ཚིག་ཕྲེང་རྨད་དུ་བྱུང་བ་ཞིག་སྤེལ་བས་མངོན་དོན་དང་གབ་དོན་གཉིས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཀློག་མཁན་གྱི་མདུན་དུ་བཤམས་འདུག
དེ་མིན་སྙན་ངག་འདི་ལ“སྒེར་པ་མིན་པའི་གཞུང་ལུགས”(非私人化理论;The Impersonal Theory)ཀྱི་རྩོམ་གཤིས་ཅུང་ཙམ་ཡང་ལྡན་པར་འདོད། དེའང་སྙན་ངག་མཁན་དང་སྙན་ངག་གཞུང་ལུགས་སྨྲ་པT•Sཨེ་ལོའི་ཐིས“སྙན་ངག་ནི་སེམས་ཚོར་དྲག་པོ་རྒྱ་ཡན་དུ་གཏོང་བ་མིན་པར། དེ་ལ་འབྱོལ་བ་ཉིད་དོ། །སྙན་ངག་ནི་སྒེར་གཤིས་མཚོན་བྱེད་མིན་པར། སྒེར་གཤིས་ལ་འབྱོལ་བ་ཉིད་དོ། །འོན་ཏེ། ཚོར་ཤུགས་དྲག་པོ་དང་སྒེར་གཤིས་ཡོད་པའི་སྐྱེས་བུ་ཁོ་ནས་དེ་དག་ལ་འབྱོལ་བའི་གོ་དོན་ནི་ཅི་འདྲ་ཞིག་ཡིན་པ་རྟོགས་ཐུབ”ཅེས་སྨྲས་པ་བཞིན་སྙན་ངག་འདིས་མང་པོ་ཞིག་གིས་བྲིས་པ་ལྟར་སྐོམ་པ་ཆུ་འདོད་ཀྱིས་བརྩེ་བར་འཇུག་པ་དང་དེ་ལ་བསྔགས་པའམ་སྨོན་པའི་སེམས་ཁམས་ཤིག་མཚོན་མེད་པར“ཉི་ཤར་དང་ཉི་ནུབ་ལ་འབྲེལ་བ་མེད་པ”དང་། “བསྐལ་པ་དུ་མའི་སྐྱེ་འཆི་དྲུད་ཡོང་བ”སོགས་གང་ཟག་སྒེར་གྱི་འཚོ་བ་ལས་འདས་པའི་དོན་ཟབ་མོ་བཀོལ་ཏེ་འཇིག་རྟེན་སྐྱེ་བོ་ཡོངས་ཀྱི་གདོང་གཏད་དགོས་པའི་བརྗོད་གཞི་ཆེན་པོ་དག་དྲངས་ཡོད། འོན་ཀྱང་འདི་ཉིད་ཡོངས་སུ“སྒེར་པ་མིན་པའི་གཞུང་ལུགས”ཀྱི་ཚབ་མཚོན་བརྩམས་ཆོས་ཤིག་ཏུ་བགྲང་རུང་ངམ་ཞེ་ན་མིན་ཏེ། འདི་དང་ཕེ་ལ་ཟིའི་སྙན་ངག«སྐྱེས་མ་ལཱ་ཟཱ་རུ»(女拉撒路;Lady Lazarus)ཞེས་པ་གཉིས་བསྡུར་ཙམ་བྱས་པས་ཤེས་ཐུབ། ཕྱི་མའི་ནང་བཀོལ་བའི་རིག་གཞུང་གི་བརྡ་ཆད་དང་། ངོ་མཚར་བའི་ལུང་ཚིག ཤིན་ཏུ་ཟབ་པའི་གབ་དོན། བརྗིད་ཉམས་ཆེ་བའི་ཚིག་སྦྱོར་སོགས་ལ་སྔོན་མས་བསྡུར་ཐབས་མེད་ཅིང་། དོན་འདི་ལས་རང་རེའི་སྙན་ངག་མང་ཤོས་ལ་ད་དུང་སྤུས་ཀ་མཐོར་འདེགས་པའི་བར་སྟོང་ཆེན་པོ་ཞིག་ཡོད་པ་ཤེས་ཐུབ།
