ངས་སྤྱང་ཀི་འབྲི་དོན། ཞི་བདེ་ཉི་མ།
རྩོམ་པ་པོ།:ཞི་བདེ་ཉི་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-08-08
ཀློག་གྲངས།:
ངས་སྤྱང་ཀི་འབྲི་དོན།
— སྙན་རྩོམ«ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས»ཞེས་པ་དང་གཞན་དག
ཞི་བདེ་ཉི་མ།
སྙན་ངག་འདི་ནི1997ལོར་བྲིས་པ་ཞིག་ཡིན། འདི་ནས་ཡར་ལ་བརྩིས་ན་ཏག་ཏག་ལོ་ཉེར་བདུན་ཕྱིན་འདུག ལོ་དེའི་དབྱར་ཁའི་ས་སྲོས་ཤིག་ལ། ང་རང་ཕ་ཡུལ་གྱི་ས་མིང་ལ་སྟག་ཁུང་ཟེར་བའི་ལུང་མདོ་དེར་བསྐྱོད་དུས། ལམ་བར་དུ་སྤྱང་ཀི་ཞིག་མཐོང་བྱུང་། སྤྱང་ཀི་དེ་ང་དང་བར་ཐག་ཅུང་རིང་བའི་ཤ་ཁིས་རྒྱ་ལྡང་ཟེར་བའི་རི་སྒང་དུ་ཁེར་རྐྱང་ངང་འགྲེང་སྟེ། ཁ་བར་སྣང་ལ་ཕྱོགས་བཞིན་དལ་ལ་གཉོམ་ཞིང་སྐྱོ་སྣང་འདྲེས་མའི་ངུ་ཟུག་རིང་པོ་ཞིག་རྒྱག་གིན་འདུག
ཕྱི་རྩེག་ནང་རྩེག་སྒོས་འགྲེང་བའི་རི་ཚོགས་ཁྲོད། སྤྱང་ཀི་དེས་ངུ་ཟུག་ལན་འགའ་བརྒྱབ་རྗེས། རིམ་གྱིས་དམར་ལམ་ལམ་གྱི་དགོང་ཁའི་མཚམས་སྤྲིན་དང་འདྲེས་ནས་དལ་གྱིས་རི་བོའི་ཕ་རོལ་ཏུ་ཡལ་སོང་། ནུབ་ཁའི་ཉི་ཟེར་དང་འདྲེས་པའི་སྙིང་ཉེ་བའི་སྣང་བརྙན་དེ། ངའི་སེམས་གཏིང་ནས་ཡུན་རིང་ཞིག་ལ་ཡལ་མ་ཐུབ།
ངའི་སྤོ་བོ་ནི་རྔོན་པ་ཞིག་ཡིན། འཚོ་གཞེས་དུས་ལ་ཁོང་གིས་ང་ལ་སྤྱང་ཀི་སོགས་རི་དྭགས་གཅན་གཟན་རིགས་ཀྱི་མཚར་གཏམ་མང་པོ་བཤད་མྱོང་ཞིང་། ལྷག་པར་སྤྱང་ཀི་ལ་ཟུག་སྐད་མི་འདྲ་བ་མང་པོ་ཡོད་ཚུལ་དང་། ཟུག་སྐད་རེ་རེར་ཡང་དམིགས་བསལ་གྱི་གོ་དོན་རེ་རེ་ཡོད་པ་སོགས་བཤད་མྱོང་། འོ་ན་ད་ལྟ་ངའི་ཁ་གཏད་དུ་ཡོད་པའི་སྤྱང་ཀི་འདིའི་ཟུག་སྐད་ནི་ཟུག་སྐད་དེ་རིགས་ལས་གང་ཞིག་ལ་གཏོགས་པ་དང་། ཡང་ཟུག་སྐད་དེའི་ཁྲོད་དུ་གཏིང་རིང་པོའི་རང་བྱུང་གི་བརྡ་རྟགས་ཅི་ཞིག་གབ་ཡོད་དམ། དེ་ལྟར། ཉི་མ་ནུབ་ཁའི་འོད་སྣང་ཁྲོད་དུ་སྐབས་རེར་མཐོ་ཞིང་སྐབས་རེ་ཕྲ་ལ་འདར་བའི་ངུ་ཟུག་དེ་དག་གིས་དོན་དམ་ཅི་ཞིག་མཚོན་གྱིན་ཡོད་པ་སོགས་དྲི་བ་མང་པོ་ཞིག་ཀླད་པའི་ནང་འཁོར་ཡོང་བའི་སྐད་ཅིག་མ་དེར། ངས་སྤྱང་ཀི་དང་རང་བྱུང་ཁམས། དེ་བཞིན་སྤྱང་ཀི་དང་མིའི་རིགས་ཀྱི་བར་དུའང་། སྨྲ་མི་ཤེས་པའི་ལྐོག་གྱུར་གྱི་འབྲེལ་བ་ཞིག་ཡོད་ངེས་པར་སེམས། དེ་བཞིན་མངོན་ཆུང་གི་འདུ་ཤེས་དེ་ངང་གིས་སྐྱེས་པའི་མོད་ལ། ངས་སྣང་བརྙན་དེ་སྒྱུ་རྩལ་གྱི་རྣམ་པ་གང་ཞིག་ལ་བརྟེན་ནས་མཚོན་ཐབས་བྱ་དགོས་པའི་ཀུན་སློང་ཞིག་འགོག་མེད་དུ་སྐྱེས་བྱུང་།