མདོར་ན་སྙན་ངག་ཧྲིལ་པོའི་ནང་གི་སྐད་ཆ་ཚིག་གཅིག་ཀྱང་བརྗོད་གཞི་དངོས་ལ་ཁ་བྲལ་མེད་ཅིང་སྙན་ངག་གཅིག་གི་ནང་མཚོན་སྟོབས་མི་འདྲ་བའི་དཔེ་དང་གཟུགས་བརྙན་སྣ་ཚོགས་བཀོད་ཀྱང་སྒྲིག་གཞིའི་སྲུབས་མི་འཐོར་བར་བྱས་ཏེ་སྙན་ངག་ཅིག་གྲུབ་པར་བྱས་པ་དང་། ཚིག་ཚོགས་རྐྱང་པ་སྤུངས་ཏེ་བརྗོད་དོན་ཡོངས་སུ་བསྒྲིབས་པར་མ་བྱས་པས་སྐྱེས་མ་སྙན་ངག་མཁན་འདིའི་རྩོམ་རྩལ་རབ་ཏུ་སྨིན་ཡོད་ལ། མོའི་སེམས་ཀྱི་སྙན་ངག་གི་ཞིང་ཁམས་ཉིད་ཤིན་ཏུ་རྒྱ་ཆེ་བ་ཤེས་ཐུབ།
10/9/2024གཙོས།
དབྱར་སྟག་ཟླའི་ནང་གི་རྟ་རྒོད་རྐྱང་ངེ་།
མར་བཟའ་བློ་སྒྲོལ།
ཁྱོད་ཀྱིས་ཟླ་འོད་ཀྱི་གསེབ་ཏུ་ལུས་པའིའཆི་བའི་ལྡེ་མིག་ལྗང་ཁུ་དེ་བླངས་ཤིང
ང་ཡི་བྲང་གཞུང་གི་སྤང་རྒོད་ལ
རྣོ་གྲི་ཕྲ་མོས་ཕྲ་ཀོང་འགའ་ཡི་འཚོ་གནས་ཀྱི་གཞིས་ཀ་བསྐྲུན་ཏེ
ང་ལ་གསོན་པའི་གནས་ལུགས་བརྒྱ་སྟོང་བཤད
ང་ཡང་དེ་ལ་ཞེན་པ་ཨེན་ཙམ་སྐྱེས་པས
ཁྱོད་ཀྱི་ཕྱོགས་སུ་བལྟ་ཙམ་བྱས
དུས་ཚོད་ཀྱི་རྔ་མ་རིང་པོ
དུག་སྦྲུལ་བཞིན་དུ་ལུས་ལ་འཁྱུད་ཅིང
མཚོ་གཏིང་གི་གཡུ་དང་བྱུ་རུ
ང་ཡི་བྲང་གི་ཕྲ་ལ་བཏབ
བདེ་སྐྱིད་ཅེས་པའི་བེམ་པོ་ནག་པོ་དེ
གཡའ་དང་སྤང་གི་མཚམས་ནས་དུར་ལ་བཅུག
ཁྱོད་ཀྱི་རྔོག་ཆུང་འབར་བའི་དུས་ཚིགས་རེ་རེ་དང
མཁུར་མགོའི་མིག་ཆུའི་རྡོག་པ་རེ་ཡིས
ཁྱོད་རང་ད་དུང་གསོན་འདུག་ཅེས
སེམས་ཁྲལ་གྱི་འབོད་པ་མང་བོ་གནང་ཡང
འཆི་བའི་ལྡེ་མིག་ནར་ནར་དེས
མུན་པའི་ཟོལ་གྱིས་དེད་ནས་ཡོང་།
ཕྲན་དཔྱད། རེ་རྐང་གླིང་།
དེང་རབས་རང་བཞིན་ཐད་ལ་གཞུང་ལུགས་ཀྱི་ལམ་ཀ་གཅིག་གྱུར་མིན་པའི་རང་ཅག་བོད་ཀྱི་དེང་རབས་སྙན་ངག་ལ་མཚོན་ན། མི་ལོ་བཞི་བཅུ་ལྷག་གི་ལོ་རྒྱུས་བྱུང་འཕེལ་དེ་ལས་གྱེར་འདོན་སྙན་ངག་ནས་དུངས་བརྗོད་སྙན་ངག དེ་ནས་བསྡུས་བརྗོད་སྙན་ངག་སོགས་གང་ལ་གང་འཚམས་ཀྱི་འགྱུར་བ་འདྲ་མིན་བྱུང་མྱོང་ནའང་། གྱེར་འདོན་སྙན་ངག་ཕུད་གཞན་རྣམས་ལ་ནི་སྔ་ཕྱིའི་དབྱེ་བ་དགར་དུ་མེད་པར་བོད་ཁུལ་གྱི་ཚགས་དེབ་རྣམས་སུ་ད་ལྟའང་དེ་མཚུངས་སུ་དགོད་དང་བཀོད་ཀྱིན་ཡོད། དེ་བས་བོད་ཀྱི་དེང་རབས་སྙན་ངག་ཅེས་པའི་མཚན་ཉིད་གསོན་པོ་ཞིག་དུས་དེ་རིང་གི་བར་དུ་གཞི་ཚུགས་མེད་ཁར། དེ་འབྲེལ་གྱི་རིག་ལམ་གསར་པའི་གཞུང་ལུགས་གནད་དུ་ཐིངས་པ་ཞིག་ཀྱང་ཚུགས་ཡག་མིན་གཤིས། སྙན་ངག་བརྩམས་ཆོས་གང་ཞིག་ལ་མཐའ་གསལ་མཐིལ་མཐོང་གི་འགྲེལ་བཤད་རྒྱག་པ་ནི་འོས་མ་ཡིན་པའི་སྟབས་སུ་བསྙོན་མོད། སྙན་ངག«དབྱར་སྟག་ཟླའི་ནང་གི་རྟ་རྒོད་རྐྱང་ངེ»ལྟ་བུར་མཚོན་ན་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱུག་ཆེ་བའི་ཡིད་བརྙན་གྱི་མཚོན་བྱེད་བཀོད་པ་དེས་མཛེས་རྟོག་གི་ཚོར་སྣང་གསར་པ་ཞིག་བསྐྱེད་ངེས་ན། ང་ཚོས་ཡིད་བརྙན་ཚོགས་པའམ་མི་སྒེར་གྱི་མཚོན་ཐབས་དེ་ལས་སྙན་ངག་འདིའི་མྱོང་རོལ་གྱི་ཆ་ལ་དཔྱད་པ་བཏང་ཆོག་པར་སྙམ།
དེ་ཡང་སྙན་ངག་འདི་མགོ་བརྩམས་མ་ཐག“ཁྱོད”ཅེས་གང་ཟག་གཉིས་པའི་ཐ་སྙད་ཅིག་བེད་སྤྱད་པ་འདི་ལས་སྙན་ངག་གི་གབ་དོན་དེ་ལྐོག་གྱུར་དུ་བསྟན་འདུག་པ། རྩོམ་རིག་གཞུང་ལུགས་ཀྱི་གོ་བ་ལྟར་ན་གང་ཟག་གཉིས་པའི་ཐ་སྙད“ཁྱོད”ཅེས་པས་ཁྱོད་དང་ཁྱོད་ཅན་ནམ་གཟུགས་སུ་དགོད་བྱ་དང་འགོད་བྱེད་གཉིས་ཀ་མཚོན་པ་ཡིན་གཤིས་ཀློག་པའི་གོ་རིམ་ཁྲོད་དུ་དུངས་པ་བརྗོད་སའི་ཕ་རོལ་བོ་དེ་ཐག་གཅོད་དཀའ། ཡིན་ནའང་དུམ་མཚམས་དང་པོ་བཀླགས་རྗེས་གང་ཟག་གཉིས་པའི་ཐ་སྙད་དེས་རང་ཉིད་སྟོན་གྱིན་མེད་པ་ཞར་ལ་རྟོགས་སྲིད་པ། “ང་ཡི་བྲང་གཞུང་གི་སྤང་རྒོད་ལ”ཞེས་ཡང་བསྐྱར་གང་ཟག་དང་པོའི་ཐ་སྙད“ང”སྦྱར་ཡོད་པ་འདི་ལས“ཁྱོད”ཅེས་པ་རྩོམ་པ་པོ་རང་ཉིད་སྟོན་པ་མ་ཡིན་པར“ང”ཡིས་བརྗོད་འདོད་སེམས་ཀྱིས་སྐུལ་བའི་ཕ་རོལ་བ་ཞིག་སྟེ། རྟ་རྒོད་རྐྱང་ངེའམ་གཟུགས་སུ་དགོད་བྱ་གཞན་ཞིག་ཡིན་པ་ཤེས་ཐུབ།
རྩོམ་པ་པོས་སྙན་རྩོམ་མགོ་བརྩམས་མ་ཐག“ཁྱོད་ཀྱིས་ཟླ་འོད་ཀྱི་གསེབ་ཏུ་ལུས་པའི/འཆི་བའི་ལྡེ་མིག་ལྗང་ཁུ་དེ་བླངས་ཤིང”ཞེས་ཁ་དོག་མཚོན་པའི་ཡིད་བརྙན་ཞིག་བཀོད་ཡོད་པ་འདི་ལ་བལྟས་མ་ཐག་པར་སྒྱུ་རྩལ་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་མཐོང་དཀོན་ནའང་། ཚིག་རྐང་རྗེས་མ“ང་ཡི་བྲང་གཞུང་གི་སྤང་རྒོད་ལ”ཞེས་པ་བཀླགས་པ་ཙམ་གྱི་མཛེས་རྟོག་འཕར་མའི་ཚོར་སྣང་ཞིག་སྦྱིན་ཡོང་བ། སྤང་དང་བྲང་གཉིས་དབྱིབས་མཚུངས་ཡིན་པའི་ཚོར་བ་དེས་སླར་ཡང་སྤང་ལྗོངས་དང་ལྡེ་མིག་གཉིས་ཀྱི་ཁ་དོག་ལྗང་ཁུ་ཡིན་པའི་མཚུངས་ཆོས་ཤིག་གདོད་ནས་གྲུབ་བཞིན་པའི་འཁྲུལ་ཤེས་ཤིག་བསྩལ་ཡོང་། མཚོན་ཐབས་འདི་ལྟ་བུ་སྙན་ངག་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ། དཔེར་ན། ཚན་པ་དང་པོའི་ནང་གི“རྣོ་གྲི་ཕྲ་མོས་ཕྲ་ཀོང་འགའ་ཡི་འཚོ་གནས་ཀྱི་གཞིས་ཀ་བསྐྲུན་ཏེ”ཞེས་པ་ཚན་པ་གཉིས་པའི“མཚོ་གཏིང་གི་གཡུ་དང་བྱུ་རུ/ང་ཡི་བྲང་གི་ཕྲ་ལ་བཏབ”ཅེས་སྔ་མ་འཚོ་གནས་ཀྱི་གཞིས་ཀ་ཕྲ་འདེབས་ཡུལ་གྱི་ཕྲ་ཀོང་ཞིག་ཏུ་བསྐྲུན་པ་དང་། དེ་ནས་ཚན་པ་ཕྱི་མའི་ནང་གཡུ་དང་བྱུ་རུ་བྲང་གི་ཕྲ་ལ་བཏབ་ཅེས་པའི་སྔ་ཕྱིའི་འབྲེལ་བ་དེ་བསམ་བཞིན་དུ་བཏོན་པ་ཞིག་མིན་ནའང་ལྷན་སྐྱེས་སུ་ཐོན་པ་འདི་ལྟ་བུ་ཐོལ་ཤེས་ཀྱིས་ཟིན་པ་མ་གཏོགས་སྒྲུང་ནང་བཞིན་ཐོན་ཡོང་བ་ཞིག་མ་རེད་བསམ།
ཚན་པ་གཉིས་པའི་ནང་གི“དུས་ཚོད་ཀྱི་རྔ་མ་རིང་པོ/དུག་སྦྲུལ་བཞིན་དུ་ལུས་ལ་འཁྱུད་ཅིང”ཞེས་པ་དང“བདེ་སྐྱིད་ཅེས་པའི་བེམ་པོ་ནག་པོ་དེ/གཡའ་དང་སྤང་གི་མཚམས་ནས་དུར་ལ་བཅུག”ཅེས་པའི་ཚིག་རྐང་འདི་གཉིས་ལ་མཚོན་ནའང་། དུས་ཚོད་ཀྱི་རྔ་མ་དུག་སྦྲུལ་དུ་དཔེ་བཞག་པ་དང་བདེ་སྐྱིད་བེམ་པོ་ནག་པོའི་གཟུགས་སུ་བཀོད་པ། དེ་ནས་དུག་སྦྲུལ་ལུས་ལ་འཁྱུད་པ་དང་བེམ་པོ་དུར་དུ་བསྡུས་པ་གང་ཡིན་ཡང་མངོན་གསལ་དོད་པོའི་མཚུངས་ཆོས་ཤིག་ཕན་ཚུན་བསྟན་མེད་ནའང་། སྦྲུལ་དེ་དུག་ལྡན་གྱི་སྦྲུལ་ཡིན་པ་དང་། བེམ་པོ་དེ་ནག་པོ་ཡིན་པའི་ཤུགས་བསྟན་གྱི་ཆ་ནས་བཤད་ན། རྩོམ་པ་པོའི་སེམས་ལ་བརྣགས་པ་དུས་ཀྱི་གཉན་འཕྲང་ལས་འཆི་བ་དང་ཉེ་བར་བཅར་བའི་སེམས་བྱུང་ཞིག་དང་ཚོར་སྣང་ཞིག་ཡིན་པ་ཤེས་ཐུབ།
མཚོན་ཐབས་འདི་ལྟ་བུ་ཚན་པ་དང་པོ་དང་རིགས་མཚུངས་སུ་གནས་ཤིང་། སྙན་ངག་པའི་ཚོར་བའི་རྒྱུན་དེ་ཕྲེང་ཐག་གཅིག་གི་སྟེང་དུ་བརྒྱུས་འདུག་པ། སྔ་ཕྱི་གཉིས་ཚིག་ངོས་རྐྱང་བ་ནས་འབྲེལ་བ་སྟོན་པ་ཞིག་ཏུ་དབྱེ་འབྱེད་དཀའ་ནའང་། ཡིད་བརྙན་གྱི་བཀོད་པ་ཤིན་ཏུ་ངོ་མཚར་གྱིས་ཕྱུག་འདུག་པ། ཟླ་འོད་གསེབ་ཀྱི་ལྡེ་མིག་དེ་ལྗང་ཁུ་ཡིན་ཆོག་པ་དང་ང་ཡི་བྲང་གཞུང་ལ་འཚོ་གནས་ཀྱི་གཞིས་ཀ་བསྐྲུན་ཆོག་པ། དུས་ཀྱི་རྔ་མ་ལུས་ལ་འཁྱུད་ཆོག་པ། བདེ་སྐྱིད་དུར་དུ་བཅུག་ཆོག་པ་སོགས་གཏན་ཚིགས་ཀྱི་འཁོར་ལོ་ལྡོག་ཕྱོགས་སུ་འཁོར་ནའང་ཀློག་པ་པོའི་མྱོང་སྣང་དུ་གནས་ལུགས་དང་མཐུན་པ་ཞིག་ལ་ངེས་ཤེས་འདྲོང་ཐུབ་པ་དེ་མཛེས་རྟོགས་ཀྱི་ཁམས་དེའི་བཞེངས་སྐྲུན་ཐུབ་པའི་ཐུན་མིན་གྱི་མཚོན་ཐབས་ཤིག་གོ །
གཞན་ཡང་སྙན་ངག་འདིའི་བསྡུས་བརྗོད་མཚོན་བྱེད་ཀྱི་ཐད་ནས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ། དབྱར་སྟག་ཟླའི་ནང་གི་རྟ་རྒོད་རྐྱང་ངེ་ཞེས་རི་མོ་ནང་བཞིན་གྱི་སྣང་བརྙན་ཞིག་འབྲི་འགོད་བྱས་པ་དེ་ལས། སྙན་ངག་འདི་ལ་གསོན་ཤུགས་ཀྱིས་བརྟས་ཡོད་མོད། སྙན་ཚིག་མགོ་བརྩམས་མ་ཐག་འཆི་བ་གླེང་བ་འདི་ལས་ཚེ་སྲོག་གི་མྱོང་རྟོག་གམ་མཛེས་རྟོག་ཉམས་འགྱུར་ཚད་གཞི་མཐོན་པོ་ཞིག་ལ་རིམ་སྤར་བྱས་ཡོད་དེ། སྙན་ཚིག་ཧྲིལ་པོ་གོ་རིམ་ཡོད་པའི་སྒོ་ནས། འཆི་བ—གསོན་པ—དུས་ཚོད—བདེ་སྐྱིད—དུར་ས—བཅས་འཁོར་བའི་རང་བཞིན་ནམ་འཇིག་རྟེན་གྱི་གནས་ལུགས་མཐར་ཐུག་པ་དེ་དག་ཡིད་བརྙན་ཚོགས་པའི་བུམ་པ་ཞིག་ཏུ་བཅུག་སྟེ་འཁོར་བ་རུ་བསྟན་ཅིང་། རྩོམ་པ་པོས་ཚེ་སྲོག་གི་ངར་ཤུགས་དེ་རྟ་རྒོད་རྐྱང་ངེའི་རང་བཞིན་ལས་སྟོན་འདོད་ནའང་། སྐྱེ་རྒ་ན་འཆིའི་ལྡོག་མེད་ཀྱི་ཆོས་ཉིད་ཟབ་མོ་དེ་ལས་ཚེ་སྲོག་གི་ངར་ཤུགས་དེ་སླར་ཡང་སྐད་ཅིག་མའི་མཛེས་པ་ཞིག་དང་ཡིད་ཀྱི་དད་སྣང་ཞིག་ཏུ་བསྐྲུན་ཐུབ་ཡོད་ལ། མཚོན་ཐབས་དེ་སྲོལ་རྒྱུན་གྱི་གོ་བ་ལེན་ཚུལ་ལྟར་བཀྲལ་བ་མ་ཡིན་པར་ཡིད་བརྙན་གྱི་དཔེ་སྦྱོར་ཚུལ་དེ་ལས་མཛེས་རྟོག་མཐོང་སྣང་མཐོ་རུ་བསྐྱེད་ཐུབ་ཡོད་ཅིང་། ཐོལ་ཤེས་ཀྱིས་ཟིན་པའི་རབ་རིབ་ཀྱི་ཚོར་བ་དེ་རྟག་བརྟན་མཛེས་སྣང་ཞིག་གམ་ཡང་ན་སེམས་ཀྱི་དད་སྣང་གིས་བཞེངས་པའི་སྙན་ངག་གི་ཁམས་ཤིག་ཏུ་བསྐྲུན་ཐུབ་ཡོད་པས་ན། སྙན་ངག་བརྩམས་ཆོས་འདི་ཧྲིལ་གྱིས་བཀླགས་རྗེས་སུ་ད་གཟོད་རྟ་ཕོ་རྐྱང་ངེ་དེ་དུངས་པ་བརྗོད་སའི་ཕ་རོལ་གཟུགས་ཅན་ཁོ་ན་ཞིག་མ་ཡིན་པར། གཟུགས་སུ་དགོད་བྱ་དང་འགོད་བྱེད་གང་རུང་ཞིག་གི་རིག་གནས་འདུ་ཤེས་ཤིག་ཏུ་སྟོན་ཐུབ་ཡོད་དོ། །
མར་བཟའ་བློ་སྒྲོལ། རྔ་བ་མཛོད་དགེ་ས་ཆ་རུ་སྐྱེས་ཤིང་སློབ་གྲྭ་དག་རིམ་པར་བཏོན། «མི་རིགས་རྩོམ་རིག»སོགས་དུས་དེབ་དང་མཆོད་མེ་དྲ་བ་སོགས་དྲ་ཚིགས་རྣམས་སུ་རྩོམ་ཡིག་མང་དུ་སྤེལ། 2018ལོར་སྒེར་གྱི་སྙན་དེབ་ཐོག་མ«སྣང་བའི་འཇིག་རྟེན»དཔར་སྐྲུན་བྱས། ཁོ་མོའི་སྙན་ངག་གི་སྐད་ཆ་བརྗོད་གཞི་དངོས་ལ་ཁ་མ་བྲལ་ཞིང་། མཚོན་སྟོབས་མི་འདྲ་བའི་དཔེ་དང་གཟུགས་བརྙན་སྣ་ཚོགས་བཀོད་པ་རང་བྱུང་ལྷུན་གྱིས་གྲུབ་པ་ཞིག་ཡིན་པ་དེས་ཁོ་མོའི་སྙན་ངག་གི་ཞིང་ཁམས་ཉིད་ཤིན་ཏུ་རྒྱ་ཆེ་བ་ཞིག་ཏུ་སྟོན་ཐུབ་ཡོད་པར་བརྗོད།
རྩོམ་ཁུངས། ༢༠༢༤ལོའི«གངས་རྒྱན་མེ་ཏོག»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།