ཉིན་དེའི་དགོང་མོར། ང་ཕ་ཡུལ་གྱི་དབྱར་སའི་སྦྲ་ཁྱིམ་དུ་བསྡད་པ་ཡིན་ལ། མག་མོག་གི་སྣུམ་སྒྲོན་འོག ངས་སྙན་ངག་འདིའི་ཟིན་བྲིས་ཐོག་མ་ཤོག་ངོར་ཕབ་པ་ཡིན།
སྤྱིར་བོད་ཀྱི་ཕྱོགས་རེ་བའི་ཚོ་ཁག་ཁ་ཅིག་སྤྱང་ཀི་བླ་ཕུག་གམ་སྲུང་མར་བསྟེན་ནས་མཆོད་ཅིང་བཀུར་བའི་སྲོལ་ཡོད་ནའང་། བོད་ཡུལ་ལུང་པ་མང་ཆེ་བའི་རིག་གནས་མ་ལག་ཁྲོད། སྤྱང་ཀི་འདོད་རྔམ་དང་། གདུག་རྩུབ། གཡོ་སྒྱུ་སོགས་ཀྱིས་གྲུབ་པའི་རང་བྱུང་གི་དགྲ་བོ་ཞིག་ཏུ་ངོས་འཛིན་ལ་དེ་མཚུངས་ངན་མིང་ཡང་སྣ་ཚོགས་འདོགས་ལ་སྤྲོ། དེར་མ་ཟད་གཞས་དང་། གནའ་གཏམ། གཏམ་དཔེ་སོགས་ཀྱི་ཁྲོད་དུའང་། སྤྱང་ཀི་ལ་ལྡོག་ཕྱོགས་ནས་སྣང་བརྙན་སྐྲུན་རྒྱུ་ལས། དྲང་ཕྱོགས་ཀྱི་གདེང་འཇོག་ཡོང་རྒྱུ་བརྒྱ་ལམ་ཙམ་དུ་ཟད་དོ། །
ཁོ་བོས«སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས»(གཤམ་དུ་བསྡུས་མིང་ལ«སྤྱང་ཀི»ཞེས་འབོད་རྒྱུ)ཞེས་པའི་སྙན་ངག་འདིའི་ནང་དུ། སྤྱང་ཀི་ནི་དམིགས་བསལ་གྱི་ཁོར་ཡུག་ཅིག་ཏུ་འཚོ་བ་ལྟ་བུ། འགྲན་ཡ་དང་ཁེ་ཕན་ཧབ་ཐོབ་བྱེད་པ་ལྟ་བུ། གདུག་རྩུབ་ཁྲོད་ཉམ་ཆུང་བཙན་པོའི་ཟས་སུ་བྱེད་པ་ལྟ་བུ། མདོར་ན་ངན་རྒུ་ལུས་ལ་ཚང་བར་འདོད་པའི་སྲོལ་རྒྱུན་ངོས་ཀྱི་སྣང་བརྙན་རང་མཚན་པ་ཙམ་དུ་བཤད་འདོད་ཀྱང་མ་ཡིན་པར། དེ་ལས་རིང་དུ་འགོངས་ཏེ་སྣོད་བཅུད་ཀྱི་ཁྱབ་ཁོངས་སུ་སྒེར་གཤིས་ཚུགས་པའི་ཚེ་སྲོག་སྤྱི་མཚན་པ་ཞིག་ཏུ་སྨྲ་བར་འདོད་དོ། །
དོན་ལ་དེ་ནི། ཚོར་སྣང་དམིགས་བསལ་བ་ཞིག་དང་། རྟོག་འགྱུ་དམིགས་བསལ་བ་ཞིག ཁོར་ཡུག་དམིགས་བསལ་བ་ཞིག་གི་ཤན་ཤུགས་ལས་བྱུང་བའི་རྒྱུ་དང་རྐྱེན་སྣ་ཚོགས་ཀྱི་འོག ཁོ་བོ་སྙན་ངག་འདིར་ཟབ་ཞུགས་བྱེད་པར་ཉམས་འུར་ལངས་ཤིང་། ཉམས་འུར་དེ་བརྒྱུད་ནས་སྔོན་རྟོགས་དང་། དོགས་སློང་། རིགས་འདེད་སོགས་ཚད་རིམ་ངེས་ཅན་ཞིག་ཏུ་སྐྱེལ་བའི་ཁྲོད། སྙན་ངག་གི་གཏིང་རིམ་དུ་རྒྱུ་ཞིང་གཡོ་བའི་ཚེ་སྲོག་གི་རྡེག་ཤུགས་དང་འཚོ་གནས་ཀྱི་ངོ་བོ་མཚོན་ཚུལ་ཞིག་ཀྱང་ངོ་། །
སྤྱིར་ངའི་སྙན་ངག་ཁྲོད་ཀྱི་སྤྱང་ཀིའི་ཡིད་བརྙན་གྱི་སྒྲིག་འཛུགས་དེ། བྱེ་བྲག་གི་སྲོག་ཆགས་སམ་སྐྱེ་དངོས་ཀྱི་རང་བཞིན་ལས་ཡོངས་སུ་བརྒལ་ཏེ། མིའི་རིགས་ཀྱི་བསམ་གཞིགས་ལས་བྱུང་བའི་རྟགས་མཚན་གྱི་གཞི་རྟེན་ཞིག་ཏུ་འཚོལ་སྙེག་བྱེད་ཀྱིན་ཡོད་ལ། ཕྱིའི་ཚབ་ཚིག་ཅིག་གིས་སྲོག་ལྡན་དང་དངོས་ལུགས་ཤིག་གི་ཚེ་སྲོག་སྣང་བརྙན་བསྐྱར་འཛུགས་བྱས་པ་ཞིག་ཡིན། དོན་དངོས་ཀྱིས་གསལ་འགྲེལ་བྱས་ཚེ་གཅན་གཟན་གྱི་ཁྱད་རྟགས་དེ་བསམ་བློ་དཔྱད་བརྡར་བྱེད་པའི་བརྡ་སྐད་ཅིག་ལ་བསྒྱུར་བར་མ་ཟད། དེ་ལས་མི་གཞིའི་གཏིང་རིམ་དུ་གདོད་ནས་གྲུབ་པའི་འདོད་བློ་དང་། སྒེར་གཤིས་མེད་པའི་ཐུན་མོང་། ད་དུང་ཚོགས་པའི་སྲོལ་ལུགས་ཤིག་ལ་འགོག་རྒོལ་བྱེད་པའི་ཤུགས་བསྟན་གྱི་སྐད་ཆ་ཡང་ངོ་། །
ང་རང་ཆེས་དགའ་བའི་སྙན་ངག་པ་པུའུ་ལེ་ཁི་ཡི་སྙན་ངག«སྟག»དང་ལི་ཨེར་ཁི་ཡི«གཟིག»གི་ཁྲོད་དུའང་འདི་དང་ཆ་མཚུངས་པའི་ཐབས་རྩལ་སྤྱད་ཡོད་པ་མངོན་གསལ་ཡིན་ལ། དེར་གཅན་གཟན་གྱི་གདོད་མའི་ངང་ཚུལ་དེ། འདུ་ཤེས་ཀྱི་བསྟན་བྱ་ཞིག་ལ་བཏགས་ཏེ། སྙན་ངག་གི་བར་སྟོང་ལས་མི་གཤིས་ཀྱི་རྙོག་འཛིང་དེ་རབ་བཏགས་ཀྱིས་མཚོན་པ་ཞིག་ཀྱང་ཡིན་སྙམ་མོ། །
ཁོ་བོས་དངོས་རྒྱུའི་མཚན་ཉིད་ལ་ཟབ་འཇུག་བྱེད་པ་གཙོ་ཆེར་བཟུང་སྟེ། ཚིག་ཉོག་རྒྱས་སྤྲོ། ཚིག་རྒྱན་གྱི་གཟབ་མཆོར། དྲིན་བརྗོད་ལས་འབྲས། ཁ་ཏ་བསླབ་བྱ་སོགས་ཀྱི་ཕྱིའི་བརྗིད་ཚིག་དང་གཡོལ་ཅི་ཐུབ་བྱས་ནས། བརྩམས་ཆོས་དེ་མཛེས་དཔྱོད་ཀྱི་སྤྱོད་ཡུལ་ཁོ་ན་ཞིག་ཏུ་བསྒྱུར་ཏེ། ཀློག་པ་པོ་དག་ལ་དངོས་གནས་འབྲེལ་འདྲིས་ཟབ་པའི་བསྟན་དོན་ཞིག་དང་། དེང་རབས་ཀྱི་དོན་སྙིང་ལ་འབྲེལ་འདྲིས་རྒྱུས་ལོན་བྱེད་པའི་དུས་ཚོད་ཀྱི་བར་སྟོང་ཞིག་བསྟན་ཡོད་པ་དེ་ཡིན།
འདས་ཟིན་པའི་ལོ་རབས་དེ་དག་གི་ནང་། བོད་ཡིག་གི་སྙན་ངག་དེ་ཕྱི་ཚུལ་ཙམ་ལ་དེང་རབས་ཀྱི་མིང་བཏགས་ནས་འུར་ལབ་རྒྱག་པ་ཙམ་ལས། དོན་ལ་སྲོལ་རྒྱུན་གྱི་བརྩེ་ཞེན་ཤུགས་ཆེ་ཞིང་བསྔགས་བརྗོད་དང་ཁ་གཡང་རླབས་བཞིན་འཕྱོ་བའི་དུས་རབས་ཤིག་ཏུ་ཟད་དོ། །དེང་རབས་རིག་གནས་ཀྱི་ཤེས་ཚོར་ལ་བརྟེན་ནས་མི་རང་སྒེར་གྱི་ཚོར་སྣང་དངོས་མ་དེ། འཚོ་བའི་མཚན་ཉིད་རིག་པའི་གོ་དོན་དང་མི་ཚུལ་འགན་ཁྲིའི་ནང་སེམས་ཀྱི་སྒུལ་ཤུགས་ཀྱི་རྟོགས་སད་ཅིག་ལ་བཅར་ཐུབ་ཀྱིན་མེད། དེ་ལྟ་བུའི་དམིགས་བསལ་གྱི་ལོ་ཟླ་ཞིག་ལ། ཁོ་བོས་སྣ་གཅིག་རིག་གནས་ཀྱིས་གྲུབ་པའི་རྒྱབ་ལྗོངས་འོག བསམ་གཞིགས་ཀྱི་གཏན་ཚིགས་རྙིང་པ་ཞིག་དང་ཐོད་རྒལ་བྱས་ཏེ། སྤྱང་ཀིའི་ཚེ་སྲོག་གི་སྒྲིག་གཞིའི་ཁྲོད་དུ། མི་ཡི་རིན་ཐང་གཞན་ཞིག་གསར་རྙེད་དང་སྔོག་འདོན། དཔྱད་ཞིབ་བྱེད་པའི་འགྲེལ་སྟངས་ཤིག་ལས། མི་སྒེར་གྱི་ཚེ་སྲོག་གི་རིན་ཐང་དངོས་མ་ཞིག་ལ་ཟབ་ཞུགས་དང་དེ་བརྡ་རྟགས་གསར་རྐྱང་ཞིག་གམ་ཡང་ན་མཐོང་སྣང་མི་གཅིག་པ་ཞིག་གིས། སྐབས་དེའི་གནས་བབ་དེ་ལྟ་བུ་ཞིག་གི་འོག་ཏུ“སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས”ཞེས་ལོ་ངོ་སྟོང་ཕྲག་དུ་མའི་རིང་བག་ལ་ཆགས་ཤིང་། བསྟན་སྲོལ་དུ་གྲུབ་པའི་རིག་གནས་ཀྱི་རྟགས་མཚན་ཞིག་ལ། གློ་བུར་དུ་དཀར་འདོན་དག་སེལ་བྱེད་དགོས་ཟེར་ན། དེ་ནི་བཟོད་ཐབས་བྲལ་བའི་ཞེན་སེམས་སྟེང་གི་འཛེར་མ་ཞིག་ཡིན་སྲིད་ལ། དེ་བས་བག་ལ་སིམ་པའི་རིག་གནས་ཤིག་ལ་ཐོད་རྒལ་བྱེད་རྒྱུ་དེ་ནི་ཧ་ཅང་དཀའ་སྡུག་ཆེ་བའི་བྱ་བ་ཞིག་དང་ཉེན་ཁ་ཅན་གྱི་ཚོད་ལྟ་ཞིག་ཀྱང་རེད།
ལྷག་པར་སྒམ་བརླིང་མཁྲེགས་འཛིན་གྱི་རིག་གནས་སྒྲོམ་གཞི་དེ་དག་ཐོད་རྒལ་བྱས་ནས། སྙན་ངག་རིག་པའི་གོ་རྟོགས་གསར་པ་ཞིག་བསྐྱར་འཛུགས་བྱེད་པར། དེང་རབས་རིག་གནས་ཀྱི་བློ་སྦྱོང་དང་བློ་སྤོབས་ངེས་ཅན་ཞིག་འཛོམས་དགོས་ཡོད། ཡིན་ནའང་ཁོ་བོས་སྙན་ངག་གསར་པ་གསར་རྩོམ་བྱེད་པ་ནི་མི་གཞིའི་བསམ་གཞིགས་བཅིངས་འགྲོལ་བྱེད་སྟངས་ཤིག་ཡིན་པར་མ་ཟད། གོམས་གཤིས་སུ་ཆགས་པའི་བསམ་གཞིགས་དང་སྐད་ཆའི་རྒྱུན་སྲོལ་གཏོར་བཅོམ་བྱས་ནས། ཆག་གྲུམ་གྱི་གས་སྲུབས་ལས་རང་ཉིད་ཀྱི་ངོ་གདོང་དངོས་མ་འཚོལ་འདོད་ཀྱང་ཡིན་ལ། བསམ་གཞིགས་མཁྲེགས་པོའི་ཁྲོད་ཀྱི་རྙིང་ཞེན་གྱི་བརྡ་རྟགས་དེ། ཚེ་སྲོག་གསར་པའི་བརྡ་སྤྲོད་ཀྱི་གསར་བརྗེ་ཞིག་ལ་བསྒྱུར་རྒྱུ་དེའོ། །
སྐབས་དེར། ངའི་གྲོགས་པོ་སྙན་ངག་པ་ཞིག་གིས་སྙན་རྩོམ་འདིའི་ཐོག་མའི་མ་ཟིན་བཀླགས་རྗེས། སྦ་གསང་མེད་པར་སྙན་ངག་འདིའི་ཚིག་རྒྱན་གྱི་སྟེང་ནས་མཛེས་ཉམས་ཐོན་མེད་ལ། དུངས་བརྗོད་ཀྱི་ངོས་ནས་སྙན་ཆ་དང་འགྱུར་ཁུག་ཅུང་ཞན་ཟེར། འོན་ཀྱང་ངས་ཁོ་ལ་བྱེད་ཐབས་རྙིང་པ་དེ་རིགས་སྲུང་འཛིན་བེད་སྤྱོད་བཏང་མེད་པར་རང་ཉིད་ཀྱི་སྙན་ངག་གསར་པའི་གསར་རྩོམ་རྩ་དོན་བརྟན་སྲུང་དང་། བསམ་བློ་དང་སྐད་ཆའི་གསར་བརྗེའི་འཚོལ་སྙེག་ཅིག་ཡིན་པར་བཤད་པ་ཡིན།
སྙན་ངག་དེ་བརྩམས་ནས་ཡོངས་སུ་གྲུབ་རྗེས་བོད་ཡིག་གི་པར་གཞི་ཐོག་མ་དེ། མདོ་སྨད་འབའ་རྫོང་དུ་འདོན་གྱིན་པའི«ལྷ་གཡག»(1997ལོའི་པར་གཞི)ཟེར་བའི་སྒེར་གཉེར་དུས་དེབ་ཅིག་ཏུ་བཀོད་པ་དང་། དེའི་རྗེས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་རྩོམ་རིག་དུས་དེབ«乡土»(1998ལོའི་པར་གཞི)དང་བོད་ཀྱི་སྙན་ངག་དུས་དེབ«གངས་རྒྱན་མེ་ཏོག» ནང་དཔྱད་བརྗོད་དང་ལྷན་དུ་བརྒྱུད་འགོད་བྱས་པ་དང་། རྒྱ་ཡིག་གི་པར་གཞི་དེ་ཀྲུང་གོ་རྩོམ་རིག་མཉམ་འབྲེལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྙན་ངག་གཅེས་བསྒྲིགས་དེབ་ཅིག་ཏུ་བདམས་བཀོད་བྱས་ཡོད་པ་རེད། གཞན་ཡང་སྙན་ངག་དེ་ད་དུང་རང་ཉིད་ཀྱི་སྙན་ངག་ཕྱོགས་བསྒྲིགས་དེབ་གཉིས་དང་གཞན་གྱི་སྙན་ངག་ཕྱོགས་བསྒྲིགས་དེབ་ཁ་ཤས་བཅས་སུ་བསྡུས་ཡོད།
སྙན་ངག་འདི་ལ་ད་དུང་རྒྱ་འགྱུར་འགའ་ཡང་སླེབས་ཡོད་ལ། ཆེས་ཐོག་མ་ནི་འགྱུར་མེད་རྡོ་རྗེའི་འགྱུར་དེ་ཡིན། དེ་དང་ཆབས་ཅིག་དཔྱད་བརྗོད་པ་ཡོན་ཏན(ངལ་རྫི)ལགས་ཀྱིས་སྙན་ངག་དེར་ཆེད་དམིགས་ཀྱིས«སྙན་ངག་གྲུབ་གྲོལ་ཁྲོད་ཀྱི་བསམ་གཞིགས»ཞེས་པའི་དཔྱད་རྩོམ་བྲིས་གནང་མཛད་ཅིང་། དེ་བཞིན་དཔྱད་བརྗོད་པ་ཆོས་སྐྱོང་ལགས་ཀྱི«ཟིང་ལོང་རྡེའུ་འགྲེམས»སོགས་ཀྱི་ནང་དུའང་སྙན་ངག་དེར་དབྱེ་ཞིབ་མདོར་བསྡུས་ཤིག་བྱས་ཡོད་པར་མ་ཟད། སློབ་གྲྭ་ཆེ་འབྲིང་ཁ་ཤས་ཤིག་ཏུ་བསླབ་གཞིའི་ཚུལ་དུ་སློབ་ཁྲིད་ཁྲོད་ངོ་སྤྲོད་ཀྱང་བྱེད་ཀྱིན་འདུག དེ་མིན་ལོ་འགའི་སྔོན་དུ། ཧྲིན་ཀྲིན་གྲོང་ཁྱེར་དུ་བསྡུས་པའི་གློག་བརྙན་དུས་ཆེན་ཞིག་གི་སྟེང་། ཁོ་བོ་སྙན་ངག་པ་གྲགས་ཅན་ཧུང་ཀྲུའུ(洪烛)དང་ངོ་འཕྲད་བྱུང་བར། ངེད་ཅག་གི་ལབ་གླེང་ཁྲོད་ཁོང་གིས་ངའི་སྙན་ངག་འདིར་གདེང་འཇོག་ཚད་མཐོན་པོ་གནང་མྱོང་ཞིང་། ད་དུང་ངའི་རྒྱ་ཡིག་གི་སྙན་དེབ་པར་སྐྲུན་བྱེད་རྒྱུ་བྱུང་ཚེ་གླེང་གཞི་ཞིག་ཀྱང་བྲི་བར་སྤྲོ་ཟེར་མྱོང་།
འདི་ལྟར་སྙན་རྩོམ་འདི་སྤྱི་ཚོགས་སྟེང་བཀྲམ་པ་ནས་བཟུང་། དགེ་སྐྱོན་ལེགས་ཉེས་ཐད་ལ་ལྟ་ཚུལ་མང་པོ་ཐོན་པ་དང་། ཁ་ཅིག་གིས་བོད་མིའི་རིན་ཐང་ལྟ་བ་དང་ཀུན་ནས་མི་མཚུངས་པས། བོད་མིའི་གཙོ་རྒྱུགས་རིག་གནས་དང་མཐུན་ཐབས་བྲལ་ཟེར་ནས་དགག་སྒྲུབ་ཀྱང་བྱས་མྱོང་ཡོད་ལ། ལ་ཤས་ཤིག་གིས་བོད་ཡིག་གི་ལམ་ནས་བརྩམས་གནང་མཛད་པའི་དེང་རབས་རིང་ལུགས་ཀྱི་ཁྱད་རྟགས་ལྡན་པའི་སྙན་རྩོམ་ཞིག་རེད་ཟེར། གང་ལྟར་དུས་དེ་ནས་བཟུང་། ཁོ་བོ་ལ“ཨ་ཁུ་སྤྱང་ཀི”ཟེར་བའི་མཚང་མིང་ཞིག་ཀྱང་བཏགས་ནས། མི་མང་པོ་ཞིག་གིས་ད་དུང་དེ་ལྟར་འབོད་ཀྱིན་འདུག་ལ། མིང་དེ་ནི་སོ་སོར་མཚོན་ན་སྙིང་མི་ཉེ་བ་ཅུང་ཙམ་ཡང་མེད་དོ། །
ཉེ་བའི་ལོ་འདི་དག་གི་རིང་། སྙན་ངག་འདི་གྱེར་འདོན་བྱེད་མཁན་ཡང་ཅུང་མང་བ་དང་། དྲ་རྒྱའི་སྟེགས་བུ་སྣ་ཚོགས་སུ་སྙན་ངག་དེ་བརྒྱུད་འགོད་དང་དེའི་སྐོར་གྱི་དཔྱད་གཏམ་རྩོམ་ཡིག་འགའ་ཤས་ཤིག་ཀྱང་བསྟུད་མར་སྤེལ་ཡོད་པ་མཐོང་། དེ་དག་གིས་སྙན་ངག་དེར་གོ་བ་གཏིང་ཟབ་ལེན་རྒྱུར་ནུས་པ་གང་འཚམས་སླེབས་ཡོད་པར་སྙམ།
སྨི་ཝོ་ཧྲིས(米沃什)“སྙན་ངག་ནི་དོན་དངོས་ལ་བཅངས་པའི་སྤྲོ་སྣང་ཞིག་ཡིན ”ཞེས་བརྗོད་མྱོང་ཡོད་ལ། ཝ་ལི་ལིས(瓦里莱)“སྙན་ངག་ལ་དོགས་སློང་དང་བློ་འབྱེད་ཀྱི་འདུ་ཤེས་ལྡན་ཚེ། སྙན་ངག་དེ་བསྟན་དོན་ཅན་གྱི་ཚད་གཞི་ཞིག་ཏུ་སླེབས་ངེས”ཞེས་བཤད། ཏག་ཏག་སྐད་ཆ་དེ་གཉིས་ནི་ངའི་སྙན་ངག་གི་མཛེས་དཔྱོད་ལྟ་སྟངས་དང་འོས་ཤིང་འཚམ་པར་འདུག་ཅེས་ལབ་ནའང་མི་ཆོག་རྒྱུ་མེད།
གང་ལྟར་ཁོ་བོ་ལ་མཚོན་ན། དེང་རབས་སྙན་ངག་རིག་པ་ནི་རང་གི་རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་དང་། མཛེས་དཔྱོད་རིག་པའི་དོན་སྙིང་སྟེང་གི་སྐད་ཆ་ཁོ་ན་ཞིག་མིན་པར། དེང་རབས་རང་བཞིན་གྱི་སྐད་ཆའི་གཏིང་རིམ་གྱི་མཚན་ཉིད་རིག་པའི་བསྟན་དོན་ཞིག་ལ་གོ་བ་ལེན་པ་དེའོ། །
སྤྱིར་རང་ཉིད་ལ་མཚོན་ན་ཚད་མཐོ་བའི་ཕུགས་བསམ་དང་། དུངས་བརྗོད། གཉེན་ཉེ་དང་ཡུལ་མིའི་འདང་བརྩེ། ཕ་ཡུལ་གྱི་ས་བསྟོད་ཆུ་བསྟོད། བླ་བསྟོད་མི་བསྟོད་སོགས་ཁ་གཡང་གིས་སྙན་ངག་གི་མི་གཤིས་རང་བཞིན་དང་གདོད་མའི་ངོ་བོ་དང་རིན་ཐང་དངོས་འགེབས་སྲུང་བྱེད་པའི་སྣང་ཚུལ་དེ་ལས་ཐོད་རྒལ་ཅི་ཐུབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཚོ་གནས་ཀྱི་དོན་སྙིང་དངོས་དང་། མི་གཤིས་ཀྱི་རྙོག་འཛིང་ཆེ་བའི་མཚན་ཉིད་མཚོན་ཐུབ་པའི་སྙན་ངག་གི་དེང་རབས་རང་བཞིན་ལ་འཚོལ་སྙེག་བྱེད་པ་སྲུང་འཛིན་དང་། ཟབ་ཞུགས་བྱེད་རྒྱུ་དེ་གསར་རྩོམ་དངོས་མ་ཞིག་ལ་ངོས་འཛིན་གྱིན་ཡོད་ལ། དེང་གི་ཆར་ཡང་ད་དུང་དེང་རབས་རིང་ལུགས་ཀྱི་གཞུང་ལུགས་ལ་རྒྱུས་མངའ་དང་བློ་སྦྱོང་མེད་པ། བསམ་བློའི་ཁྱབ་ཁོངས་སུ་སད་རྟོགས་མེད་པའི་སྲོལ་རྒྱུན་གསར་མ་པ་ཚོས། དེང་རབས་རྫུས་མའི་ལྟ་སྟངས་ཤིག་ཆོས་ལུགས་ཀྱི་བསམ་བློའི་གཞུང་ལུགས་སོགས་དང་མཉམ་བསྲེས་བྱས་ཏེ། དེང་རབས་སྙན་ངག་གསར་པར་ཁྲིད་སྟོན་བྱེད་པའི་དགོད་བྲོ་བའི་སྣང་ཚུལ་འདིར་དངོས་ནས་ཨ་ཐང་ཆད་པ་ཞིག་ཀྱང་བྱུང་སོང་།
ངས་མྱོང་ཚོར་འདིའི་ཁྲོད་དུ་མི་སྒེར་གྱི་རིག་གནས་ལངས་ཕྱོགས་དང་། གཞན་རང་བྱུང་ཁམས་སུ་སྤྱང་ཀི་ཞེས་པའི་སྲོག་ལྡན་འདིའི་གོ་གནས་དང་རིན་ཐང་ལ་ཡང་བསྐྱར་ཞིབ་ལྟ་བྱས་པ་ཡིན་ལ། དེས་ང་ཚོར་མིའི་རིགས་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་གཞན་དག་བར་འབྲེལ་བ་དམ་ཟབ་ཡོད་པ་ཤེས་སུ་འཇུག་ལ། ང་ཚོས་རང་བྱུང་ཁམས་ཆེན་མོའི་ཁྲོད་ཀྱི་ཚེ་སྲོག་རེ་རེ་དང་དེ་དག་གི་སྣ་མང་རང་བཞིན་ལ་རྩིས་མཐོང་དང་གཅེས་སྤྲས་བྱ་དགོས་པའང་ཞོར་ལ་བསྟན་པ་ཙམ་མོ། །
མི་ལོ་ཉེར་བརྒྱད་སྔོན་གྱི་བརྩམས་ཆོས་འདི་དང་ངའི་ད་ལྟའི་སྙན་ངག་གི་བར་ལ་ཕྱོགས་གང་ཅིའི་ཐད་ནས་ཧེ་བག་ཅུང་ཙམ་ཡོད་མོད། ང་ལ་མཚོན་ན་སྙན་ངག་འདི་ནི་ངའི་བློ་འབྱེད་དང་དོགས་སློང་། སྤོབས་སེམས་སོགས་ཀྱི་སྒེར་གཤིས་བསམ་བློ་མཚོན་པའི་ཐོག་མའི་འཚོལ་ཞིབ་ཅིག་དང་། ངའི་དེང་གི་སྙན་ངག་གསར་པ་ཕྱི་མའི་གསར་རྩོམ་ཐད་ལའང་སྒུལ་ཤུགས་དང་སྒྱུ་རྩལ་ཐབས་ལམ་ཐད་ནས་འབྲེལ་འདྲིས་དམ་པོ་ཡོད་པས། ཕྱིར་དྲན་གྱི་མྱོང་ཚོར་ཆེས་ཟབ་པའི་སྙན་ངག་ཅིག་དང་། སྙིང་ཉེ་བའི་སྙན་ངག་ཅིག་ཀྱང་ངོ་། །
2023ལོའི་ཟླ12ཚེས7ཉིན་ཟི་ལིང་དུ།
ཞར་བཀོད་སྙན་ངག
ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས།
ཞི་བདེ་ཉི་མ།
སྤྱང་ཀི་ནི་ཧ་ཅང་རྩ་དོན་ཅན་ཞིག་རེད
མཚན་མོར་སྐྱི་གཡའ་བའི་ཀུ་ཅོ་འདོན་ཞིང
ཉིན་མོར སྨྲ་བ་མེད་པར་རི་ལུང་དུ་ཉུལ
སྤྱང་ཀིའི་ཡར་སྔོན་དུ
ཀུ་ཅོ་འདོན་མཁན་ཤིན་ཏུ་མང ཡིན་ཡང
རྩ་དོན་གྱི་རང་བཞིན་ལྡན་པ་ཉུང་ཤས་ཡིན
སྤྱང་ཀི་ནི་ཤ་ཟ་རྒྱུར་དགའ་བོ་ཡོད
ཁོས་ཤ་ཟ་དུས ཧ་ཅང་གོ་རིམ་ལྡན
ཐོག་མར་ཁྲག་ཡིད་ཚིམས་པ་ཞིག་འཇིབས་ལ
རྗེས་སུ་བྱང་ཆ་ལྡན་པའི་ངང
མགོ་སུག་གི་རྩེད་འཇོ་སྣ་ཚོགས་བྱེད
སྤྱང་ཀི་ནི
སྤྱང་གྲུང་ཅན་གྱི་མགྲོན་པོ་རེད
ཀུ་རེ་དང་རྩེད་འཇོ་ཅི་ཡང་མེད
ཁོས་ནགས་ཚལ་འདིའི་གསོལ་སྟོན་ཁུ་སིམ་མེར་ཟོས་རྗེས
ཡིད་ཚིམ་པའི་བཟོ་ལྟ་ཅི་ཡང་མེད་པར
ད་དུང ཧ་ཅང་བག་ཡོད་ངང་སོ་ལྟའི་ཚུལ་གྱིས་འགྲོ
སྤྱང་ཀི་ལོ་ན་ཆུང་དུས
འོ་མ་འཐུངས་མྱོང
འོ་མ་འཐུང་བའི་གོ་རིམ་ཧྲིལ་པོ་ནི
ཧ་ཅང་སྙིང་ཉེ་བ་ཞིག་རེད
ཡིན་ཡང འོ་མ་འཐུང་མཁན་ཐམས་ཅད
དཀར་པོ་ཡིན་པ
སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་མི་ཐུབ
སྤྱང་ཀི་གྲགས་དུས
རླུང་ལྡང་མཚམས་རེ་ཞིག་འཇོག་སྲིད
རྔོན་པ་ཁ་ཤས་ཀྱང
མཚན་མོ་ཞིག་གི་མགོ་བརྩམས་པ་རྟོགས་ཤིང
རང་རང་གི་མདའ་གཞུ་ཁུར་ཏེ
རི་སྒང་ནས་ཕྱིར་རང་ཁྱིམ་དུ་ལོག
དེ་དུས ང་ཚོས་རང་ཁྱིམ་དུ་ཤ་ཟ་ཞིང
ད་དུང ཉིན་མོ་དག་གི་འཆར་གཞི་གང་མང་བཟོ
སྤྱང་ཀི་གྲགས་དུས
ཁྱོད་ཀྱིས་ཀྱང་གླུ་ལོངས
གླུ་ཚིག་ག་འདྲ་ཞིག་ཡིན་ཡང
མཚན་མོ་འདི་དང
ཐང་ཆེན་འདི
ད་དུང་དུས་ཚོད་འདིའི་དགོས་མཁོ་ཤ་སྟག་ཡིན་ལ
སྤྱང་ཀི་ལ་སློབ་སྦྱོང་བྱེད་པའི་ཐབས་ལམ་ཉག་གཅིག་རེད
སྤྱང་ཀི་དགོད་དུས
ཡུལ་མི་ཚོ་ཟང་ཟིང་གིས་འཚོ་ལ
རང་ཉིད་ཀྱི་བུ་ཕྲུག་བྲང་ཁར་སྦྱོར
མེ་ཕུང་གི་ཁ་གཏད་དུ
གཟབ་ནན་གྱིས་བསྡད་དེ
མཚན་མོ་དེ་ནི
ཅི་འདྲའི་གཏིང་ཟབ་པར་བསམ་བློ་གཏོང
སྤྱང་ཀི་ནི ཧ་ཅང་འཇོན་ཐང་ཅན་ཞིག་ཡིན
ཕྲུ་གུ་རེ་རེ་འཚར་ལོངས་འབྱུང་བར་འཁང་ར་ཅི་ཡང་མེད
བཟའ་བཏུང་གི་ཆེད་དུ
ཡུལ་མི་ཚོར་ཕོག་ཐུག་ཁ་ཤས་བཏང་ནའང
ང་ཚོས ཡུལ་འདིར་བསམ་བློ་རྒྱང་རིང་གཏོང་དགོས
སྤྱང་ཀི་ལ་བཀུར་བསྟི་བྱེད་མཁན
ནགས་ཚལ་འདིའི་ཁྲོད་མང་པོ་མེད
ཆོམ་རྐུན་དང་གཡོ་སྒྱུའི་ཐ་སྙད་གང་མང་ཞིག་བཏགས་ཀྱང
ཡུལ་ལྗོངས་འདིར
དགོས་མཁོ་མེད་པའི་མགྲོན་པོ་དག
འཛེམ་དོགས་མེད་པར
འཚར་ལོངས་འབྱུང་བཞིན་པ་སུས་རྟོགས
སྤྱང་ཀི་མེད་ཚེ
མཚན་མོ་མེད
རི་ཚོགས་དག་གི་རྔམས་ཟིལ་མེད་ལ
ཡུལ་མི་ཚོ་དང་མེ་ཕུང་གི་དྭངས་གཙང་མེད
སྤྱང་ཀི་ནི
ཡུལ་ལྗོངས་འདིའི་ཁ་དོག་ཉག་གཅིག་ཡིན་པས
ང་ཚོས་སྤྱང་ཀི་ལ་དོ་ཁུར་བྱེད་དགོས་ལ
ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་པའང་རྒྱུན་འཁྱོངས་བྱེད་དགོས
སྤྱང་ཀི་ལ་སློབ་སྦྱོང་བྱེད་ན
མཚན་མོ་ལ་བསམ་བློ་གཏོང་དགོས།
1997/5/26ཕ་ཡུལ་བྲག་དཀར་དུ་བྲིས།
(གོང་གསལ་གྱི་རྩོམ་ཡིག་འདི་ནི༢༠༢༤«རང་གྲོལ»དུས་དེབ་ལས་བརྒྱུད་འགོད་བྱས)
འབྲེལ་ཡོད་འོས་སྦྱོར།